ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ནང་པའི་བསྟན་བཅོས་ཀྱི་རྩོམ་པ་ལ་འཇུག་པའི་སྒོ་ཡན་ལག་གི་བཀོད་སྟངས་སྐོར་གླེང་བ།

སྤེལ་དུས 2018-11-29 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། འབའ་སྟོད་ཚེ་དབང་རྡོ་རྗེ།
          འདིར་ནང་པའི་བསྟན་བཅོས་ཞེས་དམིགས་སུ་བཏོན་ནས་གླེང་དོན་ནི་སྤྱིར་བཏང་འཇིག་རྟེན་པའི་རྩོམ་རིག(འཇིག་རྟེན་པའི་རྩོམ་རིག་ནི་ཀུན་ལ་རྒྱུས་མངའ་བས་འདིར་ཞིབ་ཏུ་མི་བརྗོད)དང་ལྟོས་འཇོག་གིས་བརྗོད་ནས་ནང་པའི་བསྟན་བཅོས་ལ་ཆེད་དུ་མངའ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དག་གཙོར་འདོན་བྱེད་རྒྱུ་དེ་ཡིན།   དེ་ལ་ཐོག་མར་ནང་པའི་བསྟན་བཅོས་ཀྱི་མཚན་ཉིད་ལ་རྒྱུད་བླ་མ་ལས།  གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི།  དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། ། ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། ། ཞེས་རྩོམ་པ་པོ་རྙེད་བཀུར་དང་ཟང་ཟིང་ལ་རྣམ་པར་གཡེང་བ་མེད་ཅིང་བློ་དང་ལྡན་པའི་སྐྱེས་བུ་དག་གིས་རྗོད་པར་བྱེད་པ་ངག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཐར་བ་ཐོབ་པར་བྱེད་པའི་ལམ་གྱི་ཆོས་དང་རྗེས་སུ་མཐུན་པར་ལེགས་པར་བཤད་པ་ཞིག་ལ་བྱ།  རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་ཞེས་པས་ནང་པའི་བསྟན་བཅོས་མཛད་མཁན་ལ་ལྡན་དགོས་པའི་ཡོན་ཏན་བསྟན་ཡོད་དེ།  འཇིག་རྟེན་ཆོས་བརྒྱད་དང་གཡོ་སྒྱུ་སོགས་ཀྱི་དབང་དུ་མ་སོང་བར་རང་གཞན་གྱི་དགེ་རྩ་བསྐྱེད་པའི་ཕྱིར་དུ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཀུན་སློང་དྲུག་དང་ཡོན་ཏན་བཞི་བཅས་ལྡན་དགོས་པའོ། ། ཡང་གང་བརྩམ་པར་བྱ་བ་དེ་རྒྱལ་བའི་བཀའ་དང་འགལ་མི་རུང་སྟེ།  བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བར་བྱེད་པ།  འཁོར་བ་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་ཅིང་འབྲས་བུ་ཞི་བའི་ཕན་ཡོན་སྟོན་པའི་མཚན་ཉིད་དང་ལྡན་པ་ཞིག་ལ་བྱ་སྟེ།  ཇི་སྐད་དུ་རྣམ་བཤད་རིགས་པ་ལས།  ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། ། ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། ། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །  ཅེས་གསུངས་སོ། །  
          ནང་པའི་བསྟན་བཅོས་དག་གི་ཁུངས་གཏུགས་ས་ནི་རྒྱལ་བའི་བཀའ་ཡིན་ལ།  བསྟན་བཅོས་ནི་བཀའི་དགོངས་འགྲེལ་ཡིན་ཏེ།  སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས།  དེ་ཡང་སངས་རྒྱས་མྱ་ངན་འདས་འོག་ཏུ། །ངའམ་ང་འདྲ་དག་གིས་ནི། ། དེ་ཡི་དགོངས་པ་འགྲེལ་བྱེད་པ། ། དེ་ནི་བསྟན་བཅོས་ཞེས་སུ་བཤད། ། ཅེས་གསུངས།  དེས་ན་ནང་པའི་བསྟན་བཅོས་མཛད་པ་པོ་རྣམས་ནི་སྟོན་པའི་རྗེས་འཇུག་པ་ཤ་སྟག་ཡིན་ཙ་ན།  རྒྱལ་བའི་བཀའ་ལ་ཤིན་ཏུ་གཙིགས་ཆེན་མཛད་དེ་དེའི་གསུང་གི་ཡིག་འབྲུ་ན་གཅིག་ཀྱང་འདོར་དུ་མེད་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པའི་རྒྱུར་འདོད་ཅིང་།  བསྟན་བཅོས་མཐའ་དག་གི་རྒྱབ་རྟེན་གྱི་ཁུངས་ནི་དངོས་བརྒྱུད་གང་རུང་ནས་རྒྱལ་བའི་བཀའ་ལ་གཏུགས་ཡོད་པར་མ་ཟད། རང་གི་སྒོ་གསུམ་གྱི་སྤྱོད་ལམ་གང་ཞིག་ཀྱང་ཆུ་འགོ་གངས་ལ་ཐུག་པའི་དཔེ་ཇི་བཞིན་སྟོན་པ་ཤཱཀྱ་ཐུབ་པའི་མཛད་རྣམ་དང་དེས་བཅས་པའི་འདུལ་ཁྲིམས་ལ་བསྟུན་ཅི་ཐུབ་བྱེད་པ་ཡིན།  དེ་བཞིན་དུ་བསྟན་བཅོས་རྩོམ་པ་ལ་འཇུག་དུས་ཀྱང་གང་བརྩམ་པར་བྱ་བ་དེའི་ནང་དོན་གྱི་བརྗོད་བྱ་དང་རྗོད་བྱེད་ཕྱིའི་རྣམ་པའི་བཀོད་སྟངས་གང་གི་ཐད་ནས་ཀྱང་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཚད་ལྡན་དག་ལ་ཁུངས་གཏུགས་ཡོད་པ་བསམ་ན་ཤེས་ནུས་པ་ཞིག་རེད།  འཕགས་ཡུལ་མཁས་གྲུབ་རྣམ་པའི་བསྟན་བཅོས་བོད་དུ་འགྱུར་བ་དང་།   ཡང་ན་བོད་རང་གི་མཁས་དབང་རིམ་བྱོན་གྱིས་མཛད་པའི་བསྟན་བཅོས་གང་ཡིན་ཡང་དེར་ངེས་གཏན་གྱི་རྩོམ་སྲོལ་ཞིག་གཞུང་ལུགས་སྟེང་དང་པོ་གཉིས་པ་འདི་དང་འདི་ཞེས་ཆེད་དམིགས་ཀྱི་གཞུང་འཛུགས་མ་མཛད་ཀྱང་།  ས་པཎ་མཁས་འཇུག་དང་སྙན་ངག་མེ་ལོང་ལས་མདོ་ཙམ་བསྟན་པ་བཞིན་ཁོང་ཚོས་བསྟན་བཅོས་རྩོམ་པ་དེ་ཡང་སྙན་ཁུང་ནས་སྙན་ཁུང་དང་ངག་ནས་ངག་ཐོག་བར་དུ་གྲ་མ་ཞིག་གྲུ་མ་ཉམས་པར་དེང་བར་དུ་སྤེལ་ཞིང་།  ཡུན་རིང་གི་གསར་རྩོམ་བརྒྱུད་རིམ་ཁྲོད་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་དཔེ་ལྟར་མཛད་པ་ཡིན་ཙ་ན་རྩོམ་པ་ལ་འཇུག་ཚུལ་གྱི་སྒོ་ཡན་ལག་གི་བཀོད་སྟངས་དང་། རྩོམ་པ་དངོས། རྩོམ་པ་མཐར་ཕྱིན་ཚུལ་སོགས་ལ་ནང་པའི་བསྟན་བཅོས་རང་གི་ཐུན་མོང་མ་ཡིན་པའི་གཏན་ཆགས་རང་བཞིན་གྱི་ཕྱག་སྲོལ་ཞིག་གྲུབ་ཡོད།  
          ནང་པའི་བསྟན་བཅོས་དག་ལ་སྐབས་བབ་ཀྱི་བརྗོད་བྱ་དང་བྱེད་ལས་སོགས་ཀྱི་དབང་གིས་སྣ་ཚོགས་ཤིག་མཆིས་ཀྱང་།  ཕྱིའི་རྣམ་པའི་བཀོད་སྟངས་ཀྱི་ཆ་ནས་ཕལ་ཆེ་བ་ཞིག་གྲུབ་ཆ་གསུམ་གྱིས་བསྟན་ཡོད་དེ།   ཐོག་མར་དགེ་ཞིང་མངོན་པར་མཐོ་བ་ཀླད་ཀྱི་དོན་ཏེ་བསྟན་བཅོས་ལ་འཇུག་པའི་སྒོ་ཡན་ལག་གི་བཀོད་སྟངས་དང་བཅས་པ་བརྗོད་པ་དང་།  བར་དུ་དགེ་ཞིང་ངེས་པར་ལེགས་པ་གཞུང་གི་དོན་ཏེ་གང་རྩོམ་པར་བྱེད་པའི་གཞུང་དངོས་བརྗོད་པ་དང་།  ཐ་མར་དགེ་ཞིང་དོན་གཉིས་གྲུབ་པ་མཇུག་གི་དོན་ཏེ་རྩོམ་པ་མཐར་ཕྱིན་པའི་དགོས་པ་དང་བཅས་སྨོན་བྱང་སོགས་ཀྱིས་མཇུག་བསྡུ་བའོ། །  དེ་ལས་དང་པོ་རྩོམ་པ་ལ་འཇུག་པའི་སྒོ་ཡན་ལག་གི་བཀོད་སྟངས་སྐོར་ལ་སྤྱིར་བཏང་དུ་ཐོག་མར་ཤིས་པར་བརྗོད་པས་མདུན་བསུས་ཏེ་གང་རྩོམ་པར་བྱེད་པའི་མཚན་དོན་མཚམས་སྦྱར་རྗེས་ལྷག་པའི་ལྷ་ལ་ཕྱག་བྱ་བ་ཡིན།  དེ་ནས་སྟོན་པ་དང་བླ་མ་སོགས་ལ་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་བཀོད་རྗེས་ད་གཟོད་གཞུང་དངོས་ལ་འཇུག་པ་ཡིན།འདིར་གོང་གི་བསྟན་བཅོས་ལ་འཇུག་པའི་སྒོ་ཡན་ལག་སོ་སོའི་བཀོད་སྟངས་དང་།  ཁུངས་སམ་དགོས་པ།    བྱེད་ལས། ཕན་ཚུན་གྱི་འབྲེལ་བའི་སྐོར་ནས་གླེང་མོལ་རགས་ཙམ་སྤེལ་བ་ལ།  
དང་པོ།  ཤིས་བརྗོད་བཤད་པ།
          ཇི་སྐད་དུ་སྙན་ངག་མེ་ལོང་ལས།  ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡི་སྒོ།།ཞེས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་གསུམ་ནི་བསྟན་བཅོས་གང་རྩོམ་པའི་སྒོ་དང་པོར་འགོད་པ་སྟེ།ནང་པའི་བསྟན་བཅོས་ཡོད་ཚད་གཅིག་ཏུ་མ་ངེས་ཀྱང་ཕལ་མོ་ཆེ་ཞིག་གི་འགོ་རྩོམ་པ་ལ་ཐོག་མར་བཀྲ་ཤིས་པའི་ཚིག་གིས་མདུན་བསུས་ནས་བརྗོད་པ་ཡིན།  བཀྲ་ཤིས་པའི་ཚིག་བརྗོད་པ་དེར་ཤིས་བརྗོད་ཅེས་བྱ་བ་སྙན་ངག་མེ་ལོང་ལས། མངོན་པར་འདོད་པའི་དངོས་པོ་ལ།།སྨོན་པ་ཤིས་བརྗོད་ཅེས་བྱ་དཔེ། །  ཞེས་བྱེད་པོ་རང་གིས་མངོན་པར་འདོད་པའི་དངོས་པོ་བསྲུང་བའམ་བསྒྲུབ་པ་ལ་ཕྱི་ནང་གི་བར་ཆད་མི་འབྱུང་བར་བཀྲ་ཤིས་པའི་སྨོན་ཚིག་བརྗོད་ནས་ཡིད་སྨོན་ཞུ་བ་ཡིན།  དེ་ལྟར་ནང་པའི་བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོ་དང་པོར་“ཨོཾ་བདེ་ལེགས་སུ་གྱུར་ཅིག”ཅེས་པ་ལ་སོགས་པའི་ཤིས་པར་བརྗོད་པ་སྟེ་བཀྲ་ཤིས་པའི་སྨོན་ཚིག་འགོད་པ་ཡང་རྩོམ་པ་པོས་གང་བརྩམ་པར་བྱ་བ་དེར་ཕྱི་ནང་གི་བར་ཆད་མི་འབྱུང་བར་བདེ་བླག་ངང་འགྲུབ་ཕྱིར་ལྷ་དང་བླ་མའི་དངོས་གྲུབ་ཞུ་བ་སྟེ།  ཨ་ལག་ཤ་ངག་དབང་བསྟན་དར་གྱིས་“ཤིས་བརྗོད་ཀྱི་དགོས་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་ཆེད”ཅེས་གསུངས་སོ།།  
          གཞུང་གི་མགོར་བཀྲ་ཤིས་པའི་ཤིས་བརྗོད་འགོད་པའི་ཕྱག་སྲོལ་འདི་ནི་གང་ཟག་ཅིག་གིས་རང་གི་འདོད་མོས་ལྟར་སྦྱར་བ་མ་ཡིན་པར་སྟོན་པའི་མཛད་རྣམ་གྱི་རྗེས་སུ་མཐུན་པར་མཛད་པ་སྟེ།   དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདིར་མངོན་པར་རྫོགས་པའི་འཚང་རྒྱ་བའི་ཚུལ་བསྟན་ནས་བདུན་ཕྲག་བདུན་གྱི་བར་དུ་ཆོས་གསུང་བར་ཐ་མ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ། ཚོང་དཔོན་ག་གོན་དང་བཟང་པོ་སྤུན་གཉིས་ཀྱིས་བདུད་རྩི་དང་བུ་རམ་ཕུལ་བ་རྡོའི་ལྷུང་བཟེད་དུ་བཞེས་ནས།  ལྷ་ཡི་བཀྲ་ཤིས་དོན་འགྲུབ་ཅིང་། ། ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱོད་ཀྱི་དོན་རྣམས་གྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག ། ཅེས་སོགས་བཀྲ་ཤིས་པའི་སྨོན་ཚིག་འདི་གསུང་རབ་ཀུན་གྱི་ཐོག་མར་གསུངས་པ་དང་།ཕྱིས་རྗེས་འཇུག་པ་རྣམས་ཀྱིས་ཀྱང་རང་གིས་དོན་གང་ཞིག་གཉེར་བ་ལ་ཐོག་མར་བཀྲ་ཤིས་པའི་ཚིག་སྨྲོས་ཤིག་ཅེས་གདམས་པ་ཡིན། དེ་བས་རྗེས་འཇུག་པ་རྣམས་ཀྱིས་ཀྱང་དེ་དང་མཐུན་པར་མཛད་དེ་གཞུང་རྩོམ་པའི་ཐོག་མར་བཀྲ་ཤིས་པའི་ཚིག་འགོད་པར་བྱེད་ལ། དེའི་དགོས་པ་ལ་རང་སྟོན་པའི་རྣམ་ཐར་གྱི་རྗེས་སུ་འབྲངས་པའི་རྟེན་འབྲེལ་གྱི་ཆ་དང་ཕྱིས་འཇུག་པ་རྣམས་ཀྱིས་ཀྱང་དེ་ལྟར་གྱིས་ཤིག་ཅེས་གདམས་པ་དང་རྩོམ་པའི་ལས་དེ་གེགས་མེད་བདེ་བླག་ཏུ་འགྲུབ་པའི་དགེ་བ་དང་ལྡན་པ་ཡིན་ནོ། །  
          ནང་པའི་བསྟན་བཅོས་དག་གི་དབུར་ཤིས་བརྗོད་ཀྱི་ཚིག་འགོད་པ་སྣ་ཚོགས་སུ་སྣང་ཡང་། སྤྱི་བབ་ཀྱི་ཆ་ནས་བལྟས་ན་ཕལ་ཆེར་རིགས་གཉིས་སུ་གནས་ཏེ་རིགས་གཅིག་ནི་“ཨོཾ་བདེ་ལེགས་སུ་གྱུར་ཅིག”ཅེས་དང་“ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་དང་།  “ཨོཾ་སྭ་སྟི”ལ་སོགས་བརྗོད་དེ་“ཨོཾ”ཞེས་པའི་ཡིག་འབྲུ་འདིས་བསུས་ཡོད།   དེས་ན“ཨོཾ”ཞེས་པ་ནི་བཀྲ་ཤིས་པའི་ཚིག་བརྗོད་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །  སྐལ་བཟང་རྣམ་པ་དང་ལྡན་ཞིང་། །  དམ་བཅའ་བ་དང་བཀྲ་ཤིས་དོན། ། ནོར་བུ་འཛིན་པའི་སྔགས་སུ་བརྗོད།།  ཅེས་དང་།  གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས།  ཡི་གེ་ཨོཾ་བརྗོད་པས་བསོད་ནམས་ལེན་པ་ཡིན་ཏེ་ཞེས་གསུངས་སོ། །“ཨོཾ”ནི་དོན་ཆེན་པོ་དང་ལྡན་པའི་བཀྲ་ཤིས་པའི་ཚིག་ཡིན་པས་དེས་རྗོད་པ་པོ་ལ་ཕྱི་ནང་གི་བར་ཆད་མི་འཇུག་ཅིང་འདོད་པའི་དོན་རྣམས་འགྲུབ་པར་འགྱུར་བའི་དོན་གྱིས་གཞུང་གི་འགོར་བརྗོད་པ་སྟེ། ཚེའི་རིག་བྱེད་ལས། ཡི་གེ་ཨོཾ་དང་ཨ་ཐའི་སྒྲ། ། གཉིས་པོ་འདི་དག་སྔོན་ཚངས་པའི།།མཁུར་ཚེས་བརྡོལ་ཏེ་མངོན་པར་བྱུང་། །  དེས་ན་དེ་ནི་བཀྲ་ཤིས་ཡིན། ། ཞེས་གསུངས་པ་ལྟར་ཤེས་དགོས་པ་གལ་ཆེའོ། །  
          ཤིས་བརྗོད་ཀྱི་རིགས་གཞན་ཞིག་ནི་བསྟན་བཅོས་ཀྱི་དབུར་སྟོན་པ་ཐུགས་རྗེ་ཅན་དང་ལྷག་པའི་ལྷ་ལ་སོགས་པར་ཡོན་ཏན་གསུམ་གྱི་སྒོ་ནས་བསྟོད་པ་མཛད་དེ་རང་ཉིད་ཀྱིས་མངོན་པར་འདོད་པའི་དངོས་པོ་དེ་སྲུང་བའམ་ཐོབ་པའི་རེ་བ་འཆའ་བའི་སྨོན་ཚིག་བཀོད་ནས་དངོས་གྲུབ་ཞུ་བ་ཡིན། དཔེར་ན་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་གྱི་དབུར་འདི་ལྟར་ཤིས་པར་བརྗོད་ཡོད་དེ། གང་ཡང་རྨད་བྱུང་ཡིད་འོང་སྙིང་སྟོབས་ཟད་མི་ཤེས་པའི་སྤྱོད་པའི་རྦ་རླབས་ཆལ་ཆིལ་གཡོ་བས་རྣམ་དཀྲིགས་པ། ། ཚོགས་གཉིས་རྒྱ་མཚོ་ཆེ་ལས་ལེགས་འོང་ཀུན་རྟོག་སྒྲིབ་པའི་སྤྲིན་བྲལ་ཟབ་ཅིང་རྒྱ་ཆེའི་ལེགས་བཤད་གཟི་འོད་འབར། །  སྨྲ་བ་ངན་པའི་མུན་པ་མཐའ་དག་མ་ལུས་འཇིག་རྟེན་རྒུད་པ་ཀུན་དང་ལྷན་ཅིག་དྲུངས་ནས་འབྱིན་མཛད་པ། །  ཐུབ་དབང་སྨྲ་བའི་ཉི་མ་ཚད་མའི་སྟོན་པ་གང་དེའི་ཞབས་རྡུལ་བདག་གི་གཙུག་ཏུ་ཀུན་དུ་མཛེས་གྱུར་ཅིག །ཅེས་བསྟན་བཅོས་རྩོམ་པས་ཐོག་མར་སྟོན་པ་ཐུགས་རྗེ་ཅན་ལ་མངོན་པར་བསྟོད་ནས་བཀྲ་ཤིས་པའི་སྨོན་ཚིག་དང་བཅས་རང་གི་རྩོམ་པའི་ལས་དེ་གེགས་མེད་བདེ་བླག་ཏུ་འགྲུབ་པར་དངོས་གྲུབ་ཞུ་བ་ཡིན། ཡང་རང་གིས་གང་རྩོམ་པར་བྱེད་པ་དེ་བརྗོད་བྱའི་རིགས་གང་དང་གང་ཡིན་པ་དེ་དང་དེར་འབྲེལ་གྱི་ལྷ་དེར་རང་གི་འདོད་དོན་དུ་ཞུས་ནས་ཤིས་པར་བརྗོད་པ་དཔེར་ན། སྙན་ངག་མེ་ལོང་ལས། གདོང་བཞི་གདོང་གི་པད་ཚལ་གྱི། །ངང་བའི་བུ་མོ་ཐམས་ཅད་དཀར། །  དབྱངས་ཅན་མ་ནི་ཁོ་བོ་ཡི། །  ཡིད་ལ་རིང་དུ་རོལ་བར་མཛོད། །ཅེས་སྙན་ངག་སྨྲ་བའི་ཐོག་མར་སྒྲ་དབྱངས་ཀྱི་ལྷ་མོ་དབྱངས་ཅན་མར་ཤིས་པར་བརྗོད་དེ།  དེའི་མཐུ་ལས་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་ཏེ་སྙན་ངག་སྨྲ་བ་ལ་སྤོབས་པ་དང་དངོས་གྲུབ་ཞུ་བ་ལྟ་བུ་དང་།  གཞན་སྐྱེས་བུ་དམ་པ་གང་གི་རྣམ་ཐར་རྩོམ་དུས་ཀྱང་སུ་དང་སུའི་རྣམ་ཐར་ཡིན་པ་དེ་དང་དེར་ཤིས་པར་བརྗོད་ཡོད་པ་དཔེར་ན།  འབྲུག་རྒྱལ་དབང་མཆོག་རྗེས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ལས།  རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གུར་ཀུམ་རྡུལ། །  གསལ་རྫོགས་མཚན་དཔེའི་རོལ་བར་ཤར་བའི་ལྷ། །  འཇམ་དཔལ་དབྱངས་སུ་སྙན་པའི་མགོན་དེ་དང་། ། དབྱེར་མེད་དཔལ་ལྡན་བླ་མས་དགེ་ལེགས་སྩོལ། །  ཞེས་རང་གི་བླ་མ་ལ་ཤིས་པར་བརྗོད་པ་ལྟ་བུས་རིགས་བསྒྲེས་ནས་ཤེས་པར་བྱའོ། ། 
གཉིས་པ།  མཚམས་སྦྱོར་བཤད་པ།
          བསྟན་བཅོས་རྩོམ་པའི་ཐོག་མར་བཀྲ་ཤིས་སྨོན་ཚིག་གིས་མདུན་བསུས་རྗེས་སྐབས་བབ་ཀྱི་བསྟན་བཅོས་དེའི་མཚན་ལ་ཅི་གསོལ་བ་མཚམས་སྦྱོར་བར་བྱེད་པ་སྟེ།  གཞུང་མང་པོ་ཞིག་ཏུ་མཚན་སྨྲོས་པའམ་མཚན་བརྗོད་པ་ཞེས་བྱ།  དེས་ན་བསྟན་བཅོས་རྩོམ་པའི་ཐོག་མ་ནས་མཚན་ལ་ཅི་གསོལ་བ་མཚམས་སྦྱོར་བྱེད་པ་དེར་དགོས་པ་ཅི་ཡོད་ཅེ་ན།   ལང་ཀར་གཤེགས་པའི་མདོ་ལས།  མིང་དུ་གདགས་པར་མ་མཛད་ན། ། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་བས་རྨོངས་པ་བསལ་བའི་ཕྱིར། ། མགོན་པོས་མིང་དུ་གདགས་པར་མཛད། །  ཅེས་གསུངས་པ་བཞིན་མིང་ཀླད་དུ་སྨྲས་པས་བརྗོད་དོན་བཙལ་སླ་བ་དང་།དོན་དེ་ལ་དོན་ལྡན་གྱི་མིང་བཏགས་པས།  དབང་པོ་རབ་ཀྱིས་མིང་ལ་བརྟེན་ནས་དབུ་ཞབས་ཀྱི་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ ། འབྲིང་གིས་ཕྱོགས་ཙམ་རྟོགས་པ་དང་ཐ་མས་ཀྱང་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བ་དང་། བརྡ་དུས་སུ་མིང་དོན་འབྲེལ་བ་ཤེས།  ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་ཤིང་། དོན་མཐོང་བ་ལས་མིང་དྲན་པར་འགྱུར་བའི་དགོས་པ་ཡོད།  དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་ཀྱི་དབུར“ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ”ཅེས་མཚན་སྨོས་པ་ལྟ་བུར་མཚོན་ན།   ང་ཚོས་གང་རྩོམ་པའི་བསྟན་བཅོས་ཀྱི་མཚན་བརྗོད་པ་དེ་ལས་གཞུང་གི་སྤྱི་ཁོག་ཙམ་ཞིག་རྟོགས་ནུས་ཏེ།   དང་པོ་ཐེག་པའི་སྒོ་ཀུན་ལས་བཏུས་པ་ཞེས་པས་སོར་བཞག་ལྷ་མིའི་ཐེག་པ་དང་།  སངས་རྒྱས་པའི་ཐེག་པ་གསུམ་མམ་ཐེག་པ་རིམ་དགུའི་རྣམ་གྲངས་སྟོན་པའི་གཞུང་ལུགས་ཀུན་ལས་གཅེས་པར་བཏུས་པ་སྟེ་སྐབས་འདིའི་སྒོ་མོ་ནི་རྣམ་གྲངས་ཀྱི་དོན་ཡིན།  གསུང་རབ་རིན་པོ་ཆེའི་མཛོད་ཅེས་པས་དེ་བཞིན་གཤེགས་པའི་གསུང་རབ་དངོས་དང་དེའི་རྗེས་སུ་འབྲེལ་བའི་གཞུང་ལུགས་རྣམས་ཀྱི་བཤད་ཚུལ་གཙོ་ཆེ་བ་རྣམས་ཉེ་བར་འདུས་པས། བསྟན་བྱའི་རིན་པོ་ཆེ་དེ་དག་གི་དོན་འདི་ལ་ཆུད་པའམ་ཡོད་པས་མཛོད་ཀྱི་ཐ་སྙད་སྦྱར་ཞིང་།ལྷག་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གསུམ་པོ་གསལ་ལ་མ་ཚང་བ་མེད་པ་ལེགས་པར་སྟོན་ཅིང་།   ཉོན་མོངས་དགྲ་རྣམས་འཆོས་ཤིང་ངན་འགྲོའི་སྲིད་ལས་སྐྱོབ་པའི་ཡོན་ཏན་དང་ལྡན་པའི་དྲུག་བྲལ་གསུམ་ལྡན་གྱི་བསྟན་བཅོས་ཏེ།  མིང་དེ་གསུམ་ནི་བརྗོད་བྱ་གཙོ་བོར་བྱས་པ་ཡིན་ལ།  ནམ་མཁས་དངོས་པོ་སོ་སོར་རྟོག་པའི་གོ་འབྱེད་པ་བཞིན་དུ་གཞུང་འདིས་ཀྱང་ཤེས་བྱ་ཇི་སྙེད་པ་སོ་སོར་རྟོག་པའི་བློ་གྲོས་ཀྱི་གོ་འབྱེད་པས་ཀུན་ལ་ཁྱབ་ཅེས་རྗོད་བྱེད་གཙོ་བོར་བྱེད་པའོ། ། ཅེས་པ་ལྟ་བུའོ། །  
          ཡང་རྒྱ་གཞུང་བོད་དུ་བསྒྱུར་བའི་བསྟན་བཅོས་ཀྱི་མཚན་རྣམས་མཚམས་སྦྱོར་བྱེད་དུས་སྐབས་མང་པོ་ཞིག་ཏུ་དང་པོར་རྒྱ་གར་སྐད་དུ་ཞེས་ལེགས་སྦྱར་སྐད་ནས་བརྗོད་པ་དང་དེ་ནས་བོད་རང་གི་སྐད་དུ་བརྗོད་ནས་རྒྱ་བོད་སྐད་གཉིས་ཤན་སྦྱར་དུ་བཀོད་ཡོད། སྐད་གཉིས་ཤན་སྦྱར་དུ་མཛད་པ་དེ་ཟློས་སྐྱོན་དུ་མི་འགྲོའམ་ཞེ་ན།  དེ་ལྟར་མི་འགྱུར་བར་མ་ཟད་དགོས་པ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ།  བོད་རྣམས་ཀྱིས་རྒྱ་གར་སྐད་གོ་དཀའ་བ་དེ་བོད་རང་གི་སྐད་དུ་བསྒྱུར་བས་གོ་སླ་བར་འགྱུར་བས་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དྲན་དགོས་པ་དང་།  རྒྱ་གར་ཆོས་ཁུངས་བཙུན་པས་བསྟན་བཅོས་ཁུངས་མར་ཡིད་ཆེས་པའི་དགོས་པ་དང་། དུས་གསུམ་གྱི་སངས་རྒྱས་ཀུན་ལེགས་སྦྱར་ལྷའི་སྐད་ཀྱིས་ཆོས་གསུངས་པས་རང་གིས་དེའི་སྐད་དུ་བཏོན་ཞིང་བཤད་པས་རང་རྒྱུད་ལ་བྱིན་རླབས་འཇུག་པ་དང་འོངས་བ་ན་དེའི་སྐད་དུ་གསུང་བར་འགྱུར་བ་དང་།  རྒྱ་སྐད་བོད་སྐད་དུ་སྒྱུར་ཚུལ་མཐོང་བས་སྒྲ་བསྒྱུར་བ་ལ་བློ་ཁ་ཕྱོགས་ཤིང་བག་ཆགས་འཇོག་པ་སོགས་ཀྱི་དགོས་པ་ཡང་ལྡན་པར་བཞེད།   དེས་ན་བོད་རང་གིས་མཛད་པའི་བསྟན་བཅོས་ཁ་ཤས་ཀྱི་དབུར་ཡང་རྒྱ་སྐད་སྨོས་ཡོད་པ་ཅི་ཡིན།   དེ་ལྟར་བརྗོད་མི་རིགས་ཏེ་མ་བསྒྱུར་བའི་ཕྱིར་ཞེ་ན།  དེ་ནི་སྐྱོན་དུ་མི་འགྲོ་སྟེ།  ལེགས་སྦྱར་སྐད་ལ་བག་ཆགས་འཇོག་པའི་དགོས་པ་དང་གཞན་དུ་ན་ཡོན་ཏན་མཛོད་རྩ་འགྲེལ་ལས།  “དང་པོ་མཚན་བསྟན་པའི་ཐོག་མར་རྒྱ་གར་སྐད་སྨོས་པའི་དོན་ནི།  སྤྱིར་འདྲེན་པ་སྟོང་གི་འབྱོན་བཞུགས་ཀྱི་ཡུལ་ཡིན་པ་དང་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་ཁུངས་ཡིན་ཕྱིར་རོ།།”ཞེས་པ་ལྟར་འཕགས་ཡུལ་ནས་བྱུང་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་བརྟེན་ནས་བོད་གཞུང་འདི་དག་བྱུང་བས་དེ་ལྟར་བརྗོད་པའི་དོན་ཅན་དུ་འགྱུར་བའི་ཕྱིར།   དཔེར་ན་བོད་དུ་སྐྱེས་པའི་རྒྱ་གར་གྱི་མི་རིགས་ལ་རྒྱ་གར་བ་ཞེས་བརྗོད་པ་བཞིན་ནོ། །  དེ་ལྟ་བུའི་བསྟན་བཅོས་ཀྱི་མཚན་འདོགས་ལུགས་ལ་མདོ་དགོངས་འགྲེལ་གྱི་འགྲེལ་བ་ལས།  གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་མིང་ནི་རྣམ་པ་བཞི་ལས་འགྱུར་ཏེ། ཡུལ་དང་།དཔེ་དང་གང་ཟག་དང་།  དོན་ལས་སོ་ཞེས་གསུངས་ཀྱང་།  དེར་མ་འདུས་པ་ད་དུང་འདྲ་འབྲེལ་རྒྱུ་མཚན་དུ་བྱས་པ་དང་།  རྒྱུ་དང་འབྲས་བུའི་སྒོ་ནས་བཏགས་པ་དང་།  གཞུང་ཚད་ཀྱི་མིང་གིས་བཏགས་པ་སོགས་མང་དུ་སྣང་ཡང་འདིར་རེ་རེ་བཞིན་མི་བརྗོད་པར་གཞུང་གཞན་དུ་རྟོགས་པར་བྱའོ། །   
          ཡང་སྔ་རབས་མཁས་པས་མཛད་པའི་བསྟན་བཅོས་མང་པོ་ཞིག་གི་མཚན་ལ་ཡིག་འབྲུ་ཅུང་མང་ལ།   དེ་སྟབས་བདེ་བའི་ཆེད་དུ་ཕལ་ཆེར་ཞིག་ལ་བསྡུས་མིང་རེ་བརྗོད་ཚུལ་ཡོད་དེ།  དཔེར་ན། 《བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ》ཞེས་པར་ལ་ལར་《གུ་བཀྲའི་ཆོས་འབྱུང་》དང་ལ་ལར་《རྙིང་མའི་ཆོས་འབྱུང་》ཞེས་བསྡུས་མིང་སྦྱར་བ་ལྟ་བུ་དང་།  ཡང་《བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་རྣམ་པ་གཉིས་ཀྱི་དཀའ་བའི་གནས་གསལ་བར་བྱེད་པ་ལེགས་བཤད་སྐལ་བཟང་ཀླུ་དབང་གི་རོལ་མཚོ》ཞེས་པ་ལ་《རྒྱན་འགྲེལ་སྤྱི་དོན་རོལ་མཚོ》ཞེས་བསྡུས་མིང་རྗོད་པར་བྱེད། བསྟན་བཅོས་ཀྱི་མཚན་རིང་དྲགས་པས་བསྡུས་མིང་བརྗོད་ན་ངག་ནས་བརྗོད་བདེ་ཞིང་ཡིད་ལ་འཛིན་སླ་བ་སོགས་ཀྱི་དགེ་མཚན་ལྡན་ནའང་།  འདི་ཙམ་གྱིས་ད་དུང་རྩོམ་པ་པོ་གང་གིས་བརྩམས་ཆོས་དེ་བརྗོད་བྱ་གང་ལས་རྩོམ་པ་དང་།  རྩོམ་པའི་དམིགས་ཡུལ།  ཚུལ་ཇི་ལྟར་རྩོམ་པ་སོགས་གནད་དོན་མང་པོ་ཞིག་གསལ་བཤད་མི་ནུས་པས།  བསྟན་བཅོས་ཀྱི་མཚན་མཚམས་སྦྱོར་བྱེད་དུས་བསྡུས་མིང་མི་བརྗོད་པར་མཚན་ཧྲིལ་པོར་འགོད་པ་ཡིན་ནོ། །   
གསུམ་པ།  ཕྱག་བྱ་བཤད་པ།
          ཕྱག་བྱ་བ་ནི་བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོ་ཡན་ལག་གསུམ་པ་སྟེ།  གཞུང་རྩོམ་པའི་ཐོག་མ་ནས་ཡུལ་ཁྱད་པར་ཅན་ལ་ཕྱག་བྱས་པས་དེ་ལ་གདུལ་བྱ་རྣམས་དད་པར་འགྱུར་བ་དང་།  རང་ཉིད་དམ་པའི་རྗེས་སུ་ཞུགས་པས་བློ་ལྡན་རྣམས་ཐོག་མར་སྤྱོད་པ་དེ་ལྡན་གྱི་གང་ཟག་ལ་དད་པ་སྐྱེ་ཞིང་།  སླར་དེས་བཤད་པའི་བསྟན་བཅོས་ཀྱང་བླང་བར་འོས་པར་བསམ་སྟེ་དེ་ལ་འཇུག་པར་འགྱུར་བའི་དགོས་པ་ལྡན་ལ།   ཞར་བྱུང་ཚོགས་རྫོགས་ཤིང་བར་ཆད་མི་འགྱུར་བའི་ཆེད་དུའོ། །   
          བོད་དུ་འགྱུར་བའི་རྒྱ་གཞུང་དག་གི་དབུར་ལོ་ཙཱ་བ་རྣམས་ཀྱིས་རང་གི་འགྱུར་དེ་བདེ་བླག་ཏུ་མཐར་ཕྱིན་པར་དམིགས་ནས་ལྷག་པའི་ལྷ་སོགས་ལ་ཕྱག་བྱས་ཡོད་ཅིང་།  དེ་ནི་བསྒྱུར་བྱ་མ་གཞུང་སྟེང་ཡོད་པ་མ་ཡིན་པར་ལོ་ཙཱ་བ་རང་གིས་བཀོད་པ་ཡིན་ལ་དེར་འགྱུར་ཕྱག་ཅེས་བྱ། རྒྱལ་བའི་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་གང་ཡིན་ཡང་སྡེ་སྣོད་གསུམ་དུ་མ་གཏོགས་པ་མེད་ལ།  ཆོས་རྒྱལ་ཡབ་མེས་ཀྱི་རིང་ལ་ལོ་ཙཱ་བ་རང་རང་གི་ལྷག་པའི་ལྷ་ལ་སོགས་པར་གང་མོས་ཀྱིས་ཕྱག་མཛད་པ་ལས་གཅིག་གྱུར་གྱི་བཀས་བཅད་མཛད་མེད།  ཕྱིས་སུ་རྒྱལ་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་རྒྱལ་པོས་པཎྜིཏ་དང་ལོ་ཙཱ་བ་མང་པོ་འུ་ཤིང་རྡོའི་ལྷ་ཁང་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་གདན་དྲངས་ཏེ་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་དབབ་ཚེ་སྡེ་སྣོད་གསུམ་སོ་སོར་མ་འདྲེས་པར་ངོས་འཛིན་པར་བཀས་བཅད་པ་ཡིན་པ་དང་།    དེར་རྒྱལ་པོའི་བཀས་བཅད་ཀྱི་ཕྱག་གམ་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཅེས་བྱ། བཀས་བཅད་ལྟར་འདུལ་བའི་སྡེ་སྣོད་ལས་ལས་རྒྱུ་འབྲས་ཕྲ་ཞིབ་གསུངས་པ་རྣམས་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་པས་དེའི་འགོར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་།མདོ་སྡེ་རྣམས་སངས་རྒྱས་དང་བྱང་སེམས་རྣམས་དྲི་བ་དྲིས་ལན་གྱི་ཚུལ་དུ་གསུངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་།མངོན་པའི་སྡེ་སྣོད་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ་སོགས་གསུངས་པ་རྣམས་ཤེས་རབ་ཟབ་མོའི་རྟོགས་བྱ་ཡིན་ཕྱིར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་བ་ཡིན་ནོ། །  
          རྒྱ་གཞུང་དུ་འགྱུར་ཕྱག་བཀོད་པ་ཇི་བཞིན་བོད་རང་གིས་མཛད་པའི་བསྟན་བཅོས་དག་གི་དབུར་ཡང་ཕྱག་བྱས་ཡོད་དེ།  ལ་ལར་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱིས་ཕྱག་བྱས་ཡོད་པ་དང་།  ལ་ལར་རྒྱ་སྐད་ཁོ་ནས་ཕྱག་མཛད་ཡོད། ཡུལ་ཁྱད་པར་ཅན་ལ་ཕྱག་བྱེད་དུས་རྒྱ་བོད་སྐད་གཉིས་ཤན་སྦྱར་དུ་བཀོད་པ་དེའི་དགོས་པ་གོང་གི་མཚམས་སྦྱོར་དང་གཅིག་མཐུན་དུ་རྟོགས་པར་བྱ།  དེ་ལྟ་བུའི་ཕྱག་བྱ་བ་དེ་སྐབས་མང་པོ་ཞིག་ཏུ་སྡེ་སྣོད་ངོས་འཛིན་གྱི་བཀས་བཅད་ལྟར་མཛད་ཡོད་ཅིང་དེའི་རིགས་ལ་འགྱུར་ཕྱག་དང་མཐུན་པའི་མཆོད་བརྗོད་ཅེས་བྱ་བ་དང་སྡེ་སྣོད་ངོས་འཛིན་གྱི་ཕྱག་བྱའང་ཡིན་ཏེ།  རྗེ་རིན་པོ་ཆེའི་《རྟེན་འབྲེལ་བསྟོད་པ་》ཡི་དབུར་“ན་མོ་གུ་ར་མཛྙ གྷོཥྰཡ།  བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ”ཞེས་བསྟན་བཅོས་འདི་མངོན་པའི་སྡེ་སྣོད་དུ་གཏོགས་པ་བསྟན་པ་ལྟ་བུའོ། །  
          བསྟན་བཅོས་ཀྱི་ཐོག་མར་ཕྱག་བྱ་བའི་ཚིག་འགོད་པ་ལ་གོང་གི་སྡེ་སྣོད་ངོས་འཛིན་གྱི་ཕྱག་བྱ་ལས་གཞན་སྟོན་པ་དང་བླ་མ་ཡི་དམ་དག་གི་སྐུ་གསུང་ཐུགས་གསུམ་གྱི་འཕྲིན་ལས་ལ་བསྔགས་བརྗོད་མཛད་དེ་ཕྱག་བྱས་པ་སོགས་སྣ་ཚོགས་སྣང་ལ།  སྤྱིར་བཏང་དུ་ཕྱག་བྱ་བའི་ཡུལ་ལ་གཉིས་ཏེ། གཏམ་ལ་དབབ་པ་བསྡུས་པ་ལས་བཤད་པ་ལྟར་ཆོས་ལ་ཡིད་ཆེས་པ་ལ་བརྟེན་ནས་ཆོས་གསུང་བ་པོ་སྟོན་པ་ལ་ཕྱག་བྱ་བ་ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག་ལས། ཀུན་མཁྱེན་ཉི་མ་གསུང་གི་འོད་ཟེར་གྱིས། ། གདུལ་བའི་བློ་མིག་པད་མ་ཁ་ཕྱེ་ནས། །སྐལ་ལྡན་ཚོགས་ལ་མཐོ་རིས་ཐར་བ་ཡི། ། འཇུག་ཡུལ་སྟོན་པ་དེ་ལ་ཕྱག་འཚལ་ལོ། །  ཞེས་གཞུང་གི་ཐོག་མར་སྟོན་པ་བཅོམ་ལྡན་འདས་ལ་ཕྱག་བྱས་ཡོད་པ་ལྟ་བུ་དང་།  གཞན་དོན་ལ་ཡིད་ཆེས་པ་ལ་བསྟེན་ནས་ཆོས་ཀྱི་དོན་སྟོན་པའི་བླ་མ་ལ་ཕྱག་བྱ་བ་ལྟར་དང་པོ་སངས་རྒྱས་དང་དེའི་འོག་ཏུ་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་བྱ་བ་ཡིན།  འོན་ཀྱང་ཕྱག་བྱ་བའི་གོ་རིམ་ཡང་གོང་སྨྲས་ལྟར་ཐག་བཅད་ངེས་ཅན་མ་ཡིན་ཏེ།ཐོག་མར་རང་གི་ལྷག་པའི་ལྷ་ལ་ཕྱག་མཛད་པ་རྗེ་རིན་པོ་ཆེའི་གསུང་ལས་མང་དུ་འབྱུང་བ་བཞིན་དང་།   དེར་མ་ཟད་ཐམས་ཅད་ཀྱི་དང་པོར་གང་ལས་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་ལ་ཕྱག་བྱེད་པར་ཡང་རིགས་ཏེ། ལུང་གཞི་ལས། རྒན་པ་དང་ནི་གཞོན་ཡང་རུང་།།གང་ལས་ཆོས་ནི་རྣམ་ཤེས་པ། །  དེ་ལ་ཐོག་མར་ཕྱག་བྱ་སྟེ། ། ཟླ་བ་ཚེས་ལ་བྲམ་ཟེ་བཞིན། ། ཞེས་བྱུང་བ་ལྟར་འཐད་པའི་ཕྱིར་ཏེ་དཔེར་ན་ས་པཎ་མཁས་འཇུག་ལས། དོན་བཟང་ཆོས་སྤོབས་ངེས་ཚིག་དྲི་མ་མེད།།རང་གཞན་དོན་བརྙེས་སྤངས་དང་ངེས་པ་འབྱུང་། །སྟོན་པའི་ཆོས་སྨྲ་སེང་གེའི་སྒྲ་སྒྲོགས་པའི།  །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །  ཞེས་གཞུང་གི་ཐོག་མར་བླ་མ་ལ་ཕྱག་བྱས་ཡོད།  གཞན་ཡང་བསྟན་བཅོས་རྩོམ་པའི་ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་བྱ་བ་སློབ་དཔོན་དཔའ་བོའི་བསྟོད་པ་བརྒྱ་ལྔ་བཅུ་པ་དང་བོད་དུ་ཡོན་ཏན་མཛོད་ལྟ་བུའང་ཡོད་དོ། །  
བཞི་པ།  མཆོད་བརྗོད་བཤད་པ།
          ཇི་སྐད་དུ། རྣམ་དཀར་ལས་ནི་གང་བྱེད་པ། །དེ་ཡི་ཐོག་མ་རྒྱལ་བ་མཆོད། ། ཅེས་པ་ལྟར་སྟོན་པའི་རྗེས་འཇུག་པ་དག་ལུས་ངག་ཡིད་གསུམ་གྱི་དགེ་བའི་ལས་གང་ཞིག་ལ་འཇུག་པར་བྱེད་ཀྱང་གང་གི་ལས་དེའི་ཐོག་མར་ཆོས་སྟོན་རྒྱལ་བ་ལ་མཆོད་པར་བརྗོད་པ་ཡིན།དེ་བཞིན་དུ་བསྟན་བཅོས་རྩོམ་པ་ལ་འཇུག་དུས་ཀྱང་ས་པཎ་མཁས་འཇུག་ལས།  བསྟན་བཅོས་བྱེད་པའི་དམ་པ་ཡིས། ། སྟོན་པ་ལ་ནི་མཆོད་བརྗོད་བྱ། ། བསྟན་པ་སྤེལ་ཕྱིར་དག་པའི་ཚིག  །འདི་ལ་འཐད་པ་བཟང་པོ་མཐོང་། །  ཞེས་མཆོད་བརྗོད་ཀྱི་རྣམ་གཞག་བསྟན་ཡོད་དེ།  བསྟན་བཅོས་རྩོམ་པའི་ཐོག་མར་སྟོན་པ་སངས་རྒྱས་དང་བླ་མ་སོགས་ལ་གུས་པ་སྔོན་དུ་འགྲོ་བའི་མཆོད་བརྗོད་ཀྱི་ཚིག་སྤེལ་བར་བྱ་སྟེ་བསྟན་བྱའི་བརྩམས་ཆོས་གང་དེ་ཁྱབ་གདལ་དུ་སྤེལ་བར་ཀུན་སློང་རྣམ་དག་ཐོག་མའི་ཚིག་ཏུ་བཀོད་པའོ། །   
          མཆོད་བརྗོད་ཀྱི་སྡེ་ཚན་འདིར་དགོས་པ་དང་།བསྡུས་པ་དང་། ཚིག་གི་དོན་བཅས་གསུམ་ལས་དགོས་པ་ལ་རྒྱ་ཆེན་རོལ་པའི་མདོ་ལས།  བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །  བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར།།མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོའང་ཐོབ།།ཅེས་དང་ས་པཎ་མཁས་འཇུག་ལས་ཀྱང་“བསྟན་བཅོས་ཀྱི་ཐོག་མར་མཆོད་པར་བརྗོད་པ་འདིས་ཅི་བསྟན་ཞེ་ན།བླ་མ་དང་འཇམ་པའི་དབྱངས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེའི་ཡོན་ཏན་ཆ་ཙམ་བརྗོད་ནའང་མཐར་ཐུག་འཚང་རྒྱ་ཞིང་། གནས་སྐབས་བར་ཆད་ཞི་བའི་རྒྱུར་འགྱུར་བར་བསམས་ནས་ངག་དང་པོ་བརྗོད་དོ། །”ཞེས་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ་དེས་བསྟན་བཅོས་མཛད་པ་པོ་གང་གི་རྣམ་དཀར་དགེ་བའི་བསོད་ནམས་དཔག་མེད་བསྐྲུན་པ་དང་།  དེའི་མཐུ་ལས་བསོད་ནམས་མ་ཡིན་པའི་བར་ཆད་ཞི་བར་བྱེད་ཅིང་། ཕྱི་རབས་པར་བྱ་བ་ཆེན་པོ་གང་ཞིག་ལ་འཇུག་པར་ཐོག་མར་ཡུལ་ཁྱད་པར་ཅན་ལ་ཕྱག་བྱ་དགོས་པར་གདམས་པ། ཡུལ་ཁྱད་པར་ཅན་ལ་ཕྱག་བྱས་པས་གདུལ་བྱ་རྣམས་ཀྱིས་འདི་ནི་སྐྱེས་བུ་དམ་པར་རྟོགས་དགོས་པ་དང་། དེས་བརྩམས་པའི་གཞུང་ལ་གུས་པ་བསྐྱེད་པ་སོགས་ཀྱི་དགོས་པ་དང་ཡང་ལྡན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས།  བསྟན་བཅོས་བྱེད་པོས་སྟོན་པ་ལ། །  མཆོད་པར་བརྗོད་པ་འབྲས་མེད་མིན། ། སྟོན་པ་དང་ནི་བསྟན་བཅོས་ལ། ། དད་དང་འདུན་པ་བསྐྱེད་ཕྱིར་རོ། །  ཞེས་གསུངས།གཉིས་པ་བསྡུས་པའི་དོན་ལ་གང་ལ་གང་གིས་ཇི་ལྟར་བསྟོད་པ་སྟེ། མཆོད་བརྗོད་མཛད་དུས་ཚང་དགོས་པ་ནི་ཡུལ་ཁྱད་པར་ཅན་གང་ཞིག་ལ་བསྟན་བཅོས་རྩོམ་པ་པོ་གང་གིས་ཚུལ་ཇི་ལྟར་བསྟོད་པའམ་མཆོད་པར་བརྗོད་པ་གསུམ་གྱིས་བསྡུས་ཡོད། ཚིག་གི་དོན་ནི་རང་རང་གི་སྐབས་བབ་ཏུ་རྟོགས་དགོས་པ་དཔེར་ན་ས་པཎ་གྱིས་མཁས་འཇུག་ལས་འདི་ལྟར་མཆོད་པར་བརྗོད་ཡོད་དེ། དོན་བཟང་ཆོས་སྤོབས་ངེས་ཚིག་དྲི་མ་མེད། །རང་གཞན་དོན་བཪྙེས་སྤངས་དང་ངེས་པར་འབྱུང་། །སྟོན་པའི་ཆོས་སྨྲ་སེང་གེའི་སྒྲ་སྒྲོག་པའི། །  འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །  ཞེས་ཕྱག་འཚལ་ཞེས་བཤད་པའི་གཞིར་བྱས། གང་གིས་ན།   རྩོམ་པ་པོ་ས་པཎ་རང་གི་ཡན་ལག་གི་མཆོག་མགོ་བོས་སོ། །  ཡུལ་གང་ལ་ན།  རིག་པ་བཞི་ཐོབ་ཅིང་མི་འཇིགས་པ་བཞི་བརྙེས་པས་འཁོར་གྱི་ནང་དུ་འཆད་རྩོད་རྩོམ་གསུམ་གྱི་ཆོས་སྨྲ་སེང་གེའི་སྒྲ་སྒྲོགས་པར་བྱེད་པའི་འཇམ་མགོན་བླ་མ་གྲགས་པ་རྒྱལ་མཚན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་བ་དེའི་ཞབས་ལའོ། ། ལྟ་བུའོ། །  
          ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་དེའང་ཕྱོགས་གཅིག་ལ་ངེས་སམ་ཞེ་ན།  ཚིག་གི་བྱེད་ལས་མི་འདྲ་བའི་སྟོབས་ཀྱིས་མཆོད་བརྗོད་ཀྱང་སྣ་ཚོགས་སུ་སྤེལ་ཆོག་སྟེ།  ས་པཎ་མཁས་འཇུག་ལས།  མཆོད་བརྗོད་འདུད་པའི་བདག་ཉིད་ཅན། །  ཤིས་པར་བརྗོད་སོགས་མི་འགལ་ཏེ། །  ཐམས་ཅད་དུ་ཡང་སྟོན་པ་ཡི། ། ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། ། ཞེས་མཆོད་བརྗོད་དེར་ཡང་མཆོད་པའི་མཐའ་ཅན་དང་།  །བསྟོད་པའི་མཐའ་ཅན།  འདུད་པའི་མཐའ་ཅན་དང་ཤིས་བརྗོད་ཀྱི་མཐའ་ཅན།  ཕྱག་འཚལ་བའི་མཐའ་ཅན་དང་རྒྱལ་བའི་མཐའ་ཅན་སོགས་ཚིག་གི་རྣམ་པ་མི་འདྲ་བ་དུ་མ་ལྡན་ཡང་།  དོན་ལ་འགལ་བ་ཅི་ཡང་མ་མཆིས་པར་ཐམས་ཅད་བསྟོད་ཡུལ་གྱི་སྟོན་པའི་ཁྱད་དུ་འཕགས་པའི་ཡོན་ཏན་ཆེ་བ་འབའ་ཞིག་སྟོན་པར་བྱེད་པའི་ཕྱིར་རོ། །  
          མདོར་ན།  རྩོམ་པ་མཐར་ཕྱིན་པའི་འགལ་རྐྱེན་བདུད་དམ་བདུད་རིགས་ཀྱི་ལྷས་བྱས་པའི་བར་གཅོད་པ་སོགས་སེལ་བར་བྱེད་ཅིང་།  མཐུན་རྐྱེན་བསོད་ནམས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་མཆོད་བརྗོད་ལ་ཚིག་གི་བྱེད་ལས་ཀྱིས་སྣ་ཚོགས་སུ་སྤེལ་ཆོག་ལ།   སྐབས་ལ་ལར་བརྩམས་ཆོས་གཅིག་ཏུའང་མཐའ་ཅན་མི་འདྲ་བའི་མཆོད་བརྗོད་དུ་མ་བརྐོད་ཡོད་པ་སོགས་རྒྱས་པར་མཁས་པའི་བསྟན་བཅོས་དག་ལས་ཤེས་པར་བྱའོ། །
ལྔ་པ།  རྩོམ་པར་དམ་བཅའ་བཤད་པ།
          བསྟན་བཅོས་རྩོམ་པའི་སྒོ་ཡན་ལག་ལྔ་པ་ནི་རྩོམ་པར་དམ་བཅའ་བ་སྟེ།  རྩོམ་པ་པོ་གང་གིས་ལས་གང་ཞིག་ཚུལ་ཇི་ལྟར་འཆད་པ་སོགས་ཁས་ལེན་པར་བྱེད་པ་ཡིན།  གོང་ནས་བརྗོད་པ་ལྟར་ནང་པའི་བསྟན་བཅོས་མཐའ་དག་གི་ཁུངས་གཏུགས་ས་ནི་རྒྱལ་བའི་བཀའ་ཡིན་པ་ཇི་བཞིན་རྩོམ་པར་དམ་བཅའ་བའི་སྲོལ་འདི་ཡང་རྒྱབ་རྟེན་རྒྱལ་བའི་བཀའ་ལ་བཅོལ་ཏེ་ཕྱི་མོར་མཛད་ཅིང་དཔེར་བལྟས་ཡོད་པ་ཤིན་ཏུ་གསལ་ཏེ།《གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས》ཞེས་བྱ་བའི་མདོ་ལས།  དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་།   གཟའ་མི་བཟད་པའི་གཟུགས་ཅན་ཤིན་ཏུ་ཁྲོ་བ་དང་ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱི་མཆོད་པ་དང་།  མཆོད་ཡོན་དང་བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། ། ཞེས་གང་ཞིག་འཆད་པའི་ལུས་དེ་ཐོག་མ་ཉིད་ནས་གསུངས་པ་ཇི་བཞིན་རྗེས་འཇུག་པ་དག་གིས་ཀྱང་དེར་ཕྱི་མོ་མཛད་ནས་བསྟན་བཅོས་རྩོམ་པའི་ཐོག་མར་རྩོམ་པར་དམ་བཅའ་བའི་སྲོལ་བྱུང་བ་རེད།  དེས་ན་ཐོག་མ་ཉིད་ནས་གང་གི་ལུས་དེ་འགོད་པ་ལ་དགོས་པ་གང་ལྡན་ཞེ་ན།  ས་པཎ་མཁས་འཇུག་ལས། བཤད་སླ་བ་དང་གཟུང་བདེ་ཞིང་། ། བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར། ། མཁས་པ་ལ་ལ་བསྟན་བཅོས་ལུས། ། བསྡུས་ཏེ་ཐོག་མར་འགོད་པར་མཛད། །ཅེས་རྩོམ་པར་དམ་བཅའ་བས་བརྗོད་བྱ་ངེས་བཟུང་ནས་གང་རྩོམ་པ་དེ་ཐོག་མ་ནས་མདོར་བསྡུས་སུ་བཀོད་ན།  འཆད་པ་པོ་རྣམས་ཀྱིས་ཚོགས་ཀྱི་དབུས་སུ་གོ་རིམ་མ་འཁྲུག་པར་འཆད་སླ་བ་དང་།  ཉན་པ་པོ་རྣམས་ཀྱིས་བརྗོད་བྱ་བདེ་བླག་ཏུ་ངེས་ཟིན་ནས་བཟུང་བདེ་བ་དང་། བསྟན་བཅོས་རང་ཡང་ཐོག་མའི་མདོར་བསྟན་དང་མཐུན་པར་ཡན་ལག་གི་སྐབས་སུ་རྒྱས་པར་སྤྲོས་ཆོག་པས།  ཉན་བཤད་བྱེད་པ་ཀུན་ལ་གཞུང་ལུགས་ཡང་དག་ཡིན་པར་ངེས་ཤེས་སྐྱེས་པའོ།།   
          རྩོམ་པར་དམ་བཅའ་བའི་དགོས་པ་ལ་ས་པཎ་གསུངས་བཞིན་དགོས་དོན་དང་། བསྡུས་དོན། ཚིག་དོན་གསུམ་ལས་དང་པོ་དགོས་དོན་ལ་མཁས་འཇུག་ལས། དམ་བཅའ་བ་དང་སྐུལ་ཚིག་སོགས། ། འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ། ། མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། ། ཁས་ལེན་པ་ལ་འགལ་བ་མེད། ། ཅེས་གཞུང་འཆད་པ་ལ་སྤྲོ་བ་སྟོན་པ་དང་། འཆད་བྱའི་གཞུང་དེ་ལ་རང་ཉིད་མཁས་པ་གཞན་གྱིས་རྟོགས་པ་དང་།  རྩོམ་པ་མཐར་ཕྱིན་པ་བཅས་ཀྱི་དགོས་པ་གསུམ་བསྟན་ཡོད།  ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ལས།  རྣམ་པར་དབྱེ་བ་ཞེས་རྩོམ་པར་དམ་བཅའ་བ་ལ་དགོས་པ་ཡོད་དེ། རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་པའི་ཕྱིར་ཞེས་དང་།སྤྱོད་འཇུག་དར་ཊིཀ་ལས་ཀྱང་། རྩོམ་པར་དམ་བཅའ་ བའི་དགོས་པ་ནི། དམ་བཅའ་བ་མཐར་ཕྱིན་པའི་ཆེད་ ཡིན་ནོ། ། ཞེས་པ་འདི་དག་ལ་བརྟག་ཅིང་དཔྱད་ན། རྩོམ་པ་མཐར་ཕྱིན་པའི་ཆེད་དུ་དམ་བཅའ་བ་ནི་དགོས་ པ་གཙོ་བོར་མངོན་ཏེ།  རྩོམ་པ་པོ་ཞིག་ལ་མཚོན་ན་སྐབས་བབ་ཀྱི་ལས་དོན་གཙོ་བོ་ནི་བསྟན་བཅོས་རྩོམ་པ་ལེགས་འགྲུབ་བྱ་རྒྱུ་དེ་ཡིན་ལ།  རྩོམ་པའི་གོ་རིམ་ཁྲོད་བར་ཆད་སྣ་ཚོགས་འབྱུང་སྲིད་དེ།  འགལ་རྐྱེན་ཕྱི་བཤོལ་གྱི་ལེ་ལོ་དང་གློ་བུར་བའི་དོན་རྐྱེན་བྱུང་ནས་བསྟན་བཅོས་འཕྲོ་ཅན་དུ་ལུས་ཉེན་ཆེ། དེ་བས་བསྟན་བཅོས་རྩོམ་པའི་ཐོག་མ་ནས་དེ་ཉིད་འགྲུབ་པར་དམ་བཅས་པ་ཡིན་ལ། དམ་བཅས་ཚེ་མ་ཤི་བར་དུ་རྡོ་ལ་རི་མོ་བྲིས་པ་བཞིན་འགྱུར་བ་མེད་དེ།  སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤེས་རབ་སྡོང་པོ་ལས།  དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །  གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། ། རྡོ་ལ་རི་མོ་བྲིས་པ་ལྟར་དུ་ནི། ། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །  ཞེས་གསུངས།ཡང་གཞུང་རྩོམ་པ་ལ་སྤྲོ་བ་མ་སྐྱེས་ན་རྩོམ་པར་ཁས་ལེན་པར་མི་འགྱུར་བས་སྤྲོ་བ་སྐྱེས་པ་ནི་རྩོམ་པར་དམ་བཅའ་བའི་རྒྱུར་འགྱུར་ཞིང་།  དེ་གཉིས་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན།  བསྟན་བཅོས་རྩོམ་པར་དམ་བཅའ་བས་དེའི་དོན་ལ་རང་ཉིད་མཁས་པར་གཞན་གྱིས་རྟོགས་ནུས་ཏེ། དོན་དེ་ལ་རང་ཉིད་མི་མཁས་ན་ཁས་ལེན་ག་ལ་ནུས།  རྩོམ་པར་ཁས་བླངས་པ་ནི་རང་ཉིད་ལ་དེ་རྩོམ་པའི་གདེང་ཚོད་དང་བློ་སྤོབས་ཡོད་པ་ཁས་བླངས་པ་ཡིན།  ཡིན་ཡང་དོན་དེ་ལ་མཁས་མིན་ནི་དེས་བརྩམས་པའི་བསྟན་བཅོས་ལ་དཔྱད་པ་ལེགས་པར་བཏང་རྗེས་གཞི་ནས་ཁ་ཚོན་གཅོད་འོས་ཀྱི་དམ་བཅས་པ་ཙམ་གྱིས་དེ་ལ་མཁས་པར་ཁ་ཚོན་གཅོད་ག་ལ་ནུས།  དེ་བས་གཞུང་འཆད་པ་སྤྲོ་བ་སྟོན་པ་དང་འཆད་བའི་གཞུང་དེ་ལ་རང་ཉིད་མཁས་པ་གཞན་གྱིས་རྟོགས་པ་གཉིས་ནི་རྩོམ་པར་དམ་བཅའ་བའི་དགོས་པ་ ཕལ་བ་ཡིན་ནོ། ། གཉིས་པ་རྩོམ་པར་དམ་བཅའ་བའི་བསྡུས་དོན་ལ་ལས་བྱ་བ་བྱེད་པ་པོ་གསུམ་སྟེ།  གང་བཤད་ན་བསྟན་བཅོས།  གང་གིས་འཆད་ན་རྩོམ་པ་པོས། ཇི་ལྟར་འཆད་ན་རྒྱས་འབྲིང་བསྡུས་པ་གང་རུང་གི་སྒོ་ནས་འཆད་པ་ལྟ་བུ་དང་།  ཚིག་གི་དོན་ནི་གང་འཆད་རྒྱུའི་གཞུང་དུ་ཤེས་པར་བྱའོ། །   
          ཡང་གཞུང་འགའ་ཤས་སུ་ཁེངས་སྐྱུང་དང་བཅས་དམ་བཅས་ཡོད་ལ་དེའི་དགོས་པ་ལ་ས་པཎ་མཁས་འཇུག་ལས།  ནུས་པ་མེད་ཀྱང་འབད་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག ། བསྟན་བཅོས་དང་ནི་སྟོན་བྱེད་ལ། ། གཉིས་ཀ་དམ་པར་བསྟན་ཕྱིར་ཡིན། །  ཞེས་གསུངས་པ་བཞིན་བསྟན་བཅོས་རྩོམ་པ་པོ་མངོན་པའི་ང་རྒྱལ་མེད་པས་དམ་པར་མཚོན་ནུས་པ་དང་།  དེ་ལྟར་མི་ནུས་བཞིན་དུ་འབད་པ་ནི་དོན་ཆེན་པོ་དང་ལྡན་པ་ཞིག་གོ་སྙམ་ནས་བསྟན་བཅོས་ཁྱད་པར་ཅན་དུ་སྟོན་པ་སྟེ། སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །  སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །  དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། ། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །  ཞེས་ཁེངས་སྐྱུང་དང་བཅས་དམ་བཅས་པ་ལྟ་བུས་མཚོན་ནོ། །  
          རྩོམ་པར་དམ་བཅའ་བའི་ཡན་ལག་འདི་ནི་བསྟན་བཅོས་མང་པོ་ཞིག་ཏུ་བཀོད་ཡོད་པ་དང་།  དེ་ཡང་ཚུལ་ཇི་ལྟར་དམ་བཅའ་བ་ལ་སྐབས་བབ་ཀྱི་དམིགས་བྱ་དང་དགོས་དབང་ལྟར་རང་མོས་སུ་འགོད་ཆོག་སྟེ།  གང་རྩོམ་པ་དེའི་བརྗོད་བྱའམ་བཤད་པར་བྱ་བའི་ཆོས་ངེས་བཟུང་བའི་སྒོ་ནས་དམ་བཅའ་བ་དང་།  བསྟན་བཅོས་གང་ཉིད་རྩོམ་པའི་རྒྱུ་རྐྱེན་དང་ཡང་ན་རྒྱུ་གང་ལ་བརྟེན་ནས་རྩོམ་པའི་འདུན་པ་སྐྱེས་པ་སྨྲས་པའི་སྒོ་ནས་དམ་བཅའ་བ། གང་གི་རྗེས་སུ་འབྲངས་ནས་རྩོམ་རྒྱུ་ཡིན་པ་དང་།  དེའི་དགག་ཡུལ་ཅི་ཞིག་ཡིན་པ།   གཞུང་གི་ཁ་གསལ་མིན་དང་རྒྱས་བསྡུས་ཇི་ལྟ་བུའི་སྒོ་ནས་རྩོམ་པ་སོགས་བསྟན་པའི་སྒོ་ནས་དམ་བཅའ་བ།  ཡང་སྐབས་ལ་ལར་སྤེལ་མའི་སྒོ་ནས་དམ་བཅའ་བ་སོགས་མདོར་ན་རྩོམ་པར་དམ་བཅའ་བའི་བསྡུས་དོན་ལས་བྱ་བ་བྱེད་པ་པོ་སོགས་ཅི་རིགས་པར་སྤེལ་མའི་སྒོ་ནས་རྩོམ་པར་དམ་བཅས་ཡོད།   
          དེ་ལྟར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོ་ཡན་ལག་ལ་ལྔ་རུ་བསྡུས་ནས་ཅུང་ཙམ་སྤྲོས་ཟིན་ཡང་། དེར་མ་འདུས་པ་ད་དུང་བསྟན་བཅོས་ཀྱི་དགོས་པ་དང་བློ་ལྡན་ཉན་སྐུལ་གཉིས་ཀྱང་སྐབས་མང་པོ་ཞིག་ཏུ་འབྱུང་།  དེ་ལས་དགོས་པ་ནི་བརྩམས་ཆོས་ཀྱི་དགོས་སོགས་ཆོས་བཞི་བསྟན་པ་སྟེ་བརྩམ་པར་བྱ་བའི་བསྟན་བཅོས་སྐྱོན་མེད་འཁྲུལ་བྲལ་གྱི་དམ་པ་ཉིད་དུ་བསྟན་ཕྱིར། རྩོམ་པ་པོ་རྣམས་ཀྱིས་ཐོག་མ་ནས་བསྟན་བཅོས་ལ་འཇུག་པའི་དགོས་པ་གང་མཆིས་ཉན་བཤད་བྱེད་པ་དག་ལ་བརྗོད་པར་བྱ་བ་ཡིན་ཏེ།  རྟོགས་ལྡན་རྣམས་ཀྱིས་བསྟན་བཅོས་ཀྱི་ཀླད་དུ་དགོས་འབྲེལ་གྱི་ངག་བཀོད་པ་མཐོང་ན་རྒྱུད་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ནས་ཚིག་དོན་གྱི་གནས་ལ་དཔྱོད་པས་འཇུག་པ་ས་པཎ་མཁས་འཇུག་ལས།  བསྟན་བཅོས་དམ་པར་བསྟན་པའི་ཕྱིར། ། སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པས་དེ་མཐོང་ན། ། དཔྱོད་པ་ལ་ཡང་ཅིས་མི་འཇུག ། ཅེས་གསུངས། བློ་ལྡན་ཉན་སྐུལ་ནི་སྐལ་ལྡན་གྱི་གདུལ་བྱ་རྣམས་བསྟན་བཅོས་དེར་འཆད་ཉན་འཇུག་པའི་འཕྲིན་ལས་རྒྱས་ཕྱིར་མྱུར་བ་མྱུར་དུ་གསན་པར་སྐུལ་བ་ཡིན་ལ།  ཨ་ལག་ཤ་ངག་དབང་བསྟན་དར་གྱིས།  སྣོད་རུང་མཉན་པར་སྐུལ་བའི་སྲོལ་ཀྱང་ཡོད་ལ་དེའི་དགོངས་པ་ནི་རྩོམ་པ་པོ་བརྩེ་བས་འདོམས་པ་དང་།  བསྟན་བཅོས་ཀྱི་དགོས་དོན་མཐོང་བའི་ཆེད་དུའོ། །  ཞེས་པ་བཞིན་དཔེར་ན་རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས།  གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། ། ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང་། ། དལ་བའི་རྟེན་བཟང་དོན་བཟང་བྱེད་འདོད་པའི། །  སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །  ལྟ་བུ་བསྟན་བཅོས་རེ་འགར་བློ་ལྡན་ཉན་སྐུལ་མཛད་ཡོད་པ་མ་གཏོགས།  སྤྱིར་བཏང་དུ་བསྟན་བཅོས་ཀྱི་དགོས་པ་དང་བློ་ལྡན་ཉན་སྐུལ་གཉིས་རྩོམ་པར་དམ་བཅའ་བ་དང་མཉམ་དུ་འབྱུང་བ་ལ་ཆེད་དུ་བཀོད་མེད་པ་དང་།  རྩོམ་པར་དམ་བཅའ་བ་ལ་བོད་མཁས་ལྟར་ན་ཉན་པར་སྐུལ་བའི་དགོས་པ་ལྡན་པས།  རྩ་བའི་ས་བཅད་ལྟར་ན་དེ་གཉིས་རྩོམ་པར་དམ་བཅའ་བའི་ཁོངས་སུ་འདུས་པ་ཡིན།  
          ཡང་བསྟན་བཅོས་ཡིན་ཚད་ལ་ཡན་ལག་དེ་ལྔ་པོ་ཚང་དགོས་པའི་ངེས་པ་མེད་ལ།  དེ་ལྔ་ལས་གང་རུང་ཚང་དགོས་པས་ཀྱང་མ་ཁྱབ།  དཔེར་ན་སྙིང་པོ་ཡི་གེ་དྲུག་མ་ལྟ་བུ་ཡིག་འབྲུ་དྲུག་ཅན་གྱི་བསྟན་བཅོས་ཀྱང་ཡོད་ལ། དམིགས་བརྩེ་མ་ལྟ་བུ་ཤོ་ལོ་ཀ་གཅིག་ཅན་གྱི་བསྟན་བཅོས་ཀྱང་ཡོད།  གཞན་ཡང་འདི་དག་དང་རིགས་མཚུངས་ཀྱི་བསྟན་བཅོས་ཤིན་ཏུ་ཐུང་ངུ་མང་དུ་ཡོད།  འདི་ལྟ་བུར་མཚོན་ན་བསྟན་བཅོས་ལ་འཇུག་པའི་སྒོ་ཡན་ལག་མཛད་མེད་ཅིང་མཛད་རིན་ཡང་མ་མཆིས།  གཞན་དུ་ན་དེ་དག་མ་མཛད་ཚེ་བློ་ལ་འཛིན་སླ་བ་དང་ངག་ནས་སྦྱོར་བདེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་འདུག་གོ །  
          ནང་པའི་བསྟན་བཅོས་བྱུང་ནས་ད་ལྟའི་བར་དུ་ལོ་ངོ་ཤིན་ཏུ་རིང་པོ་ཞིག་འདས་ལ།  དེའི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ལྷག་པར་དུ་རྩོམ་པ་ལ་འཇུག་པའི་སྒོ་ཡན་ལག་གི་བཀོད་སྟངས་དང་རྩོམ་ཚུལ་སོགས་ལ་གཞུང་ལུགས་སྟེང་གཏན་འཁེལ་བྱས་མེད་པ་དང་།    རྩོམ་པ་པོ་རང་རང་གི་འདོད་མོས་དང་བརྩམས་ཆོས་ཀྱི་དགོས་དབང་ལྟར་བཀོད་པ་ཡིན་པས་གཏན་ཆགས་རང་བཞིན་གྱི་ངེས་སྲོལ་མེད་པ་གསལ།  མདོར་ན།  ནང་པའི་བསྟན་བཅོས་ཀྱི་རྩོམ་པ་ལ་འཇུག་པའི་སྒོ་ཡན་ལག་དང་བཅས་པའི་ཕྱི་རྣམ་པའི་བཀོད་སྟངས་ཐད་ཀྱི་ཁྱད་ཆོས་འདི་ནི་རྒྱལ་བའི་བཀའ་ལ་ཁུངས་དང་དཔེར་བཅོལ་ནས་གྲུབ་པའི་རྒྱ་གར་མཁས་པའི་ཕྱག་སྲོལ་ཞིག་ཡིན་ལ།  ནང་པའི་བསྟན་བཅོས་ཀྱི་མཚན་ཉིད་དང་བྱེད་ལས་སོགས་ཀྱི་དགོས་མཁོ་དང་མཐུན་པའི་རྩོམ་པའི་སྒྲིག་སྲོལ་ཞིག་ཀྱང་ཡིན།བསྟན་བཅོས་དེ་དག་བོད་དུ་འགྱུར་བ་དང་བསྟུན་ནས་དེ་ལྟ་བུའི་ཕྱག་ལེན་དེར་བོད་ཀྱི་མཁས་པ་དག་གིས་ཀྱང་དཔེར་མཛད་ནས་རང་རྩོམ་ལ་ཞུགས་པས།“རང་རེའི་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ་དང་། རྩོམ་པའི་སྒྲིག་སྟངས། ཆས་དང་ཆོ་ག་སོགས་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་བའི་ཤན་གྱིས་ཁྱབ”ཅེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན་ནང་པའི་བསྟན་བཅོས་སྤྱིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་དོ། །