ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་མིག་མངས་སྒྱུ་རྩལ་མྱུར་སྐྱོབ་དང་འཛིན་སྐྱོང་བྱེད་པའི་སྐོར་གྱི་བསམ་གཞིགས།

སྤེལ་དུས 2018-12-13 ཡོང་ཁུངས། གཅོད་པ་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས། རྩོམ་པ་པོ། གཅོད་པ་དོན་གྲུབ།
            བོད་གངས་ཅན་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་མིག་མངས་སྒྱུ་རྩལ་ནི།  གནའ་དེང་གངས་ལྗོངས་ཡུལ་དུ་འཚོ་བཞུགས་གནང་བའི་བོད་པའི་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་མང་པོའི་དབུས་སུ་མེད་དུ་མི་རུང་བའི་རིག་གནས་རྩ་ཆེན་ཞིག་ཡིན་ལ།   དེ་ཡང་ཆེ་བ་བོད་པའི་བཙན་པོ་རིམ་བྱོན་དང་།  མཁས་དབང་རིམ་བྱོན།  ཆུང་བ་ཞིང་ཕྱུག་ལས་ལ་གཉེར་བའི་རོང་འབྲོག་འབངས་མི་དང་།  ཐ་ན་བུད་མེད་དང་བྱིས་པ་རྣམས་ཀྱིས་ཀྱང་རྒྱུན་ཏུ་སྤྲོ་རྩེད་ཆེ་བའི་སྒྱུ་རྩལ་ཁྱད་པར་ཅན་ཞིག་ཡིན།   རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བཀོལ་སྤྱོད་མྱོང་བའི་རྡོའི་མིག་གཞོང་རྒྱལ་པོའི་སྐུ་མཁར་ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་གནའ་ཤུལ་ནས་རྙེད་པ་ནས་བརྩིས་ན། བགྲང་བྱ་གཅིག་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ནོ། །   
            དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་བོད་རིགས་སྲོལ་རྒྱུན་གྱི་མིག་མངས་ཏེ།  མེད་པ་ནས་ཡོད་པར་ཆགས་པ་དང་ཡོད་པ་ནས་རིམ་བཞིན་རྒྱ་ཇེ་ཆེར་གྱུར་ཏེ་བོད་ཁུལ་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་པར་མཆིས་ཤིང་། ད་ལྟ་ངེད་ཅག་གིས་མདོ་དབུས་ཁམས་གསུམ་དུ་ནང་དོན་ཕུན་སུམ་ཚོགས་ཤིང་རྩེད་ཐབས་སྣ་མང་འདུས་པའི་མིག་མངས་ཀྱི་རིགས་ལ་ཡང་གང་མང་ཡོད་པ་མཐོང་འདུག་དཔེར་ན། བཅིར་འགྱིག① དགུ་འགྱིག   ཡང་ན། 14X14ཅན་དང་།  17X17ཅན།    19X19ཅན་གྱི་མིག་མངས་ཀྱང་མང་པོ་ཡོད་པ་སུས་ཀྱང་མཐོང་པ་བསྙོན་དུ་མེད།   བོད་པའི་མིག་མངས་ཞིབ་འཇུག་གནང་མཁན་གྱི་རྒྱལ་སྤྱིའི་མཁས་པ་དང་རྒྱལ་ནང་གི་མཁས་པ་རྣམས་ཀྱིས་ཞིབ་འཇུག་གནང་བ་ལྟར་ན།  བོད་རིགས་ཀྱི་མིག་མངས་སམ་འགྱིག་ནི་རྒྱལ་སྤྱི་དང་རྒྱལ་ནང་གི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མིག་མངས་ལ་སྔོན་ཐོན་ཡིན་པར་གདེང་འཇོག་མཐོན་པོ་གནང་འདུག  
            ཡིན་ནའང་། རང་རེའི་ཡུལ་ཁམས་འདི་བཅིངས་པ་ལས་གྲོལ་རྗེས། ལྷག་པར་དུ་དུས་སྐབས་གསར་བའི་ཚོང་རའི་དཔལ་འབྱོར་གྱི་གནས་ཚུལ་གསར་བ་དང་འགན་ཁུར་གསར་བའི་འོག་ཏུ།  དེང་རབས་ཀྱི་རིག་གནས་གསར་བ་དང་འཕྲུལ་ཆས་སྣ་མང་གིས་མི་རྣམས་ཀྱི་བློ་རིག་འཕྲོག་པ་ལྟར།  མི་རིགས་རང་གི་སྲོལ་རྒྱུན་རིག་གནས་འདི་འཛིན་སྐྱོང་དང་མཐོང་ཆེན་བགྱིད་པ་སྣང་མེད་དུ་བསྐྱུར་བ་དང་།  ཡང་ན་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ལ་སྣུམ་ཟད་ཀྱི་མར་མེ་བཞིན་ཉམས་ལ་ཉེ་བ་དང་འཇིག་པར་ཉེ་བར་གྱུར་འདུག དཔེར་ན།  ངེད་ཅག་གིས་རྟོག་དཔྱོད་བྱས་པ་ལྟར་ན་མཚོ་སྔོན་པོའི་ཁོར་ཡུག་གི་འབྲོག་པ་མང་པོ་ལས་རང་ལོ་བཞི་བཅུ་མན་གྱི་འབྲོག་པས་མིག་མངས་མང་ཆེ་ཤས་རྩེ་མི་ཤེས་ཤིང་།  བྱིས་པ་དང་བུད་མེད་ལ་མཚོན་ན་མིག་མངས་སམ་འགྱིག་ཅེས་པ་བོད་རང་གི་སྲོལ་རྒྱུན་སྒྱུ་རྩལ་ཞིག་ཡིན་པ་ཡང་མི་ཤེས་པ་རེད།  གལ་ཏེ་ངེད་ཅག་གིས་མིག་མངས་སམ་འགྱིག་འདི་ཉམས་པ་སོར་ཆུད་དང་མ་ཉམས་པ་འཕེལ་རྒྱས་སུ་བཏང་སྟེ། འཛིན་སྐྱོང་སྤེལ་གསུམ་ལེགས་པོ་ཞིག་མ་བྱས་ན། མི་འགྱངས་པར་མིང་གི་ལྷག་མ་ཙམ་དུ་འགྱུར་རྒྱུ་ནི་གདོན་མི་ཟའོ། །  
            དེ་ཡང་ཏང་གི་ཚོགས་ཆེན་བཅུ་དྲུག་ཐོག་ཏུ་རིག་གནས་ཤུལ་བཞག་དང་ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་གལ་ཆེན་དག་མྱུར་སྐྱོབ་དང་སྲུང་སྐྱོང་།རྒྱུན་འཛིན་བྱ་རྒྱུ་ནི་ལས་དོན་གལ་ཆེན་ཞིག་ཏུ་བཞག་ནས་འཆར་གཞི་བཟོས་ཡོད་ཅིང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རང་རྒྱལ་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བགྱི་བའི་སྐོར་ལ་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་》ཞེས་པའི་ཡིག་ཆ་གལ་ཆེན་སྤེལ།  ཡིག་ཆ་གལ་ཆེན་འདི་དག་གཅིག་རྗེས་གཉིས་མཐུད་དང་སྤེལ་བ་འདིས།  བོད་ཁུལ་ཡོངས་ཀྱི་ལོ་རྒྱུས་རིང་བའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གམ་གཟུགས་མེད་ཀྱི་རིག་གནས་ཤུལ་བཞག་འདི་དག་མྱུར་སྐྱོབ་དང་འཛིན་སྐྱོང་བགྱི་བའི་ཐད་ལ་ཕན་འབྲས་བསམ་གྱིས་མི་ཁྱབ་པ་ཐོན་འདུག  མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་གྱི་རྩ་འཛུགས་ཀྱིས་ཀྱང་《དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བགྱི་བའི་འཆིང་ཡིག》ཅེས་སྤེལ་བས་ཀྱང་འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོའི་རིག་གནས་ཤུལ་བཞག་རྩ་ཆེན་དག་མྱུར་སྐྱོབ་དང་འཛིན་སྐྱོང་བྱ་བའི་ཐད་དུ་བླང་བྱ་ནན་མོ་བཏོན་པ་འདིར་རྒྱང་རིང་གི་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད།   
            ངེད་ཅག་རྣམས་ཀྱིས་ཤེས་གསལ་ལྟར། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྩ་ཆེན་ནི།  མི་རིགས་ཤིག་གི་སྙིང་སྟོབས་དང་བརྩེ་སེམས་འཆིང་བའི་མཚོན་རྟགས་གཙོ་བོ་ཞིག་ཡིན་ལ།  རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་ཀ་རྡོ་ལྟ་བུའི་རྨང་གཞི་དང་།   མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན་ཟེར་ཆོག   ཡིན་ནའང་འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་དང་དེང་རབས་ཅན་གྱི་འཛུགས་སྐྲུན་སྣ་མང་སྤེལ་བའི་གོ་རིམ་ཁྲོད།  དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྟེན་གཞི་དང་ཁོར་ཡུག་བཅས་པ་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་།  འབངས་མིའི་འཚོ་བའི་སྤྱོད་ཐབས་དང་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་བཅས་ཀྱང་འགྱུར་ལྡོག་བློ་ཡིད་ལས་འདས་པ་བྱུང་སྟབས། བགྲང་བྱ་སྟོང་ཕྲག་དུ་མའི་སྔོན་ལ་དར་བའི་སྲོལ་རྒྱུན་གྱི་རིག་གནས་སྐོར་ཞིག་ཉམས་དང་ཉམས་བཞིན་མཆིས།   དེ་བས་ངེད་ཅག་གིས་བློ་སེམས་འགྱུར་མེད་ཀྱིས་ལོ་རྒྱུས་ཀྱི་འགན་ལྕི་འདི་ཕྲག་ཏུ་འཁུར་རྒྱུ་ནི་སྨྲས་མ་དགོས་པའི་འོས་འགན་ནོ། །  
            ད་ལྟ་ངེད་རྣམས་ཀྱི་མིག་གི་དགའ་སྟོན་དུ་གྱུར་བའི་མིག་མངས་ནི། གནའ་བའི་ལོ་རྒྱུས་ཡིག་ཆ་ལས་བསྟན་པ་ལྟར་ན། བོད་གནའ་རབས་ཀྱི་མོ་དང་རྩིས་ཀྱི་ཆོ་གའི་ཁྲོད་དུ་བྱུང་བའི་སྒྱུ་རྩལ་ཞིག་ཡིན་ཟེར་ཞིང་། དེ་ཡང་ཐོག་མར་རྒྱལ་པོའི་ཕོ་བྲང་ནས་དར་ཞིང་རིམ་གྱིས་དམངས་ཁྲོད་ཀྱི་འབངས་མིའི་ཁྲོད་དུ་དར་ཁྱབ་བྱུང་། མིག་མངས་ནི་སྤྲོ་རྩེད་ཙམ་ལ་རོལ་བ་མིན་པར། དེའི་ནང་ནས་བོད་ཀྱི་རིག་གནས་ཀྱི་སྣ་ག་མི་ཉུང་བ་བསགས་ཤིང་འདུས་ཡོད།   དེ་ནི་ཀྲུང་གོའི་རྒྱ་མིའི་མིག་མངས་“བེ་ཆི་”ཟེར་བའི་བྱུང་འཕེལ་ལ་འབྲེལ་བ་དམ་པོ་མཆིས་ལ།   མདོ་དབུས་མཐོ་སྒང་བོད་ཀྱི་ཁྱད་འཕགས་ཅན་དང་གསང་བའི་རིག་གནས་ཀྱང་ནང་དུ་འདུས་འདུག  དཔེར་ན།  རྒྱའི་《ཐང་ཡིག》ཅེས་པ་ལས། བོད་པ་རིག་མངས་རྩེད་པར་སྤྲོ་བ་ཤིན་ཏུ་ཆེ་ཞེས་བཀོད་ཡོད། བོད་ཀྱི་གནའ་དཔེ་མང་པོ་ལས་རྒྱལ་པོའི་ཕོ་བྲང་དུ་མིག་མངས་རྩེ་བའི་སྲོལ་དང་དར་ཁྱབ་པའི་ལོ་རྒྱུས་ཀྱང་བཀོད་པ་སུས་ཀྱང་མཐོང་བ་ལྟར་རོ། །  
            ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ནང་དུ་གླིང་གེ་སར་རྒྱལ་པོ་དང་བློན་པོ་སོགས་ལྷན་དུ་མིག་མངས་རྩེ་བའི་ལོ་རྒྱུས་གང་མང་བཀོད་འདུགདཔེར་ན།  《ཧོར་གླིང་གཡུལ་འགྱེད》སྟོད་ཆ་ལས།  དེ་ཡང་ཉིན་རེ་བཞིན་ལྕགས་ར་རྩེ་དགུའི་ཡང་སྟེང་དུ་བཞུགས་གདན་བཀོད་ཅིང་བློན་པོ་ཕྱིང་སྔོན་ཅན་དང་དཔོན་གཡོག་གཉིས་ནས། ཤོ་མིག་མངས་ཀྱི་སྐུ་རྩེད་ལ་ཉི་མ་ཅི་འཁྱོལ་མཛད་ཅིང་ཡོད་པར། དེའི་ནངས་མོ་རྒྱལ་པོ་སེང་ཆེན་དེ་ཉིད་དང་། བློན་པོ་ཕྱིང་སྔོན་གཉིས་མིག་མངས་རྩེ་བར་ཆས་ནས་རས་གཞིའི་སྟེང་དུ་རྡེའུ་རེ་རེ་ཙམ་རྒྱག་གིན་ཡོད་པར། ཁྲུང་ཁྲུང་གསུམ་གྱིས་གྲལ་བསྒྲིགས་ནས་ལྡིང་བསྐོར་བརྒྱབ་པའི་གྲིབ་མ་ནག་ཡེར་གྱིས་བྱུང་བ་དང་མཉམ་དུ་བྱ་བྲུན་གཅིག་བཏང་བ་རས་གཞི་དེའི་སྟེང་དུ་རླངས་པ་ཕྱུར་རེ་བྱུང་། ཞེས་གེ་སར་རྒྱལ་པོ་དང་བློན་པོ་ཕྱིང་སྔོན་གཉིས་ཀྱིས་བདུད་ཡུལ་ནས་ཉིན་རེར་ཤོ་མིག་མངས་སྐུ་རྩེ་ཀྱི་གནས་ཚུལ་དང་།    མིག་གཞོང་རས་གཞིའི་རྡེའུ་རེ་རེ་ཙམ་འཇོག་གིན་འདུག་པའི་སྣང་བརྙན་དག་གསལ་བོར་ཞིབ་འབྲི་གནང་འདུག  ད་དུང་བོད་ལྗོངས་ཆབ་མདོ་དང་ཁམས་སྡེ་དགེ་གཉིས་ཀྱི་ས་མཚམས་ཀྱི་རྡོ་ཕ་བོང་ཞིག་གི་སྟེང་དུ་འགྱིག་གཞོང་བསྐོས་ཡོད་ལ། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་དང་རྨ་ལྷོའི་དགུ་རོང་ཁོག་བཅས་སུ་ཡང་གེ་སར་རྒྱལ་པོའི་མིག་མངས་རྩེ་ཤུལ་ཡིན་ཞེས་འགྱིག་རྡོའམ་རྡོའི་མིག་གཞོང་མཐོང་དུ་ཡོད་པ་མ་ཟད།   ངག་རྒྱུན་ཡང་ཉན་ན་འདོད་ཅིང་ཡིད་དབང་འགུག་པ་མང་པོ་མཆིས།   འདི་ནས་ངེད་རྣམས་ཀྱིས་བོད་གངས་ཅན་གྱི་མིག་མངས་སྒྱུ་རྩལ་ལོ་རྒྱུས་རིང་ཞིང་དར་ཁྱབ་ཆེ་བ་གསལ་བོར་ཤེས་ཐུབ།   
            དེ་རིང་ཡང་མདོ་དབུས་ཁམས་གསུམ་གྱི་མཐའ་ཡས་རྩྭ་ཐང་ཡངས་པའི་ཕྱུག་རྫི་རྒན་པོ་དང་། ཁོད་སྙོམས་སྔོ་ལྗང་ལྡན་པའི་ཞིང་ཁར་ཞིང་བ་རྒན་པོ་ཚོ་རང་རང་ཡུལ་དུ་ལྷན་དུ་ཚོགས་ཏེ།    རྡེའུ་དཀར་ནག་གིས་མིག་མངས་སམ་འགྱིག་བཏབ་ནས་རྒྱལ་ཕམ་འགྲན་པ་དང་སྤྲོ་རྩེ་ལ་རོལ་བ་འདི་མཐོང་བ་ཙམ་གྱིས་ཡིད་ལ་སྤྲོ་བ་འབུམ་གྱི་དཔལ་སྦྱིན་པའི་ཚོར་བ་རང་དབང་མེད་པར་ཤར་བ་ལྟར་རོ། །  
            བོད་ཀྱི་མིག་མངས་སྒྱུ་རྩལ་གྱི་འབྱུང་ཁུངས་ཀྱི་ཆ་ནས་བཤད་ན།   ད་ལྟ་མཁས་པ་མང་པོའི་བཞེད་པ་གཅིག་མཐུན་ཞིག་གཏན་ནས་ཡོང་བཞིན་མེད། དེ་ཡང་ཁ་ཅིག་གིས་བོད་ཀྱི་མིག་མངས་འདི་ཐོག་མ་རྒྱ་ནང་ནས་དར་ཞིང་རིམ་གྱིས་བོད་ཡུལ་དུ་ཁྱབ་པ་ཡིན་ཞེས་ལུང་དང་རིགས་པས་བསྒྲུབས། ཁ་ཅིག་གིས་འབྱུང་ཁུངས་བོད་ཡུལ་ཡིན་ལ།  བོན་པོའི་ཆོས་ལུགས་ཀྱི་རྩིས་དང་མོ་འདེབས་པ་བཅས་ལས་བྱུང་ཞེས་དཔྱད་གཏམ་བརྗོད་བཞིན་འདུག   ཡང་ཁ་ཅིག་གིས་བོད་ཡུལ་དང་རྒྱ་ཡུལ་གཉིས་ནས་མཉམ་དུ་དར་ཞིང་སྤེལ་བ་ཡིན་ཞེས་སྨྲས་སོ།།  
            བོད་ལྗོངས་གནའ་རྫས་སྔོག་འདོན་པས་གནའ་ཡི་བང་སོ་ནང་ནས་མིག་མངས་ཀྱི་རྡེའུ་དཀར་ནག་རྙེད་པ་ལྟར་ན།  མིག་མངས་འདི་རྡོ་ཆས་གསར་བ་སྐབས་སུ་དར་བ་ཡིན་པ་ཁོ་ཐག་བཅད།   མངའ་རིས་གུ་གེ་རྒྱལ་པོའི་རྒྱལ་ས་ནས་ཀྱང་ད་ལྟའི་མིག་མངས་ཀྱི་རེའུ་མིག་དང་མཐུན་པའི་རི་མོ་ཡོད་པའི་ས་རྡོ་རྙེད་བྱུང་།    
            ཏུན་ཧོང་གཏེར་ཡིག་ལས་བཀོད་པ་ལྟར་ན། བཙན་པོ་སྲོང་བཙན་སྒམ་པོས་ཡབ་གནམ་རི་སྲོང་བཙན་གྱི་བློན་ཆེན།  ཁྱུང་པོ་སྤུང་ཟད་སྲིད་རྩེ་ཞེས་པ་ཞིག་ཡོད་པ་ཆབ་སྲིད་དང་དམག་དོན་ལ་མཁས་པ་མ་ཟད།  མིག་མངས་རྩེད་པར་ཡང་ཤིན་ཏུ་མཁས་ཟེར། ཁོང་གིས་གཞུང་དོན་སྒྲུབ་ཞོར་དུ་མིག་མངས་རྩེ་པར་འགྲན་ཟླ་མེད་པར་སྐད།   འདིར་དཔྱད་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་ལ་མིག་མངས་སྒྱུ་རྩལ་དར་རྒྱ་ཆེ་བ་སུས་ཀྱང་ཤེས་ཐུབ་བོ། །  
            དུས་རབས་བཅུ་བདུན་པའི་སྐབས་སུ།  བོད་པའི་མིག་མངས་སྒྱུ་རྩལ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་དཔེ་དེབ་ཀྱང་བསྐྲུན་ཡོད།    དུས་རབས་བཅུ་དགུའི་སྐབས་སུ།   བོད་ཀྱི་སྐད་གྲགས་ཆེ་བའི་སྐར་རྩིས་པ་བསྟན་པ་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་མིག་མངས་སྒྱུ་རྩལ་གྱི་གཞུང་ལུགས་ཐད་དུ་དཔེ་དེབ་གསར་བ་བྲིས་ནས་སྤེལ།  དེས་ཀྱང་བོད་ཀྱི་མིག་མངས་སྒྱུ་རྩལ་གྱི་མ་ལག་འཐུས་ཚང་གཏོང་བར་ལག་རྗེས་མི་དམན་པ་བཞག་ཡོད།   
            གང་ལྟར་ཡང་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ལས་བསྟན་པ་ལྟར་ན།   བོད་པའི་མིག་མངས་སྒྱུ་རྩལ་ནི་བོད་ཡུལ་རང་ནས་བྱུང་ཞིང་དར་བར་གྱུར་བ་སུས་ཀྱང་བསྙོན་དུ་མེད།   མ་མཐའ་ཡང་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་སྐབས་སུ་མཆིས་པ་ལོ་རྒྱུས་ཀྱི་ཡིག་ཆ་ལས་གསལ་བོ་ཤེས་ཐུབ།  
            འགྱིག་གི་རྣམ་གྲངས་ཀྱི་ཆ་ནས་བཤད་ན།  བློ་གསལ་གྱི་རྩེད་ཆས་《ཀུན་དགའ་ནོར་བུའི་བང་མཛོད་》ལས་བསྟན་པ་ལྟར་ན་བོད་འགྱིག་གི་རྣམ་གྲངས་80ལྷག་ཡོད་པར་གསུངས་འདུག  དཔེར་ན།  གསེག་ཏའི་འགྱིག  མེ་མདའི་འགྱིག བཞི་འགྱིག བྱ་རྒོད་སྡོང་འགྱིག ཨ་ལོང་རྒྱབ་ཐུབ་འགྱིག ལྷམ་འགྱིག  མི་རྟག་རི་མོའི་འགྱིག རབ་ལྡན་སྒོ་བརྒྱད་འགྱིག དཔའ་བོའི་རྩེ་གསུམ་འགྱིག   རྡོ་རྗེ་རྒྱ་གྲམ་འགྱིག་བཅས་འགྱིག་གི་རྣམ་གྲངས་མང་པོ་བགྲང་རྒྱུ་ཡོད་དེ། འདི་དག་ད་ལྟ་མང་ཆེ་ཤས་དམངས་ཁྲོད་དུ་བཀོལ་སྤྱོད་ཤིན་ཏུ་ཉུང་།  ཐ་ན་མིང་གི་རྣམ་གྲངས་ཀྱང་ཤེས་མཁན་ཧ་ཅང་དཀོན་པོ་འདུག   འདི་ལས་གོ་ཐོས་ཉུང་བའི་འགྱིག་གི་རྣམ་གྲངས་མང་པོ་འདི་དག་ཉམས་དང་ཉམས་བཞིན་མཆིས་པ་གསལ་བོ་ཤེས་པས་ངེད་ཅག་གིས་འབད་པས་མྱུར་སྐྱོབ་ལེགས་པོ་མ་བྱས་ན་སླར་གསོ་བ་རྒྱུ་ཁག་པོ་འདུག  
            གངས་རིའི་ཡུལ་དུ་དར་བའི་བོད་པའི་མིག་མངས་སྒྱུ་རྩལ་ནི།  བགྲང་བྱ་སྟོང་ཕྲག་དུ་མར་སྲེག་བཅད་བརྡར་གསུམ་བརྒྱུད་པའི་གསེར་བཞིན་དུ་ཡང་ཡང་ལེགས་བཅོས་མང་པོ་བརྒྱུད་པར་བརྟེན། ད་ལྟ་མ་ལག་ཕུན་སུམ་ཚོགས་པ་ཞིག་གྲུབ་ཡོད། དེའི་མིག་གཞོང་གི་ཆ་ནས་བལྟས་ན། སྣ་མི་གཅིག་པ་བཅུ་ལྷག་ཅིག་ལ་སླེབས་འདུག་པ་དང་། མིག་མངས་རྩེ་ཐབས་ཀྱི་སྟེང་ནས་བལྟས་ན། མི་རྒན་གྱི་འགྲན་བསྡུར་དང་བྱིས་པའི་སྤྲོ་རྩེད་བཅས་སྣ་མང་འདུས་འདུག  མིག་མངས་ཀྱི་ཁྱབ་རྒྱའི་ཐད་དུ་བལྟས་ན། བོད་པའི་མིག་མངས་འདི་རྒྱ་རིགས་དང་ཧེ་རིགས། ས་ལར་རིགས། ཧོར་རིགས། སོག་རིགས་བཅས་མང་པོའི་ཡུལ་དུ་ཁྱབ་ཡོད་ལ།     མི་རིགས་མི་གཅིག་པ་དེ་དག་ཀྱང་སྤྲོ་བ་ཤིན་ཏུ་རྒྱས་པའི་དམངས་ཁྲོད་སྤྲོ་རྩེད་ཀྱི་བྱ་འགུལ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།  འདིའི་སྟེང་ནས་བལྟས་ན། བོད་པའི་མིག་མངས་སྒྱུ་རྩལ་ནི་ཉམས་པ་མེད་པའི་ཚེ་སྲོག་ཡོད་པ་གསལ་ལེར་མཚོན་ཐུབ། ཡིན་ནའང་བློ་ཕམ་པ་ཞིག་ནི་ད་ལྟ་མིག་མངས་རྩེ་མཁན་གྱི་མི་ཇེ་ཉུང་དང་ཁྱབ་རྒྱ་ཡང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་སུས་ཀྱང་ཤེས་གསལ་ལྟར་རོ།།   
            སྤྱི་ལོ་2005ལོའི་ཟླ་དྲུག་པའི་ནང་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་མིག་མངས་སྒྱུ་རྩལ་དུས་ཆེན་བསྡུས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་མིག་མངས་སྒྱུ་རྩལ་ལ་མཁས་པ་དང་སྤྲོ་བ་ཡོད་པའི་འགོ་ཁྲིད་སྐོར་ཞིག་གདན་འདྲེན་ཞུས་ནས་དུས་ཆེན་ལ་ཞུགས།  བོད་རང་སྐྱོང་ལྗོངས་ཀྱི་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》གི་གཙོ་སྒྲིག་པའམ་བོད་ཀྱི་མིག་མངས་ལ་ཞིབ་འཇུག་གནང་མཁན་གྱི་ཆེད་མཁས་པ་ཟླ་བ་བཟང་པོ་ལགས་གདན་འདྲེན་ཞུས་པ་ལྟར་བདེ་ཆེན་ཁུལ་ལ་ཕེབས་ཏེ།   བོད་ཀྱི་མིག་མངས་སྒྱུ་རྩལ་སྐོར་ལ་མཁས་པ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་།  
            སྐབས་འདི་ཡི་མིག་མངས་དུས་ཆེན་བརྒྱུད་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་དང་རྒྱལ་སྤྱི་རྒྱལ་ནང་གི་མཁས་པ་རྣམས་ལ་བོད་པའི་མིག་མངས་སྒྱུ་རྩལ་ཀྱི་ཁྱད་ཆོས་དང་རིན་ཐང་ཁྱབ་བསྒྲགས་བྱས་ཤིང་། མིག་མངས་སྒྱུ་རྩལ་འདི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཁྲོད་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་།  
            སྤྱི་ལོ་2006ལོའི་ཟླ་བརྒྱད་པར།    མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་ཐུགས་ཁུར་གནང་བ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐོང་ཆེན་གནང་བར་བརྟེན།   ངེད་ཅག་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་རྣམས་ཀྱིས་བརྩོན་འགྲུས་ལ་བརྟེན་ནས།   བོད་ཁུལ་གྱི་མིག་མངས་སྒྱུ་རྩལ་སྔོག་འདོན་དང་མྱུར་སྐྱོབ།  སྲུང་སྐྱོང་བྱ་བ་ལེགས་འཛིན་བགྱིས་པ་བཅས་ཐད་དུ་གྲུབ་འབྲས་ཀྱང་མངོན་གསལ་བླངས་བྱུང་།   དེ་ཡང་གནའ་མཁར་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་དམངས་ཁྲོད་མིག་མངས་སྒྱུ་རྩལ་འགྲན་བསྡུར་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་པ་འདི་ནི།   ལོ་འཁོར་སྟོང་ཕྲག་དུ་མར་བརྒྱུད་ཡོང་བའི་སྲོལ་རྒྱུན་ཏེ་དངོས་པོ་མ་ཡིན་པའི་རིག་གཞུང་ཤུལ་བཞག་འདི་དག་དུས་རབས་ཉེར་གཅིག་པར་ཡང་བསྐྱར་གསར་དུ་སོས་པའི་སྐལ་བ་ལྡན་པར་བཅུག་ཅིང་།  དེ་ཡང་སྲོལ་རྒྱུན་ལེགས་པོ་འདི་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་ཁྱབ་སྒྲོག  རྒྱ་ཆེར་དར་སྤེལ་བཏང་སྟེ།  བོད་རིགས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རིག་གནས་འཚོ་བའི་དགོས་མཁོ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།   མི་དམངས་མང་ཚོགས་ཁྲོད་དུ་ཇ་དང་འོ་མ་བཞིན་འདྲེས་འདུག་པའི་དམངས་ཁྲོད་རིག་གནས་ཀྱི་ཆུ་སྐྱེས་ཆུན་པོ་འདི་དུས་ནམ་ཡང་བཞད་ཐུབ་པའི་ཕྱོགས་སུ་འབད་འབུངས་བགྱི་བའི་གོམ་པ་དང་པོ་སྤོས་ཐུབ་པར་གྱུར།  
གཤམ་དུ་ལོ་རྒྱུས་རིང་བའི་བོད་པའི་མིག་མངས་སྒྱུ་རྩལ་མྱུར་སྐྱོབ་དང་འཛིན་སྐྱོང་བྱེད་པའི་ཐད་ལ་ལྟ་ཚུལ་འགའ་བརྗོད་ན་འདི་ལྟ་སྟེ།  
            གཅིག   གངས་ཅན་བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་མཁས་དབང་རྣམས་ཀྱིས་རང་རེའི་བོད་ཀྱི་སྲོལ་རྒྱུན་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་དག་ཀྱང་ཞིབ་འཇུག་གི་རྣམ་གྲངས་སུ་བཞག་སྟེ།  མ་དངུལ་གྱི་གཏོང་ཕོད་ལྡན་པར་བཏང་སྟེ་ནན་བཅགས་ཀྱིས་འཚོལ་སྡུད་དང་ཞིབ་འཇུག་བརྒྱུད་ནས།   མྱུར་སྐྱོབ་དང་འཛིན་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེ། ད་ལྟ་ངེད་ཅག་གི་མིག་ལམ་དུ་ཉམས་ལ་ཉེ་བའི་སྲོལ་རྒྱུན་གྱི་ཤུལ་བཞག་རིག་གནས་འདི་དག་མྱུར་སྐྱོབ་དང་སྲུང་སྐྱོང་ལེགས་པོ་མ་གནང་ན་རྒྱལ་ཁབ་དང་མི་རིགས་རང་ལ་གྱོང་གུད་ཆེན་པོ་རེག་ངེས།   དེ་བས་འབྲེལ་ཡོད་ཀྱི་མཁས་པ་བགྲེས་གཞོན་ཚོས་བོད་ཡིག་དང་རྒྱ་ཡིག་དབྱིན་ཡིག་བཅས་ཀྱི་སྤེལ་ལམ་སྤྱད་དེ་འཚམས་སྦྱོར་གྱི་རྩོམ་ཡིག་དང་ཞིབ་འཇུག་དཔྱད་རྩོམ།  ཞིབ་འཇུག་དཔེ་དེབ་བཅས་དཔར་ནས་རྒྱ་ཆེར་སྤེལ་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་བ་བཅས་ཀྱི་ལས་དོན་ལ་འབད་དགོས་པ་ལགས།  
            གཉིས།   བོད་རིགས་ས་ཁུལ་གྱི་འབྲེལ་ཡོད་སྲིད་གཞུང་དང་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཏེ་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གམ་གཟུགས་མེད་རིག་གནས་ཐམས་ཅད་འཛིན་སྐྱོང་སྤེལ་གསུམ་སླད་དུ་ལོ་རེའི་ཞིང་ལྗོངས་སྲིད་གཞུང་གི་རིག་གནས་ལྗོངས་རྒྱུའི་དུས་ཆེན་སྐབས་སུ།   བོད་ཀྱི་མིག་མངས་སྒྱུ་རྩལ་ཡང་དུས་ཆེན་གྱི་འགྲན་བསྡུར་རྣམ་གྲངས་སུ་བཞག་སྟེ་གཙིགས་ཆེན་གནང་དགོས་པ་དང་། དེ་བཞིན་ཁུལ་སོ་སོ་དང་རྫོང་སོ་སོ། ཞང་སོ་སོ། གྲོང་སྡེ་སོ་སོས་ཀྱང་མིག་མངས་འགྲན་རྩེད་ཀྱི་ལས་འགུལ་སྤེལ་ནས་མྱུར་སྐྱོབ་དང་འཛིན་སྐྱོང་བརྒྱུད་དེ་མིག་མངས་ཀྱི་མིག་གཞོང་མི་འདྲ་བ་དང་མིག་མངས་ཀྱི་རྩེ་ཐབས་མི་འདྲ་བ་ཐམས་ཅད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་ཉམས་མྱོང་བརྗེ་རེས་བཅས་བྱས་ཏེ་མིག་མངས་སྒྱུ་རྩལ་རྒྱ་ཆེར་དར་སྤེལ་གཏོང་དགོས།  
            གསུམ། ངེས་པར་དུ་བོད་ཀྱི་མིག་མངས་སྒྱུ་རྩལ་མྱུར་སྐྱོབ་དང་འཛིན་སྐྱོང་མ་བྱས་ན་མི་ཆོག་པའི་དྲིལ་སྒྲོག་བྱ་བ་དམ་འཛིན་བྱེད་དགོས།  མི་རིགས་སྲོལ་རྒྱུན་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དག་མྱུར་སྐྱོབ་བྱ་རྒྱུའི་ཐད་ཏང་དང་རྒྱལ་ཁབ་ཀྱིས་ཡིག་ཆ་གལ་ཆེན་གང་མང་བཏང་ཡོད། ངེད་ཅག་གིས་ཐོབ་པར་དཀའ་བའི་གོ་སྐབས་འདི་དམ་འཛིན་མ་བྱས་ན་ཕྱིས་སུ་བློ་འགྱོད་ཟད་ཐབས་མེད་པ་ཞིག་སྐྱེས་ཡོང་། དེ་བས་ངེད་ཅག་བོད་པ་རྣམས་ཀྱིས་ངོས་འཛིན་མཐོར་འདེགས་བཏང་ནས་གང་ས་གང་དུ་ངག་ཐོག་དང་ཡིག་ཐོག་ཏུ་མིག་མངས་མྱུར་སྐྱོབ་ཀྱི་གལ་ཆེན་རང་བཞིན་དྲིལ་སྒྲོག་བ་རྒྱུ་ཤིན་ཏུ་གལ་ཆེ།  ཁྱད་པར་དུ་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར་དུས་དེབ་བཅས་བརྒྱུད་ནས་དྲིལ་སྒྲོག་ཡང་ཡང་གནང་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ།  རྒྱུ་མཚན་ཡང་གཅིག་ནི་སྲིད་གཞུང་གི་ཚབ་ཐུབ་པ་དང་།  གཉིས་ནི་དྲིལ་སྒྲོག་གི་ཁྱབ་ཆེ་བས་སོ།།   
            གཞན་ཡང་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་གཞི་རིམ་གྱི་མིག་མངས་ལ་མཁས་པའི་ཞིང་བ་རྒན་པ་དང་འབྲོག་པ་རྒན་པ་དག་གདན་དྲངས་ཏེ་བརྙན་འཕྲིན་དང་རླུང་འཕྲིན་བཅས་སུ་མིག་མངས་ཀྱི་ལོ་རྒྱུས་དག་བརྒྱུད་སྒྲོག་བྱེད་པར་འཇུག་པ་དང་།  སློབ་གྲྭ་ཆེན་མོ་དང་སློབ་འབྲིང་བཅས་སུ་ཡང་དགེ་སློབ་རྣམས་ལ་མིག་མངས་ཀྱི་རྒྱུན་ཤེས་ཐད་ཀྱི་སློབ་ཁྲིད་བྱེད་དུ་བཅུག་ན་ཅི་མ་རུང་།  
            སྤྱིར་ན་ཉམས་ལ་ཉེ་བའི་སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ཅིག་མྱུར་སྐྱོབ་གནང་སྟེ་སྔོན་མ་དང་མཚུངས་པའི་འཕེལ་རྒྱས་ཤིག་ཡོང་རྒྱུ་ནི། ཧ་ཅང་ལས་སླ་མོ་ཞིག་མིན་པ་སུས་ཀྱང་མཁྱེན་གསལ་ལྟར་རོ།  །བྱ་དངོས་གང་ཡང་དར་བ་དཀའ་ཡང་ཉམས་པ་སླ་བ་ནི་ཆོས་ཉིད་ཅིག་གོ།   ཡིན་ཡང་ངེད་ཅག་ཐམས་ཅད་ཀྱིས་བློ་སེམས་གཅིག་བསྒྲིལ་གྱིས་འབད་འབུངས་ལྷོད་མེད་དང་།   སྙིང་རུས་ཆེར་བསྐྱེད་ན་རང་རེའི་འོད་ཟེར་ལྡན་པའི་བོད་པའི་མིག་མངས་སྒྱུ་རྩལ་འདི་ཉམས་པ་སོར་ཆུད་ཐུབ་ཅིང་།  ཡུན་ནས་ཡུན་དུ་དར་རྒྱས་ཡོང་བར་ཡིད་ཆེས་བརྟན་པོ་མཆིས་སོ།།   
མཆན་འགྲེལ།  
            ① འགྱིག  འགྱིག་དང་མིག་མངས་ཀྱི་དབྱེ་བ་སྟེ།  ཨ་མདོ་དམངས་ཁྲོད་དུ་འགྱིག་འདི་དང་མིག་མངས་འདི་ཡིན་ཞེས་དབྱེ་བ་མེད་ལ།  འགྱིག་གམ་མིག་མངས་ཡོད་ཚད་ལ་འགྱིག་ཅེས་འབོད་པ་མ་གཏོགས་མིག་མངས་ཞེས་འབོད་སྲོལ་ཆགས་མེད། ཡིན་ནའང་ཡིག་ཐོག་ཏུ་མིག་མངས་ཞེས་འབྲི་སྲོལ་ཡོད།   
            ཁོ་བོའི་བསམ་པར། ཨ་མདོ་དམངས་ཁྲོད་དུ་མིག་མངས་ཞེས་འབོད་སྲོལ་ཆགས་མེད་ན་ཡང་། འགྱིག་དང་མིག་མངས་གཉིས་བར་དུ་དབྱེ་བ་གསལ་བོ་མཆིས། དེ་ཡང་འགྱིག་ཅེས་པ་ཉ་འགྱིག་དང་། རྒྱལ་པོ་དང་བློན་པོའི་འགྱིག སྤྱང་ཀི་དང་ལུག་གི་འགྱིག བཙིར་འགྱིག་བཅས་ལ་ཟེར་བ་དང་།   མིག་མངས་ཞེས་པ་དྲུག་འགྱིག་དང་བདུན་འགྱིག་དགུ་འགྱིག་ཅེས་པ་རེའུ་མིག་གྲུ་བཞི་ཅན་ལ་ཟེར་བ་ཡིན།  གཤམ་དུ་འགྱིག་དང་མིག་མངས་ཀྱི་དབྱེ་བ་ཇི་ལྟར་ཡིན་པ་འགྱིག་གཞོང་གི་རིགས་ལས་གསལ་བོ་ཤེས་ཐུབ།  
ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།   
            1.《རྒྱལ་རབས་གསལ་བའི་མེ་ལོང་》བསོད་ནམས་རྩེ་མོས་བརྩམས།   
            2.《ཟླ་བ་བཟང་པོའི་ཆེད་རྩོམ་ཕྱོགས་བསྒྲིགས་》ཟླ་བ་བཟང་པོས་བརྩམས།   
            3.《ཧོར་གླིང་གཡུལ་འགྱེད་》སྟོད་སྨད་ཆ། སྒྲུང་དཔེ།   
            4.《བདུད་འདུལ་》སྒྲུང་དཔེ།  
            5.《བོད་མིའི་དྲ་ཚིགས་》རྒྱ་ཡིག་གི་དྲ་ཚིགས།   
            6.རྒྱའི་《ཐང་ཡིག་》   
            7.《ཏུན་ཧོང་གཏེར་ཡིག》   
            8.《འགྱིག་གི་རྣམ་བཞག་དང་དེའི་ཁྱད་ཆོས་མདོར་བསྡུས་སུ་བཤད་པ་》ཏིང་འཛིན་བཀྲ་ཤིས་ཀྱིས་བརྩམས།