ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

མཚོ་སྔོན་པོ་ནུབ་རྒྱུད་ཀྱི་ས་མིང་འགའི་འབྱུང་ཁུངས་རགས་ཙམ་དཔྱད་པ།

སྤེལ་དུས 2018-12-07 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ཨ་ལྡོང་དཔལ་རྡོ་ཐར།
          ནང་དོན་གནད་བསྡུས། འདིར་མཚོ་སྔོན་པོ་ནུབ་རྒྱུད་ས་ཆ་དེ་མདོ་སྨད་བོད་ཀྱི་གནའ་བོའི་ཡུལ་གྲུ་ཞིག་ཡིན་ཞིང་རྗེས་ནས་སོག་པོ་རྣམས་དེར་འཁྱམས་ཤིང་བསྡད་པས། གནས་དེའི་ས་མིང་འབྱུང་ཁུངས་ལ་བོད་སོག་སྐད་ལན་གཉིས་ཀྱི་བཤད་ཚུལ་ལྡན་པར་ལུང་དང་རིག་པས་དབྱེ་དཔྱད་བྱས་ཏེ་གང་ལ་གཏོགས་པར་བདེན་དཔུང་བྱས་ཡོད། 
          བརྡ་ཆད་གཙོ་བོ། མཚོ་སྔོན་པོ་ནུབ་རྒྱུད། ས་མིང་། འབྱུང་ཁུངས། 
          ཀྲུང་གོའི་དཔེ་དེབ་དབྱེ་རྟགས། K928ཡིག་ཚང་མཚོན་བྱང་། A རྩོམ་གྱི་གོ་རིམ་ཨང་སྒྲིག 102-946(2008)01-029-06 
ལོ་རྒྱུས་རྒྱབ་ལྗོངས། 
          མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་སྔོན་པོ་ནུབ་རྒྱུད (གཤམ་ནས་མཚོ་ནུབ་ཞེས་བསྡུས )ས་ཁུལ་ནི་མདོ་འབུས་མཐོ་སྒང་གི་བྱང་ཕྱོགས་སུ་གནས་ཤིང་། ས་རྒྱར་སྤྱི་ལེ་གྲུ་བཞི་མ་བཞི་བཅུ་ལྷག་ཡོད་ལ། བོད་ཁམས་ལས་མདོ་སྨད་ཀྱི་ཁོངས་སུ་གཏོགས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གནས་དེའི་ཐོག་མའི་གནས་བདག་ནི་རྒྱའི་དེབ་ཐེར་ལས་བོད་ཀྱི་མེས་པོར་བཤད་པའི “羌”ཡིན་ལ། བོད་ཀྱི་ལོ་རྒྱུས་ལྟར་ན་གདོད་མའི་རུས་ཆེན་ཁྲོད་ཀྱི་སུམ་པ་འབྲུ་རིགས་དང་འ་ཞ་སྒ་རིགས་དེ་གཉིས་ཡིན་པ་གྲགས། བོད་ཞེས་པའི་ཐ་སྙད་འདི་མ་ཐོགས་པའི་ཡར་སྔོན་དུ་དེའི་མེས་པོ་རྣམས་རིགས་གཅིག་ཡིན་ཀྱང་རུས་མི་འདྲ་བ་སྟེ་གནས་དེར་འཁྱམས་པ་བཤད་པའི་སྒ་འབྲུ་ལྡོང་ལ་སོགས་མང་དུ་ཡོད་པ་དེ་རྣམས་ལ་སྐབས་དེར་བོད་ཞེས་མི་འབོད་ཀྱང་བོད་དང་གདུང་རྒྱུད་གཅིག་ཡིན་པ་གོར་མ་ཆག  བོད་བཙན་ཕོའི་རྒྱལ་རབས་སྔ་རོལ་དུ་གནས་འདིའི་ནུབ་ཕྱོགས་ནི་བོད་ཀྱི་རུས་ཆེན་ཏེ་སུམ་པ་འབྲི་རིགས་ཀྱིས་བཟུང་ཡོད་པ་དང་ཤར་ཕྱོགས་འ་ཞ་སྒ་རིགས་འཚོ་གནས་བྱེད་པའི་ས་ཡིན་པ་བོད་རྒྱའི་དེབ་ཐེར་ལས་མངོན་གསལ་དུ་བསྟན་ཡོད། དེ་ཡང་རྒྱའི་དེབ་ཐེར་ལས་འ་ཞ་གཞན་རིགས་སུ་བཤད་པ་ནི་རྒྱལ་ཕྲན་དེའི་མངའ་བདག་རྒྱལ་རྒྱུད་དང་དབང་འཛིན་པ་བཅས་ཤར་ཕྱོགས་དེང་གི་ལུའོ་ཉིན་ས་ཆར་འོངས་པའི་“ཤན་པུ 鲜卑”རིགས་ཡིན་པའི་རྐྱེན་ཡིན། དོན་དམ་པས་གཞན་ཡོང་དེ་རིགས་མི་གྲངས་ཉུང་ཤོས་ཡིན་པ་ལས་མངའ་འབངས་ཐམས་ཅད་ནི་གནས་དེར་སྐལ་བ་ནས་འཚོ་གནས་བྱེད་པའི་གནས་བདག་སྒ་ཡིན་པ་རེད། དེ་ནས་བོད་སྤུར་རྒྱལ་དྲག་ཏུ་རྒྱས་ཏེ་ས་དེ་ཀུན་མངའ་བདག་བྱས་ཤིང་། བོད་ཁམས་གཅིག་གྱུར་བྱུང་སྟེ་སྟོབས་འབྱོར་དང་མངའ་ཐང་བླ་ན་མེད་པ་བྱུང་། སྐབས་དེར་བོད་ཀྱི་ཨན་ཞི་སྡེ་བཞི་(安西四镇)ལ་སོགས་དབང་དུ་བསྡུས་ཡོད་པས། མཚོ་ནུབ་ས་ཁུལ་ནི་བོད་ཀྱི་ནང་ལོགས་སུ་གྱུར་ཡོད། བོད་རྒྱལ་སིལ་བུར་ཐོར་རྗེས་གནས་དེ་ཐམས་ཅད་བཙན་ཕའི་གདུང་རྒྱུད་ལས་མཆེད་པའི་ཙོང་ཁ་རྒྱལ་བོ་སྟེ་ཁྲི་གནམ་ལྡེ་བོན་བཙན་ཕོ་རྒྱལ་སྲས་ལགས་ཀྱིས་མངའ་བདག་བྱས་ཡོད། དེ་ནས་སོག་དམག་གིས་མི་ཉག་བཅོམ་རྗེས་༡༢༣༥ལོར་བོད་ཀྱི་ས་ཆར་ཐོག་མར་བསླེབས། ཁོ་ཚོས་བོད་ཀྱི་སྤྱི་ཚོགས་ངོ་བོ་དང་དབང་ཆའི་གྲུབ་ལུགས་ལ་གཞིགས་ནས་བླ་ཆེན་རིམ་པ་བཞིན་དྲངས་ཏེ་སྤྱི་དབང་བཟུང་བ་ལས་དམག་དྲག་པོ་མ་དྲངས་ཤིང་སའང་བཙན་བཟུང་མ་བྱེད་པས་གནས་འདི་ཡོན་རྒྱལ་སྐབས་སུའང་བོད་གྱི་ཕ་ས་གཙོ་བོ་ཞིག་ཡིནཔ་རྒྱའི་དེབ་ཐེར་ལས་གསལ་བོ་བཀོད་ཡོད། འོན་ཀྱང་ཚྭ་འདན་སོགས་་མདོ་སྨད་བོད་ཀྱི་ས་མཚམས་སུ་གནས་པའི་རྒྱལ་ཕྲན་དང་ཚོ་བ་བཙན་དྲག་ཁ་ཁེས་སོག་པོ་ལ་ངོ་རྒོལ་བྱས་ཏེ་འཁྲུག་ཆེན་འཁྲུག་ཆུང་མི་ཉུང་བ་བྱུང་བ་དང་མཚོ་ནུབ་ས་ཁུལ་ནི་སོག་དམག་ནུབ་ཕྱོགས་སུ་བསྐྱོད་པའི་འགྲོ་ལམ་དུ་གྱུར་ཡོད་པའི་རྐྱེན་གྱིས། སྐབས་དེ་ནས་བཟུང་གནས་དེའི་བོད་མི་མང་ཆེ་ཤོས་རྒྱུ་རྐྱེན་དེ་དག་ལ་བཙན་བྱོལ་བྱས་ཏེ་ལ་ལ་ལྷོ་ཕྱོགས་དང་ལ་ལ་ནུབ་ཕྱོགས་སུ་ཆད་འགོ་བརྩམས། མེན་རྒྱལ་རབས་གསར་ཏུ་བཙུགས་པའི་སྐབས་སུ་གནས་དེར་ད་དུང་བོད་ཀྱི་ཚོ་ཆེན་ཏེ “ཨ་ལྡོང་(阿端)དང་ཕོ་ལྡོང་། (罕东) ཨ་སྡེ། (安定) ཆུ་སྐྱ (曲先)”ལ་སོགས་བཅུ་ཕྲག་གནས། གནས་དེའི་བོད་མི་རྣམས་བྱང་ཕྱོགས་ཀྱི་སོག་པོ་དང་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ཟང་ཟང་འཇགས་འཇགས་ངང་འཚོ་གནས་བྱས་མོད། རྗེས་སུ་ལོ༡༥༡༢ནས་ལོ་༡༥༥༩ཡི་བར་ལ་སྨད་སོག་གི་ཚོ་དཔོན་ཡེ་པུ་ཚི (亦卜刺)དང་པུ་འེ་ཧེ (卜儿亥)།ཨན་ཏཱ་ཧན་(俺达汗)གྱིས་ཚོ་དམག་ཁྲིད་དེ་རིམ་པ་བཞིན་བོད་ཀྱི་ཚོ་བ་དེ་དག་ལ་དྲ་མ་དྲངས། ལོ་གང་མང་ལ་སོག་པོ་དང་རེས་འཐབ་རེས་འཆམ་བྱེད་པའི་ཚུལ་གྱིས་བོད་ཀྱི་ཚོ་བ་དག་གིས་མཐར་དེའི་སྟོབས་ཤུགས་ལ་མ་ནུས་པ་དང་རྩ་ཐང་བྱེ་འགྱུར་ལན་གཉིས་ཀྱིས་ཙོང་ཁ་དང་རྨ་ཆུ་ལྷོ་ཕྱོགས་སུ་བྱོལ་ནུར་བྱས་ཏེ་ས་ཐམས་ཅད་སོག་པོའི་ཚོ་བ་དེ་དག་ལ་ཤོར། མེན་རྒྱལ་རབས་མཇུག་མཐའི་སྐབས་སུ་དེང་གི་ཞིན་ཅང་བྱང་ཕྱོགས་ཀྱི་སོག་པོའི་འེ་ལུ་ཐུ (厄鲁特)ཚོ་བ་ཞིག་འཁྱམས་ཏེ་༡༦༣༧ལོར་མཚོ་ནུབ་ས་ཁུལ་གྱི་མཚོ་ནུབ་ཏུ་བསླེབས་ཤིང་། ལོ་དུ་མར་ཡེ་པུ་ཚི་ལ་སོགས་ཚོ་བ་གཞན་དག་ལ་འཐབ་སྟེ་དེ་རྣམས་ཕམ་པར་བརྒྱབ་ཅིང་ས་ཕལ་ཆེར་བཟུང་སྟེ་འཚོ་གནས་བྱས་པ་ཡིན། མཚོ་ནུབ་ས་ཁུལ་གྱི་ད་ལྟའི་སོག་པོ་ནི་འདི་རིགས་ཡིན། ལོ་དུ་མའི་རིང་རྨ་ཆུ་ལྷོ་རྒྱུད་དུ་འཁྱམས་པའི་བོད་རྣམས་ཀྱིས་སྤྱི་ལོ་༡༥༩༥ནས་བཟུང་ལོ་༢༥༠ལྷག་་་་གི་རང་ལ་ཕྱིར་རྨ་ཆུ་བརྒལ་ཞིང་བྱང་བསྐྱོད་བྱས་ཏེ་རང་ཉིད་ཀྱི་ཕ་ས་ཚྭ་འདམ་ཕྱིར་ལེན་འགོ་ཐེངས་གང་མང་བརྩམས་མོད། སོག་པོས་ཕྱིར་བཙན་བསྐྲད་བྱས་པས་གཏན་དུ་སྡོད་མ་ནུས། དེ་བཞིན་ཆིན་རྒྱལ་རབས་༡༧༢༣ལོར་དེ་ཕྱོཌ་ཀྱི་སོག་པོས་ཆིན་གོང་མར་ངོ་ལོག་པས་ཆིན་དམག་གིས་སོག་པོ་མང་ཆེ་ཤོས་བཅོམ། དེ་ནས་བཟུང་སོག་པོའི་སྟོབས་ཤུགས་ཉམས་མས་སུ་གྱུར་ཏེ་བོད་ཀྱི་ཚོ་བ་ཁ་ཤས་ཏེ་བང་སྟག་དང་རུ་སྔན། སྒོ་མེ། དགུ་རུ་ལ་སོགས་ཀྱིས་མེས་པོ་རྣམས་ཀྱི་ཞབས་རྗེས་བསྙེགས་ཏེ་སླར་ཡང་མཚོ་ནུབ་ཏུ་བསྐྱོད་འགོ་བརྩམས་ཏེ་སོག་པོ་རྣམས་ནུབ་བྱང་བྱེ་སར་བར་དུ་བསྐྲད་དེ་གཤིན་ས་ཐམས་ཅད་བླངས། ད་ལྟའི་བོད་ས་སྤང་རི་ཅན་དང་སོག་ས་བྱེ་ཐང་ཅན་གྱི་ཆགས་ཚུལ་ནི་དེ་བཞིན་གྲུབ་པ་ཡིན་ཚོད་འདུག གོང་ནས་ལོ་རྒྱུས་རག་བསྡུས་ཙམ་བརྗོད་པ་དེ་ནས་ང་ཚོས་མཚོ་ནུབ་ས་ཁུལ་གྱི་ལོ་རྒྱུས་སྟེང་གི་ཡུལ་མིའི་བྱོན་རིམ་ཤེས་ཐུབ་ལ། བོད་དང་སོག་པོའི་གནས་དེ་འཛིན་བཟུང་བྱས་པའི་དུས་ཡུན་ཡང་ཤེས་ཐུབ། སྤྱིར་གནས་འདི་བོད་ཀྱི་གནའ་བོའི་ཡུལ་ཁམས་ཤིག་ཡིན་པ་དེང་སང་གནས་འདིའི་རི་ལུང་ཆུ་ལུང་ག་ས་གང་དུ་འདུག་པའི་གནའ་བོའི་བོད་ཀྱི་བང་སོ་དང་བྲག་རྐོས་རི་མོ “卍”ནས་ཀྱང་འདེན་དཔུང་བྱས་ཐུབ། འོན་ཀྱང་ལོ་རྒྱུས་རྒྱབ་ལྗོངས་དེར་མ་གཞིགས་པ་རྣམས་ཀྱིས་དེང་གི་སོག་པོ་ཁོ་ན་གནས་པའི་ས་ཆའི་ས་མིང་གི་འབྱུང་ཁུངས་བཤད་པ་ལ་ཐམས་ཅད་སོག་པོའི་མིང་བརྡའ་ཁོ་ན་ལ་བཙན་སྦྱོར་བྱས་ཡོད་པས། རྒྱ་ཡིག་གི་དུས་དེབ་ཚགས་པར་དང་བརྙན་འཕྲིན་རྒྱང་བསྒྲགས་ལ་སོགས་པའི་སྨྱན་བྱད་ལས་ཀྱང་དེ་བཞིན་པའི་དྲིལ་བསྒྲགས་ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད། དོན་དམ་པས་གནས་དེའི་ས་མིང་གི་འབྱུང་ཁུངས་ལ་བོད་སོག་སྐད་གཉིས་དཔྱད་པ་གཏོང་ན་ཆོས་ཉིད་དང་མཐུན་ཞིང་ལོ་རྒྱུས་ཀྱི་འགྲོས་དང་མཐུན་པ་ཡིན། སོག་སྐད་ཁོ་ནར་བཙན་དུ་སྦྱར་ན་བདེན་བཞག་ཅི་ནས་ཀྱང་ཡོང་མི་ཐུབ་བོ། དེ་བས་ལོ་རྒྱུས་སྨྲ་བ་དང་རིག་གཞུང་བ་ཞིག་གིས་ལྟ་ཕྱོགས་ནས་ལྟས་ན་ས་དེར་སོག་སྐད་ཡིན་ཞེས་བསྒྲགས་པའི་ས་མིང་དུ་མ་ཞིག་དོན་དངོས་སུ་བོད་སྐད་ལས་བྱུང་བ་ཡིན་པ་རྡོ་ཐོག་ཏུ་རི་མོ་བརྐོས་པ་བཞིན་གསལ་གྱི་ལེར་འདུག 
          ས་མིང་དེ་དག་ཅི་ཕྱིར་སོག་སྐད་ཡིན་པར་གྱུར་བ་ནི་ཐོག་མའི་ལོ་རྒྱུས་རྒྱབ་ལྗོངས་ནས་རྒྱུ་རྐྱེན་འཚོལ་དགོས་ཏེ། གནས་འདིའི་ས་མིང་ཕྱི་ཕྱོགས་ལ་ར་སྤྲོད་བྱེད་པ་ནི་མཚོ་སྔོན་བཅིངས་འགྲོལ་བྱས་རྗེས་ཀྱི་ཚྭ་འདམ་གསར་གཏོད་ནས་བཟུང་འགོ་བརྩམས་པ་རེད། སྐབས་དེའི་གསར་གཏོད་མཁན་དག་ནི་རྒྱ་རིགས་ཡིན་པས་ས་མིང་ཐམས་ཅན་ཐོག་མར་མིང་ཐོ་འགོད་སྐབས་སོག་སྐད་ཀྱི་མིང་བརྡའི་སྒྲ་གདངས་དང་ཅི་བཞིན་དུ་འགྲིག་ན་དེ་བཞིནབཀོད་པ་ལས། དེ་དག་གི་བདེན་རྫུན་ལ་ལོ་རྒྱུས་དང་རིག་གཞུང་གི་སྟེང་ནས་དཔྱད་པ་ཅི་ཙམ་ཡང་བཏང་མེད་པ་སྐབས་དེའི་“མཚོ་ནུབ་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག ”ལས་གསལ་བོ་ཤེས་ཐུབ། ས་མིང་འགོད་མཁན་དག་ལ་མཚོན་ན་ས་མིང་ཞིག་གིས་ས་དེའི་གནས་ངེས་འཛིན་པ་ལས་གཞན་གྱི་ཕྱོགས་ལ་བསམ་བློ་གཏོང་དོན་མེད་པས། ད་ལྟའི་སོག་པོ་རྣམས་ཀྱིས་ས་མིང་དེ་དག་རང་ཉིད་ཀྱི་སྐད་གདངས་དང་མཐུན་པའི་ཐ་སྙད་ཅིག་དྲངས་ཏེ་ཚིག་རྒྱན་གྱིས་འགྲེལ་བ་རང་ལུགས་སུ་གྱུར་ཡོད་པ་འདི་ལྟ་སྟེ། དཔེར་ན་“可可西里”ལ “མཛེས་སྡུག་ལྡན་པའི་བུ་མོ ”“都兰”ལ “དྲོད་འཁོལ ”“察尔汗”ལ “ཚྭ་ཁུའི་འཛམ་གླིང ”“德令哈”ལ “གསེར་མདོག་གི་འཛམ་གླིང ”ལ་སོགས་སོ། འོན་ཀྱང་ས་མིང་དེ་དག་སོག་སྐད་ཀྱི་སྒྲ་དོན་གཉིས་ཀར་ཐོད་གཏུག་ན་འགལ་བར་མཆིས་པས་རས་ཁུག་ཏུ་ཅི་ཀྱང་ཆུ་མི་ཚོགས་པ་བཞིན་འཛག་བཞིན་མཆིས། དཔེར་ན་སོག་སྐད་ལས་སྔོན་ཆད “柴达木”ལ་སྔོན་ཆད་“ཚྭའི་འདམ ”ཞེས་བསྒྲགས་བཞིན་ཡོད་མོད་ད་ལྟ “རྒྱ་ཆེ་བའི་རྩྭ་ཐང ”ཞེས་འགྲེལ་བཞིན་པ་དང་“德令哈”ལ་སྔོན་ཆད་“འཛམ་གླིང ”ཞེས་བསྒྲགས་མོད་ད་ལྟ “གསེར་མདོག་གི་རྩྭ་ཐང ”ཞེས་བྱ་བ། “察尔汗”ལ་སྔོན་ཆད་“སྐྱ་མདོག ”ཞེས་བྱ་མོད་ད་ལྟ་“ཚྭ་ཁུའི་འཛམ་གླིང་”ཞེས་བྱ་བ་སོགས་ཕར་ལོག་ཚུར་ལོག་བྱེད་བཞིན་ངེས་གཏན་ཞིག་མེད་པ་དེ་ནི་མཐར་ཐུག་པའི་འབྱུང་ཁུངས་འདྲེན་རྒྱུ་མེད་པས་སོ།། 
ས་མིང་འབྱུང་ཁུངས།
柴达木
          ཚྭ་འདམ་ཞེས་པའི་ས་མིང་འདི་ནི་བོད་གྱི་ཐ་སྙད་རྣལ་མ་ཞིག་ཡིན་མོད། དེང་གི་རྣམ་པ་ཀུན་ཏུ་ཁྱབ་པའི་རྒྱ་སྐད་ཡིག་གི་དུས་དེབ་དང་བརྙན་འཕྲིན་སོགས་སྨྱན་བྱེད་གང་མང་ཏུ་དེ་ལ “སོག་སྐད་ཡིན་ལ་དོན་དུ་ཚྭ་ཆུའི་འདམ་ཡིན་ནོ ”ཞེས་བརྗོད་པ་ཕལ་ཆེར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། དོན་དུ་སོག་སྐད་ལས་“ཚྭ ”ལ “ད་བོ་སུ ”ཞེས་འབོད་པ་དང་“འདམ ”ལ “ནཱ་མུ་ཁུ ”ཞེས་བརྗོད་པས་རྒྱ་ཡིག་གི “柴达木”ཞེས་པའི་མིང་ཚིག་གི་སྒྲ་གདངས་དང་འགལ་བ་ཆེ་དྲག་ཡིན། དེ་དང་སྡུར་ན་རང་རེ་བོད་སྐད་“ཚྭ་འདམ ”ཞེས་པ་སྒྲ་དོན་གྱི་ཕྱོགས་གང་ཐད་ནས་ཀྱང་མཐུན་པར་ངེས། 《འདུ་ཝོང་གཏེར་ཡིག 》ལས “སྟགི་ལོ་ལ་བབསྟེ།་་་་་་དགུན་སྟོད་འདུན་མ་གླིག་རྱུ་བྱེར ;འདུས། དགུན་སྨད་མདན་དུ་འདུསྟེ།་་་་་་”ཞེས་འཀོད་ཡོད་ལ། སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་ན་“མདན ”ཞེས་པའི་ས་མིང་དེ་མདོ་སྨད་གྱི་གནས་འདི་སྟོན་པ་ངེས་གཏན་བྱེད་མི་ཀྱང་དེ་བཞིན་པའི་ས་མིང་ཐོགས་ལུགས་བོད་ལ་སྔ་གནའ་མོ་ནས་མཆིས་པ་ཤེས་ཐུབ། གཞན་ཡང་དུས་རབས་བཅུ་དགུ་བའི་སུའུ་ལན་སྔོན་མའི་སོག་བོད་ཡིག་རིགས་གཉིས་ཀར་མཁས་པའི་གནས་སྐོར་བ་སོག་རིགས་པུ་ལུ་ཡ་ཐེའི་ཁོངས་གཏོགས་ཚའེ་པའེ་ཁའུ་ཧྥུ (崔比克夫)ཡིས་བརྩམས་ཆོས 《གནས་མཆོག་ལྷ་སར་འདུག་པའི་འཇལ་བ 》ལས “柴达木”ཞེས་པ་བོད་སྐད་ཡིན་ལ་དོན་དུ་ཚྭ་ཆུའི་འདམ་མམ་རྫིང་ཡིན་ཞེས་བཀོད་ཡོད་པ་དང༌། དུས་རབས་བཅོ་བརྒྱད་པའི་ཨ་མེ་རུ་ཁའི་འཇལ་སྐོར་བ་ཡའེ་ཁའེ་རའེ (依克柔)་ཡི་བརྩམས་ཆོས་《སོག་བོད་ས་ཆ་བརྒྱུད་པའི་ལྗོངས་རྒྱུ་རྣམ་ཐར 》ལས “柴达木”ལ་དབྱིན་ཡིག་ནས “tsa dam” ཞེས་སྒྱུར་ཡོད་པ་དེ་དང་བོད་ཡིག་གི་དབྱངས་གསལ་དབྱིན་ཡིག་ལ་སྦྱར་བའི་སྒྲ་གདངས་དང་ཆ་འདྲ་བའོ 》 དེ་མིན་《དེབ་ཐེར་ནོར་བུ 》ལས་“ཇང་གུར་རྒྱལ་བོ་༡༢༠༦ལོར་བོད་ལ་དཔུང་འཇུག་བྱེད་སྐབས་བོད་ཀྱི་དཔོན་པོ་ཧོལ་ནོ་ཡོན་གྱིས་རྔ་མང་སོགས་ལེགས་འབུལ་ཁྱེར་ཏེ་ཚ་འདམ་དུ་ཕྱིན ”ཞེས་བཀོད་ཡོད་པ་དང་》གེ་སར་སྒྲུང་ལས་ཀྱང་“ཚྭ་འདམ་རྒྱལ་བོ ”ཞེས་པའི་མིང་བཀོད་ཡོད་པར་བལྟས་ན། “柴达木”ཞེས་པའི་ས་མིང་འདི་བོད་སྐད “ཚྭ་འདམ ”ལས་ཐོན་པ་ཤ་སྟག་ཡིན་འདུག
可可西里
          ས་མིང་འདིར་སོག་སྐད་ལས་བཤད་ན་དེའི་དོན་ནི་“མཛེས་སྡུག་ལྡན་པའི་བུ་མོ་”ཟེར་མོད། ཁོ་ཚོའི་ལོ་རྒྱུས་རྒན་པོ་དང་ཤེས་ཡོན་གང་རུང་ལ་གཏིང་ཟབ་པར་བཅར་འདྲི་བྱས་ན་སྐད་གདངས་“ཁུ་ཁོན ”དང “ཞི་ལི ”ཞེས་པའི་མིང་ཚིག་གི་སྒྲ་དང་མཚུངས་བའི་རྒྱུ་མཚན་འདྲེན་པ་ལས་གཞན་པའི་ལུང་དང་རིག་པའི་སྒོ་ནས་བཤད་རྒྱུ་ཅི་ཡང་མི་འདུག ལྷག་པར་དུ་ཅིའི་ཕྱིར་མཛེས་སྡུག་ལྡན་པའི་བུ་མོ་ཞེས་པ་ཐོག་པར་ཁུངས་ཅི་ཡང་དྲངས་རྒྱུ་མེད་པས། ལ་ལས་ཀྱང་གཞན་པའི་མིང་ཚིག་དྲངས་ཏེ་མཐིང་མདོག་གི་རི་བོ་ཞེས་འགྲེལ་བཞིན་ཡོད། རང་སྐད་ཀྱི་སྒྲ་གདངས་ཁོ་ན་ཙམ་ལ་སྦྱར་ཏེ་རང་སྐད་ལ་ངེས་བཟུང་ན་ཨུ་ཚུགས་བྱས་པ་ལས་གནས་ལུགས་ག་ལ་ཡོད། ས་ཞིག་ལ་མཛེས་སྡུག་ལྡན་པའི་བུ་མོ་ཞེས་འབོད་པ་ནི་སོག་སྐད་ཀྱི་ས་མིང་ཐོགས་ཚུལ་དང་གཏན་ནས་མི་མཐུན། མདོར་ན་ས་མིང་འདིར་སོག་སྐད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་བཤད་རྒྱུ་མེད་པ་མ་ཟད། གནས་དེ་ནི་ལོ་རྒྱུས་རིམ་བྱོན་དུ་བོད་ཀྱི་འཚོ་གནས་རྒྱུན་མ་ཆད་པའི་ཕ་ས་ཕ་ཡུལ་ཞིག་ཡིན་པས་སོག་སྐད་ཀྱི་མིང་ཞིག་ཐོགས་དོན་དེ་བས་ཀྱང་མི་འདུག བུ་རབས་ཚ་རྒྱུད་དུ་གནས་དེར་འཚོ་གནས་བྱེད་བཞིན་པའི་གདང་ལ་དང་ཆུ་དམར་ལེའི་འབྲོག་པ་རྣམས་ལ་ས་མིང་དེའི་འབྱུང་ཁུངས་དྲིས་ན་མགྲིན་པ་གཅིག་མཚུངས་ཀྱིས་བོད་སྐད་ཡིན་ཏེ “གུ་གུ་ཤལ ”ཟེར་བ་ལས་གཞན་ཅི་ཡང་བཤད་རྒྱུ་མི་འདུག “གུ་གུ་ཤལ ”ཟེར་བ་ནི་བོད་སྐད་བརྡ་རྙིང་ལས་ཟངས་ལས་གྲུབ་པའི་ཅ་ནེ་དབྱིབས་ལེབ་མོ་ཅན་ཞིག་གི་མིང་ཡིན་ལ། ཁོ་ཚོས་བཤད་ན་གནས་འདིའི་ས་དབྱིབས་དེ་དང་མཚུངས་པས་ཐོགས་པ་ཡིན་ཟེར། བཤད་ཚུལ་འདི་ནི་སའི་ཆགས་ཚུལ་ཐོག་ནས་དཔྱད་ན་བདེན་དཔུང་བྱེད་ཐུབ་སྟེ་གནས་དེའི་ཤར་ལྷོ་བྱང་གསུམ་དུ་རི་སྒང་གིས་སྐོར་ཡོད་པས་དཀྱིལ་དམའ་ཞིང་མཐའ་བ་མཐོ་བས་ཅ་ནེའི་དབྱིབས་དང་འདྲ་བ་མ་ཟད། སྒྲ་གདངས་གི་ཆ་ནས་རྒྱ་ཡིག་གི “可可”ལ་བོད་སྐད་ཀྱི་“གུ་གུ ”ཟེར་བ་དང་། རྒྱ་ཡིག་གི “西里”ལ་བོད་སྐད་ཀྱི “ཤལ ”གཉིས་ཧ་ཅང་མཐུན་པར་ངེས་པས། “可可西里”ཞེས་སྒྲ་བསྒྱུར་དོན་ནི་བོད་ཀྱི་མིང་དེ་སོག་སྐད་ཀྱི་ངག་ལས་ཐོན་པའི་མཇུག་འབྲས་སོ། མིང་དེ་བོད་སྐད “གུ་གུ་ཤལ ”ལས་བྱུང་བ་ཡིན། རྒྱ་སྐད་ལ་འགྲེལ་ན་“景泰蓝钵”ཟེར་བའི་དོན་ཡིན་པས་འདི་ལྟར་སྤྱད་ན་བཟང་བསམ། 
          ཨ་ཆེན་གངས་རྒྱབ་ཞེས་པ་ནི “གུ་གུ་ཤལ ”ཁོངས་སུ་གཏོགས་པའི་ས་ཆའི་ཆེན་ཕྱོགས་་སྟོན་པའི་ས་མིང་ཡིན་པས་དེ་བཞིན་བོས་ནའང་ཆོག་ཆོག་ཡིན།
 
唐古拉 
          ས་མིང་འདིར་སོག་སྐད་ལས་བཤད་ན “བྱ་གླག་འཕངས་སྐྱོད་མི་ཐུབ་པའི་རི་བོ ”དོན་ཡིན་ཟེར་མོདཿདོན་དམ་པས་བོད་སྐད་ལས་བྱ་རྒོད་ལྡིང་བའི་ལ་ཞེས་བཤད་སྲོལ་ཡོད་པས་མཚོ་ནུབ་སྲིད་གཞུང་གི་སྒྲིག་པའི་“མཚོ་ནུབ་ས་མིང་ལོ་རྒྱུས་”ལས་ཀྱང་བོད་སྐད་ཡིན་པར་བཀོད་ཡོད་ཅིང་དོན་ཡང་དེ་ལྟར་འགྲེལ་ཡོད། སོག་སྐད་ལས་“བྱ་གླག ”ལ “པུ་རོ་ཀུ་ཐུ ”ཟེར་བ་དང “འཕངས་སྐྱོད ”ལ “ནེ་སུ་ཀུ ”ཟེར་བ། “རི་བོ ”ལ “བོ་ལ ”ཟེར་བས “唐古拉”ཞེས་པའི་སྒྲ་གདངས་དང་ཡེ་ནས་མི་མཐུན་པ་མ་ཟད། ནང་དོན་གྱི་ཆ་ནས་ཀྱང་ཡེ་ནས་མི་མཐུན། གནས་དེའི་ཡུལ་མི་རྣམས་ཀྱི་བོད་སྐད་ལས་བཤད་ན་ས་དེ་ནི་ཨ་ཆེན་གངས་རིའི་ཡན་ལག་རི་རྒྱུད་ཅིག་ཡིན་ལ་རི་སྒང་རིང་ཞིང་དྲང་བས་གདང་འཐེན་པ་ཞིག་དང་འདྲ་བས་“གདང་ལ ”ཞེས་པ་ཐོགས་པ་ཡིན་ཟེར། དེར་གདང་མགོ་ལ་ཡང་ཟེར་བས་རྒྱ་སྐད་ལས་“唐古拉”ཞེས་ཐོག་པ་ཡིན། དེ་དང་གནས་དེའི་ནུབ་ཕྱོགས་སུ་འདུག་པའི “ལ་རྒན་ལ ”ཟེར་བའི་ས་མིང་ཆ་མཐུན་ལ། བོད་ཀྱི་ས་མིང་ལས “ག་གེ་མོ་ལ ”ཞེས་པའི་ས་མིང་སྟེ་“སྐམ་པ་ལ ”“མདོ་ལ ”“ཙོང་ལ ”ལ་སོགས་རིའི་ལ་རིང་ཞིང་གཟར་བ་ཅན་སྟོན་པ་དང་ཆ་འདྲ་བ་ཡིན། རྒྱ་སྐད་ལ་འགྲེལ་ན་དེ་ནི “架子梁”ཞེས་པའི་དོན་ཡིན། 
格尔木 
          ས་མིང་འདིར་སོག་སྐད་ལས་བཤད་ན “ཆུ་སྣ་མང་བོ་འཛོམས་པའི་ས་ཆ ”ཞེས་པའི་དོན་ཡིན་ཟེར་མོད། དོན་དུ་སོག་སྐད་ལས་ཆུ་བོ་ལ “གོ་ལུ ”ཟེར་བ “格尔”བའི་སྒྲ་དང་ཅུང་མཚུངས་ལ། མང་བོ་འཛོམས་པར “ཆི་ཅི་ཀི་ལི་ཀེ་དང་ཉི་ཐུ་ལ་ཀོ་ལུ་ཧུ། ཧོ་རུ་ཧུ། ཆོ་ལུ་ཀོ་འུ་ལུ་ཧུ་”བཅས་དོན་ལྔ་ལ་འཇུག་པ་དང་། ས་ཆ་ལ “ཀ་ཙུར ”ཟེར་བ་བཅས་ཀྱིས་“木”ཞེས་པའི་སྒྲ་གདངས་དང་ཁ་ཁ་ཡིན་པ་མ་ཟད། ནང་དོན་གྱི་ཆ་ནས་ཀྱང་གནས་དེར་ཆུ་རྒྱུན་གཅིག་བཞུར་པ་ལས་ཆུ་སྣ་མང་བོ་འཛོམས་ས་ཞིག་གཏན་ནས་མ་རེད། འོན་ཀྱང་ས་འདི་དང་ཉེ་བའི་གཏེར་ལམ་རྫོང་གི་བོད་ཀྱི་གནའ་བོའི་བང་སོ་ལས་ཐོན་པའི་ཤིང་ཁྲམ་ཡི་གེ་ལས་ཀྱང “མ་གུར ”ཞེས་པའི་ས་མིང་ཞིག་ཡོད་པར་གཞིགས་ན་གནའ་བོའི་བོད་ཀྱི་གཞི་གནས་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དབུས་གཙང་དང་ཨ་མདོ་ཕྱོགས་ཀྱི་དམངས་ཁྲོད་དུ་ས་དེར་གཅིག་མཚུངས་ཀྱིས “ན་གོར་མོ ”ཞེས་འབོད་ལ་དེང་སང “གོར་མོ ”ཞེས་པའི་བསྡུས་མིང་དུ་གྱུར་ཡོད། དེའི་དོན་ཅི་སྟོན་པ་ཟེར་ན། ན་ཐང་དབྱིབས་ཀོར་མོ་ཅན་ཞིག་ཡིན་པས་ཐོག་པ་བཤད་ལ། དེ་དང་གནས་དེའི་ས་དབྱིབས་ཏེ་ལྟེ་བའི་ཐང་དམའ་ཞིང་མཐའ་འཁོར་མཐོ་བ་ཡིན་ཞིང་། ཐང་དུ་འདམ་རྩྭ་མང་བོ་སྐྱེ་ཞིང “འདམ་གཞོངས (达布逊)”དང “ན་ཆུ་ཐང (纳赤台)”ཞེས་པའི་བོད་ཀྱི་མིང་བརྣལ་མ་ཡང་ལྡན་པས་སྔོན་ཆད་ན་ཆེན་པོ་ཞིག་ཡིན་པ་དང་མཐུན། བོད་ཀྱི་གཞན་ས་དབུས་གཙང་ཤན་རྩ་རྫོང་སོགས་སུའང་“གོར་མོ (古尔木)”ཞེས་པའི་ས་མིང་ཡོད་ཅིང་། “ན་གོར ”ཞེས་པའི་ས་མིང་གང་མང་འདུག་པ་མ་ཟད། 《འདུ་ཝོང་གཏེར་ཡིག་》ལས་ཀྱང་“ན་མར ”ཞེས་པའི་ས་མིང་བཀོད་པས་ས་མིང་འདིའི་ཆགས་ལུགས་དང་ཆ་འདྲའོ། རྒྱ་སྐད་ལ་འགྲེལ་ན “圆圈水草盆地”ཞེས་པའི་དོན་ཡིན་པའི་དོན་དུ་ངེས། 
德令哈 
          ས་མིང་འདིར་སོག་སྐད་ལས་བཤད་ན “འཛམ་གླིང ”དང “གསེར་མདོག་གི་རྩྭ་ཐང་”ཞེས་མི་འདྲ་བའི་དོན་གཉིས་ལ་འགྲེལ་བཞིན་མོད། རྒྱུ་མཚན་ནི་ཁོ་ཚོའི་སྐད་ལས “ཏེ་ལེ་ཁེ ”དང་“德令哈”གཉིས་ཀྱི་སྒྲ་གདངས་འདྲ་མཚུངས་རྐྱེན་གྱིས་ཟེར་རྒྱུ་ལན་གཅིག་དང་། “གསེར་མདོག་གི་རྩྭ་ཐང་”ཟེར་བ་ནི་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཚིག་རྒྱན་པའི་མིང་དུ་འགྲེལ་བ་ལས་“德令哈”ཞེས་པའི་སྒྲ་གདངསདང་སྦྱར་ན་དེ་བས་ཀྱང་གནས་ལུགས་མེད་དོ། དོན་དུ་ས་འདི་ནི་ཚྭ་འདམ་གཞོང་ལས་ཡུལ་གྲུ་ཆུང་ངུ་ཞིག་ཡིན་ཕྱིར་འཛམ་གླིང་ཞེས་པའི་མིང་དང་སྦྱར་ན་ཤིན་དུ་འགལ། བོད་སྐད་ལས་བཤད་ན་འདིར “གཏེར་ཁ ”ཟེར་ཞིང་གཏེར་ཤིན་ཏུ་མང་བས་ཐོག་པ་ཡིན། གནས་འདིར་སོག་པོ་རྣམས་ཀྱིས་ཀྱང་བོད་སྐད་ཡིན་པར་ཁས་ལེན་ཞིང་གཏེར་ཁའི་དོན་ལ་ཤིན་དུ་འཇུག་པའི་ས་མིང་སྟེ་“གསེར་ལུང (赛林)”ཞེས་པའི་ས་གཉིས་ཡོད། དེ་མིན་ས་མིང་འདི་དང་《འདུ་ཝོང་གཏེར་ཡིག་》ཏུ་བཀོད་ཡོད་པའི་བོད་ཀྱི་གནའ་བོའི་ས་མིང་སྟེ་“ཙོང་ཀ (ཁ )”དང་“ཚལ་ཀ (ཁ )། ”“འདོང་ཀ (ཁ )”“རབ་ཀ (ཁ )”ལ་སོགས་ཆ་འདྲ་བ་ཡིན་ཞིང་། གནས་འདིར་ད་དུང་དེ་དང་ཆ་འདྲ་བའི་བོད་ཀྱི་ས་མིང་སྟེ་“ཚྭ་ཁ ”དང་“བ་བཞི་ཞིང་ཁ། ”“ཚ་ཚ་ཞིང་ཁ ”བཅས་ལྡན་པ་དེའོ། རྒྱ་ཡིག་ལས “德令哈”ཞེས་པའི་ཐོག་དོན་ནི་བོད་སྐད་སོག་སྐད་ལ་སྦྱར་བའི་ཀློག་ཚུལ་གྱི་འཇུག་འབྲས་སྟེ་“གཏེར ”ལ “གཏེ་ལེ ”དང་“ཁ ”ལ “ཧྭ ”ནས་བྱུང་བ་ཡིན། བོད་སྐད་ལ་མཚོན་ན་འདི་དང་འདྲ་བའི་ས་མིང་སྟེ་གཏེར་ཁ་ལུང་དང་གཏེར་ལམ། གཏེར་ལུང་ཟེར་བ་ཤིན་ཏུ་མང་ཞིང་། གླིང་གེ་སར་རྒྱལ་བོའི་སྒྲུང 《ཧོར་གླིང་གཡུལ་འབྱེད 》ལས་ཀྱང “གཏེར་ཁ་”ཞེས་པའི་མིང་ཞིག་བཀོད་ཡོད། དེང་གི་བོད་སྐད་ལས་དེར་གཏེར་ཁ་མི་ཟེར་ཏེ་གཏེར་ལེན་ཁ་ཟེར་དོན་ནི་མིང་གི་འབྱུང་རྐྱེན་ལ་རྩད་གཅོད་མ་བྱེད་པར་རྒྱ་ཡིག་ལྟར་ལོག་བསྒྱུར་བྱས་པའི་མཇུག་འབྲས་སོ། ལོ་འདི་ཚོའི་རིང་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་གནས་འདིར་བོད་ཀྱི་བང་སོ་དུ་མ་སྔོག་འདོན་བྱས་པ་ལས་པང་ལེབ་ཏུ་བྲིས་པའི་བོད་ཀྱི་གནའི་ཡི་གེ་བུད་པ་གསར་འགྱུར་ལས་ཐོས་མོད་དངོས་སུ་ལྟ་ཐུབ་བའི་གོ་སྐབས་མ་བྱུང་བས་ཡིད་འཕངས་བ་ཞིག་གོ། མིང་འདི་རྒྱ་སྐད་ལ་འགྲེལ་ན་“有矿的地方”ཞེས་པའི་དོན་ཡིན། 
察尔汗 
          ས་མིང་འདིར་སོག་སྐད་ལས་བཤད་ན་ལ་ལས་“ཚྭའི་འཛམ་གླིང ”ཟེར་ཞིང་ལ་ལས “མདོག་སྐྱ་བོ ”ཞེས་བྱ་མོད་ཁོ་ཚོའི་སྐད་དང་སྦྱར་ན་ཚྭ་ལ་“ད་བོ་སུ ”ཟེར་ཞིང་འཛམ་གླིངལ་་“ཏེ་ལེ་ཁེ ”ཟེར་བ་དང་མདོག་སྐྱ་བོ་ལ “ཐོ་ཝོ་ལོ་ཚར་བ ”ཟེར་བས་“察尔汗”ཞེས་པའི་སྒྲ་གདངས་དང་འགལ་དྲགས་པར་བལྟས་ན་ས་གནས་ཀྱི་ཁྱད་ཆོས་ལ་སྦྱར་ཏེ་ཅི་དགར་གྱིས་འགྲེལ་བ་རྒྱབ་པ་ཁོ་ན་ཡིན་ནོ། འོན་ཀྱང་བོད་སྐད་ལས་བཤད་ན་“ཚྭ་ཁམས ”ཞེས་བྱ་བས་སྒྲ་གདངས་“察尔汗”ལ་མཐུན་པ་མ་ཟད། དོན་གྱི་ཆ་ནས་ཀྱང་ས་འདི་ནི་མུ་མཐའ་མེད་པའི་ཚྭ་ས་ཞིག་ཡིན་ཞིང་འཛམ་གླིང་སྟེང་གིས་ཀྱང་ཚྭ་གཏེར་ཆེས་མང་བའི་ཐོན་ཁོངས་ཤིག་ཡིན་ཕྱིར་“ཚྭ་ཁམས ”ཞེས་བྱ་བ་ཁག་པོ་འདུགདེ་ཡང་“ཁམས ”ལ “汗”ཞེས་པའི་སྒྲ་བྱུང་དོན་ནི་ཐོག་མར་མིང་འགོད་དུས་སོག་སྐད་ཀྱི་སྒྲ་ལ་སྦྱར་བའི་རྐྱེན་གྱིས་སོ། རྒྱ་སྐད་ལ་འགྲེལ་ན་“盐的区域”ཞེས་པའི་དོན་ཡིན། 
大柴旦、小柴旦 
          ས་མིང་འདིར་སོག་སྐད་ལས་བཤད་ན་ཁོ་ཚོའི་སྐད་ཡིན་ཞེས་པ་མ་གཏོགས་རྒྱུན་མཚན་ཅི་ཡང་འདྲེན་རྒྱུ་མི་འདུགབདག་གིས་བལྟས་ན་གནས་དེ་གཉིས་ཚྭ་འདམ་གཞོངས་སར་འདུག་ཅིང་ཚྭ་ཆུའི་འདམ་རྫང་དང་མཚེའུ་མང་བོ་ལྡན་པའི་ས་ཞིག་ཡིན་ཕྱིར་བོད་སྐད་ཀྱི “ཚྭ་འདམ ”ཞེས་པའི་མིང་ལས་ཐོན་པ་ཡིན། རྒྱ་ཡིག་ལས “柴旦”ཞེས་བཀོད་དོན་ནི་“柴达木”ཞེས་པ་དང་སྒྲ་གདངས་ཁྱད་འབྱེད་ཕྱིར་མི་འདྲ་བས་བྱུང་བ་ཡིན་ལ། “大、小”ཞེས་པ་ནི་རྒྱ་ཡིག་ནས་ཚྭ་འདམ་ཆེ་ཆུང་ལྟར་བཏགས་པ་ཡིན། རྒྱ་སྐད་ལ་འགྲེལ་ན་“大盐泽、小盐泽”ཞེས་པའི་དོན་ཡིན། 
诺木浑 
          ས་མིང་འདིར་སོག་སྐད་ལས་“གཤིས་འཇམ ”གྱི་དོན་ཡིན་པར་བཤད་པ་ནི་སོག་སྐད་ནང་གི་མིང་ཚིག་“ནོ་མོ་ཧིན ”ཞེས་པའི་སྒྲ་གདངས་དང་མཐུན་པས་དེ་ཉིད་ཀྱི་རྒྱུ་མཚན་དྲངས་པ་ཡིན། འོན་ཀྱང་གནས་དེའི་མཐའ་འཁོར་གྱི་བོད་མི་རྣམས་ཀྱིས་ས་དེར་“དམག་དཔུང ”ཞེས་འབོད་བཞིན་ཡོད་ཅིང་། “དམག་དཔུང ”ཞེས་པའི་སྒྲ་དང་མཚུངས་པའི་ས་མིང་ཞིག 《ཐང་ཡིག་རྙིང་མ 》ལས་“莫贺”ཞེས་བཀོད་ཡོད་ལ། སྟོན་པའི་གནས་དེ་འབྲི་ཆུའི་ཆུ་འགོ་ནས་བྱང་ཕྱོགས་སུ་ལེ་བར་ལྔ་བརྒྱ་ན་ཡོད་ཞེས་གསལ་བོར་བཀོད་ལ། ད་ལྟའང་“莫贺”ཟེར་ཞིང་“诺木浑”ཞེས་པའི་ས་གནས་དང་ཡུལ་གྲུ་གཅིག་ཡིན་ཞིང་ཅུང་ནུབ་ཕྱོགས་སུ་གནས། དེའི་ཕྱིརམིང་འདི་སོག་སྐད་ལས་བྱུང་བ་མིན་པ་ཁག་ཐེག་བྱེད་ཐུབ། གནས་དེར་གནའ་བོའི་དམག་མཁར་གྱི་ཤུལ་ཡོད་པ་དང་“莫贺”གྱི་ནུབ་ཕྱོགས་སུ་གནས་པ། བོད་ཀྱི་ཚོ་མིང་དང་སྡེ་མིང་ལས་ཀྱང་“དམག་དཔུང ”ཞེས་པའི་མིང་མང་དུ་གནས་པ་བཅས་ལ་གཞིགས་ན། “诺木浑”ཞེས་པ་དེ་བོད་སྐད་“ནུབ་དམག་དཔུང ”ལས་བྱུང་ཤོས་ཆེ་བས་རྒྱ་སྐད་ལ་འགྲེལ་ན་“西部驻军”ཞེས་པའི་དོན་ཡིན། 
都兰 
          ས་མིང་འདི་ནི་“གཏེར་ལམ་དགོན (都兰寺)”དགོན་པའི་མིང་ནས་བྱུང་བ་ཡིན། སོག་སྐད་ལས་ཁ་གཅིག་ནས་བཤད་ན “དྲོད་འཁོལ ”ཞེས་པའི་དོན་ཡིན་པ་ཟེར་བ་ནི་ཁོ་ཚོའི་སྐད་ལས་“དོ་ལ ”ཞེས་པའི་སྒྲ་གདངས་དང་མཐུན་པའི་རྒྱུན་མཚན་དྲངས་པ་ཡིན་ཞིང༌། ཁ་གཅིག་ནས་དགོན་པའི་ཁྲི་བ་དང་པོའི་མཚན་ནས་བྱུང་བ་བཤད། དོན་དུ་ས་དེ་དྲོད་ས་ཞིག་མིན་ཞིང་སོག་པོའི་མིང་ལས་ཀྱང་དེ་བཞིན་པའི་མིའི་མིང་གཏན་ནས་མ་མཆིས། བོད་སྐད་ཀྱི་ཆ་ནས་བཤད་ན་དགོན་འདི་ནི་བོད་ཀྱི་ས་མིང་སྟེ་མཐོན་པོ་(铜普)དང་ཚེ་ཐར (赛特尔)་རི་བོའི་འདབས་ན་ཆགས་ཡོད་ལ། སྔོན་ཆད་བོད་ཀྱི་བཙུན་པས་སྒོམ་པའི་མཚམས་ཁང་ཞིག་ཡིན་པ་དང། ཐོག་མར་འདེབས་མཁན་ནི་འབྲས་སྤངས་དགོན་པའི་བོད་ཀྱི་ཤར་པ་བསྟན་སྐྱོང་ཞེས་བྱ་པའི་དགེ་བསྙེན་ཞིག་ཡིན་པ་བཅས་ལ་གཞིགས་ན་སོག་སྐད་ཀྱི་མིང་ཐོགས་དོན་ག་ལ་ཡོད། གྲྭ་བཙུན་སྔ་མ་རྣམས་ཀྱི་བྲིས་པའི་དགོན་པའི་དཀར་ཆག་ཏུ་“གཏེར་ལམ་དགོན་དགའ་ལྡན་གསང་སྔག་ཡར་འཕེལ་གླིང ”ཞེས་བཀོད་ཡོད་པ་དང༌། ཁོ་ཚོས་སྒྲིག་བསྒྱུར་བྱས་པའི་《གཏེར་ལམ་དགོན་དགའ་ལྡན་གསང་སྔག་ཡར་འཕེལ་གླིང་གདན་རབས 》ལས་ཀྱང་དེ་བཞིན་བཀོད་ཡོད་པས། དེ་ལས་གསལ་བོར་མཐོང་བའི་“གཏེར་ལམ ”ཞེས་པ་བོད་སྐད་མ་ཡིན་ཟེར་ན་མ་རུང་བ་མ་ཡིན་ནམ། གནས་དེ་ནི་གཏེར་ཁ (གཏེར་ལེན་ཁ )ལ་སོགས་ནུབ་ཕྱོགས་ཀྱི་གཏེར་ས་གཏེར་ཡུལ་ལ་འགྲོ་བའི་ལམ་ཡིན་ཕྱིར་ས་མིང་དེ་ལྟར་ཐོགས་པ་ནི་ནང་དོན་གྱི་ཆ་ནས་ཀྱང་ལུགས་དང་མཐུན་ནོ། དེ་ཡང་དེང་གི་གཏེར་ལམ་རྫོང་གྲོང་ཆགས་ས་དེར་བོད་མི་རྣམས་ཀྱིས “ཆུ་དཀར་ཐང ”ཟེར་བ་དེ་ལོ་སྟོང་ཕྲག་ཡན་གྱི་རྒྱའི་ལོ་རྒྱུས་ལས་ཀྱང “白水”ཞེས་བཀོད་ཡོད། དེང་སང “察汗乌苏”ཞེས་བྱ་བ་དེ་ནི་བོད་ཀྱི་མིང་དེ་སོག་སྐད་དུ་དོན་བསྒྱུར་བྱས་པས་བྱུང་བ་ལས་བོད་ཀྱི་ས་མིང་གི་ལོ་རྒྱུས་རིང་བ་ཤེས་ཐུབ། མིང་འདི་རྒྱ་སྐད་ལ་འགྲེལ་ན་“通往矿区的路”ཞེས་པའི་དོན་ཡིན་ནོ།།
          མཇུག་གི་གཏམ། 
          མདོར་ན། གནས་འདིའི་ས་མིང་ཐམས་ཅད་སོག་སྐད་དུ་སྦྱོར་བ་ནི་ད་རག་བར་དུ་ཅི་དགར་བཤད་པར་དགག་ལན་མ་བཏབ་པའི་རང་རྐྱ་འཕེལ་བའི་མཇུག་འབྲས་ཤིག་ཡིན། གནས་འདིའི་ལོ་རྒྱུས་ལ་ཆ་རྒྱུས་ལ་མེད་པ་རྣམས་ཀྱིས་སོག་པོ་གནས་ས་ཞིག་ཏུ་བོད་ཀྱི་ས་མིང་ཡོད་མ་ཡིན་ཞེས་ཏེ་མཐའ་གཅིག་ཏུ་དགག་བཞིན་ཡོད་ལ། ལ་ལས་ཀྱང་ཉེ་ཆར་བསྒྲིགས་པའི་《ཡུལ་བཤད (地方志)》ལས་བཀོད་པའི་ས་མིང་སྐོར་དེ་ཁུངས་བཙན་པོ་ཞིག་ཏུ་འཇོག་པར་མྱོས་ཏེ་རྦད་དུ་ཁ་ཚོན་གཅོད་པ་ཡིན། དོན་དུ་《ཡུལ་བཤད (地方志)》དེ་དག་ནང་གི་ས་མིང་ལ་ཁོ་ཚོས་བཞེད་པ་ཇི་ལྟར་ཡིན་པ་ལ་ཡིན་པ་ལྟར་ར་སྤྲོད་བྱས་པ་ཙམ་ལས་ལུང་དང་རིགས་པ་ལ་ཁུངས་བཅོལ་ཏེ་ཞིབ་འཇུག་གི་འབྲས་བུ་གང་ཡིན་མིན། སོག་རིགས་སྒྲིག་པ་པོ་ཞིག་ལ་མཚོན་ན་རང་སའི་ས་མིང་དག་ཅི་ནུས་ཀྱིས་རང་སྐད་ལ་སྦྱོར་བ་ལས་བོད་སྐད་ལ་བསམ་བློ་གཏོང་མི་དགོས་ཏེ། དཔེར་ན་ཁོ་ཚོས་སྒྲིག་པའི་དཔེ་དེབ་ཁ་ཁེ་ལས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་ཀྱང་སོག་སྐད་ཡིན་པར་བཀོད་ཡོད་ལ་སོགས་འཁྲུལ་བཤད་གང་མང་ལྡན་མོད་དེ་ཡིན་པར་གྱིས་པ་ལས་མ་ཡིན་ཟེར་བ་གཅིག་ཀྱང་མིན་འདུག་པ་ལྟ་བུའོ། མེན་དང་ཆིན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་གསལ་བོར་བསྟན་ཡོད་པ་ནི་སོག་པོ་རྣམས་གནས་འདིར་བསླེབས་དུས་བོད་རྣམས་དེ་མ་ཐག་རི་དྭགས་རྔོན་ལ་འདྲོགས་པ་བཞིན་གཞན་སར་འཁྱམས་པ་མ་ཡིན་ཏེ། བོད་སོག་གཉིས་ཀ་ནི་འདིར་ལོ་བརྒྱ་ཕྲག་དུ་མར་ཟིང་ཟིང་འཇགས་འཇགས་ངང་མཉམ་གནས་བྱས། དུས་སྐབས་དེ་ནི་བོད་ཀྱི་ས་མིང་དག་བོད་སོག་གཉིས་ཀྱིས་མཉམ་སྤྱོད་བྱས་པ་དང་མཐའ་ནས་སོག་པོས་རྒྱུན་འཛིན་བྱས་པའི་ལོ་རྒྱུས་ཡིན་ལ། གནས་འདིའི་སོག་པོའི་གྲོས་པོ་གྲོས་མོ་མང་ཤས་ཀྱིས་བོད་སྐད་བྱང་ཆུབ་པར་སྨྲ་ཤེས་པ་དང། ཁོ་ཚོའི་སྐད་ཆ་དང་ཡུལ་སྲོལ་ལས་བོད་ཀྱི་ཆ་ལུགས་ག་ས་གང་དུ་འདྲེས་ཡོད་པ་ནས་ཀྱང་ལོ་རྒྱུས་རྒྱབ་ལྗོངས་དེ་བདེན་དཔུང་བྱེད་ཐུབ། དེ་བས་བདག་ལ་སྐུལ་སློང་ཞིག་ཐེབས་པ་ནི་ས་མིང་འདི་རིགས་ལ་ཐོག་མར་རྒྱ་ཡིག་ལ་ར་སྤྲོད་བྱ་པའི་འགོ་ནས་བཟུང་གང་སྐད་ལ་འཇུག་པ་རིགས་པས་སྒྲུབ་ན་ད་ལྟའི་ཚུལ་བཞིན་ཉོག་དྲ་མི་འབྱུང་ཞིང་། ཞིབ་འཇུག་པ་རྣམས་ཀྱིས་དེའི་སྐོར་ཀྱི་རིག་གཞུང་གྲུབ་འབྲས་རྒྱ་ཡིག་གི་ལམ་ནས་དེབ་ཚགས་སོགས་སུ་སྤེལ་ན་གཞན་རིགས་རྣམས་ཀྱིས་ཀྱང་ཀློག་ཐུབ་པས་གང་གི་གནས་ལུགས་ལ་དཔྱད་པ་གཏོང་ཆོགསྤྱིར་སོག་སྐད་སྟེང་ནས་འགྲེལ་རྒྱག་ཚུལ་དེ་འདྲ་བྱང་བ་ཁག་པོ་མི་འདུག་མོད། བོད་སྐད་ཀྱིས་ཀྱང་རྒྱ་ཡིག་ཐད་ཀྱི་དེའི་ནོར་འཁྲུལ་གྱི་རྗེས་སུ་འབྲངས་ན་ལུགས་དང་མི་མཐུན་ནོ།།།།