ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་རིག་གནས་ཀྱི་དབྱེ་བསྡུ་དང་རྩ་བའི་ཁྱད་ཆོས་མདོ་ཙམ་བརྗོད་པ།

སྤེལ་དུས 2018-12-04 ཡོང་ཁུངས། གཟུངས་འབུམ་ཐར། རྩོམ་པ་པོ། གཟུངས་འབུམ་ཐར།
          དང་པོ།  བོད་ཀྱི་རིག་གནས་ཀྱི་དབྱེ་བསྡུ།   
          གཅིག བོད་ཀྱི་རིག་གནས་ཀྱི་གོ་དོན།  
          བོད་ཡིག་སྟེང་གི་རིག་གནས་ཀྱི་གོ་དོན་གང་ཡིན་ཞེ་ན། དེ་སྒྲ་བཤད་བྱས་ན་རིག་པའམ་ཤེས་བྱའི་གནས་ལ་བྱ་སྟེ།  ཤེས་ཡོན་ནམ་ཤེས་རིག་ཡོད་དོ་ཅོག་ལ་གོ་དགོས་པར་སྣང་སྟེ།  སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་གྱིས《བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ》ལས་གྲི་གུམ་བཙན་པོའི་རིང་ལ་ཁྲབ་སྤྱོད་པ་བྱུང་བ་དང་།  སྤུ་དེ་གུང་རྒྱལ་གྱི་རིང་ལ་ཞིང་ལས།  གཏེར་ཁ་བཞུ་ལེན་སོགས་བཟོ་ལས་དང་ཆུ་ལ་ཟམ་པ་འཛུགས་པ་སོགས་འགྲིམ་འགྲུལ་སོགས་ཡར་རྒྱས་ཆེ་ཙམ་བྱུང་བ་གསུངས་མཐར“ཡང་འདིའི་དུས་བོན་སྒྲུང་ལྡེའུ་གསུམ་བྱུང་བ་རིག་གནས་ཀྱི་གྲངས་སུ་བརྩི”ཞེས་པས་རྟོགས་ཐུབ་བོ། །ཅིའི་ཕྱིར་ཞེ་ན། དེར་རིག་གནས་ཀྱི་ཁོངས་སུ་ཞིང་ལས་དང་བཟོ་ལས་སོགས་ཐོན་ལས་དང་།  བོན་ཏེ་གདོད་མའི་ཆོས་ལུགས་དང་སྒྲུང་དང་ལྡེའུ་སོགས་དམངས་སྲོལ་རིག་གནས་དྲངས་པ་མ་ཟད།  སྒྲ་ཚད་བཟོ་གསོ་རིག་གནས་ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་།  མངོན་བརྗོད་དང་སྡེབ་སྦྱོར། སྐར་རྩིས་དང་སྙན་ངག    ཟློས་གར་ཏེ་རིག་གནས་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་གནས་ཀྱང་བགྲངས་ཡོད་པས་སོ། །  
          ཡང་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་ཞེས་པའི་སྐབས་ཀྱི་རིག་གནས་དང་བཅུ་ཕྲག་རིག་གནས་ཞེས་པའི་སྐབས་ཀྱི་རིག་གནས་ཀྱི་གོ་དོན་གང་ཞེ་ན།  དེ་ནི་རིག་གཞུང་ངམ་རིག་ཚན་ལ་གོ་དགོས་སམ་སྙམ།  སློབ་དཔོན་དམུ་དགེ་བསམ་གཏན་མཆོག་གིས་《སྤྱི་ནོར་ཕུན་ཚོགས》ལས། སྒྲུང་ལྡེའུ་བོན་གསུམ་གྱི་གོ་དོན་དང་མཚན་གཞི་གསུངས་པའི་རྗེས་སུ“གོང་གི་འདི་དག་ཀྱང་རིག་གནས་ཀྱི་གྲངས་སུ་འགྲོ་མོད། འོན་ཀྱང་ཡོངས་སུ་གྲགས་པའི་རིག་གནས་བཅུའི་གྲངས་སུ་མི་འདྲེན་ནོ། ། གཞན་ཡང་། མདའ་འཕོང་འགྲན་པ་དང་རྟ་སོགས་བཞོན་རྒྱུག     གླུ་དང་གར་བྲོ་སོགས་ཡོད་དེ། སྲོང་བཙན་སྒམ་པོ་གཞོན་དུས་ཡི་གེ་མེད་མོད།   མདའ་འཕོང་གི་རྩལ།  མཆོང་རྒྱུག་གི་རྩལ། གླུ་དང་གར་གྱི་རྩལ། རོལ་མོ་འབུད་དཀྲོལ་གྱི་རྩལ་སོགས་རིག་རྩལ་ཆེ་བར་བཤད།  འོན་ཀྱང་དེ་དག་ཀྱང་བཅུ་ཕྲག་རིག་པའི་གནས་ཀྱི་གྲངས་སུ་མི་འདྲེན་ནོ།  །”ཞེས་གསུངས་པས་སྒྲུང་ལྡེའུ་བོན་གསུམ་སོགས་ནི་བཅུ་ཕྲག་རིག་པའི་གནས་ལ་མ་གཏོགས་པའི་རིག་གནས་ཡིན་པར་བསྟན་ལ། བཅུ་ཕྲག་རིག་གནས་ནི་རིག་གཞུང་གི་རིག་གནས་ཡིན་པ་ཤུགས་ལ་བསྟན་ཡོད་སྙམ།  བཅུ་ཕྲག་རིག་གནས་ནི་རིག་གཞུང་ཡིན་པ་ནི་ངག་རྒྱུན་དུ་གཞུང་ཆེན་པོ་པོ་ཏི་ལྔ་དང་སྒྲ་གཞུང་དང་ཚད་མའི་གཞུང་ཞེས་བཤད་པ་ཙམ་གྱིས་ཀྱང་ཤེས་ནུས་སོ། །   
          དེས་ན།  བོད་ཀྱི་སྐད་ཡིག་སྟེང་གི་རིག་གནས་ལ་སྒྲ་ཡངས་དོག་གི་འཇུག་ཚུལ་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་སྐབས་སུ་ཤེས་ཡོན་ནམ་ཤེས་རིག་ལ་འཇུག་པ་དང་།  སྒྲ་དོག་འཇུག་གི་སྐབས་སུ་རིག་གཞུང་ངམ་རིག་ཚན་ལ་འཇུག་གོ །
          གཉིས། བོད་ཀྱི་རིག་གནས་ཀྱི་དབྱེ་བསྡུ།
          1.བོད་ཀྱི་སྲོལ་རྒྱུན་ཀྱི་རིག་གནས་དབྱེ་ཚུལ། 
          བོད་ཀྱི་རིག་གནས་དབྱེ་ཚུལ་མང་པོ་ཡོད་དེ། ཉིས་ཚན་དུ་དབྱེ་བ་དང་སུམ་ཚན་དུ་དབྱེ་བ། ལྔ་ཚན་དུ་དབྱེ་བ་དང་བཅུ་རུ་དབྱེ་བ་བཅས་སོ། །  ཉིས་ཚན་དུ་དབྱེ་བ་ལ་ཐུན་མོང་གི་རིག་གནས་དང་ཐུན་མོང་མ་ཡིན་པའི་རིག་གནས་སུ་དབྱེ་བ་དང་།  རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཆེ་ཆུང་གཉིས་སུ་དབྱེ་བ་བཅས་ཡོད།   ནང་དོན་རིག་པ་ནི་ཐུན་མོང་མ་ཡིན་པའི་རིག་གནས་དང་།  དེ་ལས་གཞན་པ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་སྐར་རྩིས་སོགས་ནི་ཐུན་མོང་གི་རིག་གནས་ཡིན།   སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་ནི་རིག་གནས་ཆེ་བ་དང་།  སྙན་ངག་མངོན་བརྗོད་ཟློས་གར་སྐར་རྩིས་བཅས་ནི་རིག་གནས་ཆུང་བ་ཡིན།  སུམ་ཚན་དུ་དབྱེ་ཚུལ་ནི་ཚར་གཅོད་པའི་རིག་གནས་དང་རྗེས་སུ་འཛིན་པའི་རིག་གནས་དང་ཀུན་ཤེས་པའི་རིག་གནས་བཅས་ཡིན་ཞིང་། དེའང་སྒྲ་རིག་པ་དང་ཚད་མ་རིག་པ་ནི་ཚིག་དང་དོན་འཁྲུལ་བ་ཚར་གཅོད་པར་བྱེད་ཅིང་།    ནང་དོན་རིག་པ་ནི་ཆོས་ཀུན་ཤེས་པར་བྱེད་པ་དང་།  གསོ་བ་རིག་པ་དང་བཟོ་རིག་པ་ནི་རྗེས་སུ་འཛིན་པའི་རིག་གནས་སོ། །  ལྔ་ཚན་དུ་དབྱེ་ཚུལ་ནི་སྒྲ་རིག་པ་དང་ཚད་མ་རིག་པ་དང་བཟོ་རིག་པ་དང་ནང་དོན་རིག་པ་དང་གསོ་བ་རིག་པ་བཅས་སོ། །  དེའང་སྒྲ་རིག་པའི་ཁོངས་སུ་སྙན་ངག་མངོན་བརྗོད། སྡེབ་སྦྱོར།    ཟློས་གར་བཅས་འདུས་པ་དང་།  གསོ་བ་རིག་པའི་ཁོངས་སུ་སྐར་རྩིས་བཅས་བསྡུས་ཏེ་ཡན་ལག་གི་རིག་གནས་སུ་བགྲངས།  བཅུ་རུ་དབྱེ་བ།  སྒྲ་རིག་པ།  ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ། སྙན་ངག མངོན་བརྗོད། ཟློས་གར།  སྡེབ་སྦྱོར། སྐར་རྩིས་བཅས་བཅུའོ། །   
          2.རང་ལུགས་ཀྱི་རིག་གནས་དབྱེ་ཚུལ། 
          གོང་སྨོས་རིག་གནས་དབྱེ་ཚུལ་སྣ་ཚོགས་གཞིར་བཟུང་སྟེ།  དམངས་སྲོལ་གྱི་རིག་གནས་དང་རིག་གཞུང་ངམ་རིག་ཚན་གྱི་རིག་གནས་དང་བསྟན་བཅོས་ཀྱི་རིག་གནས་དང་ཆོས་ལུགས་གྲུབ་མཐའི་རིག་གནས་བཅས་བཞི་རུ་དབྱེ་དགོས་པར་འདོད་དེ། དེ་ལྟར་དབྱེ་ཚེ་བོད་ཀྱི་རྒྱུན་སྲོལ་རིག་གནས་ཀྱི་གནད་མཐའ་དག་འདུ་ཐུབ་སྙམ། 
          དེའི་རྒྱུ་མཚན་གང་ཞེ་ན།  བོད་ཀྱི་རིག་གནས་གྲུབ་ཚུལ་གྱི་སྟེང་ནས་བཤད་ན།  དམངས་ཁྲོད་རིག་གནས་དང་རིག་གཞུང་རིག་གནས།  བསྟན་བཅོས་རིག་གནས་དང་ཆོས་ལུགས་གྲུབ་མཐའི་རིག་གནས་བཅས་ཡོད་ལ། དེ་དག་གི་གནད་འདུས་ན་རིག་གནས་ཆ་ཚང་བ་དང་མ་འདུས་ན་ཆད་པའི་སྐྱོན་སྣང་སྟེ།   མཁས་པའི་རིག་གནས་དང་མང་ཚོགས་ཀྱི་རིག་གནས་ཀྱི་ཆ་མ་ཚང་བའི་ཕྱིར་རོ། །  
          དམངས་སྲོལ་གྱི་རིག་གནས་སུ་མང་ཚོགས་ཀྱི་ཟས་གོས་འགྲོ་འདུག་དང་གཉེན་སྒྲིག  གུས་ལུགས་སོགས་འཚོ་བ་སྐྱེལ་ལུགས།  རོལ་དབྱངས་དང་ཟློས་གར།   ཞབས་བྲོ། གླུ་དང་ལ་གཞས། གཏམ་དཔེ། གཏམ་རྒྱུད་སོགས་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་ཞིང་ལས་དང་ཕྱུགས་ལས།  ཚོང་ལས་སོགས་ཐོན་སྐྱེད་བྱེད་སྟངས་བཅས་ཀྱི་གནད་མཐའ་དག་འདུ་ཞིང་།   དམངས་སྲོལ་གྱི་རིག་གནས་ནི་མང་ཚོགས་ཀྱི་རིག་གནས་ཡིན།  
          རིག་ཚན་ནམ་རིག་གཞུང་གི་རིག་གནས་སུ་མ་ལག་ཅན་དང་ཚད་ལྡན་ཅན་དང་གཞུང་ལུགས་ཅན་དུ་སོང་བའི་རིགས་པའི་གཞུང་ལུགས་ཀྱི་རིག་གནས་མཐའ་དག་འདུས་ཏེ། གསལ་པོར་བཤད་ན། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་གནས་དང་ལོ་རྒྱུས་རིག་པ་དང་། ས་དཔྱད་རིག་པ། དཀར་ཆག་རིག་པ།  སློབ་གསོའི་རིག་པ་སོགས་གཞུང་རང་རྐང་ཅན་མཐའ་དག་གོ །  བསྟན་བཅོས་ཀྱི་རིག་གནས་ནི་བརྩམས་ཆོས་ཀྱིས་བསྡུས་པའི་རིག་གནས་མཐའ་དག་གོ   དེའང་བཀའ་འགྱུར་དང་བསྟན་འགྱུར།    རྙིང་མ་རྒྱུད་འབུམ་དང་གསུང་འབུམ།  ཐོར་བུ་དང་ཕྱོགས་སྒྲིག་གི་གསུང་རྩོམ་རྣམས་ཡིན།   
ཆོས་ལུགས་གྲུབ་མཐའི་རིག་གནས་ནི་གཡུང་དྲུང་བོན་བསྟན་དང་སངས་རྒྱས་བསྟན་པའི་ཆོས་ལུགས་གཉིས་དང་།  བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་དབྱེ་བ་སྟེ། རྙིང་མ་པ་དང་བཀའ་གདམས་པ།   ས་སྐྱ་བ་དང་བཀའ་བརྒྱུད་པ། ཇོ་ནང་བ་དང་ཞི་བྱེད་པ།    དགེ་ལུགས་པ་བཅས་པའི་རིག་གནས་ཀྱི་གནད་འདུ།    གྲུབ་མཐའ་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།
          རིག་གཞུང་གི་རིག་གནས་དང་བསྟན་བཅོས་ཀྱི་རིག་གནས་ནི་མཁས་པའི་རིག་གནས་ཡིན་ཞིང་། ཆོས་ལུགས་གྲུབ་མཐའི་རིག་གནས་ནི་མང་ཚོགས་དང་མཁས་པ་གཉིས་ཀའི་རིག་གནས་ཏེ། མང་ཚོགས་ལ་ཆོས་ལུགས་དང་མཁས་པར་གྲུབ་མཐའ་ཡོད་པས་སོ། །བསྟན་བཅོས་ཀྱི་རིག་གནས་དང་རིག་གཞུང་གི་རིག་གནས་ལ་ཁྱད་པར་དང་འབྲེལ་བ་ཡོད་དེ།  བསྟན་བཅོས་ཀྱི་རིག་གནས་ཡིན་ན་རིག་གཞུང་ཡིན་པས་མ་ཁྱབ་སྟེ། དཔེར་ན། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《བྱ་སྤྲེལ་གཏམ་རྒྱུད》ལྟ་བུའོ། །  
          གཉིས་པ། བོད་ཀྱི་རིག་གནས་ཀྱི་རྩ་བའི་ཁྱད་ཆོས།
          གཅིག བོད་ཀྱི་རིག་གཞུང་གི་རིག་གནས་ནི་ནང་དོན་རིག་པའི་སྣེ་ཁྲིད་མཁན་ཡིན།  
          ལོ་རྒྱུས་ཐོག་ནས་བལྟས་ན།  ད་སྐབས་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཡི་གེ་དེ་བཟོས་མ་ཐག་ཡིག་ཕུད་སྙན་ངག་དང་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བ་སོགས་ལས་གསལ་པོར་བསྟན་པ་ནི་ནང་དོན་རིག་པ་ལ་གཙོ་ཁྲིད་ཀྱི་ནུས་པ་ཐོན་འདུག་པ་སྟེ།   སྐབས་དེ་ནས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་བར་དུ་བྱོན་པའི་བོད་ཀྱི་མཁས་པ་ཞིག་ཡིན་ན།  ནང་དོན་རིག་པ་ནི་སྦྱང་བྱའི་གཙོ་བོ་མ་བྱས་པ་མི་སྣང་།  
          རིག་ཚན་གྱི་དབྱེ་བའི་སྟེང་ནས་བཤད་ན།  རིག་གནས་ཆེ་བ་ལྔ་དང་།  རིག་གནས་ཆུང་བ་ལྔ།  ས་དཔྱད་དང་ལོ་རྒྱུས་རིག་པ། དཀར་ཆག་རིག་པ། སློབ་གསོ་རིག་པ་བཅས་རིག་གཞུང་གི་རིག་གནས་མཐའ་དག་ལ་ནང་དོན་རིག་པའི་སྣེ་ཁྲིད་ནུས་པ་མ་ཐོན་པ་མི་སྣང་། ལེགས་སྦྱར་སྒྲ་རིག་པ་ནི་ནང་དོན་རིག་པ་བོད་དུ་འདྲེན་ཕྱིར་སྤེལ་བས་ཤེས་སླ་ཞིང་། བོད་ཀྱི་སུམ་རྟགས་ལ་ནང་དོན་རིག་པའི་བསམ་བློས་ཁྱབ་སྟེ་སྣང་།དཔེ་སླ་མོ་ཞིག་བཞག་ན།  སུམ་ཅུ་པའི་རྩ་བ་ལས།  སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། ། བླ་མ་ལ་ཡང་ཕྱག་འཚལ་ནས། ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་ལྟར་ནང་དོན་རིག་པར་འབྲེལ་བ་དམ་པོ་ཡོད་པ་དང་། རྟགས་འཇུག་གི་རྩ་བ་ལས། དེ་ལྟར་གྱུར་ན་འཇིག་རྟེན་ན། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། ། བསླབ་པ་རྣམས་ཀྱང་མེད་པར་འགྱུར་ཞེས་པ་ལྟར་ནང་དོན་རིག་པའི་བསམ་བློས་ཁྱབ་ཡོད་པ་རྟོགས་སླ།  
          བོད་ཀྱི་ཚད་མ་རིག་པའི་ཁུངས་ནི་ཚད་མ་ཀུན་བཏུས་དང་ཚད་མ་སྡེ་བདུན་ཡིན་ལ།  དེ་ནི་ནང་དོན་རིག་པ་ཡིན་པ་རླུང་ལྟར་གྲགས་ཞིང་།  བོད་ལ་རང་གི་ཚད་མ་རིག་པའི་མ་ལག་ཆགས་ཡོད་པ་སྟེ། བསྡུས་གྲྭ་དང་བློ་རིག  རྟགས་རིགས་གསུམ་གྱི་རིག་ཚན་བྱུང་བ་དེས་ནང་དོན་རིག་པའི་གཏན་ཚིགས་བསྟན་པ་ཡོད།    ཡིན་ནའང་གཏན་ཚིགས་རིག་པ་ཡིན་ན་ནང་དོན་རིག་པ་ཡིན་པས་མ་ཁྱབ།   བཟོ་རིག་པ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཟོ་ཚུལ་ལས་བརྩམས་ཏེ་གཞུང་ལུགས་རྒྱ་ཆེར་བསྟན་པས་ནང་དོན་རིག་པ་དང་འབྲེལ་ཞིང་དེ་ཡིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པར་སྣང་།  
          གསོ་བ་རིག་པའི་སྟེང་ནས་བཤད་ན།   ནད་ཐམས་ཅད་ཀྱི་རྒྱུ་མ་རིག་པ་དང་། དེ་ལས་འདོད་སྡང་ཁྲོ་གསུམ་དང་།  དེ་ལས་རླུང་མཁྲིས་བད་ཀན་གྱི་ནད་བྱུང་བ་སྟེ།  དེ་ལས་ནད་རིགས་ཡོད་དོ་ཅོག་བྱུང་བར་བསྟན་ཡོད།  ཡང་ནད་ལ་སེམས་ནད་དང་ལུས་ནད་གཉིས་སུ་དབྱེ་བ་དང་། རྣམ་ཤེས་གྱི་ལྟ་བ་དང་ལས་འབྲེལ་གྱི་ལྟ་བ། རྩ་རླུང་ཐིག་ལེའི་རྣམ་གཞག་སྟེ། རྩ་བའི་རླུང་ལྔ། ཐིག་ལེ་དཀར་དམར་བཅས་ལ་ནང་དོན་རིག་པའི་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་རེད།  
          སྙན་ངག་གི་དཔེར་བརྗོད། མངོན་བརྗོད་ཀྱི་མིང་གི་རྣམ་གྲངས། སྡེབ་སྦྱོར་གྱི་མཆོད་བརྗོད་སོགས་དང་།   སྐར་རྩིས་ལས་བོད་རྩིས་དང་ཟློས་གར་གྱི་འཁྲབ་གཞུང་།    ས་དཔྱད་རིག་པའི་ཐབས་ཤེས་ཀྱི་རིགས་ལམ་དང་། ལོ་རྒྱུས་རིག་པའི་ལྟ་བ།  དཀར་ཆག་རིག་པའི་ནང་དོན་དང་སྡེ་ཚན།  སློབ་གསོ་རིག་པའི་འཆད་ཉན་གྱི་སྲོལ་བཅས་ཚང་མར་ནང་དོན་རིག་པའི་བསམ་བློས་ཁྱབ་འདུག  
          མདོར་ན།  སྔ་རབས་བོད་ཀྱི་བསྟན་བཅོས་ཤིག་ཡིན་ཕྱིན།  ནང་དོན་རིག་པའི་རིགས་ལམ་དང་བསམ་བློས་མ་ཁྱབ་པ་དང་སྣེ་ཁྲིད་མ་བས་པ་མེད་དེ།  ནང་དོན་རིག་པ་ནི་བོད་ཀྱི་རིག་གཞུང་ཀུན་གྱི་རྩ་བའི་རིག་གཞུང་ཡིན་པས་སོ། །ནང་དོན་རིག་པ་ལ་ཀུན་ཤེས་སམ་ཀུན་མཁྱེན་གྱི་རིག་གནས་ཞེས་ཀྱང་གྲགས།  དེས་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤེས་པ་ལ་ནང་དོན་རིག་པ་མེད་དུ་མི་རུང་སྟེ། ནང་དོན་རིག་པ་མེད་ན།  བོད་ཀྱི་སྲོལ་རྒྱུན་རིག་གཞུང་མེད་པས་ཁྱབ་པ་ལྟ་བུ་ཡིན།   
          གཉིས།  དམངས་སྲོལ་གྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ།   
          བོད་ཀྱི་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་དཔལ་འབྱོར། ས་ཁམས་ཁོར་ཡུག་དང་ནང་བསྟན་བཅས་ཀྱི་དབང་གིས། དམངས་སྲོལ་རིག་གནས་ནི་རྣམ་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པོར་གྱུར་ཡོད།  ཟས་གོས་འགྲོ་འདུག་སོགས་འཚོ་བའི་རིག་གནས་དང་། ཞིང་ལས་དང་ཕྱུགས་ལས།  ལག་ཤེས་བཟོ་ལས་དང་ཚོང་ལས་སོགས་འཚོ་རྟེན་ནམ་ཐོན་ལས་རིག་གནས།  ལྷ་མཆོད་འདྲེ་འདུལ་དང་མོ་རྩིས་པྲ་ཕབ་ཀྱི་རིག་གནས།  ཕྱག་དང་བསྐོར་བ་བྱེད་པའི་རིག་གནས། གཏམ་རྒྱུད།  ཁེད། གླུ་དང་ལ་གཞས་སོགས་དམངས་ཁྲོད་རིག་རྩོམ།  བྲོ་གར་དང་རི་མོ། ལྷ་རྩེད། ཀླུ་རྩེད་སོགས་དམངས་ཁྲོད་སྒྱུ་རྩལ། མདའ་འཕེན་དང་འཇུ་རེས་བྱེད་པ། རྟ་རྒྱུག་དང་ཐག་པ་འཐེན་པ་སོགས་རྩལ་འགྲན་རིག་གནས།  འགྱིགས་འདེབས་པའམ་མིག་མང་རྩེ་བ་སོགས་རྩེད་མོའི་རིག་གནས་བཅས་སྣང་།  དམངས་སྲོལ་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་རྩ་བའི་གྲུབ་ཆ་ཞིག་སྟེ། དམངས་སྲོལ་རིག་གནས་མེད་ན། རིག་གནས་ཀྱི་མ་ལག་ཆ་མི་ཚང་བ་དང་རིག་གནས་ཀྱི་རྟེན་གཞི་མེད་པ་ལྟ་བུར་གྱུར། བོད་ཀྱི་དམངས་སྲོལ་རིག་གནས་ལ་ཡུལ་དང་དུས་ཀྱི་ཁྱད་ཆོས་མངོན་གསལ་ཡོད་པ་སྟེ། དཔེར་ན། མདོ་དབུས་ཁམས་གསུམ་གྱི་ཆ་ལུགས་དང་གོམས་སྲོལ་ཕན་ཚུན་མི་མཚུངས་ས་མང་བ་ལྟ་བུའོ། །  
          གསུམ།  བསྟན་བཅོས་ཀྱི་རིག་གནས་ཐུན་མོང་མ་ཡིན་པ།  
          བཀའ་འགྱུར་དང་བསྟན་འགྱུར།  རྙིང་མ་རྒྱུད་འབུམ་དང་གསུང་འབུམ།  ཕྱོགས་སྒྲིག་དང་ཐོར་བུ་བཅས་ནི་བོད་ཀྱི་བསྟན་བཅོས་རིག་གནས་ཀྱི་ཁོངས་སུ་གཏོགས་ཤིང་། བཀའ་འགྱུར་ལ་མཚོན་ན་པོད་བརྒྱ་དང་བརྒྱད་དང་བསྟན་འགྱུར་ལ་པོད་ཉིས་བརྒྱ་ལྷག་བརྒལ་བ་ཡོད།  བོད་ཀྱི་ཡིག་སྐད་སྟེང་དུ་མདོ་སྔགས་ཆ་ཚང་བར་སྣང་བ་མ་ཟད།  རྙིང་མ་རྒྱུད་འབུམ་པོད་ཉི་ཤུ་རྩ་ལྔ་དང་།  གསུང་འབུམ་པོད་སྟོང་ཕྲག་དུ་མ་ཡོད། ཕྱོགས་སྒྲིག་དང་ཐོར་བུའི་སྐོར་ད་སྔ་བསྡོམས་བརྩིས་བྱས་པ་མེད་ཀྱང་མང་དུ་སྣང་།  དེ་དག་ཚང་མར་ཁྲིད་རྒྱུན་དང་ལུང་རྒྱུན་ཟམ་མ་ཆད་པར་ཡོད་པ་དེ་ནི་བོད་ཀྱི་བསྟན་བཅོས་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་ཡིན།  
          བཞི།  གྲུབ་མཐའི་རིག་གནས་དར་རྒྱས་ཆེ་བ།  
          ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་བོད་ལ་ཆོས་ལུགས་གྲགས་ཆེ་བ་གཉིས་ཏེ་བོན་བསྟན་དང་ཐུབ་བསྟན་བྱུང་།  དེ་ནི་སྐྱབས་འགྲོའི་སྒོ་ནས་མི་གཅིག་པའི་ཆོས་ལུགས་གྲུབ་མཐའ་གཉིས་རེད།  བོན་པོའི་ཆོས་ལུགས་ནི་གཉའ་ཁྲི་བཙན་པོའི་གོང་རོལ་ནས་བོད་དུ་དར་ཡང་།  ཕྱིས་སུ་ཐུབ་བསྟན་དང་འཐབ་རྩོད་ཆེན་པོ་ཐེངས་འགའ་བྱས་རྗེས་དར་རྒུད་སྣ་ཚོགས་བརྒྱུད་ད་ལྟའི་བོན་པོའི་ཆོས་ལུགས་སུ་གྱུར།  སངས་རྒྱས་ཆོས་ལུགས་ནི་ལྷ་ཐོ་ཐོ་རི་གཉན་བཙན་རིང་ལ་བསྟན་པའི་དབུ་བརྙེས། སྲོང་བཙན་སྒམ་པོའི་རིང་ལ་སྲོལ་བཏོད།  ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱ་ཆེར་དར་བ་སྟེ།  སད་མི་བདུན་རབ་ཏུ་བྱུང་བ་དང་དགོན་སྡེ་ཐོག་མ་བསམ་ཡས་གཙུག་ལག་ཁང་བྱུང་།  མངའ་བདག་ཁྲི་རལ་བ་ཅན་གྱིས་མུ་མཐུད་དེ་གོང་འཕེལ་བཏང་ཡང་།  དར་མ་འུ་དུམ་བཙན་གྱི་རིང་ལ་བསྟན་པ་བསྣུབས། དེ་ཡན་ལ་བསྟན་པ་སྔ་དར་བྱ་སྟེ། དེ་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་སྨད་ནས་གསོས་ཏེ། སྟོད་མངའ་རིས་ནས་དར་བ་ལ་བསྟན་པ་ཕྱི་དར་བ། བསྟན་པ་ཕྱི་དར་གྱི་དུས་སུ་བོད་ལ་གྲུབ་མཐའ་རྙིང་མ་བ་དང་བཀའ་གདམས་པ།  བཀའ་བརྒྱུད་པ་དང་ཞི་བྱེད་པ། ས་སྐྱ་བ་དང་བུ་ལུགས་པ།  བོ་དོང་ལུགས།  ཇོ་ནང་བ།  དགེ་ལུགས་པ་སོགས་བྱུང་ཞིང་། ད་ལྟ་ཡོད་པའི་གྲུབ་མཐའ་ནི་རྙིང་མ་པ་དང་བཀའ་བརྒྱུད་པ།   ས་སྐྱ་པ་དང་ཇོ་ནང་བ།  དགེ་ལུགས་བཅས་རེད།  ཆོས་རྒྱུན་གྲུབ་མཐའ་གཞན་པ་རྣམས་འདི་དག་ནང་ཐིམ་ནས་རྒྱུན་ནི་མ་ཆད་པར་སྣང་ཡང་། རང་རྐང་དུ་མི་བཞུགས།  
          བོད་ཀྱི་གྲུབ་མཐའ་ལ་རང་གི་སློབ་དཔོན་དང་ཉམས་ལེན་ཆོས་ཀྱི་སྙིང་པོ། དགོན་སྡེ་བཅས་ཡོད་པར་མ་ཟད། འཆད་ཉན་ཡང་དར་རྒྱས་ཆེ་བ་སྟེ། དེ་ཡང་ས་སྐྱ་བའི་སྲོལ་བཏོད་སློབ་དཔོན་ནི་འཁོན་དཀོན་མཆོག་རྒྱལ་པོ་དང་། ཉམས་ལེན་ཆོས་ཀྱི་སྙིང་པོ་ལམ་འབྲས་དང་དགོན་སྡེ་གཙོ་བོ་ས་སྐྱ་དགོན་པ་ཡིན།   བཀའ་བརྒྱུད་པའི་རྩ་བའི་སློབ་དཔོན་ནི་མར་མི་དྭགས་གསུམ་དང་ཉམས་ལེན་ཆོས་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་མོ་ཡིན།  བསྟན་པ་ཕྱི་དར་གྱི་རྙིང་མ་པའི་སློབ་དཔོན་ཟུར་མེས་དབོན་རྣམ་གསུམ་དང་ཉམས་ལེན་ཆོས་ཀྱི་སྙིང་པོ་རྫོགས་པ་ཆེན་པོ་ཡིན།  དགོན་སྡེ་གཙོ་བོ་ཀ་དཔལ་རྫོགས་གསུམ་དང་རྡོར་སྨིན་གཉིས་ཡིན། ཇོ་ནང་བའི་རྩ་བའི་སློབ་དཔོན་དོལ་པ་ཤེས་རབ་རྒྱལ་མཚན་སོགས་དང་། ཉམས་ལེན་ཆོས་ཀྱི་སྙིང་པོ་གཞན་སྟོང་ཆེན་མོ་ཡིན།  དགེ་ལུགས་པའི་སློབ་དཔོན་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་ཡིན་ལ།  ཉམས་ལེན་ཆོས་ཀྱི་སྙིང་པོ་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་དང་།  དགོན་སྡེ་གཙོ་བོ་དབུས་གཙང་དུ་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་ཡིན་ལ།  ཨ་མདོར་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་ཡིན།  
          ལྔ། བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་ནི་རྟེན་འབྱུང་གི་ལྟ་བ་དང་བྱམས་བརྩེ་ཆེན་མོ་ཡིན།  
          བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་ནི་ཐབས་ཤེས་ཏེ་རྟེན་འབྱུང་གི་ལྟ་བ་དང་བྱམས་བརྩེ་ཆེན་པོ་གཉིས་ཡིན།   དེ་དག་ནི་བོད་ཀྱི་རིག་གནས་ཀྱི་རྩ་བའི་ཟུར་གཉིས་སོ།།རྩ་བའི་ཟུར་དང་པོ་སྟེ།  རྟེན་འབྱུང་ལ་སྐབས་ཐོབ་ཀྱི་གོ་བ་ལེན་སྟངས་མང་ཡང་།  དབུ་མ་ཐལ་འགྱུར་པའི་ལུགས་ཀྱི་རྟེན་འབྱུང་སྟེ།  རང་འདོགས་བྱེད་ལ་བལྟོས་ནས་གྲུབ་པའོ། །  དེའང་ཤེས་བྱའམ་ཡོད་པ་མཐའ་དག་རྟེན་འབྱུང་ཡིན་པར་འདོད་པ་སྟེ། རྟེན་འབྱུང་མ་ཡིན་པའི་ཆོས་སམ་ཡོད་པ་མེད་པས་སོ། །  དེ་ལ་དབྱེ་ན་འདུས་མ་བྱས(རྟག་པ)དང་འདུས་བྱས(དངོས་པོ)ཀྱི་རྟེན་འབྱུང་གཉིས་ཡོད་ལ།   དེ་ནི་བོད་ཀྱི་རིག་གནས་ཏེ།   དམངས་སྲོལ་རིག་གནས་དང་རིག་གཞུང(ཚན)རིག་གནས། གྲུབ་མཐའ་རིག་གནས་དང་བསྟན་བཅོས་ཀྱི་རིག་གནས་བཅས་ཀྱི་སྙིང་པོའམ་སྲོག་ཤིང་ཡིན་ཏེ།  བོད་ཀྱི་རིག་གཞུང་གི་རིག་གནས་ལ་རྟེན་འབྲེལ་གྱི་ལྟ་བས་ཟིན་པ་ལས་རྟེན་འབྲེལ་ཁས་མི་ལེན་པ་གཅིག་ཀྱང་མེད་པར་མ་ཟད། སྙིང་པོའང་ཡིན་ཏེ། བསྟན་པའི་སྙིང་པོ་སྟོང་བ་ཉིད་ཅེས་པས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་བ་ཉིད་དུ་བཤད།  །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པ་ལྟར། །རྟེན་འབྱུང་དང་སྟོང་ཉིད་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན།  བསྟན་བཅོས་དང་གྲུབ་མཐའི་སྲོག་ཤིང་ནི་རྟེན་འབྱུང་ཡིན་པ་ཤེས་བྱེད་ནི་ལྟ་བ་ཡིན་པའི་གནད་ཀྱིས་སོ། །དམངས་ཁྲོད་དུ་དོན་ཆེ་ཕྲ་ཆུང་གསུམ་གང་གི་སྐབས་སུ་རྟེན་འབྲེལ་དང་རྒྱུ་འབྲས་ཁས་ལེན་པ་རེད།  
          བོད་ཀྱི་རིག་གནས་སྲོག་ཤིང་གི་རྩ་བའི་ཟུར་གཉིས་པ་བྱམས་བརྩེ་ཆེན་མོ་ནི་བྱམས་པ་དང་བརྩེ་བ་སྟེ་སྙིང་རྗེ་གཉིས་ཀྱི་བསྡུས་མིང་ཡིན།  གཞན་སྡུག་བསྔལ་ལས་བྲལ་འདོད་སྙིང་རྗེ་དང་གཞན་བདེ་བ་ལ་འགོད་འདོད་ནི་བྱམས་པའོ། ། དེ་ཡང་རིག་གཞུང་གི་རིག་གནས་དང་བསྟན་བཅོས་ཀྱི་རིག་གནས། གྲུབ་མཐའི་རིག་གནས་བཅས་ཡོད་ཚད་ནང་སེམས་ཅན་མཐའ་དག་ལ་བྱམས་པ་དང་སྙིང་རྗེ་བྱེད་དགོས་པ་ཤ་སྟག་བསྟན་ཡོད།  དམངས་སྲོལ་རིག་གནས་ནང་དུ་བྱམས་བརྩེ་ཆེན་པོས་གང་ཡོད་དེ། སེམས་ཅན་ཚེ་ཐར་གཏོང་བ་དང་སྦྱིན་པ་གཏོང་བ།  བཟོད་པ་སྒོམ་པ་སོགས་ནི་བོད་མི་ཡོངས་ཀྱི་ལུས་ངག་སྤྱོད་གསུམ་སྟེང་གི་ལས་སྣ་ཚོགས་དགེ་སྡིག་གི་ཤན་འབྱེད་བྱེད་ཀྱི་ཚད་གཞིར་འཛིན་བཞིན་ཡོད་པས་བྱམས་བརྩེ་ནི་བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་ཞིག་ཡིན་པའང་གྲུབ་བོ། །
དཔྱད་གཞིའི་ཡིག་ཆའི་དཀར་ཆག   
①རྟེན་འབྲེལ་བསྟོད་པའི་འགྲེལ་བ་ལེགས་བཤད་ནོར་བུའི་བང་མཛོད》 ལྕང་སྐྱ་རོལ་བའི་རྡོ་རྗེས་བརྩམས།   
②《དུང་དཀར་བློ་བཟང་འཕྲིན་ལས་གྱི་གསུང་རྩོམ་ཕྱོགས་བསྒྲིགས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།   ③《ཐུའུ་བཀྭན་གྲུབ་མཐའ》 ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   
④《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ》པོད་དང་པོ་དང་གསུམ་པ། མཚོ་སྔོན་མི་རིགས་དཔེ་ཁང་ནས་བསྐྲུན།   
⑤《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།   
⑥《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་བ་ཡིད་ཀྱི་དགའ་སྟོན》 ནོར་བྲང་ཨོ་རྒྱན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།