ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་སྐྱེ་བསུ་ཚེ་སྒྲུབ་ཆོ་གའི་དམངས་སྲོལ་ལས་རྐན་མར་སྟེར་བའི་ཕན་ནུས་སྐོར་གླེང་བ།

སྤེལ་དུས 2019-02-21 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། བུ་བཞི་བསམ་པའི་དོན་གྲུབ།
          [ནང་དོན་གནད་བསྡུས།]འདིའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཕྲུག་གུ་བཙས་ནས་བདུན་གཅིག་ཡས་མས་སུ་རྐན་མར་སྦྱིན་པ་དང་ཚེ་ཆུ་ལྡུད་པ། དར་གོས་འབུལ་བ། ཚེ་སྒྲུབ་དང་། དབང་བསྐུར་བ། མིང་འདོགས་པ་སོགས་ཀྱི་ཆོ་ག་སྣ་ཚོགས་དང། ཁྱད་པར་དུ་བུ་ཆུང་བཙས་ཏེ་ཉིན་གསུམ་ནས་བདུན་གཅིག་གི་སྐབས་སུ་རྐན་མར་སྟེར་བའི་སྲོལ་ལུགས་ནི་འཛམ་གླིང་ཁོར་མོ་ཡུག་ན་བོད་རིགས་གཅིག་པུ་ལ་མ་གཏོགས་མེད་པའི་ལུགས་སྲོལ་ཞིག་ཡིན་པ་དང་། ལུགས་སྲོལ་དེ་དབུས་ཕྱོགས་བྱང་ཐང་སོགས་འབྲོག་ཁུལ་དང། ཨ་མདོ་ཕྱོགས་ལ་མཚོན་ན་ད་ལྟའི་བར་དུ་ལག་བསྟར་བྱེད་བཞིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པའི་སྐོར་དང་། དེ་སྟེར་བའི་དགོས་པ་དང་ཁྱད་ཆོས་ཀྱི་སྐོར་ཞིབ་གླེང་བྱས་ཡོད། 
          [བརྡ་ཆད་གཙོ་བོ།]བྱིས་པ། སྐྱེ་བསུ། རྐན་མར། ཕན་ནུས། 
          [ ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] K89[ ཡིག་ཚང་མཚོན་བྱང་།] E [ རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946x(2011)01-116-04
          གཅིག བུ་ཕྲུག་སྐྱེ་བསུ་དང་རྐན་མར་སྟེར་བའི་རིག་གནས་ཀྱི་གོ་དོན།
          བོད་ཀྱི་བུད་མེད་སྦྲུམ་མ་ལ་མཚོན་ན་མངལ་ཆགས་ནས་ཟླ་དགུ་ཞག་བཅུའི་བར་དུ་བཟའ་བཏུང་བཅུད་དང་ལྡན་པར་དགོས་པ་དང་། ལུས་སེམས་གཉིས་ཀྱི་ཐད་ནས་དག་གཙང་དང་ཞི་འཇམ་ངང་དུ་གནས་དགོས་ལ། ལུས་ཤིན་ཏུ་མི་ཚེགས་པའི་འགུལ་སྐྱོད་དང་ངལ་རྩོལ་རན་པོར་བྱེད་པ། ཕྲུ་གུ་མ་བཙས་པའི་སྔོན་གྱི་ཉི་མ་བདུན་ཡས་མས་སུ་ཁྱིམ་གྱི་སྒོ་ཁར་མེ་ཐོ་སོགས་བཞག་ནས་མགྲོན་པོར་འཛེམས་པ། གཞན་ནས་ཁྱེར་འོངས་བའི་རྒྱུ་དང་དངོས་རྫས་སྒོར་ཕུད་པ། ཕྱི་ནས་ཁྱེར་འོངས་བའི་མི་གཙང་ཟས་ཆུའི་རིགས་འགོག་པ། ཕྲུ་གུ་བཙས་མ་ཐག་མི་ཉམས་མྱོང་ཅན་ཞིག་གིས་ལྟེ་ཐག་དམ་པོར་བསྡོམ་པ་དང་ཆུ་གཙང་དྲོན་མོས་ཁྲུས་བཤལ་བྱས་རྗེས། དྲོད་གྲང་རན་པའི་མལ་དུ་རྐན་མར་བྱིན་ནས་བདུན་གཅིག་ཡས་མས་འཇོག་པ་དང་། སྐབས་དེ་དག་ཏུ་སྐྱེ་བསུའི་ཆོ་ག་སྟེ། ཚེ་ཆུ་ལྡུད་པ། དར་གོས་འབུལ་བ། ཚེ་སྒྲུབ་དང་། དབང་བསྐུར་བ། མིང་འདོགས་པ་སོགས་བྱེད་སྲོལ་ཡོད། བུ་བཙས་པ་ལ་ཚེ་སྒྲུབ་སོགས་ཆོ་ག་སྣ་ཚོགས་སྒྲུབ་པའི་ལུགས་སྲོལ་དེ་མིའི་རིགས་ཀུན་ལ་ཁྱབ་ནས་ཡོད་ཅིང་། མི་རིགས་སོ་སོའི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་མི་གཅིག་པའི་དབང་གིས་ཆོ་ག་དང་བྱེད་སྒོ་ཡང་སྣ་ཚོགས་ཡོད་པ་དང་། ཆོ་གའི་ལུགས་སྲོལ་དེ་དག་ལ་ད་ལྟའི་ཚན་རིག་གི་མིག་རྒྱང་ཐོག་ནས་བལྟས་ན་ཚན་རིག་གི་གནས་ལུགས་དང་མཐུན་པའི་ངེས་པ་མ་མཆིས་ནའང་། སྐབས་ཐོག་དེའི་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ངེས་པར་དུ་མཐུན་དགོས་པའི་ཚད་གཞི་ཡོད། ཁྱད་པར་དུ་གོམས་སྲོལ་དེ་དག་ལས་ཁག་གཅིག་ལ་ཚན་རིག་དང་མཐུན་པའི་གོ་དོན་དང་ཤེས་རིག་གི་རིན་ཐང་ཡང་གལ་ཆེན་ལྡན་པ་དང་། ཆོ་ག་དེ་དག་གི་དོན་སྙིང་གཙོ་བོ་དེ་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་དང་ཚེ་སྲོག་དེའི་རིགས་དང་རྒྱུད་སྐྱོངས་པའི་ཐབས་ཤེས་ལ་དམིགས་པ་ཡིན་པ་དཔེར་ན་མི་སྒེར་དང་ཁྱིམ་རྒྱུད། རིགས་རྒྱུད་དང་ཚོ་པ། ཐ་ན་མི་རིགས་དང་རྒྱལ་ཁབ་སོགས་ཀྱི་ཆགས་འཇིག་འཕེལ་འགྲིབ་ཀྱི་གནད་དོན་དང་ཡང་འབྲེལ་བ་ཡོད།
          གཉིས། སྐྱེ་བསུའི་ཆོ་ག་ལས་རྐན་མར་སྟེར་བའི་ངང་ཚུལ།
          སྤྱིར་བཏང་དུ་བུ་ཆུང་བཙས་མ་ཐག་ནས་བདུན་གཅིག་གི་སྐབས་སུ་རྐན་མར་སྟེར་སྲོལ་ཡོད་ཅིང་། དེ་ཡང་མ་ཡུམ་དེའི་ལུས་སྟོབས་ཀྱི་བཟང་ངན་དང་། བདེ་ཐང་གི་གནས་ཚུལ། ནུ་ཞོའི་མང་ཉུང་དང་སྣུམ་བཅུད་ཀྱི་ཆེ་ཆུང་ལ་གཞིགས་ནས་རྐན་མར་སྟེར་གྱི་ཡོད་དེ། གཙོ་བོ་མོ་གསར་དང་། ལུས་སྟོབས་ཞན་པའི་བུད་མེད། ལུས་ཁམས་བདེ་ཐང་མིན་པའི་བུད་མེད་སོགས་ལ་བུ་བཙས་ན། ནུ་ཞོ་དུས་ཐོག་ཏུ་མི་འབབ་པ་དང་། བབ་ཀྱང་ཉུང་ཞིང་སྣུམ་བཅུད་དང་མི་ལྡན་པས། དེའི་རིགས་ཀྱི་བུ་ཕྲུག་ལ་རྐན་མར་རབ་དང་རིམ་པར་སྦྱོར་བ་ཡིན། འདི་ལྟ་བུའི་སྲོལ་ལུགས་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་དཔེ་རྙིང་དག་ལས་གསལ་ཐུབ་ལ། གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཨ་ཁུ་ཁྲོ་ཐུང་གིས་རྐན་མར་ལ་དུག་སྦྱར་ནས་ཇོ་རུ་དཀྲོང་ཐབས་བྱས་པ་དེ་གཏམ་རྒྱུད་ཀྱི་བྱུང་རབས་ངོ་མཚར་བ་ཞིག་ཏུ་བརྩི་སྲོལ་ཡོད་ཅིང་། ལུགས་སྲོལ་དེ་གནའ་རབས་བོད་ཀྱི་ཡུལ་ཁམས་ཀུན་ལ་ཁྱབ་མཉམ་དུ་ཡོད་ལ། ཨ་མདོ་ཕྱོགས་ལ་མཚོན་ན་ད་ལྟའི་བར་དུ་ལག་བསྟར་བྱེད་བཞིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན། དེའང་བཙས་མ་ཐག་པའི་བུ་དེ་ལ་རྐན་མར་དང་ཚེ་ཆུ་བླུད་པ་ནི་འཇིག་རྟེན་གྱི་ཁ་ཟས་ཐེངས་དང་པོར་ཟོས་པའི་ཆོ་ག་ལྟ་བུ་ཡིན་པས། རྐན་མར་དེ་མར་གསར་དགོས་ཤིང་། དེ་ལ་ཟས་བཅུད་དང་མངར་བའི་རོ་ལྡན་པའི་ཆེད་དུ། རྒྱུན་སྲོལ་ལྟར་ན་མར་གསར་ལ་ཀ་ར་དང་སྦྲང་རྩི། བུ་རམ་གང་རུང་སྦྱར་ནས་གཏོང་བ་ཡིན། རྐན་མར་དེ་ཡ་རྐན་ངོས་ལ་སྦྱར་བས་རིམ་གྱིས་ཞུས་ནས་མིད་པར་འགྲོ་བ་དང་། སྦྲང་རྩི་དང་བུ་རམ་སོགས་སྡེབ་པས་རོ་མངར་ཞིང་ནུ་བར་སྤྲོ་བ་ཡིན། རྐན་མར་ལ་བཅུད་ཆེ་བའི་དབང་གིས་ནུ་ཞོ་སོགས་ཟས་བཅུད་ཀྱིས་མ་འདང་ཡང་ལུས་ཟུངས་ལ་མི་གནོད་པའི་ཕན་ཡོན་ལྡན་ཡོད།
          གཞན་ཡང་ཟླ་ཞག་མ་ལོངས་བར་བཙས་པའི་བྱིས་པའི་ཁ་རུ་གླ་རྩི་ཤིག་ཙམ་མར་གསར་ནང་བཏུམས་ནས་གཏོང་བའི་གོམས་སྲོལ་ཡོད་དེ། བོད་ཀྱི་སྨན་གཞུང་དུ་གླ་རྩི་དེ་བཅུད་དང་ལྡན་པའི་སྨན་རྫས་ཤིག་དང་གཉན་ཁ་འཇོམས་པའི་སྨན་རྫས་ཤིག་ཏུ་འདོད་པས། གླ་རྩི་ཤིག་ཙམ་མར་གསར་ལ་སྦྱར་ནས་ཕྲུ་གུའི་ཁོང་དུ་གཏོང་བ་དེར་ལུས་སྟོབས་ཞན་པ་དང་ནད་འགོག་གི་ནུས་པ་དང་མི་ལྡན་པའི་ཕྲུ་གུ་ལ་ནད་རིགས་སྔོན་འགོག་གི་ནུས་པ་ལྡན་པས་ཡིན།
          ད་དུང་དེ་དང་མཚུངས་པའི་གོམས་སྲོལ་ཞིག་ནི་ནུ་ཞོ་སྣུན་བཞིན་པའི་ཕྲུ་གུ་ལ་ཤ་རློན་ནུ་རུ་འཇུག་པ་དེ་ཡིན། དེ་ནི་ཆུང་དུས་ནས་ཤ་ཁྲག་གི་དྲི་དང་བྲོ་བ་ལ་ལོབས་པས་ཟས་ལ་ཡི་ག་ཆེ་ཞིང་། ཆེར་སྐྱེད་པ་ན་སྣུམ་རིགས་ལ་དགའ་བས་ཁ་ཟས་སྣ་དགུ་ལ་སྤྲོ་བ་དང་། ལུས་ཀྱི་ཟུངས་བཅུད་ལ་ཕན་པས་གཟུགས་པོ་ཆེ་ཞིང་ལུས་སྟོབས་དང་ལྡན་པར་བྱེད་པའི་ཐབས་ཤེས་ཤིག་ཡིན།
          གསུམ། གླིང་གེ་སར་རྒྱལ་པོ་འཁྲུངས་དུས་སུ་སྐྱེ་བསུ་ཚེ་སྒྲུབ་དང་རྐན་མར་སྦྱིན་ཚུལ།
          《འཁྲུངས་སྐོར་》ལས། བུ་ཇོ་རུ་དེ་མ་ལ་ཟུག་རྔུ་དང་མ་བདེ་བ་ཅི་ཡང་མེད་པར་སྐུ་བལྟམས་པ་ན། “ དེ་མ་ཐག་གུ་རུ་པད་འབྱུང་གིས་དབང་བསྐུར། ཚེ་ཆུ་བླུད། རྐན་མར་བྱིན། ལུས་མི་འཇིག་པ་རྡོ་རྗེའི་གོ་བསྒོས། ཀླུ་གཙུག་ན་རིན་ཆེན་གྱིས་བདུད་རྩི་དྲངས། རྨ་རྒྱལ་སྦོམ་རས་རོ་བརྒྱའི་ཞལ་ཟས་ཕུལ། གཉན་རྗེ་གེར་མཛོད་ཀྱིས་དར་ཁྲ་བོས་སྐུ་ལུས་གཡོགས་”①ཞེས་གླིང་གེ་སར་རྒྱལ་པོ་འདི་ཨུ་རྒྱན་པད་མའི་དབང་ཡོན་ལ་འཁྲུངས་ཤིང་། ལྷའི་སྲས་པོ། ཀླུའི་ཚ་བོ། རྨ་རྒྱལ་སྦོམ་རའི་གདུང་རྒྱུད་ཡིན་པས་ཐོག་མར་ལྷ་ཀླུ་གཉན་བཙན་དང་ཡུལ་ལྷ་གཞི་བདག་རྣམས་སྐུ་བདག་ཏུ་ཐོན་ནས་རྐན་མར་སྦྱིན་པ་དང་ཚེ་ཆུ་ལྡུད་པ། དར་གོས་འབུལ་བ། ཚེ་སྒྲུབ་པ། དབང་བསྐུར་བ་སོགས་ཀྱི་ཆོ་ག་བྱས། དེའི་ཚེ་ཁྲོ་ཐུང་གི་བསམ་པར། “ ད་ལྟ་འགོག་མོའི་བུ་འདིའི་ཕ་སེང་བློན་ཡིན། ཀླུ་གཙུག་ནའི་ཚ་བོ་ཡིན། སྲུ་མོ་ལ་རྒོད་ལྕམ་དཀར་མོ་ཡོད། མ་རང་ཡང་ལྷ་འབོད་ཀླུ་བསྐུལ་ཕ་ཚན་གཉན། མ་ཚན་བླ་མ་ཨོ་རྒྱན་སྐྲ་བདག་ཡིན་པ་སྐད། གང་ལྟར་བྱས་ཀྱང་བུ་འདིའི་ཕྱེད་ཀ་མི་དང་ཕྱེད་ཀ་འདྲེ་ལྟ་བུ་ཞིག་མི་འབྱུང་བའི་ངེས་པ་མེད། དེ་ཡིན་ཕྱིན་ད་ལྟ་མེ་སྟག་ཆུང་དུས་མེད་པར་བྱས་ན་བཟང་སྙམ་སྟེ། ཞག་གསུམ་གྱི་སྔོན་སྟག་རོང་ཨ་ཁུ་ཁྲོ་ཐུང་དེ་རྟ་གུ་གུ་རོག་ཙོག་ལ་ཞོན། མར་དཀར་ཡི་བུ་ལུ། སྦྲང་བུ་རམ་མངར་གསུམ་ཟས་ཀྱི་བྱེ་བྲག་མང་པོ་ཁྱེར། ཟས་དེའི་ནང་དུ་རྒྱུ་དུག་ཡུ་མོ་རྒྱུག་འགྱེལ་དེ་བཏབ་སྟེ་ལྷ་སྲས་ལ་རྐན་མར་གྱི་ཚབ་ཏུ་ཁྱེར། ལྕི་སུག་གཉིས་ཀྱི་མདོར་འགོག་མོ་མ་བུའི་རྩར་འོངས་ནས། ཨ་རེ་འགའ། འགོག་མོ་ལ་བུ་སྐྱེས་པ་འདི་ང་ཨ་ཁུའི་ཚ་བོ་ཡིན”②ཞེས་རྐན་མར་ལ་སྦྱར་བའི་དུག་དྲངས་ནས་གེ་སར་དཀྲོང་རྩིས་བྱས། གཏམ་རྒྱུད་ཀྱི་བྱུང་རབས་འདི་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཆེས་ངོ་མཚར་ཞིང་མི་སེར་རྣམས་མཉན་སྤྲོ་བའི་དོན་རྐྱེན་ཞིག་ཡིན་པར་མ་ཟད། རྩོམ་རིག་གི་རྟོག་བཏགས་དང་བློ་བཟོ་ཁོ་ན་ཞིག་མ་ཡིན་པར། བོད་གདོད་མའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དངོས་དང་བོད་རང་གི་གོམས་གཤིས་དང་སྲོལ་ལུགས་སྣལ་མ་ཞིག་ཡིན། །
          རང་རེའི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་རོང་པ་དང་འབྲོག་པ། སྐུ་དྲག་དང་མི་སེར་སོགས་གང་ཡིན་ཡང་སྐྱེ་བསུ་ཚེ་སྒྲུབ་ཀྱི་ཆོ་ག བང་སྐྲ་གཅོད་པའི་ཆོ་ག གཞོན་གསར་དུས་ཀྱི་ཆོ་ག གཉེན་སྒྲིག་གི་ཆོ་ག རྒ་བའི་དུས་ཀྱི་གྱ་སྟོན། འདས་མཆོད་དུར་མཆོད་སོགས་ཧ་ལམ་ས་གནས་ཀུན་ལ་གཅིག་མཐུན་དུ་ཡོད་པར་སེམས།
          བཞི། བོད་ཀྱི་འཚོ་བཅུད་རིག་པ་དང་གསོ་བ་རིག་པའི་ཤེས་རིག་ལས་རྐན་མར་ལ་ངོས་འཛིན་ཚུལ། 
          1. མར་ཟས་ཀྱི་འཚོ་བཅུད་ནུས་པར་ངོས་འཛིན་ཚུལ།
          མར་ནི་བོད་མི་རིགས་ཀྱི་ཁ་ཟས་ཀྱི་ཕུད་ཡིན་ལ། ཐོན་སྐྱེད་དང་འཚོ་རྟེན་གྱི་གཞི་མ་ཡིན་པས། བོད་རིགས་ལ་མཚོན་ན་དབྱར་དགུན་སྟོན་དཔྱིད་ཀྱི་ཉིན་རེ་བཞིན་མར་ལ་སྦྱར་བའི་ཁ་ཟས་དང་ཁ་འབྲལ་ཐབས་མེད་དེ། དེ་རོང་འབྲོག་པའི་ཟས་རིགས་གཡོས་སྦྱོར་ཀུན་གྱི་གཞི་མ་ཡིན་པས་བོད་ཀྱི་ཟས་རིགས་སྣ་ཚོགས་སུ་མར་སྦྱར་ནས་བཟོ་བ་ཡིན། ལོ་ངོ་གྲངས་ལས་འདས་པར་ལོངས་སུ་སྤྱད་པའི་ཉམས་མྱོང་གིས་མར་གྱི་ཟས་བཅུད་ནུས་པ་ལ་བོད་ལས་ཆ་རྒྱུས་ཆེ་བ་མེད་དེ། མར་གྱི་སྣུམ་བཅུད་ཀྱི་ནུས་པར་བརྟེན་ནས་ནད་འགོག་ནད་བཅོས་བྱེད་པའི་རིག་པ་བོད་ཀྱི་སྔ་མོའི་མེས་པོ་དག་གིས་ཤེས་རྟོགས་བྱུང་ཡོད་ཅིང་། སྲོག་འཚོ་ཟས་བཅུད་རིག་པའི་ཤེས་བྱའི་དབང་དུ་བྱས་ན། བཤད་རྒྱུད་ཀྱི་མན་ངག་ལས་འཚོ་བ་ཟས་ཀྱི་ལེའུར། “ སྣུམ་ནི་མར་དང་ཏིལ་མར་རྐང་མར་ཚིལ། རོ་མངར་ཕྱི་མ་ལྕི་བསིལ་ཁོང་འཁྲུ་སྣུམ། རྟུལ་དང་ཕྲ་ལ་མཉེན་ཞིང་རླན་པ་ཡིན། རྒས་བྱིས་སྟོབས་ཆུང་སྦེག་རྩུབ་ཁུ་ཁྲག་ཟད། སྦྱང་བྱས་སེམས་ལས་རླུང་གིས་ཉེན་ལ་བསྔགས། དེ་ལ་མར་གསར་བསིལ་ཞིང་རོ་ཙ་ལ། མདོག་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད། མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ་རྨ་འཚོ། ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། ཚེ་འཕེལ་ནུས་པའི་མཆོག་སྟེ་ལས་སྟོང་བྱེད། ཕྲུམ་གསར་སྤྲི་དང་ཕྱུར་བ་ལ་སོགས་པ། དང་ག་ལེན་ཞིང་རྟུག་སྐམས་བད་ཀན་སེལ། ཟོ་མར་བད་རླུང་སེལ་ཞིང་མེ་དྲོད་སྐྱེད”③ཞེས། རྒན་པ་དང་བྱིས་པ་སོགས་ཀྱི་དྲོད་སྟོབས་སྐྱེད་པ་དང་། མེ་དྲོད་གསོ་བ། ཁུ་ཁྲག་འཕེལ་བ། མདོག་སྟོབས་སྐྱེད་པ། བློ་རྣོ་དྲན་གསལ་གྱི་ནུས་པ་སྐྱེད་པ། ཚེ་འཕེལ་བ་སོགས་ཟས་བཅུད་ཀྱི་ནུས་པ་ཡོད་པར་མ་ཟད། སྨན་གསོ་ཡི་ཕན་ནུས་ཕྱོགས་ནས་ཀྱང་བད་རླུང་སེལ་བ་དང་། མཁྲིས་ཚད་སེལ་བ། བད་ཀན་སེལ་བ། བརྒྱལ་ནད་དང་རྨ་ཁ་གསོ་བ་སོགས་ཐུན་མོང་མ་ཡིན་པའི་སྲོག་འཚོ་སྨན་བརྟེན་གྱི་ནུས་པ་ཡོད་པར་གསལ།
          2. མངར་ཟས་ཀྱི་ཟས་བཅུད་ནུས་པར་ངོས་འཛིན་ཚུལ།
          སྲོག་འཚོ་སྨན་བརྟེན་གྱི་རིག་པའི་དབང་དུ་བྱས་ན། མངར་ཟས་ཀྱི་རིགས་ལ་རོ་ལ་ཆགས་ཤིང་ཡི་ག་འབྱེད་པའི་ནུས་པ་ཡོད་པར་མ་ཟད། ཟས་བཅུད་ཀྱི་རིན་ཐང་དང་ལྡན་ལ། མིའི་ལུས་ཁམས་སུ་ཤིན་ཏུ་མཁོ་བའི་བཅུད་རྫས་ཀྱི་རིགས་མང་པོ་སྐོང་ཐུབ་པ་དང་། འཚོ་བྱེད་ཀྱི་ཟས་བཅུད་སྟོབས་ཆེན་དུ་འགྲོ་བ་སྟེ། ཕྱི་མ་རྒྱུད་ཀྱི་མན་ངག་ལས་སྨན་མར་གྱི་ལེའུར། “རོ་ནི་མངར་སྐྱུར་ལན་ཚ་ཁ་ཚ་བསྐ། གོ་རིམ་བཞིན་དུ་འཚོ་བྱེད་སྟོབས་ཆེན་ཡིན། ངོ་བོ་ལྕི་ལ་གསལ་བས་རོ་ཞེས་བྱ། དེ་ཡང་མངར་བའི་རོ་དེ་མྱངས་པའི་ཚེ། ཁ་ལ་ཆགས་ཤིང་ཞིམ་པས་སྲེད་པ་སྐྱེད་”④ཅེས། མིའི་ལུས་སུ་མེད་དུ་མི་རུང་བའི་བཅུད་ཀྱི་རིགས་སུ་གཏོགས་པར་མ་ཟད། གནའ་ནས་བཟུང་མར་གསར་སོགས་དང་བསྡེབས་ནས་གསོ་བྱེད་སྨན་གྱི་སྡེབ་སྦྱོར་གལ་ཆེན་དུ་གྱུར་ཡོད།
          3. ཟས་ཀྱི་བཅུད་སྨན་ལ་བསྟེན་པའི་ནུས་པར་ངོས་འཛིན་ཚུལ།
          ཟས་ཀྱི་བཅུད་སྨན་ལ་བསྟེན་པར་མཐོང་ཆེན་བྱེད་པ་དེ་བོད་ཀྱི་འཚོ་བཅུད་རིག་པའི་འདུ་ཤེས་ལས་དགེ་མཚན་དང་ལྡན་པའི་སྲོལ་ལུགས་ཤིག་ཡིན། དེ་བས་དཔལ་འབྱོར་ཆུ་ཚད་དམའ་ཞིང་འགྲིམ་འགྲུལ་འགྲོ་འོང་སྟབས་མི་བདེ་བ། སྨན་གསོ་ཆེད་ལས་ཁྱབ་བརྡལ་མ་ཡིན་པའི་བོད་གདོད་མའི་སྤྱི་ཚོགས་ལ་མཚོན་ན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཟས་བཅུད་ལ་བརྟེན་ནས་ནད་འགོག་ནད་གསོ་བྱེད་པ་དང་། ཟས་བཅུད་སྨན་དུ་བསྡེབས་ནས་ནད་འགོག་ནད་གསོ་བྱེད་པའི་སྲོལ་ལུགས་བཟང་པོ་ཆགས་པ་དང་། རྒྱུ་ཆ་དཀོན་པོ་མ་ཡིན་ཞིང་སྡེབ་ཁ་ཞིབ་ཚགས་མ་ཡིན་པའི་བྱེད་ཐབས་སྟབས་བདེ་རྣམས་ཕོ་མོ་རྒན་གཞོན་ཀུན་གྱིས་སྤྱོད་ཤེས་པར་གྱུར། དེ་ལའང་ལོ་རྒྱུས་རིང་མོའི་ནང་ལག་ལེན་བྱས་པའི་ཉམས་མྱོང་གི་བདེན་དཔང་དང་། སྨན་དཔྱད་ཀྱི་གཞུང་དང་མན་ངག་གི་རྒྱབ་རྟེན་ཡོད་དེ། ཕྱི་མ་རྒྱུད་ཀྱི་མན་ངག་ལས་སྨན་མར་གྱི་ལེའུར། “ ཀ་ར་མར་གསར་སྦྲང་གི་ལྡེ་གུ་བྱས་པ་ཡིས། གློ་མཆིན་ཚ་བ་རྙིངས་རྙོགས་སེལ་བར་བྱེད་” ཅེས་དང་། “ གེ་སར་གསུམ་དང་མར་གསར་བྲང་ལ་སྦྱར། ། གློ་མཆིན་ཟླ་མཚན་རྨ་རྙིང་སྣ་ཁྲག་གཅོད་” ཅེས་དང་། “ ཀ་ར་མར་གསར་སྦྲང་གི་ལྡེ་གུ་ཡིས།ལུད་པ་ཤེ་རུལ་རྣག་ཁྲག་གློ་རྡོལ་སེལ་” ཞེས་དང་། “ བསིལ་བཞི་ཙན་དན་དཀར་དམར་རུ་རྟ་སྦྲང་། མར་གསར་སྦྲང་སྦྱར་མིག་ནད་མཆིན་ནད་སེལ་”ཞེས་དང་། “ རྒྱ་ཚ་གླ་རྩི་སྡིག་སྲིན་ཚ་བ་གསུམ། མཐིང་ཤུན་མོ་རྡེ་ཉི་དགའ་འབྲས་སྣ་གསུམ། བུ་རམ་མར་སྦྱར་མཁལ་ནད་ཆུ་སྲི་སེལ་”ཞེས་དང་། “ ཤིང་ཚ་སུག་སྨེལ་དྲོད་སྨན་ཅུ་གང་དང་། ཀ་ར་རིམ་བསྐྱེད་མར་གསར་སྦྲང་ལྡེ་གུ བད་ཀན་གློ་ནད་འཇབ་འཇིབ་ལུ་བ་བསྔགས་” ཞེས་པ་སོགས་མར་དང་མངར་ཟས་བུ་རམ་སྦྲང་རྩི་སོགས་ཀྱི་སྡེབ་ཁ་སྣ་ཚོགས་བསྟན་ཡོད་པར་མ་ཟད། མར་གསར་དེ་སྨན་གྱི་སྡེབ་ཁ་དེ་དག་གི་ཁྲོད་དུ་རྒྱལ་པོ་ལྟ་བུའི་གོ་གནས་བཟུང་བའི་སྐོར་བསྟན་ཡོད།
          4. གནས་འཁྱག་པའི་ཡུལ་གྱི་སྣུམ་ཟས་དང་དྲོད་སྟོབས་དབར་གྱི་འབྲེལ་བ།
          མཚོ་བོད་མཐོ་སྒང་གི་རོང་འབྲོག་པ་ལ་མཚོན་ན། ས་བབ་མཐོ་ཞིང་ས་གཤིས་རྩུབ་པ། གནམ་གཤིས་འཁྱག་ཅིང་དབྱངས་དབུགས་ཉུང་བ། ལས་ཀ་ལྕི་ཞིང་ཟས་སྣ་ཉུང་བ། ཁྱད་པར་དུ་བོད་ཀྱི་བུད་མེད་རྣམས་ཀྱིས་རི་ཀླུང་གཉིས་ཀ་ནས་ཕོ་ལས་མོ་ལས་བྱེད་པས། བུད་མེད་ལ་སྡུག་བསྔལ་ལྕི་ཞིང་ན་ཚ་མང་བ། ཟས་བཅུད་དཀོན་ཞིང་ལུས་སྟོབས་ཞན་པའི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད། ས་བབ་ཀྱི་དབང་དུ་བྱས་ནའང་། མཐོ་ས་དང་འཁྱག་སར་གནས་པའི་སྲོག་ཆགས་ཀྱི་རིགས་ལ་ལྡབ་འགྱུར་གྱི་དྲོད་སྟོབས་དགོས་པས། དྲོད་སྟོབས་དེའི་འབྱུང་ཁུངས་གཙོ་བོ་དུད་འགྲོའི་ཤ་ཚིལ་དང་སྤྱི་མར་སོགས་ཀྱི་སྣུམ་བཅུད་ཡིན། ཤ་ཚིལ་དང་སྤྱི་མར་སོགས་ལས་དྲོད་སྟོབས་ལེན་པ་དེ་བོད་ཀྱི་འགྲོ་བ་གནས་པའི་ས་བབ་ཀྱི་དགོས་མཁོ་དང་། སྐྱེ་ཁམས་ཀྱི་དགོས་མཁོ་ལས་བྱུང་བའི་འཚོ་བའི་གོམས་སྲོལ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱུན་ལྡན་དུ་ཨ་མདོའི་ཕྱོགས་སུ་བྱིས་པ་ཆུང་ངུའི་སྐབས་སུ་ཟུངས་དང་བཅུད་འདང་བ་ལ“ རྐང་ཆུད་” དང་ཟུངས་དང་བཅུད་འདང་མེད་པ་ལ“ རྐང་མ་ཆུད་” ཅེས་འབོད། བོད་རིགས་ཀྱི་རོང་འབྲོག་པ་ལ་མཚོན་ན། བྱིས་པ་ལ་རྐང་ཆུད་མིན་དེ་ལོ་ན་ཆུང་བའི་དུས་སུ་ཤ་མར་སོགས་སྣུམ་རིགས་ཀྱི་མཐུན་རྐྱེན་འཛོམས་མིན་ལ་རག་ལས་པ་ཡིན། དེ་བཞིན་ཚེ་སྒྲུབ་བྱེད་པ་དང་དབང་བསྐུར་བ་སོགས་ཀྱང་སྲོག་གི་རྩ་བ་བརྟན་པར་བྱེད་པའི་ཆོས་ལུགས་ཆོ་གའི་ཐད་ཀྱི་གོམས་སྲོལ་ཞིག་ཡིན། བཤད་རྒྱུད་ཀྱི་མན་ངག་ལས་འཚོ་བ་ཟས་ཀྱི་ལེའུར། “ སྐྱེས་བུ་སྣུམ་ལ་བརྟེན་པར་བྱེད་པ་རྣམས། ནང་གི་དྲོད་འབར་ཁོང་པ་དག་པ་དང་། ལུས་ཟུངས་འཕྲལ་བརྟས་སྟོབས་དང་མདོག་བཟང་ལྡན། དབང་བརྟན་རྒས་སུ་ལོ་བརྒྱ་ཐུབ་པར་བཤད་” ཅེས་དང་། “ རྩོལ་བཅས་སྣུམ་བརྟེན་དྲོད་ཆེ་དར་ལ་བབ། སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར་” ⑤ཞེས་བྱུང་བས་མར་གསར་གྱིས་གཙོ་བོ་བྱས་པའི་སྣུམ་རིགས་ཀྱི་འཚོ་རྟེན་དེ་མཐོ་སྒང་གྲང་བསིལ་གྱི་ཡུལ་དུ་གནས་པའི་བོད་རིགས་རྣམས་ལ་འཕྲོད་པ་དང། དེས་ས་མཐོ་བ་དང་དབྱངས་དབུགས་ཉུང་བ། གྲང་ཞིང་བསིལ་བ། སྡོད་གནས་ཀྱི་ཆ་རྐྱེན་ཞན་པ། ཟས་རིགས་དང་བཅུད་རིགས་ཀྱི་རྣམ་གྲངས་ཉུང་བ་སོགས་ཀྱི་འགལ་རྐྱེན་སེལ་ནུས། དེས་ན་བོད་པ་རྣམས་ཀྱིས་ལུས་སྟོབས་རྒྱས་ཤིང་དྲོད་སྟོབས་ཆེ་བ་འབྱུང་བ་ནི་མར་གསར་གྱིས་གཙོ་བྱས་པའི་སྣུམ་ཟས་ཀྱི་རིགས་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། །
          གསལ་བཤད།
          དཔྱད་རྩོམ་འདི་ནི། རྒྱལ་ཁབ་སློབ་གསོ་པུའུའི2009ལོར་མ་དངུལ་རོགས་སྐྱོར་གནང་བའི་ཞིབ་འཇུག་ལས་གཞི།09YJA730004《བཙན་པོའི་རྒྱལ་རབས་སྐབས་སུ་བཀའ་དང་བསྟན་བཅོས་བོད་དུ་འགྱུར་བའི་རིག་གནས་ཞིབ་འཇུག》ལས། གསོ་བ་རིག་པ་བོད་དུ་འགྱུར་བ་དང་དེའི་ལག་ལེན་ལས་འཕྲོས་པའི་དམངས་སྲོལ་འཕྲོད་བསྟེན་སྐོར་གྱི་ཚན་པ་ཞིག་ཡིན། 
          ལུང་འདྲེན་དཔྱད་ཡིག 
          ①②《འཁྲུངས་སྐོར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981/3. p61.77 
          ③④⑤⑥《བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982/3. p56. 63. 596. 56