ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་སྟེང་བྱུང་བའི་ཚད་མ་གསར་རྙིང་གི་སྐོར་ཅུང་ཙམ་བརྗོད་པ།

སྤེལ་དུས 2019-01-08 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། དོ་རྒྱ་དབང་དྲག་རྡོ་རྗེ། འགྱན་སངས།
          [ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་སྟེང་བྱུང་བའི་ཚད་མ་རྙིང་མ་དང་ཚད་མ་གསར་མ་ཞེས་པའི་མིང་གི་བྱུང་ཚུལ་དང་རྔོག་བློ་ལྡན་ཤེས་རབ་བུ་སློབ་དང་བཅས་པས་ཚད་མ་གསར་མ་འཆད་ཉན་དང་དར་སྤེལ་ཇི་ལྟར་གཏོང་ཚུལ་སྐོར་གཙོ་བོར་བརྗོད་ཡོད། 
          [བརྡ་ཆད་གཙོ་བོ། ] རྔོག་བློ་ལྡན་ཤེས་རབ། ཚད་མ་རྙིང་མ། ཚད་མ་གསར་མ། [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]G08[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིབ།། ]1002 –946x(2015)03-076-12
          རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་བསྟུན་ནས་རྒྱ་གར་ནང་བསྟན་ཤེས་རིག་གི་རྩ་བར་འགྱུར་བའི་བཀའ་བསྟན་རིག་གནས་དང་རྒྱ་གར་གྱི་རིག་གནས་ཆེ་ཆུང་ལྔ་ལ་སོགས་པ་མདོ་དབུས་མཐོ་སྒང་དུ་དར་བ་དང་། དེ་དག་ལས་ཚད་མ་ནི་ནང་བསྟན་ཤེས་རིག་གི་གཞུང་ལ་འཇུག་པའི་ལྡེ་མིག་ལྟ་བུ་སྟེ། བོད་ཀྱི་དགོན་སྡེ་ཁག་ཏུ་ནང་བསྟན་ཤེས་རིག་གི་གཞུང་ལ་མ་ཞུགས་པའི་སྔོན་དུ་ཐོག་མར་ཚད་མའི་སྐོར་ལ་སྦྱོང་དགོས་པ་དང་། དོན་གྱི་འཁྲུལ་བ་གཅོད་པའི་ཚད་མ་ཞེས་ནང་བསྟན་རིག་གནས་གང་ལ་འཇུག་པའི་ཚེ་ཚད་མའི་རིག་ལམ་ལ་བརྟེན་ན་གཞུང་ཟབ་མོ་བདེ་བླག་ཏུ་རྟོགས་ཐུབ་ཅེས་སྔོན་གྱི་གཏམ་ལ་གྲགས་པ་དེ་ལྟར་ན། ཚད་མ་རིག་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཆེས་གལ་ཆེ་བའི་གོ་གནས་བཟུང་ཡོད་པ་རྟོགས་ཐུབ། ཚད་མ་ཞེས་གླེང་ཚེ་རྒྱ་གར་དུ་སློབ་དཔོན་ཕྱོགས་གླང་ཡབ་སྲས་དང་། བོད་དུ་རྔོག་བློ་ལྡན་ཤེས་རབ་དང་ཕྱ་པ་ཆོས་ཀྱི་སེང་གེ་རྣམ་གཉིས་མི་གླེང་ཀ་མེད་ཡིན། རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་གཞུང་བསྒྱུར་ཞིང་གཞུང་འགྲེལ་བརྩམས་པས། སྐབས་དེར་ཚད་མ་གསར་མ་ཞེས་པའི་མིང་དེ་བཏགས་པ་དང་། ཕྱ་པ་ཆོས་ཀྱི་སེང་གེས་བསྡུས་གྲྭའི་སྲོལ་བཏོད་ཅིང་བོད་ཀྱི་ཚད་མའི་རིགས་ལམ་གྱི་སྲོལ་འབྱེད་པར་གྱུར་བས། སྐབས་དེ་ཉིད་ནི་བོད་རང་གི་ཁྱད་ཆོས་ལྡན་པའི་ཚད་མ་རིག་པ་ཐོག་མར་བྱུང་བའི་དུས་ཡིན་པ་དང་། ཁོང་རྣམ་གཉིས་ཀྱི་ཚད་གཞུང་འཆད་ཉན་བྱེད་སའང་གསང་ཕུ་ནེའུ་ཐོག་ཡིན་པར་བརྟེན། གསང་ཕུ་ནེའུ་ཐོག་ལ་བོད་གངས་ཅན་གྱི་བཤད་གྲྭ་འབྱུང་བའི་ཆུ་འགོ་དང་མཁས་མང་འབྱུང་བའི་སྡེ་ཞེས་ཀུན་ལ་གྲགས་ཡོད། དེའི་ཕྱིར། བོད་ཀྱི་ཚད་མ་རིག་པའི་ལོ་རྒྱུས་བྱུང་འཕེལ་གླེང་བ་ལ་བོད་རང་གི་ཁྱད་ཆོས་ལྡན་པའི་ཚད་མ་ཐོག་མར་གང་དུ་བྱུང་བ་དང་། ཇི་ལྟར་བྱུང་བའི་སྐོར་བརྟག་དཔྱད་བྱེད་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན་པར་བརྟེན། འདིར་ཁོ་བོས་བོད་སིལ་བུར་འཐོར་བའི་སྐབས་སུ་ཚད་མ་གསར་རྙིང་གི་ཐ་སྙད་ཇི་ལྟར་བྱུང་བ་དང་དེའི་འཕེལ་རྒྱས་སྐོར་ཅུང་ཟད་ཙམ་འཆད་པ་ལ་འཇུག་པར་སྤྲོའོ།
          དང་པོ། རྔོག་བློ་ལྡན་ཤེས་རངབ་ཡར་སྔོན་གྱི་ཚད་མ་རྙིང་མའི་སྐོར།
          འདིར་བརྗོད་པའི་ཚད་མ་རྙིང་མ་ཟེར་བ་ནི་བོད་ཀྱི་ཚད་མ་དར་འཕེལ་ལོ་རྒྱུས་ལས་བྱུང་བའི་བརྡ་ཆད་ཅིག་སྟེ། 《དེབ་སྔོན་》ལས། “ཁྱད་པར་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་། དེའི་རང་འགྲེལ་དང་། ལྷ་དབང་བློའི་འགྲེལ་པ་དང་། ཤཱཀྱ་བློའི་འགྲེལ་བཤད་ལ་སོགས་པ་མང་དུ་བསྒྱུར་ཞིང་། འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་འདིར་ཡང་ཚད་མའི་འཆད་ཉན་བྱུང་ཞིང་། དེའི་ཚེ་ཁྱུང་པོ་གྲགས་སེ་ཞེས་བྱ་བ་མཁས་པར་གྲགས་པ་དེས་ཚད་མའི་བ ཤད་པ་མང་དུ་མཛད། དེ་དག་ལ་ཚད་མ་རྙིང་མ་ཞེས་ཟེར། ཕྱིས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནས་ཚད་མ་གསར་མར་གྲགས་པ་རྣམས་བྱུང་”①ཞེས་པ་ལྟར། གསང་ཕུ་དགོན་པའི་གདན་རབས་གཉིས་པ་རྔོག་བློ་ལྡན་ཤེས་རབ་ཡར་སྔོན་གྱི་བོད་ཀྱི་ཚད་མའི་གཞུང་རྣམས་ལ་ཚད་མ་རྙིང་མར་འབོད་པ་བཞིན། ཚད་མ་རྙིང་མ་དེ་ལའང་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་གཞུང་ལུགས་ཀྱི་ཁྱད་ཆོས་དུ་མ་ཡོད་པས་ན། འདིར་གསང་ཕུ་དགོན་དུ་དར་བའི་ཚད་མ་གསར་མ་ཇི་ལྟར་བྱུང་ཚུལ་མ་འཆད་པའི་སྔོན་ལ་ཚད་མ་རྙིང་མ་ཇི་ལྟར་བྱུང་བ་དང་དེ་ཉིད་འཆད་ཉན་ཇི་ལྟར་བྱེད་ཚུལ་སྐོར་མདོར་བསྡུས་སུ་བརྗོད་པར་བྱ་བ་ལ།
          བཙན་པོའི་སྐབས་སུ་རྒྱ་གཞུང་བོད་དུ་བསྒྱུར་ཏེ་འཆད་ཉན་ཐོག་མར་བྱུང་ཚུལ་སྐོར།
          བོད་བཙན་པོའི་སྐབས་རྒྱ་གར་གྱི་ནང་བསྟན་བོད་དུ་ནང་འདྲེན་བྱས་པ་དང་དུས་མཚུངས་ཚད་མ་རིག་པའང་རིམ་གྱིས་དར་སྤེལ་བྱུང་ཞིང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཁོང་གིས་ནང་བསྟན་ལ་སྦྱངས་པ་མཛད་དེ་རྒྱལ་བའི་མདོ་ཁོ་ནར་ཁུངས་གཏུགས་པའི་ཚད་མའི་བསྟན་བཅོས་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ》ཞེས་པ་མཛད་དེ། ཚད་མའི་རིགས་ཚུལ་ལ་བརྟེན་ནས་ཕྱི་པའི་གཞུང་བཀག་ཅིང་སངས་རྒྱས་གྱི་མདོ་ཡང་དག་པ་ཡིན་པར་བསྒྲུབས་ཡོད་པ་དང་།  དེ་མཚུངས་སུ། ལོ་ཙཱ་བ་རྣམས་ཀྱིས་བསམ་ཡས་སྒྲ་སྒྱུར་གླིང་དུ་རྒྱ་གར་གྱི་ཚད་མའི་བསྟན་བཅོས་ཁག་གཅིག་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་བཙུགས་པ་སྟེ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དམིགས་པ་བརྟག་པའི་རང་འགྲེལ་དང་། དམིགས་པ་བརྟག་པའི་འགྲེལ་བཤད། ཕྱི་དོན་གྲུབ་པ། གཏན་ཚིགས་ཐིགས་པ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ། རྒྱུད་གཞན་གྲུབ་པ། རྒྱུད་གཞན་གྲུབ་པའི་འགྲེལ་བཤད་བཅས་བོད་སྐད་དུ་བསྒྱུར་བ་དང་། བནྡེ་ནམ་མཁའ་དང་ཏིང་ངེ་འཛིན་བཟང་པོས་འབྲེལ་བ་བརྟག་པ་བསྒྱུར་བ་དང་། ཏིང་ངེ་འཛིན་བཟང་པོས་ཐོས་པ་བརྟག་པ། གཞན་སེལ་བརྟག་པ། དབང་ཕྱུག་འཇིག་པ་གྲུབ་པ། རིགས་པའི་སྦྱོར་བ་བཅས་བོད་སྐད་དུ་བསྒྱུར་བ་དང་།   བནྡེ་མཁས་འབྲེལ་བབརྟག་གི་རྒྱ་ཆེར་འགྲེལ་བ་བསྒྱུར། ལོ་ཙཱ་བ་བེེ་རོ་ཙ་ནས་རིགས་པ་གྲུབ་པའི་སྒྲོན་མེ་བསྒྱུར་བ་དང་། ཞང་ཡེ་ཤེས་སྡེས་རིགས་པའི་ཐིགས་པའི་དོན་བསྡུས་པ་དང་རིགས་ཐིགས་རྒྱ་ཆེར་འགྲེལ་བ་སློབ་མ་ལ་ཕན་པ་བོད་སྐད་དུ་བསྒྱུར་བ་བཅས་བསྟན་པ་སྔ་དར་གྱི་སྐབས་སུ་རྒྱ་གཞུང་ཁག་གཅིག་བོད་སྐད་དུ་བསྒྱུར་ནའང་། སྐབས་དེར་བོད་དུ་ཡོངས་ཁྱབ་ཏུ་གདོད་མའི་བོན་ཆོས་ཀྱི་རྨང་མཐུག་པ་དང་། གསར་དུ་ནང་འདྲེན་བྱས་པའི་སངས་རྒྱས་ཆོས་ཀྱི་རིང་ལུགས་འཛིན་པ་དང་བོན་པོ་གཉིས་དབར་འགལ་བའི་འཐབ་རྩོད་ཀྱང་ཧ་ཅང་ཛ་དྲག་ཆེ་བའི་རྐྱེན་གྱིས་ཚད་མའི་འཆད་ཉན་ཅུང་ཟད་ཙམ་ལས་རྐང་ཚུགས་ཐུབ་པ་ཞིག་མ་བྱུང་སྐད། སྐབས་དེར་བསྒྱུར་བའི་བསྒྱུར་ཆོས་ཀྱི་གྲངས་ཚད་དང་བསྒྱུར་གཞུང་གི་རྒྱས་བསྡུས་ཀྱི་སྟེང་ནས་བལྟས་ནའང་སྔ་དར་སྐབས་ཚད་མའི་འཆད་ཉན་དར་སྤེལ་ཤུགས་ཆེར་མ་བྱུང་བ་དཔོག་ཐུབ་པ་སྟེ། རྒྱ་གར་གྱི་ཚད་མ་གསར་མའི་གཞུང་གི་རྩ་བ་ལྟ་བུ་ཕྱོགས་གླང་གི་ཀུན་བཏུས་དང་ཆོས་གྲགས་ཀྱི་རྣམ་འགྲེལ་གཉིས་ལྟ་བུ་བསྒྱུར་མེད་པ་འདིའི་སྟེང་ནས་ཀྱང་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་ཚད་མའི་ཐོག་མའི་འཆད་ཉན་གྱི་ངང་ཚུལ་ལ་ཤེས་རྟོགས་བྱེད་ཐུབ། ཕྱིའི་སྤྱི་ལོ་དུས་རབས་དགུ་པའི་དུས་དཀྱིལ་ཏེ། འུ་དུམ་བཙན་པོའི་སྐབས་སངས་རྒྱས་ཆོས་ལུགས་ཀྱི་དར་འཕེལ་ལ་འགོག་རྐྱེན་ཐེབས་པ་དང་དུས་མཚུངས་སུ་ཚད་མའི་འཆད་ཉན་ཡང་རྒུད་པའི་ཕྱོགས་སུ་གོམ་པ་བགྲོད་འགོ་བརྩམས་ཤིང་། དཔལ་འཁོར་བཙན་གྱི་སྐབས་བོད་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་བ་ནས་དབུས་གཙང་གི་ཕྱོགས་འདིར་ཚད་མའི་འཆད་ཉན་གྱི་རྒྱུན་རྩ་ཆད་དུ་སོང་བ་རེད།
          ཕྱི་དར་སྐབས་སུ་ཚད་མ་རྙིང་མ་ཇི་ལྟར་འཆད་ཉན་བྱ་ཚུལ་སྐོར།
          བོད་སིལ་བུར་འཐོར་བའི་དུས་ནས་བཟུང་དབུས་གཙང་གི་ཕྱོགས་སུ་ཚད་མའི་འཆད་ཉན་གྱི་རྒྱུན་ཉམས་པར་གྱུར་ནའང་། རིམ་གྱིས་མངའ་རིས་སྟོད་དང་མདོ་ཁམས་སྨད་དུ་བསྟན་པའི་མེ་རོ་སླར་ཡང་གསོས་པར་གྱུར་པ་སྟེ། བཙན་པོའི་རྒྱུད་དུ་འཁྲུངས་པའི་སྐྱིད་ལྡེ་ཉི་མ་མགོན་གྱིས་སྟོད་མངའ་རིས་ཕྱོགས་སུ་དབང་བསྒྱུར་ཏེ་སྲིད་ཀྱི་འཁོར་ལོ་ཡང་ཡང་བསྐོར་བ་དང་། དེ་ནས་ཁོང་གི་ཚ་བོ་ཡེ་ཤེས་འོད་ཀྱིས་ཡབ་མེས་ཀྱི་ཆོས་ཀྱི་མཛད་འཕྲིན་སྐྱོང་ཚུལ་ལ་དཔེ་བལྟས་ཏེ།  ནང་པའི་བསྟན་པ་དར་སྤེལ་གཏོང་ཆེད་ནོར་ཤུགས་ཆེན་པོ་སྤྱད་དེ་རྒྱ་གར་དང་ཁ་ཆེ།  བལ་བོ་ལ་སོགས་ནང་བསྟན་དར་ཆེ་བའི་ཡུལ་རྣམས་སུ་ནང་བསྟན་རིག་གནས་ལ་མཁས་པའི་པཎྜི་ཏ་པཱ་ལ་རྣམ་གསུམ་གྱིས་གཙོས་ཕྱི་ཕྱོགས་ནས་མཁས་པ་གྲགས་ཆེ་བ་གང་མང་གདན་དྲངས་པ་དང་། གཙུག་ལག་ཁང་བརྩིགས་ཏེ་སངས་རྒྱས་ཆོས་ལུགས་བསྐྱར་དུ་གངས་རིའི་ལྗོངས་འདིར་ཉི་མ་ཤར་བ་ལྟ་བུ་ཞིག་དར་བའི་རྨང་གཞི་བརྟན་པོ་ཞིག་བཏིང་བ་དཔེར་ན། ཁོང་གིས་ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་དུ་མངགས་ཏེ་མདོ་སྔགས་སློབ་སྦྱོང་དང་སྦྲགས་རྒྱ་གཞུང་གསར་དུ་བོད་སྐད་དུ་བསྒྱུར་གནང་བ་ལྟ་བུ་ཡིན། དེའི་ཁྲོད་དུ་ཚད་མའི་སྐོར་གྱི་བསྒྱུར་ཆོས་ཡོད་པ་འཁོད་མེད་ཀྱང་།  ལོ་ཆེན་ཁོང་གི་སློབ་མར་གྱུར་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་དང་། ལྷ་དབང་བློའི་ཚད་མ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། ཤཱཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་པ། དྷརྨ་ཀི་རྟིའི་རྩོད་པའི་རིགས་པ་སོགས་ཐོག་མར་བོད་སྐད་དུ་བསྒྱུར་གནང་སྟེ་མངའ་རིས་སྟོད་དུ་ཚད་མའི་འཆད་ཉན་གྱི་སྲོལ་གསར་དུ་ཕྱེ་གནང་བ་རེད།
          མདོ་ཁམས་སྨད་དུ་བསྟན་པའི་མེ་རོ་སླར་ཡང་གསོས་ཏེ་ཚད་མའི་འཆད་ཉན་དར་ཚུལ་ནི། དེ་ཡང་མཁས་པ་མི་གསུམ་མདོ་སྨད་དན་ཏིག་ཏུ་ཕྱིན་ཏེ་བླ་ཆེན་པོ་དགོངས་པ་རབ་གསལ་ལ་སྡོམ་རྒྱུན་སྤེལ་བ་དང་། དེས་དབུས་གཙང་གི་ཀླུ་མེས་དང་འབྲིང་ཡེ་ཤེས་ཡོན་ཏན་ལ་སོགས་དབུས་གཙང་གི་མི་བཅུ་ལ་འདུལ་བའི་སྡོམ་རྒྱུན་དང་བཅས་པ་སྤེལ་ཞིང་། དེ་དག་གིས་རིམ་གིས་རིམ་གྱིས་མདོ་ཁམས་དང་དབུས་གཙང་གི་ཕྱོགས་སུ་གཙིག་ལག་ཁང་བཏབ་སྟེ་བསྟན་པ་སྤེལ། ཁམས་ཀྱི་གྲུམ་མེའི་སློབ་བུ་ཇོ་བོ་སེ་བཙུན་དབང་ཕྱུག་གཞོན་ནུའི་②མདུན་ནས་ཁུ་རྔོག་འབྲོམ་གསུམ་གྱིས་སྡེ་སྣོད་གསུམ་ག་ལ་མཁས་པར་སྦྱངས་ཤིང་ཕྱིས་སུ་ཇོ་བོ་རྗེའི་སློབ་མར་གྱུར། ཁུ་རྔོག་འབྲོམ་གསུམ་ནི་ཁམས་འདན་མའི་ཡུལ་དུ་སེ་བཙུན་གྱི་སྤྱན་སྔར་བཞུགས་དུས་ནས་མཁས་པའི་གྲགས་པ་ཐོབ་པ་ཞིག་ཡིན་ཏེ། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》ལས། “ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཁམས་སུ་གྲགས་པ་ཡིན་”③ཞེས་འཁོད་པ་ལྟར། ཕྱིས་དབུས་སུ་བྱོན་ཏེ་ཁུ་སྟོན་བརྩོན་འགྲུས་གཡང་དྲུང་གིས་ཐང་པོ་ཆེར་ཕར་ཕྱིན་གྱི་བཤད་གྲྭ་བཙུགས་ཏེ་བསྟན་པ་ཕྱོགས་ཕྱོགས་སུ་སྤེལ་བ་དང་།འབྲོམ་སྟོན་པས་རྭ་སྒྲེང་བཏབ་སྟེ་བསྟན་པ་རྒྱས་པར་སྤེལ། ཁྱད་པར་དུ་རྔོག་ལེགས་པའི་ཤེས་རབ་ཀྱིས་སྤྱི་ལོ་༡༠༥༩ལོར་གསང་ཕུ་བཏབ་ཅིང་④བཤད་གྲྭ་བཙུགས་རྗེས་སློབ་མ་མང་པོ་བྱུང་། སྐབས་དེ་དུས་བོད་ཁམས་ཀུན་ཏུ་ནང་བསྟན་བསྐྱར་དར་གྱི་ཚ་རླབས་ཤིག་འཕྱུར་བཞིན་པའི་སྒང་ཡིན་པས། ཚད་མ་རིག་པ་དར་སྤེལ་གྱི་ཕྱོགས་ལ་ལྷག་པར་མཛད་རྗེས་ཆེ་བའི་མཁས་པའང་མི་ཉུང་བ་ཞིག་བྱུང་ཡོད་པ་ཆོས་འབྱུང་ལོ་རྒྱུས་ཁག་ལས་ཟུར་ཙམ་མཐོང་ཐུབ་སྟེ། ལྷ་བླ་མ་ཞི་བ་འོད་ཀྱིས《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》བསྒྱུར་བ་དང་། ཞ་མ་སེང་རྒྱལ་གྱིས་ཕྱོགས་གླང་གི་ཚད་མ་ཀུན་བཏུས་བསྒྱུར་བ་དང་། མར་ཐུང་དད་པ་ཤེས་རབ་ཀྱིས་ཀུན་བཏུས་རང་འགྲེལ་བསྒྱུར་བ། ཟངས་དཀར་ལོ་ཙཱ་བས་ཚད་མ་རྒྱན་དང་རྩོད་རིགས་ཀྱི་འགྲེལ་པ། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བྲམ་ཟེ་མུ་ཏིག་བུམ་པས་མཛད་པའི་སྐད་ཅིག་འཇིག་པ་གྲུབ་པའི་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤི་ལའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་བསྒྱུར་བ། བྱང་ཆུབ་ཤེས་རབ་(ལོ་ཆེན་གྱི་སློབ་མ་མང་འོར་བྱང་ཆུབ་ཤེས་རབ་ཡིན་ནམ་སྙམ) ཀྱིས་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་བསྒྱུར་བ། ནག་ཚོ་ལོ་ཙཱ་བས་དུས་གསུམ་བརྟག་པ་བསྒྱུར་བ། ཤཱཀྱ་འོད་(ལོ་ཆེན་གྱི་སློབ་མ་ལོ་ཙཱ་བ་ཤཱཀྱ་འོད་ཡིན་ནམ་སྙམ)ཀྱིས་ཛྙ་ན་ཤྲིས་མཛད་པའི་རྒྱུ་འབྲས་གྲུབ་པ་དང་། ཛེ་ཏ་རིས་མཛད་པའི་གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། ཤཱནྟི་པས་མཛད་པའི་རྣམ་རིག་གྲུབ་པ་རྣམས་བསྒྱུར་བ། ཁྱུང་པོ་ཆོས་བརྩོན་གྱིས་ཚད་མ་རྣམ་ངེས་དང་དེའི་ཊིཀ་ཙནྡྲ་རཱ་ཧུ་ལས་མཛད་པ་རྣམས་བསྒྱུར་བ་སོགས་ཚད་མའི་སྐོར་གྱི་བསྒྱུར་ཆོས་མང་པོ་བྱུང་བ་དང་། ཚད་མའི་གཞུང་གི་འཆད་ཉན་ལ་མཆོག་ཏུ་མཁས་པའང་དྭགས་པོ་དབང་རྒྱལ་དང་ཁྱུང་པོ་གྲགས་སེ་ལྟ་བུ་བྱུང་བ་སྟེ། 《དེབ་སྔོན་》ལས། “དྭགས་པོ་དབང་རྒྱལ་དང་ཁྱུང་པོ་གྲགས་སེ་⑤གཉིས་ཀྱིས་་པོ་ཏ་རི་དང་དམར་པོ་རི་ལ་འགྲན་བཤད་མཛད། གྲྭ་པ་རྣམས་ཕན་ཚུན་གཉིས་ཀའི་ཆོས་གྲྭར་འགྲོ་བ་ཞིག་བྱུང་ཞེས་གྲགས་པའི་ཁྱུང་པོ་དེས་ཚད་མ་རྙིང་མ་མཁྱེན་”⑥ཞེས་འཁོད་པ་དང་། 《མྱང་ཆོས་འབྱུང་》 ལས། “ པོ་ཏོ་བའི་སློབ་མ་དོལ་པ་ཆེན་པོས་ཁྱུང་པོ་གྲགས་སེ་ལ་ལོ་ལྔའི་བར་དུ་དབུ་ཚད་གསན་ནོ ”ཞེས་དང་།  “གཡུ་ཐོག་སྒྲས་རྒྱན་གོང་ལ་དམག་འདྲེན་པ་ཁྱུང་པོས་བཀག་ཀྱང་མ་ཁེགས་པར་རྒྱན་གོང་བཅོམས་ནས་མཆོད་ཆ་ཐམས་ཅད་ཞྭ་ལུར་དྲངས་པ་ལ་ཁྱུང་པོ་གྲགས་སེང་མ་མཉེས་པར་ལྷ་སར་བྱོན་ནས།  དྭགས་པོ་དབང་རྒྱལ་དང་ཁྱུང་པོ་གཉིས་ཀྱིས་སྨལ་(དམར་)པོ་རི་དང་ལྕགས་ཕོ་(པོ་)རི་བཟུང་ནས་ཕར་ཕྱིན་ལ་འགྲན་བཤད་མཛད་པར་གྲགས་”⑦ཞེས་འཁོད་པ་ལྟར། ཁོང་རྣམ་གཉིས་ནི་ཚད་མ་རྙིང་མའི་ཕྱོགས་ལ་གཙོ་བོར་འཆད་ཉན་གནང་མཁན་ཞིག་ཡིན། དེ་ཡང་ཁྱུང་པོ་ཆོས་བརྩོན་ནམ་ཁྱུང་པོ་གྲགས་སེ་ནི་རུས་ཁྱུང་ཡིན་ཞིང་པོ་ཏོ་བ(༡༠༢༧-༡༡༠༥)དང་ཡང་དུས་མཉམ་ཡིན། གཞིས་རྩེ་པ་སྣམ་རྫོང་གི་སྐེ་འོག་གམ་རྟ་ར་འོག་ཏུ་འཁྲུངས་ཤིང་ཞིང་། ⑧ཕྱི་དར་སྐབས་ཞ་ལུ་གཙུག་ལག་ཁང་གི་གདན་ས་མཛད་མཁན་ཞིག་ཡིན་པ་དང་། སློབ་མའང་མང་དུ་བྱུང་ཞིང་ཕྱིས་རྔོག་བློ་ལྡན་ཤེས་རབ་ཀྱི་སློབ་མ་དབུ་ཚད་ལ་བཀའ་བབ་པར་གྱུར་བའི་ཁྱུང་རིན་ཆེན་གྲགས་བྱ་བའི་མཁས་པར་གྲགས་པ་དེའང་ཁྱུང་པོ་ཆོས་བརྩོན་གྱི་རྒྱུད་དུ་བྱུང་བ་རེད། དྭགས་པོ་དབང་རྒྱལ་གྱིས་ཁུ་སྟོན་སློབ་དཔོན་དུ་བསྟེན་ཚུལ་《སུམ་པའི་ཆོས་འབྱུང་》དུ་གསལ་ཞིང་། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁུ་སྟོན་ལས་ཕར་ཕྱིན་བསླབས། “མཁས་པར་མཁྱེན་པའི་ང་རྒྱལ་གྱིས་དྭགས་པོས་ཇོ་བོ་རྗེ་ལ་ཆོས་མ་གསན་”⑨ཞེས་《དེབ་སྔོན་》 ལས་བྱུང་། ཁོང་དང་ཁྱུང་པོ་ཆོས་བརྩོན་རྣམ་གཉིས་ཀྱིས་མེ་ཕོ་འབྲུག་གི་ལོ་སྟེ། སྤྱི་ལོ་༡༠༧༦ལོར་མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་མང་པོ་བསྡུས་ཏེ་ཆོས་འཁོར་སྐོར་སྐབས་ལྷན་དུ་བྱོན་ཞིང་། དེ་དུས་མངའ་བདག་རྩེ་ལྡེས་“ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་ཏེ་ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙཱ་བྱས་ནས་རྒྱུད་རྡོ་རྗེ་རྩེ་མོ་དང་། སྦྱོང་རྒྱུད་དང་། ཚད་མ་རྣམ་ངེས་དང་། དེའི་ཊཱིཀ་ཁོང་ཉིད་ཀྱིས་མཛད་པ་ལ་སོགས་པ་བསྒྱུར་” ⑩ཞེས་《བུ་སྟོན་ཆོས་འབྱུང་》དུ་གསུངས། གོང་འཁོད་ཚད་མའི་བསྟན་བཅོས་བསྒྱུར་བ་དང་ཚད་མར་འཆད་ཉན་གནང་མཁན་མཁས་པ་དེ་དག་ནི་ཚད་མ་རྙིང་མའི་སྐོར་ལ་ཐོས་བསམ་དང་འཆད་ཉན་བྱེད་མཁན་དག་ཡིན། ཡིན་ནའང་། “ཚད་མ་རྙིང་མ་དེ་ཁམས་ནས་བྱུང་བ་ཞིག་གམ། མངའ་རིས་ནས་རྨ་ལོ་ཙཱ་བས་རང་འགྲེལ་དང་ལྷ་དབང་བློས་བསྒྱུར་བ་ལ་བརྟེན་པ་གང་ཡིན་ཆ་མ་འཚལ་”⑾ཞེས་གཞོན་ནུ་དཔལ་གྱི་ཚད་མ་རྙིང་མའི་ཁུངས་གང་ཡིན་གྱི་དྲི་བ་དེ་ལ་ད་ལྟའང་ལན་གདབ་དཀའ་བའི་གནས་སུ་གྱུར་ཡོད་ཅིང་། ཁོ་བོའི་རྨོངས་ཚོད་ལ། ཚད་མ་རྙིང་མ་ཟེར་བའི་དོན་ཇི་ལྟ་བུ་ཞིག་ལ་གོ་དགོས་པ་དེ་གཙོ་བོར་ངེས་དགོས་པར་སེམས་ཏེ། ཚད་མ་རྙིང་མ་ཟེར་བ་དེ་རྔོག་བློ་ལྡན་ཤེས་རབ་ཀྱི་ཚད་གཞུང་བསྒྱུར་བ་དེའི་ཡན་ཆོད་ཀྱི་ཚད་མ་སྤྱི་ལ་ངོས་འཛིན་པ་ཡིན་ན། ཚད་མ་རྙིང་མ་དེ་ལའང་བཙན་པོའི་སྐབས་ཀྱི་ཚད་གཞུང་འཆད་ཉན་གྱི་རྒྱུན་དེ་མདོ་ཁམས་སུ་བརྒྱུད་པ་ལས་བྱུང་བ་ཞིག་དང་། སྟོད་མངའ་རིས་སུ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་དེའི་རང་འགྲེལ་ལ་སོགས་པ་བསྒྱུར་བ་དང་།  ཁྱུང་པོ་གྲགས་སེས་ཀྱང་རྩེ་ལྡེའི་བཀའ་ལྟར་ཚད་མ་རྣམ་ངེས་དང་དེའི་ཊཱི་ཀ་བསྒྱུར་བ། ལ་སྟོད་པ་ཞ་མ་སེང་གེ་རྒྱལ་མཚན་གྱིས་ཚད་མ་ཀུན་བཏུས་བསྒྱུར་བ་སོགས་རྒྱ་གཞུང་གསར་དུ་བསྒྱུར་ཏེ་འཆད་ཉན་སྤེལ་བ་ལས་བྱུང་བ་ཞིག་སྟེ། བསྟན་པའི་མེ་རོ་མངའ་རིས་སྟོད་ནས་གསོས་པ་དང་མདོ་ཁམས་སྨད་ནས་གསོས་པའི་ལོ་རྒྱུས་ཡོད་པ་ལྟར་ཕྱི་དར་གྱི་ཚད་མ་རིག་པ་དེའང་སྟོད་སྨད་ཀྱི་ཕྱོགས་གཉིས་ནས་རིམ་གྱིས་དར་འཕེལ་བྱུང་བ་ཞིག་ཡིན་པར་སྙམ། གལ་ཏེ་ཚད་མ་རྙིང་མ་ཞེས་པ་བསྟན་པ་སྔ་དར་སྐབས་ཀྱི་ཚད་མའི་གཞུང་བསྒྱུར་དང་འཆད་ཉན་གྱི་རྒྱུན་དེར་གོ་བ་ཡིན་ན། ཚད་མ་རྙིང་མའི་ཁུངས་ཀྱང་མདོ་ཁམས་ཕྱོགས་སུ་ངོས་འཛིན་དགོས་པ་འདྲ། ཡིན་ནའང་། 《དེབ་སྔོན་》དུ། “ཁྱད་པར་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་དང་། དེའི་རང་འགྲེལ་དང་། ལྷ་དབང་བློའི་འགྲེལ་པ་དང་། ཤཱཀྱ་བློའི་འགྲེལ་བཤད་ལ་སོགས་པ་མང་དུ་བསྒྱུར་ཞིང་།  འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་འདིར་ཡང་ཚད་མའི་འཆད་ཉན་བྱུང་ཞིང་། དེའི་ཚེ་ཁྱུང་པོ་གྲགས་སེ་ཞེས་བྱ་བ་མཁས་པར་གྲགས་པ་དེས་ཚད་མའི་བཤད་པ་མང་དུ་མཛད། དེ་དག་ལ་ཚད་མ་རྙིང་མ་ཞེས་ཟེར་”⑿ ཞེས་གསུངས་པའི་བབ་ལ་བརྟགས་ན། འགོས་ལོ་གཞོན་ནུ་དཔལ་བས་ཀྱང་ཚད་མ་རྙིང་མའི་ཁུངས་མངའ་རིས་ལ་གཏུགས་ཡོད་པ་ཞར་ལ་ཤེས་ཐུབ།
          གཉིས་པ། རྔོག་བློ་ལྡན་ཤེས་རབ་ཀྱི་སྐབས་སུ་ཚད་མ་གསར་མ་བྱུང་ཞིང་འཕེལ་བའི་སྐོར།
          ཁུ་རྔོག་འབྲོམ་གསུམ་དུ་གྲགས་པའི་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་ཁམས་སུ་སྡེ་སྣོད་ལ་མཁས་པར་སྦྱངས་ཤིང་། ཕྱིས་དབུས་སུ་ཕེབས་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སློབ་དཔོན་དུ་བསྟེན། དབུས་ཀྱི་གསང་ཕུ་ནེའུ་ཐོག་ཏུ་བཤད་གྲྭ་བཙུགས་ཏེ་ཆོས་འཆད་ཉན་གྱིས་སློབ་མ་མང་དུ་བསྐྱངས། དེ་ནས་ཁོང་གི་ཚ་བོ་རྔོག་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེར་ཕེབས་ཏེ་ཚད་མའི་གཞུང་མང་པོ་བསྒྱུར་བ་དང་། ཚད་མའི་གཞུང་འགྲེལ་མཛད་དེ་གསང་ཕུར་ཚད་མའི་འཆད་ཉན་རྒྱ་ཆེར་ སྤེལ་བས་ཚད་མ་གསར་མ་ཞེས་པ་བྱུང་ཞིང་ཁྱུང་རིན་ཆེན་གྲགས་ལ་སོགས་པའི་བུ་སློབ་མང་པོ་བྱོན་ཏེ་ཚད་མ་གསར་མའི་འཆད་ཉན་གངས་རིའི་ལྗོངས་ཡོངས་སུ་དར་བར་གྱུར་ཏོ།
          རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་མའི་འགྱུར་གཞུང་རྙིང་མར་འགྱུར་བཅོས་མཛད་པས་ཚད་མ་གསར་མ་བྱུང་བ།
          རྔོག་བློ་ལྡན་ཤེས་རབ་ནི་གསང་ཕུ་དགོན་འདེབས་པ་པོ་རྔོག་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་ཀླུ་ཁྲི། ཀླུ་བྱང་། ཆོས་སྐྱབས། ཐུབ་པ་བཞི་ལས་ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་སྟེ། སྤྱི་ལོ་༡༠༥༩ལོར་འཁྲུངས་ཤིང་། ⒀ལོ་ཆུང་ངུའི་དུས་སུ་ཁུ་བོའི་དྲུང་དུ་བྱོན། ཁུ་བོ་དང་གཟུས་ཀྱི་སློབ་མ་སྤོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལ་བརྟེན་ནས་རབ་ཏུ་བྱུང་། དེ་གཉིས་ལས་གསན་པ་མང་དུ་མཛད། ལོ་ངོ་བཅུ་བདུན་སྟེང་རྭ་ལོ་ཙཱ་བ་དང་གཉན་ལོ། ཁྱུང་པོ་ཆོས་བརྩོན། བཙན་ཁ་བོ་ཆེ་སོགས་དང་མཉམ་དུ་མངའ་བདག་རྩེ་ལྡེའི་མེ་ཕོ་འབྲུག (སྤྱི་ལོ༡༠༧༦)ལོའི་ཆོས་འཁོར་ལ་བྱོན། དེ་ནས་རྒྱ་གར་དང་ཁ་ཆེ་ལ་སོགས་སུ་སློབ་གཉེར་ལ་ཕེབས། པཎྜི་ཏ་པད་ཛ་དང་།  འབུམ་ཕྲག་གསུམ་པ། པ་ར་ཧི་ད་བྷ་དྲ།མ་ཧ་ཛ་ན། སུ་མ་ཏི་ཀིརྟི། སྐལ་ལྡན་རྒལ་བོ་ལ་སོགས་པའི་མཁས་གྲུབ་དུ་མ་བསྟེན་གནང་ནས། དེར་ལོ་བཅུ་བདུན་སྦྱངས་པ་མཛད་རྗེས་ཕྱིར་གསང་ཕུར་ཕེབས། རྒྱ་གཞུང་བོད་དུ་བསྒྱུར་བ་མང་ཞིང་འགྱུར་ཡང་དག་པར་མཛད། འགྱུར་མཛད་པའི་ཚད་ནི། ཁོང་གི་སློབ་མ་གྲོ་ལུང་པའི་《 རྔོག་ལོ་ཆེན་པོའི་རྣམ་ཐར་》 ལས། “དམ་ཆོས་བསྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། ། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །” ⒁ཞེས་བྱུང་བ་ལྟར་དང་། དེ་བཞིན་“བོད་ཀྱི་ལོ་ཙཱ་བའི་ནང་ན་ཆོས་བསྒྱུར་བ་མང་། དཔེ་ཆ་གང་གཟིགས་ཀྱང་ཐ་ན་ཚེག་ཤད་ཙམ་ལའང་ཞུས་དག་མཛད་”⒂ཅེས་《མཁས་པའི་དགའ་སྟོན་》དུ་འཁོད་པ་དང་། ཆོས་འཁོར་བསྐོར་བའི་གནས་ཀྱང་གསང་ཕུ་ཙམ་མ་ཟད། ལྷ་ས་དང་། བསམ་ཡས། གཉལ་སྒང་ཐོག གཙང་རྒྱལ་མཁར། ངན་ལམ་མྱུ་གུ་སྣ་⒃ལ་སོགས་པར་མཛད་པ་དང་།  འཁོར་གྱི་གྲངས་ནི་རིམ་པ་བཞིན་དུ། ལྷ་སར་ཁྲི་དང་སུམ་སྟོང་བདུན་བརྒྱ།  བསམ་ཡས་དང་སྒང་ཐོག་གཉིས་སུ་སྟོང་ཚོ་བཅུ་གསུམ་རེ་དང་། རྒྱལ་མཁར་དུ་ཁྲི་ཚོ་གཉིས། ངན་ལམ་དུ་དགེ་བཤེས་ཁྲི་ཚོ་གཅིག་དང་། རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས་གསུམ་འཚོགས་པ། ཟུར་ཆོས་པའི་གྲངས་ཀྱང་།རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་མཁན་ཉིས་བརྒྱ་ང་ལྔ།   ལུང་ཆོས་སྨྲ་བ་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ། དྲིལ་བས་ཆོས་སྨྲ་བ་སྟོང་བདུན་ཅུ་དོན་ལྔ། དྲིལ་བས་ཆོས་སྨྲ་བ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་ལྔ་བྱུང་།ཚད་མ་དང་བྱམས་ཆོས་དང་། དབུ་མ་ལ་སོགས་པའི་རྣམ་བཤད་ཀྱང་མང་དུ་མཛད་དེ། དགུང་ལོ་ང་གཅིག་ལ་བསམ་ཡས་མ་རིའི་རྩར་སྐུ་གཤེགས།
          སྐབས་འདིར་ཚད་མ་གསར་རྙིང་གི་སྐོར་གླེང་བའི་ཚེ་ན་རྔོག་བློ་ལྡན་ཤེས་རབ་ཀྱི་མཛད་རྗེས་མི་གླེང་ཐབས་མེད་ཡིན་ཞིང་། གོང་དུ་ང་ཚོས་ཚད་མ་རྙིང་མ་ཇི་ལྟར་དར་བའི་སྐོར་བརྗོད་པའི་ཚེ་རྔོག་བློ་ལྡན་ཤེས་རབ་ཡན་ཆོད་ཀྱི་ཚད་མའི་བསྒྱུར་གཞུང་དང་འཆད་ཉན་བྱེད་པ་རྣམས་ལ་ཚད་མ་རྙིང་མ་ཞེས་བརྗོད་པ་ཡིན། དེའི་རྒྱུ་མཚན་ནི་རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་གཞུང་བསྒྱུར་ཅིང་ཚད་མའི་བསྟན་བཅོས་བརྩམས་གནང་བ་ནས་བཟུང་ཚད་མ་གསར་མ་ཞེས་ཀུན་ལ་གྲགས་པས་རེད། འོ་ན་རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་གཞུང་བསྒྱུར་བ་དང་དང་གཞུང་འགྲེལ་དག་ལ་ཅིའི་ཕྱིར་ཚད་མ་གསར་མ་ཞེས་བརྗོད་ཅེ་ན། དེ་ཡང་ཚད་མ་དར་འཕེལ་བྱུང་བའི་ལོ་རྒྱུས་གནས་བབས་ལ་གཞིགས་ན། རྔོག་བློ་ལྡན་ཤེས་རབ་དགུང་ལོ་བཅུ་བདུན་སྟེང་མར་ཐུང་དད་པ་ཤེས་རབ་སོགས་དང་མཉམ་དུ་ཁ་ཆེར་ཕེབས་ཏེ་ལོ་ངོ་བཅུ་བདུན་རིང་རྒྱ་གར་ནང་བསྟན་གྱི་གཞུང་ལ་སྦྱངས་པ་མཐིལ་ཕྱིན་པ་མཛད་ཅིང་། ཁྱད་པར་དུ་དུལ་བ་ལྷའི་སློབ་མ་གཞན་ཕན་བཟང་པོ་ལས་ཚད་མ་རྣམ་ངེས་དང་ཁ་ཆེའི་རྟོག་གེ་བ་གལ་ལྡན་རྒྱལ་བོ་ལས་ཚད་མ་རྣམ་འགྲེལ་གསན། དེ་དུས་སློབ་དཔོན་གཞན་ཕན་བཟང་པོ་དང་མཉམ་དུ་ཚད་མ་རྣམ་ངེས་ཀྱི་གཞུང་བོད་སྐད་དུ་བསྒྱུར་བ་དང་། ཆོས་གྲགས་ཀྱི་རིགས་ཐིགས་དང་ཆོས་མཆོག་གི་རྣམ་ངེས་ཊཱིཀ་འཐད་ལྡན།   ཚད་མ་བརྟག་པ་ཆེ་ཆུང་། སྐད་ཅིག་མ་འཇིག་པ་གྲུབ་པ། གཞན་སེལ་བ་ཞེས་བྱའི་རབ་ཏུ་བྱེད་པ། རྒྱན་མཁན་པོའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན། ཛ་མ་རིའི་རྣམ་འགྲེལ་རྒྱན་གྱི་ལེའུ་བཞི་བའི་འགྲེལ་བ། ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ། ཤངྐ་རཱ་ནནྡའི་སེལ་བ་གྲུབ་པ་དང་། འབྲེལ་བ་གྲུབ་པ་ལ་སོགས་ཚད་མའི་འགྱུར་གཞུང་རྙིང་པར་འགྱུར་བཅོས་དང་། ཚད་གཞུང་མང་པོ་གསར་དུ་བསྒྱུར་ཏེ་གསང་ཕུ་ལ་སོགས་པར་འཆད་ཉན་རྒྱས་པར་བསྐྱངས། རྔོག་ལོ་རང་གིས། “གཞུང་རྩོམ་རྣམས་ཀྱི་བློ་ལ་ཡང་།ཚད་མའི་དེ་ཉིད་དཀའ་བ་རྣམས། ། ཇི་བཞིན་ལེགས་པར་མི་གསལ་བ། ། ཇི་བཞིན་དུ་ནི་འདིར་ངེས་བྱ། ། ”⒄ ཞེས་གསུངས་པ་ལྟར། གཅིག་ནས་ཁོང་ཉིད་ཀྱིས་ཁ་ཆེའི་པཎྡི་ཏ་སློབ་དཔོན་དུ་བསྟེན་ཏེ་ཚད་མའི་གཞུང་དོན་གྱི་དཀའ་གནད་མཐའ་དག་ལ་གོ་བ་གཏིང་ཟབ་ལོན་པ་དང་། གཉིས་སུ་བོད་འགྱུར་སྔ་མ་རྣམས་ལ་དག་བཅོས་བྱས་ཏེ་ཚད་མའི་གཞུང་གསར་དུ་བསྒྱུར་བ།   གསུམ་ནས་ཚད་མ་རྣམ་ངེས་ཀྱི་དཀའ་འགྲེལ་བརྩམས་ཏེ་འཆད་ཉན་གྱི་སྡེ་རྒྱ་ཆེར་སྤེལ་བ་ལ་སོགས་གང་ལྟར། ལོ་ཆེན་རིན་ཆེན་བཟང་པོས་རྒྱ་གར་དུ་ཕེབས་ཏེ་མདོ་སྔགས་ཀྱི་གཞུང་མང་པོ་བསྒྱུར་གནང་བ་དང་། འགྱུར་རྙིང་པར་དག་བཅོས་མཛད་པའི་རྗེས་ནས་སྔགས་གསར་མ་ཞེས་པའི་བརྡ་ཆད་བྱུང་བ་བཞིན། རྔོག་ལོས་ཁ་ཆེའི་པཎྜི་ཏའི་ཚད་མའི་རྒྱ་གཞུང་གི་དགོངས་པ་ལ་ཁུངས་གཏུགས་ཏེ་བོད་འགྱུར་རྙིང་མར་བསྒྱུར་བཅོས་དང་ཚད་མའི་གཞུང་གསར་དུ་བོད་སྐད་དུ་བསྒྱུར་ཏེ་དར་བར་བྱས་པས། ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཚད་མ་གསར་མ་ཞེས་པའི་མིང་གདགས་པར་མཛད་པར་སྙམ། དེར་བརྟེན། ཚད་མ་གསར་རྙིང་ཟེར་བའང་རྔོག་བློ་ལྡན་ཤེས་རབ་ཡན་ཆད་དུ་ཚད་གཞུང་འཆད་ཉན་བྱུང་བ་དེ་ལ་ཚད་མ་རྙིང་མ་ཟེར་བ་དང་།རྔོག་བློ་ལྡན་ཤེས་རབ་རྗེས་ཀྱི་ཚད་མའི་གཞུང་རྣམས་ལ་ཚད་མ་གསར་མ་ཞེས་འབོད་ན་ཆོག་པར་སྙམ།
          ཚད་མ་གསར་མའི་བརྩམས་ཆོས་ཐོག་མ་《ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་》ཀྱི་ཁྱད་ཆོས།
          རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་རྒྱ་གར་གྱི་ཚད་གཞུང་བོད་དུ་བསྒྱུར་བ་ཆེས་མང་ཤོས་དང་བོད་ཀྱི་ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་མཁན་ཐོག་མ་ཡིན་ཞེས་གནའ་དེང་མཁས་པ་ཀུན་ལ་གྲགས་ཡོད་པ་དང་། ཁོང་གིས་པཎྜི་ཏ་གཞན་ཕན་བཟང་པོ་ལས་ཚད་མ་རྣམ་ངེས་གསན་ཞིང་ཁོང་དང་མཉམ་དུ་རྣམ་ངེས་བོད་སྐད་དུ་བསྒྱུར་གནང་བ་མ་ཟད། སློབ་དཔོན་ཆོས་མཆོག་གིས་མཛད་པའི་རྣམ་ངེས་ཊིཀ་འཐད་ལྡན་ཡང་བོད་སྐད་དུ་བསྒྱུར་གནང་བ་ལ་བརྟེན། སྐབས་དེར་ཚད་མ་རྣམ་ངེས་ཀྱི་འཆད་ཉན་ཤིན་ཏུ་དར་རྒྱས་བྱུང་ཡོད། དེ་ཡང་ཁོང་རྒྱ་གར་དུ་སློབ་གཉེར་ལ་ཕེབས་ནས་སྤྱི་ལོ་༡༠༩༣་ཡས་མས་སུ་ཕྱིར་བོད་དུ་ཕེབས་ཏེ་སློབ་མ་བསྐྱངས་པའི་ཁྲོད་དུ་ཚད་མ་རྒྱན་དང་ཆོས་མཆོག་གི་འགྲེལ་པ་འཆད་མཁན་ལྔ་བཅུ་ང་ལྔ་དང་། ཚད་མ་རྣམ་ངེས་འཆད་མཁན་ཉིས་བརྒྱ་ལྔ་བཅུ་ང་ལྔ་ཡོད།⒅ཅེས་ཁོང་གི་སློབ་མ་གྲོ་ལུང་པས་གསུངས་པ་ལྟར། སྐབས་དེ་དུས་ཚད་མ་རྣམ་ངེས་གཙོ་བོར་འཆད་ཉན་བྱེད་པ་རྟོགས་ཐུབ་པ་དང་། ཁོང་གིས་《 ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་》 ཅེས་པ་མཛད་པ་དེ་ནི་བོད་མཁས་པས་མཛད་པའི་ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་ཐོག་མ་ཡིན་ལ། རྔོག་ལོའི་ཚད་མའི་ལྟ་དགོངས་མཚོན་པའི་བསྟན་བཅོས་ཤིག་ཀྱང་ཡིན་པས། གཤམ་ལ་ཚད་མའི་བསྟན་བཅོས་འདིའི་ཁྱད་ཆོས་གཙོ་བོ་ཁག་གཅིག་འགོད་པ་ལ།
          ༡.རྒྱས་བསྡུས་འཚམ་ཞིང་དགག་གཞག་སྤོང་གསུམ་གྱི་ཐབས་ལ་བརྟེན་པ།
          བསྟན་བཅོས་འདི་ནི་དཔེ་རྒྱུན་ཧ་ཅང་དཀོན་ཅིང་། པཎ་ཆེན་ཤཱཀྱ་མཆོག་གི་ཚད་མའི་ཆོས་འབྱུང་དུ། “་གཞུང་རྩོམ་རྣམས་ཀྱི་བློ་ལ་ཡང་། ། ཇི་བཞིན་ལེགས་པར་མི་གསལ་བ། ། ཚད་མའི་དེ་ཉིད་དཀའ་བ་རྣམས། ། ཇི་བཞིན་དུ་ནི་འདིར་ངེས་བྱ། །ཞེས་རྩོམ་པར་དམ་བཅས་ནས་རྣམ་པར་ངེས་པའི་ཊཱིཀ་ཆེན་དང་གཞུང་ཕྲན་མང་དུ་མཛད་དོ་”⒆ཞེས་བསྟན་བཅོས་འདིའི་འགོར་གསུངས་པ་ལྟར། ཁོང་གིས་《ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནད་རྣམ་པར་བཤད་པ་》 ཞེས་པའི་བསྟན་བཅོས་འདིར་རྒྱ་གར་གྱི་གཞུང་འགྲེལ་རྩོམ་མཁན་རྣམས་ཀྱིས་ཀྱང་གསལ་བར་མ་བཤད་པའི་དཀའ་གནད་དག་དགག་གཞག་སྤོང་གསུམ་གྱི་སྒོ་ནས་རྒྱས་པར་གསུངས་ཤིང་། ཚད་མ་རྣམ་ངེས་ཀྱི་ཚིག་འགྲེལ་ཙམ་ལས་འདས་ཏེ་གོ་དཀའ་བའི་གནད་དག་ལ་ལུང་དང་རིགས་པས་དཔྱད་བརྗོད་གནང་ཡོད་པ་དཔེར་ན། ཚད་མའི་དབྱེ་བ་བརྗོད་པའི་སྐབས་སུ། དབྱེ་བའི་གཞི་དང་། དབྱེ་བའི་དོན། དབྱེ་བའི་དགོས་པ། མིང་གི་དོན་བཅས་རྣམ་པ་བཞིའི་སྒོ་ནས་ཚད་མའི་དབྱེ་བ་གཏན་ལ་ཕབ་གནང་ཡོད་པ་དང་། སློབ་དཔོན་ཆོས་མཆོག་གི་བཤད་པ་མང་པོ་ཞིག་ལ་རྒྱབ་རྟེན་ཡོད་ཀྱང་མཐའ་གཅིག་ཏུ་ཆོས་མཆོག་གི་དགོངས་པ་འཐད་ལྡན་དུ་འཛིན་པའང་མ་ཡིན་པར་མི་འཐད་པ་རྣམས་ལ་དགག་པ་མང་དུ་མཛད་པ་ལྟ་བུ་ཡིན། འདི་ལ་པཎ་ཆེན་ཤཱཀྱ་མཆོག་གིས། “ཆོས་མཆོག་གི་བཤད་པ་ལས་ཐུགས་ཡུལ་དུ་འཐད་པ་རྣམས་ཐད་སོར་བཞག་ནས་མི་འཐད་པ་ལ་དགག་པ་མང་དུ་མཛད་དོ་”⒇ ཞེས་གསུངས། གང་ལྟར་བསྟན་བཅོས་ཧྲིལ་པོར་དགག་གཞག་སྤོང་གསུམ་གྱི་དཔྱད་པ་ཁོ་ནའང་མ་ཡིན་པར་རྣམ་ངེས་ཀྱི་ཚིག་དོན་དང་འབྲེལ་ཏེ་གོ་སླ་བའི་དོན་རྣམས་ཀྱང་མཛུབ་མོ་རི་སྟོན་གྱི་ཚུལ་དུ་འཆད་པ་དང་། རྒྱས་བསྡུས་འཚམ་ཞིང་དཀའ་གནད་འབུར་དུ་ཐོན་པ། གཞན་གྱི་མི་འཐད་པའི་ལུགས་རྣམས་བཀག་ཅིང་རང་ལུགས་གསལ་བར་བསྟན་གནང་ཡོད།
          ༢.བོད་ཀྱི་ཚད་བསྡུས་ཀྱི་རིགས་ལམ་འབྱུང་བའི་རྨང་རྡོར་གྱུར་ཡོད་པ།
          ཚད་བསྡུས་ནི་བོད་པ་རང་གི་ཁྱད་ཆོས་ལྡན་པའི་ཚད་གཞུང་གི་ཡན་ལག་ཅིག་ཡིན་ཞིང་། ཡོངས་གྲགས་སུ་ཕྱ་པ་ཆོས་སེང་གིས་ཚད་བསྡུས་བརྩམས་པ་ནས་བྱུང་བ་ཞིག་ཡིན་པར་མཁས་པ་ཀུན་ཞལ་མཐུན་མོད། ཡིན་ནའང་། ཚད་བསྡུས་ཀྱི་རིགས་ལམ་དེའང་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་འཕེལ་འགྱུར་གྱི་གོ་རིམ་ངེས་ཅན་ཞིག་བརྒྱུད་ཡོད་པ་ནི་སྨོས་ཅི།དེ་ཡང་ཕྱ་པས་གསར་དུ་བཏོད་པར་གྲགས་པའི་ཁྱབ་མ་ཁྱབ། འདོད་རྟགས་མ་གྲུབ་ལ་སོགས་པའི་རྩོད་རིགས་ཀྱི་བསྡུས་སྐད་དེ་དག་ནི་རྔོག་ལོའི་ཚད་མའི་བསྟན་བཅོས་དག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སྣང་སྟེ།《ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་》དུ། “ཁ་ཅིག་ན་རེ། འདིའི་ཚད་མའི་གཟུང་ཡུལ་གྱི་དབྱེ་བ་ལྟར་གཅིག་འགོག་པ་ཙམ་བྱེད་པ་ཡིན་ཏེ། མྱོང་བ་ནི་དོན་དམ་པ་ཡིན་པས་གཅིག་པ་མྱེད་པ་ཙམ་དབྱེ་བའི་དོན་ཏོ་ཞེས་ཟེར་རོ། སྒྲིབ་པ་དག་པའི་མཐར་ཕྱིན་པ་རྣམས་ཀྱི་སེམས་ཀྱང་དེས་སྒྲིབ་པར་ཐལ་ཏེ། མ་འབྲེལ་བས་སྒྲིབ་པའི་ཕྱིར་རོ།” 21ཞེས་ཁ་ཅིག་གི་འདོད་པ་དགག་པའི་ཐལ་འགྱུར་ཞིག་བཀོད་ཡོད་པ་དང་། ཡང་དེ་ལས། “སྐྱེ་མཆེད་གཞན་བཞིན་དུ་སྐད་ཅིག་གཞན་ལ་ཡང་ཚད་མའི་ཡུལ་མ་ཡིན་པར་ཐལ་ཏེ། བརྒལ་ཞིང་བརྟག་པར་མཚུངས་པའི་ཕྱིར་རོ་”ཞེས་པ་ལྟ་བུའི་ཐལ་འགྱུར་གྱི་རིགས་ལམ་མང་དུ་མཐོང་པ་དང་། གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ། རྩོད་པ་སྤོང་བའི་ཐབས་ལམ་ལ་བརྟེན་ནས་ཚད་མའི་དཀའ་གནད་ཡོངས་སུ་བཀྲོལ་ཡོད་པས་ན། ཕྱ་པ་ལ་སོགས་པའི་བོད་ཀྱི་མཁས་པས་མཛད་པའི་ཕྱིས་ཀྱི་ཚད་མའི་བསྟན་བཅོས་ནང་དུ། “སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་”ཞེས་ཐལ་འགྱུར་གྱི་རིགས་ལམ་མང་དུ་བྱུང་བ་དེ་དག་གི་ཐོག་མའི་རྨང་གཞིའི་ས་བོན་འདེབས་མཁན་ནི་རྔོག་བློ་ལྡན་ཤེས་རབ་ཡིན་པ་ཁོང་གི་ཚད་མའི་བསྟན་བཅོས་འདི་ལ་གཟིགས་པ་ཙམ་གྱིས་རྟོགས་ཐུབ། ཡིན་ནའང་། རྔོག་ལོའི་ཡར་སྔོན་གྱི་ཚད་མ་རྙིང་མའི་སྐབས་སུ་ཐལ་བ་འགོད་ཚུལ་གྱི་རིགས་ལམ་ཡོད་མེད་དང་། རྩོད་པ་བྱེད་ཚུལ་ཇི་ལྟར་ཡིན་པ་སོགས་ནི་ཧ་ཅང་བཤད་དཀའ་བའི་གནས་ཤིག་ཡིན་པས། འདི་ནི་ང་ཚོས་མུ་མཐུད་དཔྱད་ཞིབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་ནོ། 
          ༣. གཞུང་གི་དགོངས་པ་དང་ལྟ་བའི་ཁྱད་ཆོས།
          རྔོག་ལོ་ཆེན་པོས་ཡུལ་གཉིས་སུ་འདོད་དེ། གཟུང་ཡུལ་དང་འཇུག་ཡུལ་གཉིས། དེའང་མུ་བཞི་རུ་རྩིས་ཡོད། གཟུང་ཡུལ་ཡིན་ལ་འཇུག་ཡུལ་མ་ཡིན་པ། སྒྲོ་བཏགས་དང་སྐད་ཅིག་མ་ངེས་པ་ཡུལ་དུ་མ་བྱས་པ་ལྟ་བུ། འཇུག་ཡུལ་ཡིན་ལ་གཟུང་ཡུལ་མ་ཡིན་པ། མིག་གིས་བློ་ལ་རེག་པ་ལྟ་བུ། གཉིས་ཀ་ཡིན་པ། འཛིན་པ་རང་གི་ངོ་བོ་ལྟ་བུ། གཉིས་ཀ་མིན་པ། དུ་འཛིན་བློ་ལ་མེ་ལྟ་བུ། བློ་ལའང་གཉིས་སུ་འདོད་པ་སྟེ། ཚད་མ་མ་ཡིན་པ་དང་ཚད་མའོ། ཚད་མ་མ་ཡིན་པ་ལའང་སྣང་ལ་མ་ངེས་པ་ལ་སོགས་ལྔ། བསྡུས་ན་གསུམ་དུ་འདུ། དང་པོ་གཉིས་ནི་མ་རྟོགས་པ། བར་མ་གཉིས་ནི་ལོག་པར་རྟོགས་པ། མཐའ་མ་གཉིས་ནི་ཐེ་ཚོམ་དུ་འདོད། པཎ་ཆེན་ཤཱཀྱ་མཆོག་གིས། ཚད་མ་མ་ཡིན་པའི་བློ་ལྔ་རུ་དབྱེ་བ་ནི་ཕྱ་པའི་གསར་གཏོད་ཀྱི་དགོངས་པ་ཡིན་པར་བཤད་22ཀྱང་། རྔོག་ལོ་ཙཱ་བའི་གཞུང་དུ་གསལ་བར་འཁོད་ཡོད། དེས་ན་མངོན་སུམ་གྱི་མཚན་ཉིད་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཞེས་བཀོད་ཅིང་། དེ་ལའང་དབྱེ་ན་བཞི་སྟེ། དབང་པོ་དང་ཡིད་དང་། རང་རིག་དང་། རྣལ་འབྱོར་མངོན་སུམ་མོ། རང་རིག་མངོན་སུམ་ནི་རང་རིག་པ་སྟེ། དེ་ལ་གཉིས། རང་གི་ངོ་བོ་ལ་ཚད་མ་ཡིན་པ་དང་ཚད་མ་མ་ཡིན་པ་གཉིས་སུ་ཕྱེ། དང་པོ་ནི་རྟོག་པའི་ཤེས་པ་མཐའ་དག་དང་རྟོག་པ་སྐྱེད་པའི་རྟོག་མེད་མཐའ་དག་དང་། གཉིས་པ་ནི་འཁྲུལ་པ་ཟད་པའི་མངོན་སུམ་མཐའ་དག་སྟེ། སྒྲོ་འདོགས་རང་གི་ངོ་བོའི་ཡུལ་ཅན་སེལ་བའི་ཕྱིར་རོ། དེ་ལས་གཞན་ནི་རང་གི་ངོ་བོ་ལ་ཚད་མ་མ་ཡིན་པར་འདོད། རྗེས་དཔག་ལ་རང་གི་དོན་དང་གཞན་གྱི་དོན་གཉིས་སུ་དབྱེ་སྟེ། དེ་ལྟར་འབྱེད་པར་ཡང་སྒྲས་བརྗོད་པར་རིགས་པའི་དོན་ནི་རྣམ་པ་གཉིས་སུ་དབྱེ་བ་ཡིན་ནོ།  སྤྱི་དང་བྱེ་བྲག་ཅེས་བྱ་བ་ནི་ཁྱབ་ཆེ་བ་དང་ཆུང་བ་ཙམ་གྱིས་མི་ཕྱེད་ཀྱི།  རྟེན་དང་བརྟེན་པས་འབྱེད་དེ། དེ་ཡང་རྟེན་ནི་བརྟེན་པ་ལ་ལྟོས་མི་དགོས་པར་རང་དབང་དུ་རྟོགས་ནུས་པ་ཡིན་ལ། བརྟེན་པ་ནི་རྟེན་ལ་ལྟོས་དགོས་ཞེས་སོགས་མདོར་ན་ཞིབ་ཕྲའི་འདོད་པ་ཚད་མའི་བསྟན་བཅོས་དངོས་ལ་བལྟ་བར་བྱའོ།
          རྔོག་ལོ་ཙཱ་བས་སྡེ་བདུན་ལ་སོགས་པའི་གཞུང་གི་མཐར་ཐུག་གི་དགོངས་པ་ནི་དབུ་མའི་ཚུལ་དུ་གནས་པར་བཞེད་དེ། པཎ་ཆེན་ཤཱཀྱ་མཆོག་གི་ཚད་མའི་ཆོས་འབྱུང་དུ། “སྤྱིར་བོད་ཀྱི་མཁན་པོས་བསྟན་བཅོས་མཛད་པ་ཆ་ཤས་ཙམ་ལས་མེད་ན་ཡང་བདག་ཉིད་ཆེན་པོ་འདི་ནས་བསྟན་བཅོས་རྒྱས་པར་མཛད་པའི་དབུ་ཚུགས་ནས་རྣམ་པར་ངེས་པའི་དཀའ་འགྲེལ་སོགས་ཆོས་འབྱུང་གི་དཀར་ཆག་ཏུ་ཚུད་པའི་རྟོག་གེའི་ཆོས་ཕྲན་དུ་མ་དག་མཛད་ལ། འགྲེལ་ཚུལ་ནི། རྣམ་འགྲེལ་ལ་རྒྱན་གྱི་དགོངས་པ་བཞིན་དབུ་མར་བཀྲལ་བ་དང་། རྣམ་པར་ངེས་པ་ཡང་མདོ་སེམས་ཀྱི་སྐབས་སོ་སོ་བ་རྣམས་ཐད་སོར་བཞག་ནས་མཐར་ཐུག་ནི་འབྲས་བུའི་རྣམ་པར་རྟོག་པ་བཞི་པའི་སྐབས་ནས་འབྱུང་བ་དེ་ཉིད་དུ་གནས་པས་ན་སེམས་ཙམ་ལས་གོང་དུ་འཕགས་སོ། དེ་ལྟ་མོད་ཀྱི་སྤྱིར་བྱམས་པའི་ཆོས་རྗེས་འབྲང་དང་བཅས་པའི་འཆད་ཚུལ་འཕགས་ཡུལ་ནས་བྱོན་པ་ལ་ཐོས་བསམ་པའི་ལུགས་ལྟར་འཆད་པ་དང་། བསྒོམ་ལུགས་ལྟར་འཆད་པ་ཞེས་གཉིས་སུ་གྲགས་པ་ལས་ལོ་ཙཱ་བ་ཆེན་པོ་འདི་ཡི་འཆད་ལུགས་ནི་གཙོ་བོར་སྔ་མ་དེ་ཉིད་ཡིན་”23ཞེས་བྱུང་བ་ལྟར་ཡིན། གང་ལྟར་རྔོག་བློ་ལྡན་ཤེས་རབ་ཀྱིས་ཐོས་བསམ་པའི་ལུགས་ལྟར་ཚད་མའི་གཞུང་གི་འཆད་ཉན་མཛད་ཅིང་། རྣམ་ངེས་གྱི་གཞུང་གི་དགོངས་པ་དབུ་མའི་ལུགས་ལྟར་འགྲེལ་བས་ན། འགྲེལ་ཚུལ་འདི་ནི་སྲོལ་འབྱེད་སྔ་མ་དེ་དག་ལ་རག་མ་ལས་པའི་ཤིང་རྟའི་སྲོལ་ཆེན་པོ་ཞིག་ཡིན་པར་པཎ་ཆེན་ཤཱཀྱ་མཆོག་གིས་གསུངས། ཕྱིས་རྔོག་ལོའི་ཡང་སློབ་གསང་ཕུའི་གདན་ས་འཛིན་པ་ཕྱ་པ་ཆོས་ཀྱི་སེང་གེས་ཁོང་གི་འདོད་པ་ལ་དགག་གཞག་མཛད་པའང་ཡོད་ལ། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་ཆོས་རྗེ་ས་པཎ་བྱོན་ཏེ། རྔོག་ལོ་དང་ཕྱ་གཙང་དན་གསུམ་ལ་སོགས་པའི་འཆད་ཚུལ་ལ་བོད་སྔ་རབས་པ་ཟེར་ཏེ་ཕྱོགས་སྔར་བཀོད་དེ་དགག་པ་མང་དུ་མཛད་ཡོད།
          རྔོག་ལོའི་བུ་སློབ་རྣམས་ཀྱིས་ཚད་མ་གསར་མའི་འཆད་ཉན་རྒྱ་ཆེར་སྤེལ་ཚུལ།
          རྔོག་ལོ་ཙཱ་བ་ལྡན་ཤེས་རབ་ཀྱིས་ཁུ་བོའི་གདན་ས་གསང་ཕུ་ནེའུ་ཐོག་ལ་སོགས་པའི་གནས་ཁྱད་པར་ཅན་མང་པོར་སྡེ་སྣོད་ཀྱི་ཆོས་རྒྱ་ཆེར་གསུངས་པས། དབུས་གཙང་། ལྷོ་བལ། མདོ་སྟོད་སྨད། ཤར་ཙོང་ཁ། རྒྱ་མི་ཉག་ལ་སོགས་སུ་གྲུབ་མཐའ་འཛིན་པའི་སློབ་མ། ཉིང་སློབ་དུ་མ་གྱུར་བ་མེད་24ཅིང་། དབུས་གཙང་དུ་ལོ་བཅུ་བདུན་རིང་ཆོས་འཆད་ཉན་གྱི་ལས་ཁོ་ན་མཛད། ཁོང་གི་བུ་སློབ་དག་ལས་སྐུའི་གདན་ས་འཛིན་པ་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང་། གསུང་གི་བསྟན་པ་རྫོགས་པར་འཛིན་པ་ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས། དབུ་ཚད་ཀྱི་བཤད་སྲོལ་འཛིན་པ་ཁྱུང་རིན་ཆེན་གྲགས། ཤེར་ཕྱིན་གྱི་བཤད་སྲོལ་འཛིན་པ་འབྲེ་ཤེས་རབ་འབར་བཞི་ལ་སྲས་ཀྱི་ཐུ་བོ་བཞིའམ་བཀའ་བབས་ཀྱི་སློབ་མ་བཞི་ཞེས་འབོད་པ་དང་། གཞན་ཡང་། གངས་པ་ཤེའུ། གོང་བུར་ཅན། ཤམ་པོ་མེ་ཏིག25མེ་ལྷང་ཚེར། དམར་གབ་ཡང་། 26ཏོག་སྐྱའོ་27ལ་སོགས་བུ་སློབ་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད།
          ཁོང་གི་བུ་སློབ་དེ་དག་ལས་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་ནི་གཉལ་ཆོས་སྒོ་ཤོ་བོར་ཚེ་སྤོང་དུ་འཁྲུངས་ཤིང་།   རྔོག་ལོ་གཤེགས་རྗེས་གསང་ཕུའི་གདན་ས་ལོ་སོ་ལྔ་མཛད་དེ་རྔོག་གི་བཤད་རྒྱུན་བསྐྱངས། འདུ་ཁང་བཞེངས་པ་སོགས་ཀྱི་ལས་ཀྱང་མཛད། སློབ་མ་མཁས་པ་ཕྱ་པ་ཆོས་སེང་དང་། ཉང་བྲན་ཆོས་ཀྱི་ཡེ་ཤེས་སོགས་མང་དུ་བྱུང་སྟེ་ཚད་མ་གསར་མའི་འཆད་ཉན་རྒྱས་པར་སྤེལ། ཀློང་ཆེན་གྱི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ལས། “ ཞང་ཚེས་དང་ཕྱ་པ་ནི་མཐའ་གཞན་དུ་སྲིད་པའི་དོགས་པ་དང་བཅས་པའོ་ཞེས་ཟེར་རོ”28 ཞེས་དྲངས་པ་ལྟར་ན། ཞང་ཚེ་སྤོང་གིས་ཀྱང་ཚད་མའི་བསྟན་བཅོས་མཛད་ཡོད་པ་ཞར་ལ་རྟོགས་ཐུབ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། འདིས་ཚད་མ་རིག་པའི་འགྲེལ་པ་འགའ་ཞིག་མཛད་ཡོད་29ཅེས་གསུངས་ཀྱང་གཞི་འཛིན་སའི་ཁུངས་རྩད་མ་ཆོད།
          གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་ཆུང་དུས་ནས་ཇོ་བོ་རྗེ་ཡབ་སྲས་ཀྱི་ཞབས་ལ་གཏུགས་ཤིང་། སྤྱན་སྔ་བ་དང་ཁམས་པ་ལུང་པ། པོ་ཏོ་བ་ལས་ཆོས་གསན། གཞན་ཇོ་བོ་ནས་བརྒྱུད་པའི་ཆོས་དང་། མདོ་སྔགས་ཀྱི་གཞུང་ཕལ་ཆེ་བ་རྔོག་ཁུ་དབོན་གཉིས་ལས་གསན་ཏེ་སྦྱངས་པས། སྔགས་མཚན་ཉིད་དང་བཅས་པར་ཤིན་ཏུ་མཁས་ཤིང་ཡིག་ཆའང་མང་དུ་མཛད། ཁྱད་པར་དུ་བསྟན་རིམ་ཆེ་ཆུང་གཉིས་དང་། ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་བའི་ཆོས་འབྱུང་བརྒྱ་རྩ་ལ་དོན་འདུ་བའི་ཊཱིཀ་བསྡུས་པ་ཞིག་དང་། ཚད་མ་ཆུང་བ་ཞེས་པའང་མཛད། རྔོག་ལོ་ཙཱ་བའི་བཞེད་པ་ཇི་ལྟ་བ་བཞིན་འཛིན་ཅིང་བསྟན་བཅོས་མང་དུ་མཛད་དེ་ཚིག་གི་སྦྱོར་བ་ཁོ་ན་ཡང་མཁས་པའི་དབུས་ན་ཉི་མ་ལྟར་ལྷང་མེ་བ་ཞིག་ཡིན་པར་བཤད། གཞན་ཡང་ལོ་ཆེན་གྱི་ཐུགས་དང་ན་བཟའ་བཞུགས་སྟན་བཞུགས་པའི་མཆོད་རྟེན་དང་འདྲ་འབག་གི་ཐང་ཆེན་བརྒྱ་རྩ་བརྒྱད་བཞེངས་པ་དང་། ལོ་ཆེན་གྱི་བསྒྱུར་རྩོམ་ཐམས་ཅད་ཚར་གསུམ་བཞེངས་ཏེ་གཅིག་གསང་ཕུར་ཕུལ། གཅིག་འབུམ་དུ་བཞུགས། གཅིག་དྲིན་ལས་ཀྱི་སྡེར་བ་བཞག  གསང་ཕུའི་གདན་ས་རྣམ་པར་བའི་རྗེས་ལ། “གྲོ་ལུང་པ་སྤྱན་དྲངས་པས་ངའི་གྲོགས་མཆེད་ཚེ་སྤོང་གི་འོག་ཏུ་ང་འོས་པ་ཡིན་ཡང་དེ་རྗེས་འགའ་ཞིག་འདུག་ཟེར་བས་སུ་ཡིན་གྱི་གདན་སར་འགྲོ་བ་མི་ཡོང་། ཟུར་ཆོས་བ་མཁས་པ་ཅིག་གདན་སར་གཏོང་ཞེས་ཕྱ་པ་གདན་སར་བསྐོས་” 30ཞེས་《མཁས་པའི་དགའ་སྟོན་དུ་》 འཁོད་ཡོད། ཕྱིས་དགུང་ལོ་བརྒྱད་ཅུའི་སྟེང་སྐུ་གཤེགས། སློབ་མའང་སྟེང་པ་ཚུལ་ཁྲིམས་འབྱུང་གནས་སྦས་པ་དང་གྲགས་པ་རིན་ཚུལ། ཕྱ་པ་ཆོས་སེང་། ཟམ་ཁ་བ་སོགས་མང་དུ་བྱུང་སྟེ་རྔོག་ལོ་ཆེན་པོའི་སྲོལ་བཟུང་། 《མང་ཐོས་ཀྱི་བསྟན་རྩིས་ཀུན་བཏུས་》སུ། “ གཙོ་བོར་ཚད་མའི་བསྟན་པ་སྤེལ་བ་ལ་གྲོ་ལུང་པ་དང་ཁྱུང་གི་སློབ་རྒྱུད་རྣམས་བཀའ་དྲིན་ཆེ་བར་བྱུང་འདུག” 31ཅེས་གསུངས་པ་ལྟར། རྔོག་ལོའི་ཚད་མའི་བཤད་པ་གངས་རིའི་ཕྱོགས་ཀུན་ཏུ་དར་བར་གྱུར།
          འབྲེ་ཤེས་རབ་འབར་ནི། གཙང་ཉང་སྟོད་དུ་འཁྲུངས་ཤིང་།  གཞོན་པའི་དུས་ཡོལ་ཆོས་དབང་ལས་རབ་ཏུ་བྱུང་སྟེ་ཁོང་ཉིད་བླ་མའི་མཆོག་ཏུ་བཀུར་ཏེ་གདམས་པ་མང་པོ་གསན། བོ་དོང་དུ་བཤེས་གཉེན་མུ་དྲ་ཆེན་པོ་ལས་ཆོས་མངོན་པ་གསན། སྣེ་བོ་གྲགས་པ་རྒྱལ་མཚན་ལས་བསྙེན་པར་རྫོགས། ཁུ་རྔོག་སོགས་དང་ལྷན་དུ་ཁམས་འདན་ཁོག་ཏུ་སེ་བཙུན་གཞོན་ནུ་དབང་ཕྱུག་གི་དྲུང་ནས་ཕར་ཚད་མངོན་པ་སོགས་གཙོ་བོར་གྱུར་བའི་སྡེ་སྣོད་ལ་སྦྱངས་པ་མཛད་པས་མཁས་པར་གྱུར། གཞན་ཡང་པཎ་ཆེན་འབུམ་ཕྲག་གསུམ་པ་དང་། རྔོག་བློ་ལྡན་ཤེས་རབ་སོགས་བསྟེན་ཏེ་ཐུགས་སྲས་སུ་གྱུར། སྐྱེགས་གནས་རྙིང་གི་མཁན་རབས་བཞི་པ་གནང་སྟེ་བཤད་གྲྭ་བསྐྱངས། དགུང་ལོ་མཐོན་པོར་བཞུགས་པ་འདྲ། སློབ་མའང་སྟོང་ཕྲག་གཅིག་བྱུང་བའི་ནང་ནས་མཆོག་ཏུ་གྱུར་བ་ནི་སྟོད་པ་དཀོན་མཆོག་མཁར། ཨར་བྱང་ཆུབ་ཡེ་ཤེས། ཁྱུང་རིན་ཆེན་གྲགས། སྙལ་པ་སྲེགས་སྟོན། མངོན་པ་བྱང་གྲགས། རྒྱ་འདུལ་བརྩོན་འགྲུས་སོགས་ཡིན།
          ཁྱུང་རིན་ཆེན་གྲགས་ནི་རྔོག་ལོ་ཆེན་པོའི་ཚད་མའི་བཤད་སྲོལ་འཛིན་མཁན་ཞིག་སྟེ། རྔོག་ལོ་ཆེན་པོ་དང་འབྲེ་ཤེས་རབ་འབར་སོགས་བསྟེན་གནང་སྟེ་དབུ་ཚད་སྦྱངས། ཁྱུང་རིན་ཆེན་གྲགས་ཀྱི་བཞུགས་སའི་མཐིལ་དང་འཆད་ཉན་བསྐྱངས་པའི་གནས་ནི་གླང་པ་འཕང་ཐང་དགོན་པ་ཡིན་ལ་དེ་འཛིན་མི་བླ་མ་སུ་བྱུང་ཡང་ཁྱུང་གི་གདན་ས་ཟེར་རོ32ཞེས་《མྱང་ཆོས་འབྱུང་》 དུ་འཁོད་ཡོད། ཉང་རོ་ལ་སོགས་པར་འཆད་ཉན་མཛད་པས། སྟོད་ལུང་རྒྱ་དམར་བ་དང་། སྟག་པ་ཁ་ཆེ་ལ་སོགས་པའི་སློབ་མའང་མང་དུ་བྱུང་། ཀློང་ཆེན་རབ་འབྱམས་པས་མཛད་པར་གྲགས་པའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ཞེས་པར། “སྟག་པ་ན་རེ་.... ཟེར་རོ་”ཞེས་བྱུང་བའི་སྟག་པ་ནི་སྟག་པ་ཁ་ཆེ་མིན་ནམ་སྙམ་སྟེ། དེ་ལྟར་ན་ཁོང་གིས་ཀྱང་ཚད་མའི་བསྟན་བཅོས་བརྩམས་ཡོད་ངེས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས། “རྔོག་ལོ་ཆེན་པོའི་ཐུགས་སྲས་དེ་དག་ལས། གཙོ་བོར་ཚད་མའི་བསྟན་པ་སྤེལ་བ་ལ་གྲོ་ལུང་པ་དང་ཁྱུང་གི་སློབ་རྒྱུད་རྣམས་བཀའ་དྲིན་ཆེ་བར་བྱུང་འདུག”33ཅེས་གསུངས་པ་ལྟར། ཁྱུང་རིན་ཆེན་གྲགས་ནི་ཚད་མ་དར་སྤེལ་ཐད་ཤིན་ཏུ་མཛད་རྗེས་ཆེ་བའི་མཁས་པ་ཞིག་ཡིན་འདུག
          གངས་ཤེའུ་ནི་ཉང་སྟོད་ལྕང་རའི་ཕུའི་གངས་ཞེས་པར་འཁྲུངས་པས་གངས་པ་ཤེའུ་ཞེས་ཐོགས་པ་ཡིན་ནམ་སྙམ། མཚན་དངོས་ལ་བློ་གྲོས་བྱང་ཆུབ་ཟེར། རྔོག་ལོ་དང་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་སོགས་བསྟེན་གནང་ནས་མདོ་ཕྱོགས་དང་གསང་སྔགས་ཀྱི་རྒྱུད་སྡེའི་སྐོར་ལ་མཁས་པར་སྦྱངས། ཁོང་བཞུགས་ཡུལ་དང་འཆད་ཉན་མཛད་པའི་མཐིལ་རྒྱང་རོ་ཡིན། སྐུ་གཤེགས་པའི་དམར་གདུང་གཙང་ཉང་སྟོད་བློ་བདེའི་གོང་ཙམ་གྱི་འབན་གྲོང་ཞེས་པར་ཡོད་ཚུལ་《མྱང་ཆོས་འབྱུང་》 ལས་གསུངས། ཀློང་ཆེན་གྱི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ལས། “གངས་པ་ན་རེ་……ཞེས་འདོད་དོ་”ཞེས་ཕྱོགས་སྔར་བཀོད་པ་མང་པོ་ཡོད་པར་བརྟགས་ན། གངས་པ་ནི་གངས་པ་ཤེའུ་ཡིན་ནམ་སྙམ་ཞིང་། ཁོང་གིས་ཀྱང་ཚད་མའི་བསྟན་བཅོས་བརྩམས་ཡོད་ཀྱང་ད་ལྟ་མཐོང་སྣང་དུ་མ་བྱུང་། ཡང་། ཀློང་ཆེན་གྱི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ལས། “གོང་བུར་ཅན་ན་རེ་.... ཞེས་ཟེར་རོ་”34 ཞེས་བྱུང་བ་ལྟར། རྔོག་ལོའི་སློབ་བུ་གོང་བུར་ཅན་གྱིས་ཀྱང་ཚད་མའི་སྐོར་གྱི་བསྟན་བཅོས་བརྩམས་ཡོད་པ་རྟོགས་ཐུབ།
          རྒྱ་དམར་བ་ནི་སྟོད་ལུང་དུ་འཁྲུངས་ཤིང་། མཚན་དངོས་ལ་བྱང་ཆུབ་གྲགས་ཟེར། ཁོང་གིས་ཁྱུང་རིན་ཆེན་གྲགས་དང་གངས་པ་ཤེའུ་བློ་གྲོས་བྱང་ཆུབ་གཉིས་ཀྱི་དྲུང་ནས་དབུ་ཚད་ལ་སོགས་པའི་མདོ་ཕྱོགས་ཀྱི་གཞུང་ལ་སྦྱངས་ཤིང་།ཚད་མའི་ཕྱོགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན།འཁོན་ཕུ་བའི་སྲས་ལྷ་རྗེ་ཟླ་བའི་འོད་ཟེར་གྱི་མདུན་ནས་གསང་སྔགས་ཕྱོགས་ཀྱི་མན་ངག་མང་པོ་ཞུས། མྱང་རོ་དང་། སྟོད་ལུང་སེ་ཐང་སོགས་སུ་དབུ་ཚད་ཀྱི་བཤད་པ་རྒྱ་ཆེར་མཛད། སློབ་མའང་ཕྱ་པ་ཆོས་ཀྱི་སེང་གེ་དང་། ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོ། མཁས་པ་ཆེན་པོ་ཅོག་རོ་ཆོས་ཀྱི་རྒྱལ་མཚན། འབལ་ཚད་མ་བ། སྐྱིལ་མཁར་ལྷ་ཁང་བ། ཀརྨ་དུས་གསུམ་མཁྱེན་པ་སོགས་མཁས་པ་མང་པོ་བྱུང་། ཁྱད་པར་དུ་ཕྱ་པ་ཆོས་ཀྱི་སེང་གི་དབུ་ཚད་ཀྱི་རིགས་པ་མཐའ་དག་ཁོང་གི་མདུན་ནས་བསླབས་པ་ཡིན། རྒྱ་དམར་བས་“ཚད་མ་རྣམ་པར་ངེས་པ་དང་དབུ་མ་བདེན་གཉིས་ལ་སོགས་པའི་ཊཱིཀ་དང་། བསྡུས་པའང་མང་དུ་མཛད་”35་ཅེས་《 དེབ་སྔོན་》 ལས་གསུངས། ཀློང་ཆེན་པའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》 ལས། “ ལོ་ཙཱ་བ་དང་རྒྱ་དང་ཕྱ་པ་ཟེར་རོ་”ཞེས་དང་། “རྒྱ་ཟེར་རོ”ཞེས་རྒྱ་དམར་བའི་ཚད་མའི་འདོད་པ་མང་པོ་ཕྱོགས་སྔར་བཀོད་དེ་དགག་གཞག་གནང་ཡོད། ཡིན་ནའང་ད་ལྟ་རྒྱ་དམར་བའི་ཚད་མའི་བསྟན་བཅོས་སྣང་དུ་མ་བྱུང་ཡང་།  ཀློང་ཆེན་པའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》ཞེས་པའི་ཁྲོད་དུ་རྒྱ་དམར་བའི་ཚད་མའི་འདོད་ཚུལ་མང་པོ་འཁོད་པ་དེ་ལ་བརྟགས་ན། སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་མཉམ་བྱ་རྟགས་ཡང་དག་ཏུ་འདོད་པ་སོགས་རྒྱ་དམར་བའི་ཚད་མའི་ལྟ་བ་ཅུང་ཟད་ཙམ་རྟོགས་ཐུབ།
          གཞན་ཡང་། རྔོག་ལོ་ཆེན་པོའི་དབུ་ཚད་ཀྱི་བཤད་སྲོལ་འཛིན་པ་ཤམ་པོ་མེ་དིག་དང་དང་གོང་བུར་ཅན་ལ་སོགས་ཚད་མ་གསར་མའི་ཕྱོགས་ལ་མཛད་རྗེས་ཆེ་བའི་མཁས་པ་མང་པོ་ཞིག་གི་ལོ་རྒྱུས་དང་བརྩམས་ཆོས་ལག་ཏུ་མ་སོན་པས་འདིར་འབྲི་མ་ཐུབ་པ་དང་། གྲོ་ལུང་པ་དང་ཁྱུང་རིན་ཆེན་གྲགས། རྒྱ་དམར་བ་ལ་སོགས་པ་ཚད་མ་གསར་མའི་ཐད་ལ་མཛད་རྗེས་བླ་མེད་བཞག་མྱོང་བའི་མཁས་པ་དག་གི་གི་ལོ་རྒྱུས་ཀྱང་རྒྱུས་ཆོས་འབྱུང་དག་ལས་ཐར་ཐོར་རེ་བཏུས་ཏེ་མདོ་ཙམ་ལས་འགོད་མ་ཐུབ་སོང་།   སྤྱིར་རྔོག་ལོ་ཆེན་པོའི་གཞུང་སྲོལ་འཛིན་པའི་སློབ་མ་དང་ཉིང་སློབ་བགྲང་ལས་འདས་པ་དང་། ཁོང་གིས་གསང་ཕུར་བཤད་གྲྭ་བསྐྱངས་གནང་བ་ལ་བརྟེན་ནས་རིམ་གྱིས་བོད་དུ་ནང་བསྟན་དགོན་སྡེའི་རིག་གནས་ཀྱི་ཆུ་བོ་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་ཞིག་ཡིན། གངས་ལྗོངས་སུ་“རྔོག་ལོའི་བཤད་རྒྱུན་ལས་མ་བརྒྱུད་པ་མེད་”ཅེས་འཁོད་པའི་བསྟན་བཅོས་36དེས་ཀྱང་རྔོག་བློ་ལྡན་ཤེས་རབ་ཀྱི་མཞུང་སྲོལ་འཛིན་པའི་སློབ་མ་རྒྱུན་མ་ཆད་པར་བྱུང་བའི་དོན་དངོས་དེ་མཚོན་པར་ནུས་པ་བཅས་རེ་ཞིག་རྫོགས་པར་བྱས་སོ། །
དོ་རྒྱ་དབང་དྲག་རྡོ་རྗེ། འགྱན་སངས།
①⑥⑨⑾⑿35《དེབ་སྔོན》འགོས་ལོ་ཙཱ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོ། ཤ༩༧、༩༨、 ༡༢༣、༩༨、 ༤༠༤ན་གསལ། 
②ཀློང་ཆེན་རབ་འབྱམས་པས་མཛད་པར་གྲགས་པའི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་》 ཞེས་པར། “ཇོ་བཙུན་དང་རྒྱ་དང་ཕྱ་པ་ཟེར་རོ་” ཞེས་ཇོ་བཙུན་གྱི་ཚད་མའི་འདོད་ཚུལ་མང་དུ་འཁོད་ཡོད་པས། ཇོ་བཙུན་ཟེར་བ་འདི་ནི་ཁམས་ཀྱི་ཇོ་བོ་སེ་བཙུན་མིན་ནམ་དཔྱད། དེ་ལྟར་ན་ཇོ་བོ་སེ་བཙུན་གྱིས་ཚད་མའི་བསྟན་བཅོས་བརྩམས་ཡོད་པར་ངེས། རྒྱ་ནི་ཕྱའི་སློབ་དཔོན་རྒྱ་དམར་བ་ཡིན་ནམ་སྙམ། 
③《བཀའ་གདམས་ཆོས་འབྱུང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ༡༦༦ན་གསལ།
④གསང་ཕུའི་བཏབ་ལོ་ལ་བཤད་ཚུལ་མི་མཐུན་པ་འགའ་རེ་ཡོད།
⑤ཁྱུང་པོ་ཆོས་བརྩོན་དང་ཁྱུང་པོ་གྲགས་སེ་གཉིས་མི་གཅིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་《མྱང་ཆོས་འབྱུང་》དུ། ཁྱུང་པོ་ཆོས་བརྩོན། ཁྱུང་པོ་གྲགས་སེང་། ཁྱུང་པོ་གྲགས་སེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། ཞེས་བྱུང་བའི་ཕྱིར།
 ⑦⑧32《མྱང་ཆོས་འབྱུང་》ཇོ་ནང་ཏཱ་ར་ན་ཐ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ལོ། ཤ༡༢༩ - ༡༣༠、༡༢༨、༧༢ན་གསལ།
⑩《བུ་སྟོན་ཆོས་འབྱུང》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤ༢༠༢ན་གསལ།
⒀《ཡར་ལུང་ཇོ་བོའི་འོཆོས་འབྱུང་》 དང་ 《དེབ་ཐེར་དམར་པོ་》 《མཁས་པའི་དགའ་སྟོན་》 སོགས་སུ་ལྕགས་མོ་ཕག་གི་ལོ་སྟེ་སྤྱི་ལོ་༡༠༡༡ལོར་ འཁྲུངས་པར་ཡང་བཤད། 
⒁ གྲོ་ལུང་པ་རིག་པའི་འབྱུང་གནས་ཀྱིས་མཛད་པའི《འཇིག་རྟེན་མིག་གཅིག་རྔོག་ལོ་ཙཱ་བའི་རྣམ་ཐར་བཞུགས་སོ་》ཞེས་པར་གསལ། 15 30《མཁས་པའི་དགའ་སྟོན་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོ། ཤ༧༢༦ ༧༢༩ན་གསལ། 
16འདི་གསང་ཕུའི་ས་ཆར་ངོས་འཛིན་དགོས་ཚུལ《སུམ་པའི་ཆོས་འབྱུང་》 གི་མཚན་གྱི་ནང་དུ་གསལ། 
17 པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཚད་མའི་ཆོས་འབྱུང་དུ། “རྔོག་ལོའི་རྣམ་ངེས་དཀའ་འགྲེལ་གྱི་མཆོད་བརྗོད་དུ་འཁོད་པ་” ཞེས་བྲིས་ཡོད་ཀྱང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་རྔོག་ལོའི་《 ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་》དུ། “མཆོད་བརྗོད་ཀྱི་ཤོག་ལྕེ་གཅིག་ཆད་པས་ད་ལྟ་མཐོང་བ་ནི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཞལ་བཤུས་བྱས་པ་དེའོ”ཞེས་གསལ། 18གྲོ་ལུང་པས་མཛད་པའི《ལོ་ཙཱ་བའི་རྣམ་ཐར་》ན་གསལ། 
19 20 22 23་《ས་སྐྱའི་ཆོས་འབྱུང་གཅེས་བསྡུས་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོ། དེབ་དྲུག་པ། ཤ༢༦༥、 ༢༨༤།、༢༨༣ན་གསལ།
21《ཚད་མའི་དཀའ་གནད་རྣམ་བཤད་》 ཤ༡༢༩ན་གསལ།
24《ཡར་ལུང་ཇོ་བོའི་ཆོས་འབྱུང》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤོག་གྲངས་༡༢༨ན་གསལ། 
25《དེབ་དམར་》དང་《མཁས་དགའ་》རུ་ཤ་པོ་མེ་དིག་ཅེས་བྲིས་ཡོད་པ་དང་། ཀློང་ཆེན་གྱི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》རུ། གཞན་ལུགས་འགོ་པའི་སྐབས་སུ། “ཇོ་བཙུན་དང་མེ་དིག་པ་ཟེར་རོ” ཞེས་བྱུང་བ་ལྟར་ན། མེ་ཏོག་པས་ཚད་མའི་ཕྱོགས་ཀྱི་གསུང་ཆོས་མཛད་ཡོད་པ་གསལ་ལོ།
26《དེབ་དམར》དུ་དམར་སྒས་ལང་ཞེས་དང་། 《མཁས་དགའ་》 རུ་དམར་སྒ་ལང་ཞེས་བྲིས་ཡོད། 
27《དེབ་དམར་》དུ་རྡོག་སྐྱའོ་ཞེས་དང་《མཁས་དགའ་》རུ་རྔོག་སྐྱའོ་ཞེས་བྲིས་ཡོད།
28《ཚད་མའི་དེ་ཁོ་ཉིད་བསྡུས་པ་》ཤ༥༩ན་གསལ།
29 《དེབ་དམར་》 གྱི་མཆན་འགྲེལ་ཨང་༣༤༨ན་གསལ། 
31 33《བསྟན་རྩིས་གསལ་བའི་ཉིན་བྱེད་》མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤ༡༢༠ན་གསལ། 34ཀློང་ཆེན་རབ་འབྱམས་ཀྱི་《ཚད་མའི་དེ་ཁོ་ན་ཉིད་བསྡུས་པ》 ཤ༣༢༢ན་གསལ།
36“བསྟན་བཅོས་འདི་ནི་འབྲས་སྤུངས་དགོན་དུ་བཞུགས་པའི་དཔེ་རྙིང་ཞིག་སྟེ། རྩོམ་པ་པོའང་མི་གསལ་” ཞེས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཚོགས་པས་བཏོན་པའི་《 བཀའ་གདམས་གསུང་འབུམ་དཀར་ཆག་》 ཏུ་མཐོང་བ་ཙམ་ལས། ཁོ་བོས་དཔེ་རྙིང་དེ་དངོས་སུ་མཇལ་མ་བྱུང་།