ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་གནས་བབ་ལས་འཕྲོས་ཏེ་དཔྱད་བརྗོད་པའི་དཔུང་སྡེ་སྐྱེད་སྲིང་སྐོར་ཅུང་གླེང་བ།

སྤེལ་དུས 2018-12-07 ཡོང་ཁུངས། གངས་ལྗོངས་རིག་གནས། རྩོམ་པ་པོ། སྐལ་རྒྱམ།
          ནང་དོན་གནད་བཤུས། འདིར་གཙོ་བོ་ད་ལྟའི་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་གནས་བབ་དངོས་དམིགས་སུ་བཟུང་སྟེ། རྩོམ་རིག་དཔྱད་བརྗོད་ཀྱི་གལ་ཆེན་རང་བཞིན་དང་འགན་ནུས། དེས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ལ་ཐོན་པའི་དྲང་ལྡོག་ཕྱོགས་ཀྱི་ནུས་པ། བོད་དུ་ཆེད་ལས་རང་བཞིན་ཀྱི་རྩོམ་རིག་དཔྱད་བརྗོད་པའི་དཔུང་སྡེ་སྐྱེད་སྲིང་བྱ་དགོས་ཚུལ་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་དྲན་ཚུལ་ཙམ་གླེང་ཡོད་དོ།།
          བརྡ་ཆད་གཙོ་བོ། རྩོམ་རིག་དཔྱད་བརྗོད། དཔྱད་བརྗོད་པ། སྐྱེད་སྲིང་།
          སྤྱིར་ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་ནས་བལྟས་ན། འཛམ་གླིང་སྤྱིའི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་རྩོམ་རིག་འཕེལ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པར་ཆེས་ཐོག་མའི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས། འཕེལ་རྒྱས་ནས་འཐུས་ཚང་བཅས་སུ་སོང་བ་སྟེ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་“བོད་མི་རིགས་ཀྱི་རྩོམ་རིག་དེ་ཆེས་གནའ་རབས་ཀྱི་མགུར་ཚིག་སྟབས་བདེ་དམ་དུམ་ཅན་ནས་རིམ་བཞིན་ད་ཡོད་སྙན་ངག་གི་བསྟན་བཅོས་ཆེན་པོའི་བར་འཕེལ་རྒྱས་སུ་གྱུར་བའི་ལོ་རྒྱུས་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་སྲོལ་ཕུལ་དུ་བྱུང་བ་རྣམས་རྒྱུན་འཛིན་བྱས་ཡོད།”ཅེས་གསུངས་པ་ནང་བཞིན། མིག་སྔར་བོད་ཀྱི་རྩོམ་རིག་ཅེས་གནའ་དེང་གི་བརྩམས་ཆོས་མཆོག་དམན་བར་གསུམ་ལུ་གུ་བརྒྱུད་དུ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ལྷག་པར་དུ་བཅིངས་འགྲོལ་རྗེས་ནས་ད་ལྟའི་བར་དུ་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་ཐོད་རྒལ་ཆེན་པོ་ཞིག་བྱུང་བ་སྟེ། བོད་ཀྱི་རྩོམ་རིག་བྱ་གཞག་དེའང་རྩོམ་པ་པོའི་དཔུང་སྡེ་ལྡན་ཞིང་། རྩོམ་རིག་བརྩམས་ཆོས་ཀྱི་དུས་དེབ་དང་ཚགས་པར། དྲྭ་ཚིགས་སོགས་མང་བ། རྩོམ་ལུས་སྣ་ཚོགས་ཀྱིས་ཕྱུག་པ། བརྩམས་ཆོས་སྤྱིའི་རྒྱུ་སྤུས་མཐོ་ནས་མཐོ་རུ་འགྲོ་བཞིན་པའི་དུས་བབ་བཟང་བོ་ཞིག་ཏུ་སླེབས་ཡོད་པ་རེད། ཡིན་ནའང་། སྔོན་ཐོན་རྒྱལ་ཁབ་དང་མི་རིགས་ཀྱི་ད་ལྟའི་རྩོམ་རིག་འཕེལ་རྒྱས་ཀྱི་ཆུ་ཚད་དང་བསྡུར་ན་ད་དུང་མི་འདང་སའང་མང་བར་འདོད་དེ། ལྷག་པར་དུ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་ཐད་ནས་ད་དུང་ཤུགས་རྒྱག་དགོས་པའམ་ངེས་པར་དུ་དོ་སྣང་བྱ་དགོས་པའི་ཆ་དུ་མ་ཞིག་ཡོད་པར་འདོད་པ་གཤམ་གསལ་ལྟར།
          དང་པོ། ད་ལྟའི་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་གནས་བབ།
          སྤྱིར་རྩོམ་རིག་བརྩམས་ཆོས་ནི་གཙོ་བོ་རྩོམ་པ་པོས་རང་ཉིད་ཀྱི་ཚོར་རྟོག་དང་བསམ་གཞིགས་ལ་བརྟེན་ནས་ཕྱི་རོལ་གྱི་བྱ་དངོས་གང་རུང་ཞིག་གམ་རང་ཉིད་ཀྱི་ཚོར་སྣང་དངོས་མ་ཞིག་སྣང་བརྙན་རང་བཞིན་གྱིས་ཕྱིར་མངོན་མཚོན་བྱེད་པའི་སྐད་ཆའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ལ་གོ་ཞིང་། མཚོན་ཐབས་ལ་གཙོ་བོ་བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ། ཟློས་གར་སོགས་ཡོད། དེས་ན་ང་ཚོ་ཚང་མས་ཤེས་གསལ་ལྟར། བཅིངས་འགྲོལ་རྗེས་ནས་བོད་ཀྱི་རྩོམ་རིག་གི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་ཚུན་ནས་དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དོན་གྲུབ་རྒྱལ་དང་། སྟག་འབུལ་རྒྱལ། བཀྲ་ཤིས་དཔལ་ལྡན། ཡི་དམ་ཚེ་རིང་། ཚེ་རིང་ནོར་བུ་སོགས་གཙོ་བྱས་པའི་རྒྱ་བོད་ཡིག་རིགས་ཀྱིས་བྲིས་དང་འབྲི་བཞིན་པའི་བོད་རང་གི་རྩོམ་པ་པོའི་དཔུང་སྡེ་ཆེན་པོ་ཞིག་ཆགས་དང་ཆགས་བཞིན་ཡོད་ལ། གཞུང་སྒེར་གྱི་རྩོམ་རིག་དུས་དེབ་དང་ཚགས་པར། དྲྭ་ཚིགས་སོགས་ལུ་གུ་བརྒྱུད་དུ་བྱུང་བས་བོད་ཀྱི་བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ་སོགས་གཙོ་བྱས་པའི་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་སྣ་ཚོགས་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་མང་དུ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ལྷག་པར་དུ་དུས་རབས་ཉེར་གཅིག་གི་མགོ་ནས་བཟུང་བོད་ཁུལ་དུ་རྩོམ་རིག་གི་དྲྭ་ཚིགས་སྣ་ཚོགས་བྱུང་ཞིང་། གར་སྟེགས་ཐུན་མོང་མ་ཡིན་པའི་དེའི་མཐུན་རྐྱེན་འོག་བོད་མདོ་དབུས་ཁམས་གསུམ་དུ་སྙན་ངག་དང་ལྷུག་རྩོམ། འབོལ་རྩོམ་སོགས་གཙོ་བྱས་པའི་གསར་རྩོམ་གྱི་མཐོ་རླབས་སྔར་བྱུང་མ་མྱོང་བ་ཞིག་འཕྱུར་གྱིན་ཡོད་པ་ནི་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། ཡིན་ཡང་ཡིད་ཕངས་པ་ཞིག་ལ་མཐོ་རླབས་དེ་དང་བསྟུན་ཏེ་དེར་མཐུན་གྱི་རྩོམ་རིག་དཔྱད་བརྗོད་ཀྱི་གོམ་འགྲོས་ནི་ཅུང་དལ་བར་འདོད་པ་སྟེ། ཡང་གཅིག་བཤད་ན། ད་ལྟའི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་མཁའ་དབུགས་སྟུག་པོ་འདི་ལ་ལེགས་ཉེས་ཀྱི་བརྡར་ཤ་གཅོད་མཁན་གྱི་རྩོམ་རིག་དཔྱད་བརྗོད་དང་དཔྱད་བརྗོད་པའི་འཕེལ་འགྲོས་དེ་རྩོམ་རིག་བརྩམས་ཆོས་ཀྱི་གོམ་འགྲོས་དང་བསྟུན་ཐུབ་ཀྱིན་མེད་པར་སྙམ། སྤྱིར་དུས་རབས་འདིའི་དུས་མགོ་ནས་བཟུང་བོད་དུའང་རྩོམ་རིག་དཔྱད་བརྗོད་པའི་དཔུང་སྡེ་ཆུང་ཆུང་ཞིག་དཔྱིད་གསུམ་གྱི་ལོ་ཏོག་བཞིན་ཡུན་གྱིས་འབུས་བཞིན་ཡོད་ནའང་། བོད་ཀྱི་དེང་རབས་རྩོམ་རིག་དཔྱད་བརྗོད་པ་སྐུ་ཞབས་བདུད་ལྷ་རྒྱལ་ནང་བཞིན་གཞུང་ལུགས་དང་ལག་ལེན་ལ་བྱང་ཆ་ལྡན་ཞིང་ངེས་ཤེས་འདྲོང་བ། ཞིབ་འཇུག་ཟབ་ཅིང་འགན་འཁྲི་ལྡན་པའི་ངེས་པ་དོན་གྱི་བོད་རང་གི་ཆེད་མཁས་རང་བཞིན་གྱི་རྩོམ་རིག་དཔྱད་བརྗོད་པ་ནི་ཉུང་ཉུང་རེད། འདི་ནི་རྩོམ་རིག་ལས་དོན་གྱི་འཕེལ་རྒྱས་ཆོས་ཉིད་ཀྱི་ཐད་ནས་བལྟས་ན་ཧ་ཅང་ཡིད་སྐྱོ་བའི་སྣང་ཚུལ་ཞིག་ཡིན་ཏེ། རྩོམ་རིག་ལས་དོན་ཞེས་པ་ནི་བྱ་རྒྱལ་རྒོད་པོ་ཞིག་ཡིན་པར་ཆ་བཞག་ན། བརྩམས་ཆོས་དང་དཔྱད་བརྗོད་གཉིས་ནི་བྱ་རྒོད་གང་དེའི་གཤོག་ཟུང་ཡིན་པས།  གཤོག་ཟུང་གི་འདེགས་ཤུགས་ཆ་མི་སྙོམས་པའི་བྱ་རྒོད་ཅིག་གིས་ཨ་སྔོན་གྱི་ནམ་འཕང་ག་ཙམ་གཅོད་ཐུབ་བམ། དེའི་ཕྱིར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་“བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་དཔྱད་བརྗོད་དང་བགྲོ་གླེང་འཁྲུག་པོ་ཞིག་རིམ་བཞིན་གོང་འཕེལ་བྱུང་ན་ཅི་མ་རུང་སྙམ”ཞེས་གསུངས་པ་ནི་ཧ་ཅང་རྨད་དུ་བྱུང་བའི་ལེགས་བཤད་ཡིན་ཏེ། ང་ཚོ་ལ་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་འབུར་དུ་ཐོན་པའི་རྩོམ་རིག་བརྩམས་ཆོས་དགོས་ལ།  བརྩམས་ཆོས་གང་དེར་ལེགས་ཉེས་དང་དྲང་བདེན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པའི་རྩོམ་རིག་དཔྱད་བརྗོད་ནི་དེ་ལས་ཀྱང་མཁོའོ།། 
          སྤྱིར་རྩོམ་རིག་དཔྱད་བརྗོད་ཅེས་པ་ལ་《རྩོམ་རིག་གཞུང་ལུགས་ཀྱི་ཚིག་མཛོད》(རྒྱ་ཡིག)ཅེས་པའི་ནང་དུ་“རྩོམ་རིག་དཔྱད་བརྗོད་ཟེར་བ་ནི་རྩོམ་རིག་དཔྱད་འཇོག་པས་རྩོམ་པ་པོ་དང་དེའི་བརྩམས་ཆོས་ལ་དམིགས་བཀར་གྱིས་དཔྱད་བསྡུར་དང་གདེང་འཇོག་སོགས་བྱེད་པའི་ཚན་རིག་རང་བཞིན་དང་ལྡན་ཞིང༌། རྩོམ་རིག་རང་བཞིན་སྲུང་འཛིན་བྱེད་པ་ཞིག་ཡིན་དགོས”ཞེས་བཀོད་ཡོད་པ་ལྟར། བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ་སོགས་རྩོམ་རིག་བརྩམས་ཆོས་གང་རུང་ཞིག་གི་བརྗོད་བྱའི་ནང་དོན་དང་སྒྱུ་རྩལ་མཚོན་ཐབས། བསམ་བློའི་སྙིང་བོ་སོགས་ལ་དྲང་བདེན་གྱིས་གདེང་འཇོག་དང་དབྱེ་ཞིབ་བྱེད་པའི་རྩོམ་ལུས་ཐུན་མོང་མ་ཡིན་པ་ཞིག་ལ་ཟེར་ཞིང་། དེས་ཐད་ཀར་མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱས་ཀྱི་ཆུ་ཚད་དང་རྩོམ་པ་པོ་གང་རུང་གི་རྩོམ་འབྲིའི་བྱ་གཞག་ལ་ཕྱོགས་སྟོན་དང་སྣེ་འཁྲིད་ཀྱི་ནུས་པ་འདོན་ཐུབ་པས། རྩོམ་རིག་སྤྱིའི་བྱ་གཞག་ལ་མཚོན་ན་རྩོམ་རིག་དཔྱད་བརྗོད་ནི་ངེས་པར་དུ་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། ཡིན་ཡང་། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་བཤུལ་ལམ་ལ་བལྟས་ན་དཔྱད་བརྗོད་ཀྱི་ཆ་ནི་ཅུང་ཉུང་ལ། འགའ་རེ་ཡོད་པའང་གཙོ་བོ་བརྩམས་ཆོས་གང་དེར་བསྟོད་བསྔགས་དང་བཟང་ཕྱོགས་ཀྱི་ཆ་གཙོ་བོར་བཟུང་སྟེ་བརྗོད་ཡོད་པ་ལས། ངེས་པ་དོན་གྱིས་བརྩམས་ཆོས་གང་དེར་དྲང་བདེན་གྱིས་མི་འདང་ས་དམིགས་སུ་བཀར་ཏེ་དགག་བརྗོད་དང་དབྱེ་ཞིབ་བྱས་ཡོད་པའི་ཆ་ནི་ཉུང་ཉུང་རེད། དེར་བརྟེན། སྐུ་ཞབས་དོན་གྲུབ་རྒྱལ་གྱིས་“ལོང་བ་དག་ལ་སྤྱན་སྟོང་ཅན།། འཐེང་བོ་ལ་ནི་མགྱོགས་འགྲོ་ཞེས།། བསྟོད་ཚིག་མེ་ཏོག་རབ་གཏོར་ཀྱང་།། ཞིབ་ཏུ་དཔྱད་ན་སྙིང་བོས་དབེན།།”ཅེས་གསུངས་པ་ལྟར། ང་ཚོས་“ངན་པས་རང་བསྟོད་”ཀྱི་ཚུལ་གྱིས་རང་མགོ་རང་གིས་གཡོགས་ནས་ཕྱོགས་ལྷུང་དང་ཆགས་ཞེན་གྱིས་ཕན་ཚུན་ལ་ངོ་བསྟོད་བྱས་ནས་བསྡད་ན་ག་ལ་འགྲིག  ཡང་གཅིག་བཤད་ན།  ཕན་ཚུན་ལ་བསྟོད་པའམ་བཟང་ཕྱོགས་ཁོ་ན་གླེང་བསྡད་པ་དེས་ཐད་ཀར་བོད་ཀྱི་རྩོམ་རིག་དེ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་དངོས་ཤུགས་ཀྱི་གེགས་རྐྱེན་མང་བོ་ཞིག་ཐེབས་འདུག་པར་སྙམ། དེའི་ཕྱིར་ང་ཚོས་བོད་རིགས་རྩོམ་པ་པོའི་དཔུང་སྡེ་ལ་ངེས་པར་དུ་མཁོ་བའི་ཚད་ལྡན་གྱི་རྩོམ་རིག་དཔྱད་བརྗོད་པ་སྐྱེད་སྲིང་དང་སྐུལ་སློང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ།  འདི་ནི་དུས་རབས་འདིའི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཐད་ནས་བལྟས་ན་དགོས་གལ་ཧ་ཅང་ཆེ་བའི་བྱ་གཞག་གལ་ཆེན་ཞིག་ཡིན་པར་འདོད། 
          གཉིས་པ། རྩོམ་རིག་དཔྱད་བརྗོད་པའི་དགོས་གལ་རང་བཞིན།
          སྤྱིར་བརྩམས་ཆོས་ནི་དཔྱད་བརྗོད་ཀྱི་རྟེན་གཞིའམ་གཞི་འཛིན་ས་ཡིན་ཏེ། རྩོམ་རིག་བརྩམས་ཆོས་ཅི་ཡང་མེད་པ་ཡིན་ན་རྩོམ་རིག་དཔྱད་བརྗོད་ཅེས་པའང་ཡོང་ས་ཡོད་པ་མ་རེད། དེས་ན་གོང་ནས་གླེང་བཞིན་པ་ལྟར།  བོད་ཀྱི་རྩོམ་རིག་གི་ད་ལྟའི་གནས་བབ་ལ་གཞིགས་ན། རྩོམ་རིག་དཔྱད་བརྗོད་ཀྱི་རྟེན་གཞི་སྟེ་བརྩམས་ཆོས་ནི་ཧ་ཅང་མང་བ་སྟེ། གཞུང་སྒེར་གྱི་རྩོམ་རིག་དུས་དེབ་དང་ཚགས་པར། རྩོམ་རིག་དྲྭ་ཚིགས་སྣ་ཚོགས་ནི་ལུ་གུ་བརྒྱུད་དུ་བྱུང་དང་འབྱུང་བཞིན་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ནས་“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”དང་“དགེ་ཆོས་རྩོམ་རིག་དྲ་བ།” “མཚོ་སྔོན་པོ་བོད་ཡིག་ཟིན་བྲིས”སོགས་བོད་རིགས་རང་གི་ཕ་སྐད་ཀྱི་རྩོམ་རིག་དྲ་བ་མང་པོ་ཞིག་བྱུང་བ་དང་བསྟུན་ནས་བོད་ཀྱི་རྩོམ་རིག་གི་མཁའ་དབུགས་གསར་བ་ཞིག་མ་སྐུལ་རང་འགུལ་གྱིས་ཆགས་དང་ཆགས་བཞིན་འདུག་ལ། དྲྭ་ཚིགས་འདི་དག་ལ་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རྩོམ་པ་པོ་མཆོག་དམན་བར་གསུམ་གྱིས་བརྩམས་ཆོས་མཐོ་དམན་བར་གསུམ་གང་འདོད་དུ་སྤེལ་བཞིན་ཡོད་ལ། འདིར་དུས་དེབ་དང་ཚགས་པར་ནང་བཞིན་དུས་ཚོད་ཀྱི་བཀག་རྒྱ་མེད་པར་གཟའ་འཁོར་རེ་རེ་དང་ཉི་མ་རེ་རེར་སྤེལ་བཞིན་ཡོད་པ་མ་ཟད། རྩོམ་ལུས་ལའང་ཚད་བཀག་མེད་པར་སྤྱིར་བཏང་རྩོམ་ལུས་བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ་སོགས་ལས་གཞན་འབོལ་རྩོམ་དང་ཐོར་རྩོམ། ཟིན་ཐོ། ཟིན་བྲིས། དགག་རྩོམ་སོགས་སྣ་ཚོགས་ཡོད་ལ། འདིར་དེང་སྐབས་སྤྱིར་བཏང་དུ་དྲྭ་རྩོམ་ཞེས་འབོད་ཀྱིན་ཡོད་ཅིང་། འདི་ནི་དེང་རབས་བོད་ཀྱི་རྩོམ་པ་པོའི་དཔུང་སྡེ་ལ་མཚོན་ན་ཅུང་རང་དབང་གི་གར་སྟེགས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་བྱ་གཞག་བཟང་བོ་འདི་ལ་མཐའ་གཅིག་ཏུ་རྗེས་སུ་ཡི་རང་བྱ་དགོས། ཡིན་ནའང་། དྲྭ་རྩོམ་ལ་དྲྭ་རྩོམ་གྱི་དགེ་མཚན་ཡོད་ལ་མི་འདང་སའང་མང་བས། ང་ཚོས་ད་ལྟའི་བོད་ཀྱི་དུས་དེབ་དང་ཚགས་པར་སོགས་ཀྱི་རྩོམ་རིག་གི་འཕེལ་ཕྱོགས་དང་སྤུས་ཚད་ལ་མཉམ་འཇོག་བྱས་ཏེ་ཆེད་དམིགས་རང་བཞིན་གྱི་རྩོམ་རིག་དཔྱད་བརྗོད་མང་པོ་སྤེལ་དགོས་པར་མ་ཟད། མིག་སྔར་དར་ཁྱབ་ཤིན་ཏུ་ཆེ་བའི་དྲྭ་རྩོམ་ལའང་དོ་སྣང་གང་ལེགས་བྱ་དགོས་ཏེ། གསར་དར་རྩོམ་རིག་འདིས་བོད་ཀྱི་སྤྱི་ཚོགས་ལ་ཐོན་པའི་དྲང་ལྡོག་ཕྱོགས་ཀྱི་ནུས་པ་དང་། དེའི་འཕེལ་ཕྱོགས་དང་སྒྱུ་རྩལ་རིན་ཐང་། དྲ་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོའི་དཔུང་སྡེའི་སྒྲིག་གཞི་སོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ལྡན། གང་ལྟར་གོང་གསལ་སྣང་ཚུལ་འདི་དག་ནི་རྩོམ་རིག་དཔྱད་བརྗོད་ཀྱི་རྟེན་གཞི་འབའ་ཞིག་ཡིན་པས། ང་ཚོས་རྟེན་གཞིར་གྱུར་བའི་ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབ་དངོས་དམིགས་སུ་བཟུང་སྟེ། དེའི་འཕེལ་རྒྱས་ཀྱི་དགེ་སྐྱོན་གྱི་རིགས་ལ་རྩོམ་རིག་དཔྱད་བརྗོད་ཀྱི་ལམ་ནས་དག་ཐེར་དང་བྱི་དོར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ། རྩོམ་རིག་ནི་ཡངས་པའི་རྩྭ་ཐང་སྟེང་དུ་བཀྲམས་པའི་གཡང་དཀར་ལུག་ཁྱུ་ཞིག་ཡིན་པར་ཆ་བཞག་ན། གཡང་དཀར་དེར་ཡང་ངེས་པར་དུ་རྫི་བོ་ཞིག་དགོས་ཏེ། ཁ་ལོ་སྒྱུར་མཁན་གྱི་ལུག་རྫི་མེད་པའི་ལུག་ཁྱུ་ཞིག་གི་མཐའ་མའི་མཇུག་འབྲས་ནི་ག་འདྲ་ཡིན་པར་ང་ཚོས་ཅིས་ཀྱང་བསམ་བློ་ཡག་པོ་གཏོང་དགོས།  མིག་སྔར་བོད་ཀྱི་རྩོམ་རིག་ལ་ལེགས་ཉེས་དང་སྤང་བླང་གི་བརྡར་ཤ་གཅོད་མཁན་གྱི་དཔྱད་བརྗོད་པ་ཅུང་ཉུང་བས། ད་ལྟའི་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ནི་གཡང་དཀར་མང་ཞིང་རྫི་བོ་ཉུང་བའི་སྣང་ཚུལ་ཅུང་ཆ་མི་མཉམ་པ་ཞིག་ཏུ་ལྷུང་ཡོད་པར་འདོད་ལ། སྣང་ཚུལ་འདི་བསྒྱུར་བ་ལ་ང་ཚོས་འགན་འཁྲི་ཡོད་པའི་སྒོ་ནས་ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབ་དངོས་ལ་གཞིགས་ཏེ་དྲང་བདེན་དང་དཔྱོད་ཤེས་ཀྱིས་རྩོམ་རིག་དཔྱད་བརྗོད་མང་པོ་སྤེལ་དགོས་ལ། རྩོམ་རིག་གཞུང་ལུགས་གི་རྨང་གཞི་བརྟན་ཞིང་བོད་རང་གི་སྤྱི་ཚོགས་ཁོར་ཡུག་ལ་ངེས་ཤེས་ཟབ་པའི་རྩོམ་རིག་དཔྱད་བརྗོད་པ་མང་པོ་སྐྱེད་སྲིང་བྱ་རྒྱུ་ནི་དེ་ལས་ཀྱང་གལ་འགངས་ཤིན་ཏུ་ཆེའོ།། 
          གསུམ་པ། རྩོམ་རིག་དཔྱད་བརྗོད་ཀྱི་འགན་ནུས།
          རྩོམ་རིག་དཔྱད་བརྗོད་ཀྱི་འགན་ནུས་ནི་གཙོ་བོ་བརྩམས་ཆོས་གང་དེར་ཞབས་འདེགས་དང་སྣེ་འཁྲིད་ཀྱི་ནུས་པ་འདོན་རྒྱུ་དེ་ཡིན་ཏེ། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་རྩོམ་རིག་སྒྱུ་རྩལ་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་གནང་སྐབས་“རྩོམ་རིག་དཔྱད་བརྗོད་ལ་ཚད་གཞི་གཉིས་ཡོད་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ཚད་གཞི་དང་། གཅིག་ཤས་ནི་སྒྱུ་རྩལ་གྱི་ཚད་གཞི་ཡིན། ཆབ་སྲིད་ཀྱི་ཚད་གཞི་ནི་རྩོམ་རིག་གིས་ཅིའི་ཕྱིར་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་གནད་དོན་དེ་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་པ་དང་། སྒྱུ་རྩལ་གྱི་ཚད་གཞི་ནི་རྩོམ་རིག་གིས་ཇི་ལྟར་མི་དམངས་ལ་ཞབས་འདེགས་ལེགས་པོ་ཞུ་བའི་གནད་དོན་དེ་ཐག་གཅོད་བྱེད་པའི་ཆེད་དུ་ཡིན།”ཞེས་གསུངས་པ་ནང་བཞིན། རྩོམ་རིག་བརྩམས་ཆོས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་ནི་སྤྱི་ཚོགས་འཚོ་བ་ཡིན་ལ། ཕྱིར་ཞབས་འདེགས་ཞུ་ཡུལ་ཡང་སྤྱི་ཚོགས་འཚོ་བ་ཡིན་ཏེ། རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་རང་བཞིན་གྱི་བྱ་དངོས་དང་སེམས་འགྱུ་སྣ་ཚོགས་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་དེ་གསེག་བཅད་བརྡར་གསུམ་གྱིས་ཕྱིར་མངོན་མཚོན་བྱས་ཡོད་ལ། བརྩམས་ཆོས་གང་དེས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་མཛེས་དཔྱོད་དང་བསམ་བློའི་ཆ་ནས་དྲང་ལྡོག་ཕྱོགས་ཀྱི་ནུས་པ་མངོན་གསལ་ཞིག་སྦྱིན་ཐུབ་པ་དེ་ནི་རྩོམ་རིག་བྱ་འགུལ་གྱི་མ་མཐའི་གོ་རིམ་ཡིན། དེར་བརྟེན། རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་ཟ་ཟུར་གང་རུང་ཉིང་འདུས་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་གལ་ཆེན་ཞིག་ཡིན་ལ། དེས་སྤྱི་ཚོགས་གང་དེའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་སོགས་ཕྱོགས་གང་ཐད་ཀྱི་འཕེལ་འགྱུར་དང་དངོས་ཡོད་ཕྱིར་ཚུར་སྣང་བྱེད་ཐུབ་པས། དཔྱད་བརྗོད་པ་ཞིག་ལ་མཚོན་ན། བརྩམས་ཆོས་གང་དེས་མངོན་མཚོན་བྱས་ཡོད་པའི་བརྗོད་བྱ་དང་སྒྱུ་རྩལ་མཚོན་ཐབས་སོགས་ལ་དྲང་བདེན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་དགེ་སྐྱོན་གྱི་ཆ་དམིགས་སུ་བཀར་ཏེ་རྩོམ་རིག་ལས་དོན་འདིར་སྐུལ་འདེད་དང་སྣེ་འདྲེན་བྱ་དགོས་པ་རེད། དེའི་ཕྱིར་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་ལ། རྩོམ་རིག་དཔྱད་བརྗོད་ཀྱིས་རྩོམ་རིག་ལ་ཞབས་འདེགས་ལེགས་པོ་ཞུ་དགོས་ཏེ། ཡང་གཅིག་བཤད་ན། རྩོམ་རིག་དཔྱད་བརྗོད་ཀྱི་འོས་འགན་གཙོ་བོ་ནི་རྩོམ་རིག་བརྩམས་ཆོས་གང་དེས་ཇི་ལྟར་སྤྱི་ཚོགས་དང་མི་དམངས་ལ་ཞབས་འདེགས་ཞུས་ཡོད་པ་ཁ་གསལ་དོན་གསལ་གྱིས་སྔོག་འདོན་དང་དབྱེ་ཞིབ་བྱས་ཏེ། ཀློག་པ་པོར་དྲང་བདེན་གྱིས་དེའི་དགེ་སྐྱོན་སྐོར་ར་སྤྲོད་བྱ་རྒྱུ་དེ་རེད། དེར་བརྟེན། རྩོམ་རིག་དཔྱད་བརྗོད་ལེགས་པོ་ཞིག་གིས་བརྩམས་ཆོས་གང་རུང་ཞིག་གི་རིན་ཐང་མཐོན་པོ་གནམ་ལ་འདེགས་ཐུབ་ལ། དམའ་བ་ས་རུའང་གཡུག་ཐུབ་པས་དཔྱད་བརྗོད་ཀྱིས་རྩོམ་རིག་སྤྱིའི་འཕེལ་ཕྱོགས་དང་ཆོས་ཉིད། སྤུས་ཚད་སོགས་ལ་དྲང་ལྡོག་ཕྱོགས་ཀྱི་ནུས་པ་མངོན་གསལ་འདོན་ཐུབ་པ་སྟེ། ལུའུ་ཞུན་གྱིས་“དོན་སྙིང་ཡོད་པའི་གནད་ཅིག་གདམ་སྟེ་ཡང་དག་པས་དབྱེ་ཞིབ་དང་གསལ་བརྗོད་བྱས་ན། དེའི་སྙིང་བོ་དེ་བླ་ལྷག་གིས་གསལ་འབྱིན་དང་རྒྱ་ཆེར་གཏོང་ཐུབ་པས། དེ་ནི་དཔྱད་བརྗོད་པ་ཅིག་གི་ཡང་དག་པའི་འགན་འཁྲི་ཡིན”ཞེས་གསུངས་པ་བཞིན། དཔྱད་བརྗོད་པ་ཞིག་ལ་མཚོན་ན་རང་ཉིད་ཀྱིས་འགན་འཁྲི་ཡོད་པའི་སྒོ་ནས་བརྩམས་ཆོས་གང་དེར་ཕྱི་གསལ་ནང་གསལ་གྱིས་བྱི་དོར་ཐེངས་གཅིག་བྱས་ཏེ། དེའི་བསམ་བློའི་བསྟན་དོན་དང་། སྒྱུ་རྩལ་རིན་ཐང་སོགས་ལ་དྲང་བདེན་གྱིས་གདེང་འཇོག་ལེགས་པོ་ཞིག་བྱ་དགོས་ལ། དེ་ལྟར་བྱས་པ་ཡིན་ཚེ་དཔྱད་བརྗོད་གང་དེས་བརྩམས་ཆོས་དེ་ལ་ཞབས་ཞུ་ལེགས་པོ་ཞིག་གམ་རམ་འདེགས་ཡག་པོ་ཞིག་བྱས་པ་ཡིན། དེར་བརྟེན། རྩོམ་རིག་ལས་དོན་གྱི་འཕེལ་རྒྱས་ཀྱི་ཆོས་ཉིད་ཐད་ནས་བལྟས་ན་བརྩམས་ཆོས་དང་དཔྱད་བརྗོད་གཉིས་ཀྱི་གཅིག་རམ་གཅིག་འདེགས་ཀྱི་འབྲེལ་བ་ནི་ངེས་པར་དུ་དམ་འཛིན་བྱེད་དགོས་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་ཏེ། ལེགས་ཉེས་ཀྱི་ལྟ་ཚུལ་བརྗོད་མཁན་གཅིག་ཀྱང་མེད་པའི་རྩོམ་རིག་ཅིག་གི་འཕེལ་རྒྱས་ནི་གཡག་ཞར་གྱིས་རྩྭ་ཟ་བའི་དཔེ་ལས་མ་འདས་པས། འབྲེལ་ཡོད་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་ཀྱིས་གནད་དོན་འདིའི་རིགས་ལ་ཤེས་རྟོགས་ཟབ་མོ་བསྐྱེད་དེ་བོད་ཀྱི་རྩོམ་རིག་བྱ་གཞག་འདི་ངེས་པ་དོན་གྱིས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་ཤུགས་འདོན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།།
          བཞི་བ། རྩོམ་རིག་དཔྱད་བརྗོད་པ་དང་དེའི་སྐྱེད་སྲིང་གི་སྐོར། 
          སྤྱིར་རྩོམ་རིག་དཔྱད་བརྗོད་པ་ཞིག་ལ་མཚོན་ན་ཐོག་མར་རང་ཉིད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་སྤྱིའི་འཕེལ་ཕྱོགས་སོགས་ལ་རྒྱུས་ལོན་ཅུང་ཟབ་མོ་ཞིག་བསྐྱེད་དགོས་པར་མ་ཟད། ད་ལྟའི་སྤྱི་ཚོགས་དང་ཆབ་སྲིད་ལམ་ལུགས་སོགས་ལའང་ངེས་ཤེས་ཟབ་མོ་ཞིག་འདྲོང་དགོས་ཏེ། ང་ཚོས་རྩོམ་རིག་ལས་དོན་དེ་ཁང་བརྩེགས་ཤིག་ཡིན་པར་ཆ་བཞག་ན་འདི་ནི་ཆེས་གལ་འགངས་ཆེ་བའི་རྨང་རྡོ་ལྟ་བུ་ཡིན། དེ་བཞིན་བོད་རིགས་རང་གི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ་མཁན་ཞིག་ཡིན་ན་ངེས་པར་དུ་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་བོད་མིའི་བསམ་བློའི་འཁྱེར་སོ། ཡུལ་སྲོལ་གོམས་གཤིས་སོགས་ལའང་གོ་རྟོགས་ལེགས་པོ་བསྐྱེད་དགོས་ཏེ། རྩོམ་རིག་བརྩམས་ཆོས་མཐའ་དག་ནི་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་ནས་ཐོན་པ་སྟེ། མཁས་དབང་དུང་དཀར་ཚང་ནས་“སྤྱི་ཚོགས་ཀྱི་འཚོ་བ་དངོས་ནི་སྙན་ངག་སོགས་རིག་རྩལ་རྩོམ་རིག་གི་ཐོག་མའི་འབྱུང་ཁུངས་དང་དཔྱད་གཞི་ཡིན་ལ། དེས་རྩོམ་པ་པོའི་བསམ་བློར་དྲན་སྐུལ་དང་གསང་བར་སྤྲད་པའི་འབྲས་བུར། སྤྱི་ཚོགས་ཀྱི་འཚོ་བའི་ནང་གི་དཔེར་མཚོན་འོས་པའི་མི་དང་བྱ་བ། དངོས་པོ་སྣ་ཚོགས་ཀྱི་འཆར་སྣང་ངེས་ཅན་ཞིག་སྐྱེས་པ་དེ་ནི་རྩོམ་རིག་གི་བརྗོད་བྱའི་ནང་དོན་ཡིན”ཞེས་གསུངས་པ་དང་། ཨ་ལགས་དོར་ཞི་ཚང་གིས་“མི་རིགས་ཀྱི་རྩོམ་རིག་ནི། མི་རིགས་རང་གི་རིག་གཞུང་གི་ཤ་ཁྲག་ལས་ཆད་པའི་མཚན་ལྡན་བུ་ཆུང་ཞིག་སྟེ། ཕྱི་ནས་གཡར་བའི་བུ་དོད་དང་། ལམ་ནམ་རྙེད་པའི་བུ་ཚབ་མིན་ལ། ཕྱི་ཡི་ཆ་ལུགས་ཙམ་བཟུང་བའི་བུ་རྫུས་ཡང་གཏན་མིན་ནོ”ཞེས་གསུངས་པ་ནང་བཞིན། བོད་རིགས་རང་གི་བརྩམས་ཆོས་གང་དང་གང་ཡིན་ཡང་དེར་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་། བསམ་བློའི་འདུ་ཤེས། ཡུལ་སྲོལ་རིག་གནས་སོགས་ཟ་ཟུར་གང་རུང་གིས་ཁྱབ་ཡོད་པས། དཔྱད་བརྗོད་པ་ཞིག་ལ་མཚོན་ན་མ་མཐའི་ཆ་རྐྱེན་ཏེ། མི་རིགས་གང་དེའི་རིག་གནས་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཆ་རྒྱུས་ཅུང་ཙམ་ཡང་མེད་པ་ཡིན་ན། དེས་མི་རིགས་བརྩམས་ཆོས་ཤིག་ལ་དཔྱད་བརྗོད་ལེགས་པོ་ཞིག་འབྲི་མི་ཐུབ་པ་སྟེ། རྩོམ་རིག་གཞུང་ལུགས་ཀྱི་རྒྱུན་ཤེས་རྟོགས་པ་ཙམ་གྱིས་བརྩམས་ཆོས་ཤིག་ལ་ཕྱི་གསལ་ནང་གསལ་གྱིས་དབྱེ་ཞིབ་བྱ་ག་ལ་ཐུབ། གཞན་ཡང་བརྩམས་ཆོས་གང་རུང་ཞིག་ལ་དཔྱད་བརྗོད་གནང་སྐབས་ཐོག་མར་བརྩམས་ཆོས་གང་དེར་བལྟ་ཀློག་མང་པོ་བྱས་ཏེ་དེའི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར་སོགས་ལ་ངེས་ཤེས་ཡང་དག་འདྲོང་དགོས་ཏེ།  ལེ་ཉིན་གྱིས་བརྩམས་སྒྲུང་《ཇི་ལྟར་བྱེད》ཅེས་པར་དཔྱད་བརྗོད་ལེགས་པོ་ཞིག་སྤེལ་ཕྱིར་དབྱར་ཟླ་ཧྲིལ་བོ་ཞིག་ལ་བརྩམས་ཆོས་དེར་ཐེངས་ལྔ་ལ་བལྟས་པ་དང་། ཁོང་གིས་“ལྟ་ཐེངས་རེ་རེར་བརྩམས་ཆོས་འདིའི་ཁྲོད་ནས་མི་སེམས་བསྒུལ་བའི་བསམ་བློ་གསར་བ་རེ་རྙེད་བྱུང་”ཞེས་གསུངས་པ་དང་། སྐུ་ཞབས་མའོ་ཙེ་ཏུང་གིས་“《ཐོག་ཁང་དམར་བའི་རྨི་ལམ》ལ་ཐེངས་ལྔར་མ་བལྟས་ན་བསམ་ཚུལ་བརྗོད་རྒྱུའི་དབང་ཆ་ཡོད་པ་མ་རེད།”ཅེས་གསུངས་པ་སོགས་ལས་དཔྱད་བརྗོད་པ་ཞིག་གི་ཆེས་མ་མཐའི་བླང་བྱ་གསལ་བོར་བསྟན་ཡོད་པ་རེད། དེར་བརྟེན། ང་ཚོས་རྩོམ་རིག་དཔྱད་བརྗོད་ཅེས་པ་ནི་ཇ་ཁ་ཆང་ཁ་ནས་འབྲི་བའི་དོན་དག་ལས་སླ་པོ་ཞིག་ཡིན་པར་མི་བསམ་པར། དེས་ནི་འགན་འཁྲི་ལྕི་ཞིང་ཞིབ་ཚགས་ལྡན་པའི་བྱ་གཞག་རླབས་ཆེན་ཞིག་ཡིན་པར་བསམ་བློ་འཁོར་དགོས་ཏེ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་“རང་རེ་མི་རིགས་ཀྱི་རྩོམ་པ་པོ་རྣམས་ཀྱི་འོས་འགན་ནི། མི་རིགས་ཀྱི་རྩོམ་རིག་འདི་ཉིད་གཅིག་ནས་རྒྱུན་འཛིན་དང་གཉིས་ནས་འཕེལ་རྒྱས་གཏོང་དགོས་པ་དེ་ཡིན”ཞེས་གསུངས་པ་བཞིན། རྩོམ་རིག་གི་བྱ་གཞག་འདི་ཉིད་ཅུང་འཐུས་ཚང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས་ན་རྩོམ་པ་པོའི་དཔུང་སྡེ་ཡི་སྨྱུག་རྩེ་ལས་ཐོན་པའི་བརྩམས་ཆོས་སྣ་ཚོགས་ལུ་གུ་བརྒྱུད་དུ་འབྱུང་དགོས་ལ། བརྩམས་ཆོས་དེ་དག་ལ་དགེ་སྐྱོན་གྱི་བརྡར་ཤ་དང་དྲང་བདེན་གྱིས་གདེང་འཇོག་བྱ་བའི་རྩོམ་རིག་དཔྱད་བརྗོད་པའི་དཔྱད་བརྗོད་ཀྱང་ངེས་པར་དུ་དགོས། དེ་ལྟར་བྱས་ཚེ་རང་ཅག་བོད་མི་རིགས་ཀྱི་རྩོམ་རིག་ལས་དོན་དེའང་ངེས་པ་དོན་གྱིས་གོམ་སྟབས་གསར་བ་ཞིག་བསྒྱུར་ཐུབ་པར་འདོད་ལ། མཁའ་དབུགས་དྭངས་གཙང་ཞིག་ཀྱང་འདྲེན་མི་ཐུབ་པའི་ངེས་པ་མེད་པས་ང་ཚོས་ཁ་ཕྱོགས་འདིའི་ཐད་དུ་བརྩོན་ལེན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།།
          འོ་ན་ཚད་ལྡན་གྱི་རྩོམ་རིག་དཔྱད་བརྗོད་པ་ཞིག་ཇི་ལྟར་སྐྱེད་སྲིང་བྱ་དགོས་ཞེས་ཟེར་ན། གནད་དོན་དེ་ནི་གཞུང་སྒེར་གཉིས་ལ་འབྲེལ་བའི་ལས་ཀ་ཅུང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། ཐོག་མར་གཞུང་ཕྱོགས་ནས་གླེང་ན། གཙོ་བོ་འབྲེལ་ཡོད་རྩོམ་སྒྲིག་ཁང་དང་སློབ་ཆེན་དག་གི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག  རྩོམ་རིག་སྒྱུ་རྩལ་གྱི་ལས་ཁུངས་སོགས་ཀྱིས་འདིའི་ཕྱོགས་སུ་དོ་སྣང་གང་ལེགས་བྱ་དགོས་ཏེ། རྩོམ་སྒྲིག་ཁང་དག་གིས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཕྱོགས་ཀྱི་ཟབ་སྦྱོང་འཛིན་གྲྭ་བསྒྲུབ་པའམ་བཞུགས་མོལ་ཚོགས་འདུ་བསྡུ་བ། དཔྱད་བརྗོད་ཐད་ཀྱི་ཆེད་དམིགས་ལེ་ཚན་བསྒྲུབ་པ། དཔྱད་བརྗོད་ཕྱོགས་ཀྱི་བྱ་དགའི་ལམ་ལུགས་འཛུགས་པ་སོགས་ཐབས་ལམ་སྣ་ཚོགས་ཀྱིས་རྩོམ་རིག་དཔྱད་བརྗོད་ཕྱོགས་ཀྱི་ལས་དོན་དེ་འཕེལ་རྒྱས་སུ་གཏོང་བར་དགོས་ངེས་ཀྱི་མཐུན་རྐྱེན་དང་སྣེ་འཁྲིད་ཀྱི་ནུས་པ་འདོན་དགོས་ལ། སློབ་ཆེན་དག་གི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་དག་གིས་རྩོམ་རིག་དཔྱད་བརྗོད་ཐད་ཀྱི་ཆེད་དམིགས་བསླབ་ཚན་བཀོད་བསྒྲིག་བྱས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་ཆེད་ལས་ཀྱི་རྩོམ་རིག་དཔྱད་བརྗོད་མི་སྣ་སྐྱེད་སྲིང་བྱ་དགོས། དེ་བཞིན་རྩོམ་རིག་སྒྱུ་རྩལ་ལས་ཁུངས་དག་གིས་ཀྱང་བྱ་གཞག་འདིའི་རིགས་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་དང་ཐུགས་ཁུར་ལེགས་པོ་བྱ་དགོས་ཏེ། ལྷག་པར་དུ་དཔལ་འབྱོར་དང་སྲིད་ཇུས་ཀྱི་ཐད་ནས་རམ་འདེགས་དང་ཕྱོགས་སྟོན་གྱི་ནུས་པ་མངོན་གསལ་འདོན་དགོས།  ཕྱོགས་གཞན་མི་སྒེར་ལ་མཚོན་ན་གཙོ་བོ་འབྲེལ་ཡོད་རྩོམ་རིག་ལས་དོན་གཉེར་མཁན་དང་རྩོམ་པ་པོ་སོགས་ཀྱིས་རྩོམ་རིག་དཔྱད་བརྗོད་ལ་ངེས་ཟིན་ཟབ་མོ་ཞིག་བསྐྱེད་དེ། རྩོམ་རིག་དཔྱད་བརྗོད་ཀྱིས་རྩོམ་རིག་ལས་དོན་གྱི་འཕེལ་རྒྱས་ཐད་ཐོན་པའི་ནུས་པ་དང་དེའི་དགོས་གལ་རང་བཞིན་སོགས་ལ་གོ་བ་ལེགས་པོ་ཞིག་བླངས་པའི་རྨང་གཞིའི་ཐོག་མི་རང་ཉིད་ནས་མགོ་བརྩམས་ཏེ་འདིའི་ཕྱོགས་ལ་བློ་སེམས་ཞིབ་མོས་འཇུག་དགོས་ཏེ། གཞུང་ལུགས་ཀྱི་རྨང་གཞི་བརྟན་པ་དང་། འཚོ་བ་ཡི་ཉམས་མྱོང་ཟབ་པ། རྩོམ་འབྲི་ཡི་ནུས་པ་མཐོ་བ། ཆེད་ལས་ཀྱི་བྱང་ཆ་ལྡན་པ་སོགས་ཀྱི་དཔྱད་བརྗོད་པ་ཚད་ལྡན་ཞིག་གི་ཕྱོགས་ལ་རང་ནུས་ཅི་ལྕོག་གིས་འབད་འབུངས་བྱ་དགོས། དེ་ལྟར་གཞུང་སྒེར་གཉིས་ཀའི་ཐད་ནས་ཤུགས་སྣོན་ལེགས་པོ་བྱས་ན་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་ཆ་ནས་མཁའ་དབུགས་གསར་བ་ཞིག་དང་སྐས་རིམ་མཐོན་པོ་ཞིག་ཏུ་སླེབས་མི་ཐུབ་པའི་ངེས་པ་མེད་ལ། དེ་ནི་བོད་ཀྱི་རྩོམ་རིག་སྤྱིའི་འཕེལ་རྒྱས་ལ་མཚོན་ན་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཐུབ་པའི་རྟགས་མཚན་གལ་ཆེན་ཞིག་ཀྱང་ཡིན། དེར་བརྟེན། འབྲེལ་ཡོད་གཞུང་སྒེར་གཉིས་ནས་བོད་ཀྱི་རྩོམ་རིག་ལས་དོན་འདིའི་མ་འོངས་པའི་འཕེལ་རྒྱས་དང་ད་ལྟའི་གནས་བབ་ལ་མནོ་བསམ་ལེགས་པོ་བསྐྱེད་དེ་བྱ་གཞག་འདི་ཉིད་ཡར་ངོས་ཟླ་ལྟར་འཕེལ་བའི་ཕྱོགས་ལ་རང་ནུས་གང་ཡོད་འདོན་རྒྱུ་ནི་གལ་བོ་ཆེ་ལ་ནན་གྱིས་ཞུ་འདོད་པ་དེའོ།།
          མདོར་ན། རང་ཅག་བོད་མི་རིགས་ཀྱི་རྩོམ་རིག་ལས་དོན་དེའང་ད་ལྟའི་སྤྱི་ཚོགས་ཀྱི་བྱ་གཞག་སྣ་ཚོགས་ཀྱི་འཕེལ་ཕྱོགས་དང་མཐུན་པར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ནའང་། བྱེ་བྲག་རྩོམ་རིག་བརྩམས་ཆོས་དང་དཔྱད་བརྗོད་ཀྱི་འཕེལ་འགྲོས་དེ་དོ་མི་མཉམ་པ་སོགས་ང་ཚོས་ད་དུང་མཉམ་འཇོག་བྱ་དགོས་པའི་གནད་ཀྱང་ཅུང་མང་བར་སྙམ་པས་ཆེད་དུ་དེའི་གལ་འགངས་རང་བཞིན་སྐོར་རང་བློས་དཔོག་ཚོད་ཀྱིས་གླེང་བ་ཙམ་ཡིན་ལ། ལོག་བཤད་དང་ནོར་འཆུག་གི་ཆ་ཡོད་ན་འབྲེལ་ཡོད་ཆེད་མཁས་དག་གིས་མཛུབ་སྟོན་ཡོང་བར་སྙིང་ནས་རེའོ།། །།
          དཔྱད་གཞིའི་ཡིག་ཆ།
༡《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》 ༡༩༩༧ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༢《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》 ཆབ་སྤེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་ཆུང་གིས་བསྒྲིགས། ༢༠༠༧ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་བྱས་ནས་པར་དུ་བསྐྲུན། 
༣ དོར་ཞི་གདོང་དྲུག་སྙེམས་བློའི་དཔྱད་རྩོམ་ཕྱོགས་བསྒྲིགས《མུན་འཇོམས་ནོར་བུའི་ཕྲེང་བ》 ༡༩༩༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༤《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ》༢༠༠༤ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༥ ཀྲུང་གོའི་རྩོམ་རིག་དྲ་གནས།