ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ལྷ་ལུང་དཔལ་རྡོར་དང་བྲག་ཡར་པའི་དཀར་ཆག

སྤེལ་དུས 2019-02-28 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། སྐ་བ་ཤེས་རབ་བཟང་པོ།
[ནང་དོན་གནས་བསྡུས།]འདིར་གཙོ་བོ་བྲག་ཡེར་པའི་དཀར་ཆག་མཚན་བྱང་མི་འདྲ་བ་ཁག་གཉིས་ཙམ་ལ་དཔྱད་བསྡུར་དང་ཁྱད་པར་ལྷ་ལུང་དཔལ་གྱི་རྡོ་རྗེའི་རྣམ་ཐར་དེ་སྔ་གྲགས་ཆེར་མེད་པའི་རིགས་ལུང་འདྲེན་རིག་སྒྲུབ་ཀྱི་དཔྱད་པ་བྱས་ཡོད།
[བརྡ་ཆད་གཙོ་བོ།] ལྷ་ལུང་དཔལ་རྡོར། བྲག་ཡེར་པའི་དཀར་ཆག རྣམ་ཐར། 
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས། jk 05[ཡིག་ཚང་མཚོན་བྱང་།]E [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946 (2004)03—041-06

          བོད་ཀྱི་ལོ་རྒྱུས་ཐོག་ལྷ་ལུང་དཔལ་རྡོར་གྱི་མཚན་ནི་ཡོངས་སུ་གྲགས་པ་ཞིག་ཡིན་པ་ཡང་ཁོང་གིས་བོད་བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་མཐའ་མ་ཆོས་བསྣུབས་མཁན་དར་མ་འུ་དུམ་བཙན་བཀྲོངས་པས་ལོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ནང་བོད་རིགས་རྣམས་ཀྱིས་མི་རིགས་ཀྱི་དཔའ་བོ་ཞིག་ལ་བརྩིས་ནས་མཆོད་བསྟོད་གུས་བཀུར་བླ་ལྷག་བྱེད་བཞིན་ཡོད། ཡིན་ན་ཡང་མི་སྣ་འདི་ཉིད་ཡོངས་གྲགས་ཀྱི་ཆོས་འབྱུང་རྒྱལ་རབས་ནང་དེ་སྐོར་ཡིག་འབྲུ་བརྒྱ་སྐོར་གྱིས་འཐུས་པར་བྱས་པ་ནི་ལྷ་ལུང་དཔལ་རྡོར་ཡེར་པའི་བྲག་ན་སྒོམ་དུས་དཔལ་ལྡན་ལྷ་མོའི་ལུང་བསྟན་བྱུང་བ་དྲན་ལ་རྒྱུ་མཚན་དྲིས་པས་རྒྱལ་པོ་བསྒྲལ་བྱར་དགོངས་ཏེ། རྟ་དཀར་པོ་ལ་སོལ་བ་བྱུགས། གོས་ཕྱི་ནག་ནང་དཀར་གྱོན། བཙན་པོ་ར་སའི་མདུན་དུ་ཡི་གེ་ཀློག་སྐབས་མདའ་བརྒྱབ་ནས་བཀྲོངས་ཏེ་གཙང་པོ་རྒྱུད་ནས་བྲོས་པས་རྟ་ཡི་སོལ་བ་ཆུ་ཡིས་བཤན་ནས་དཀར་པོར་སོང་། གོས་ཕྱི་ནང་བསྒྱུར་བར་གྲགས་པ་སོགས་མཚར་གཏམ་དང་འབྲེལ་ནས་དེ་རྗེས་ཁམས་ཁུལ་དུ་ཕེབས་ཤིང་ཕྱིས་བླ་ཆེན་པོ་བསྙེན་རྫོགས་སྐབས་ཁ་སྐོང་ལ་རྒྱའི་ཧ་ཤང་གཉིས་གདན་དྲངས་པའི་གྲོགས་ཀྱང་མཛད་སྐོར་ཙམ་འཁོད།①དཔྱད་རྩོམ་འདིར་ནི་ལྷ་ལུང་དཔལ་རྡོར་གྱིས་ཡང་སྙིང་མདའ་གྲི་མདུང་གང་གིས་གླང་དར་བཀྲོངས་མིན་དང་ཇི་ལྟར་བྲོས་བྱོལ་ཕྱིན་མིན་སོགས་གླེང་རྒྱུ་མིན་པར་ཡེར་པའི་དཀར་ཆག་ལ་དཔྱད་བསྡུར་དང་ལྷ་ལུང་དཔལ་རྡོར་གྱི་འབྱུང་ཁུངས་ཇི་འདྲ་ཞིག་ཡིན་མིན་སྐོར་ལ་ཅུང་ཞིག་འཕྲོས་མོལ་ཞུ་བར་འདོད།
          དང་པོ། བྲག་ཡེར་པའི་དཀར་ཆག་དང་དཀར་ཆག་ལྷ་ལུང་དཔལ་རྡོར་མ།
          གླང་དར་བཀྲོངས་པའི་ལོ་རྒྱུས་ཀྱི་འགག་གནད་འདིར་ཐེངས་དང་པོར་བྲག་ཡེར་པའི་དཀར་ཆག་བེད་སྤྱོད་གནང་མཁན་ནི་དཔའ་བོ་གཙུག་ལག་ཕྲེང་བ་ཡིན་གཤིས་ཁོང་གིས་དུས་རབས་བཅུ་དྲུག་པའི་ནང་མཛད་པའི་《ཆོས་བྱུང་མཁས་པའི་དགའ་སྟོན་》ནང་གི་བོད་ཀྱི་རྒྱལ་རབས་ལེ་ཚན་སྐབས་སུ་དེ་སྐོར་བཀོད་ཡོད། དེའི་ནང་དུ་《ཡེར་པའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་སྤེའུ་སེར་པོ་ནས་ཐོན་པ་》②ཞེས་པ་ཞིག་དང་《ཡེར་པའི་དཀར་ཆག་ཕྱི་མ་》ཞེས་པ་ཞིག་③ཡང་《ཡེར་པའི་དཀར་ཆག་སྔ་མ་》ཞེས་པ་ཞིག་④དེ་བཞིན་དུ་《ཇོ་མོ་ཀོང་ཇོས་དཀར་ཆག་དུ་བཏབ་པ་》⑤ཞེས་པ་ཞིག་བཅས་ཁག་མི་འདྲ་བ་བཞི་ཙམ་བྱུང་ཤིང་དེ་དག་དཀར་ཆག་གཅིག་གམ་ཡང་ན་དཀར་ཆག་ཁག་སོ་སོ་ཡིན་པ་སོགས་གསལ་ཁ་མེད་པ་དང་དངོས་གཞིའི་དཀར་ཆག་མཇལ་བའི་བསྐལ་བ་མ་ཐོབ་པ་ལྟ་བུའི་རྐྱེན་གྱིས་ཕྱིས་ཀྱི་དཀར་ཆག་མཁན་པོ་དག་གིས་ཀྱང་ཕན་ཚུན་གྱི་འབྲེལ་སྒྲུབ་གོ་འཛོལ་དུ་སོང་ནས་བྲིས་པའང་ཤིན་ཏུ་མང་། དེའི་ནང་མཁས་དབང་དུང་དཀར་རིན་པོ་ཆེ་ནས་ཡེར་པའི་དཀར་ཆག་འདིར་《ལ་སྟོད་དམ་པ་དམར་པོས་གཏེར་ནས་བཏོན་པའི་ཡེར་པའི་དཀར་ཆག་》དང་《བླ་མ་ཟངས་རི་བས་བྲག་ཡེར་པ་ཉམས་གསོ་གནང་སྐབས་སྤེའུ་སེར་པོ་ནས་ཐོན་པའི་ཡེར་པའི་དཀར་ཆག》《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ།》《ཡེར་པའི་དཀར་ཆག་བསྟན་པ་རྒྱས་བྱེད་མ་》བཅས་བཞི་རུ་ཕྱེ་གནང་མཛད།⑥བོད་ཀྱི་ལོ་རྒྱུས་དཔེ་ཐོ་ཡི་ནང་དུ་《ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་》དང་《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་》ཡི་མཚན་དྲངས་ཡོད་ཀྱང་སུ་ཡིས་གཏེར་བཞེས་སྐོར་འཁོད་མེད། །⑦
          ད་ལམ་ཁོ་བོས་དངོས་སུ་《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་དང་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང་》ཞེས་པའི་དཔེ་རྙིང་བྲིས་མ་ཞིག་མཇལ་བའི་བསྐལ་བཟང་ཐོབ་བྱུང་བས་གོང་གི་དཀར་ཆག་ཁག་གི་འབྲེལ་བ་དེ་དག་རིམ་པས་གསལ་ཁ་ཐོན་པ་བྱུང་། དོན་དུ་《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་》ཞེས་པ་འདི་ནི་《བླ་མ་ཟངས་རི་བས་གཏེར་ནས་བཏོན་པའི་ཡེར་པའི་དཀར་ཆག་》འདི་ཡིན་པ་ཡང་དཀར་ཆག་དེ་ཉིད་ཀྱི་མཇུག་བྱང་དུ་“བླ་མ་ཟངས་རི་བས་ཡེར་པ་བསོ་བའི་དུས་ན་དུར་ཁྲོད་ནག་པོ་སྤེའུ་སེར་པོའི་བར་ཁང་གི་རྩ་བ་ནས་ཐོན་ནས་ཤོག་སེར་དེ་རྒྱ་ཡིག་དང་བོད་ཡིག་སྤེལ་མར་འདུག་བོད་ཡིག་རིམ་པ་གཉིས་འདུག་པ་ལ་ཞལ་བཤུས་བགྱིས་པ་ལགས་སོ་”⑧བྱ་བ་ལས་གསལ་བར་ར་འཕྲོད་ཐུབ་པ་བྱུང་ཞིང་། ཡང་《ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་》ཞེས་པ་འདི་ནི་《ལས་སྟོད་དམར་པོས་གཏེར་ནས་བཏོན་པའི་ཡེར་བའི་དཀར་ཆག་》དེ་ཡིན་པ་མ་ཟད་《ཇོ་མོ་ཀོང་ཇོས་བཏབ་པའི་ཡེར་པའི་དཀར་ཆག་》དེ་ཡང་ཡིན་པ་དཀར་ཆག་དེ་ཉིད་ཀྱི་མཇུག་བྱང་ལས་“རྒྱལ་པོས་(སྲོང་བཙན་སྒམ་པོ་)གསུངས་ནས་ཇོ་མོ་ཀོང་ཇོས་དཀར་ཆག་དུ་བཏབ་བོ། ཡེར་པ་སའི་ཞིག་བསོས་བསྟན་པ་དར་རྒྱས་མ་བྱ་བ་ལགས་སོ། ལས་དང་བསྐལ་བར་ལྡན་པ་གཅིག་དང་འཕྲད་པའི་སྨོན་ལམ་བཏབ། །དེའང་དུང་ཤོག་གཅིག་གི་ནང་དུ་བསྡམས། འབུད་དུང་གཅིག་གིས་རྒྱ་ཡིས་བཏབ། ཡེར་པ་བྱ་ར་ས་རུ་སྦས། གཏེར་སྲུང་ལྷ་སྲིན་ལྡེ་བརྒྱད་ཡིན། ལས་བསྟོད་དམར་པོས་གཏེར་ནས་སྟོན་པ་ཡིན་ནོ་” ⑨ཞེས་པ་ལས་གསལ་བར་ངོ་སྤྲོད་ཐུབ་ཅིང་དཀར་ཆག་གོང་འོག་ཕན་ཚུན་གྱི་བསྡུར་བ་ལས་དོན་དུ་《ཡེར་པའི་དཀར་ཆག་ཕྱི་མ་》ནི་《དཀར་ཆག་ལྷ་ལུང་དཔལ་རྡོར་མ་》ཡིན་གཤིས་《ཡེར་པའི་དཀར་ཆག་སྔ་མ་》ནི་《དཀར་ཆག་བསྟན་པ་དར་རྒྱས་མ་》ཡིན་པ་ཡང་ལམ་གྱིས་རྟོགས་ཐུབ། དཀར་ཆག་སྔ་ཕྱིའི་མིང་ནི་དཀར་ཆག་མཛད་མཁན་གྱི་དུས་ཚོད་སྔ་ཕྱིའི་ཆ་ནས་ཡིན་པ་ཡང་གསལ་བར་མཐོང་ཐུབ་བོ།   །
          《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་》འདི་མཛད་མཁན་ཐད་ཁོ་བོས་མཇལ་བའི་ཕྱག་དཔེ་དེ་རང་གི་སྟེང་ལྷ་ལུང་དཔལ་རྡོར་གྱིས་མཛད་ཅེས་འཁོད་མོད་ཞིབ་ཏུ་བརྟག་ན་ཡི་གེ་འདི་ནི་ཕྱིས་ཀྱི་སྐྱེ་བོ་གང་རུང་ཞིག་གིས་རང་གི་བློ་དཔོག་ལྟར་སྦྱར་བ་ཡིན་པ་ཡང་གཅིག་ནས་ཡིག་གཟུགས་ཡོངས་སུ་ཐ་དད་ཡིན་ཏེ་མ་ཕྱིའི་སྟེང་གི་ཡིག་གཟུགས་ནི་དབུ་ཅན་སུག་ཐུང་ཡིན་པ་དང་མཛད་བྱང་དུ་འཁོད་པའི་ཡིག་གཟུགས་དེ་ནི་འབྲུ་ཚ་རྐང་རིང་ཤིན་ཏུ་ལྷོབ་ཆེ་བ་ཞིག་ཡིན་ལ་སྣག་ཚའི་མདོག་ལས་ཀྱང་དུས་ཚོད་སྔ་ཕྱི་གསལ་བར་མངོན་ཐུབ། གཞན་དུ་ནང་དོན་ཆ་ནས་ཀྱང་རང་རྣམ་ལྟ་བུ་མ་ཡིན་ཐོག་བཙན་པོ་དར་མ་བཀྲོངས་སྐོར་གྱི་ལོ་རྒྱུས་འཁོད་པ་སོགས་ལས་ཀྱང་ཤེས་ཐུབ་པ་ཡིན། ཁོ་བོའི་བསམ་པར་དཀར་ཆག་འདི་ནི་ཀླུ་མེས་སོགས་ཀྱིས་དབུས་གཙང་གི་བསྟན་པ་གསོས་ནས་ཡེར་པར་ཞིག་གསོ་དང་རྔོག་བྱང་ཆུབ་ཡེ་ཤེས་ཀྱིས་ཡེར་པ་བཟུང་སྐབས་ཀྱི་དུས་ཚོད་དེ་འདྲ་ཞིག་ལ་བྱུང་བར་བསམ་སྟེ་དེ་ལས་ཕྱི་བ་མི་ཡོང་བ་ཡང་གཏེར་ལས་འདོན་པ་པོ་ནི་བླ་མ་ཟངས་རི་བ་ཡིན་པའི་དུས་གུང་བསྒྲིགས་པ་ལས་ངེས་ཤེས་རྙེད་ཐུབ། བླ་མ་ཟངས་རི་བ་འདི་ནི་རྗེ་བཙུན་མི་ལའི་ཐུགས་སྲས་སུ་གྱུར་པའི་རས་ཆུང་རྡོ་རྗེ་གྲགས་པའི་སློབ་མ་ཟངས་རི་རས་པ་ཞུ་བ་དེ་ཡིན་མོད་འདིའི་ལོ་རྒྱུས་ཞིབ་ཆ་ཞིག་ད་ལྟ་ལག་ཏུ་མ་སོན་ཀྱང་རྣམ་ཐར་ཐོར་བུ་ནི་རས་ཆུང་སྙན་རྒྱུད་ཀྱི་བླ་མའི་རྣམ་ཐར་ཁག་དང་ཞི་བྱེད་བརྒྱུད་པ་ཕྱི་མའི་བླ་མའི་རྣམ་ཐར་ཁག དེ་བཞིན་བདེ་མཆོག་སྙན་བརྒྱུད་ཀྱི་ལོ་རྒྱུས་ཁག་ནང་ཡོད་པས་དམ་པ་འདི་ཉིད་ཞབས་བཅག་འཕྲིན་ལས་སྐྱོང་བའི་དུས་ནི་དུས་རབས་བཅུ་གཉིས་ཀྱི་དུས་དཀྱིལ་ཙམ་ལ་ཡིན། ⑩དེའི་དབང་གིས་དཀར་ཆག་ལྷ་ལུང་དཔལ་རྡོར་མ་འདི་སྤྱི་ཚོགས་ཐོག་དངོས་སུ་ཐོན་པའི་དུས་ཚོད་ཀྱང་དེ་འདྲའི་དུས་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ་པ་ཡིན། འདིའི་ནང་དོན་གཙོ་བོ་ནི་ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཡོད་པ་གཤམ་དུ་འབྲེལ་བརྗོད་བྱ་རྒྱུ་དང་ལྷ་ལུང་དཔལ་རྡོར་གྱིས་ཡེར་པའི་བྲག་ཕུག་ཇི་ལྟར་བྱས་ནས་བརྐོ་ཚུལ་སོགས་མོང་བཟས་ཡེར་པ་ལྷ་རི་སྙིང་པོ་བཏབ་རྗེས་རིང་མིན་ཉམས་ཆགས་ཕྱིན་པ་དེ་ཞིག་གསོས་པའི་གནས་ཚུལ་རྣམས་འཁོད་ཡོད།
          《ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་》ཞེས་པ་འདི་ནི་ཡེར་པའི་ཆེ་བ་དང་གནས་བྱིན་རླབས་ཆེ་བའི་ཁུངས་རྣམས་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསུངས་པ་ཇོ་མོ་ཀོང་ཇོས་དཀར་ཆག་ཏུ་བཏབ་པ་ཞིག་ཡིན་ཚུལ་དཀར་ཆག་དེ་ཉིད་ལས་གསལ་ལ་འདི་ཉིད་ཡེར་པ་བྱ་ར་ས་ནས་གཏེར་བཞེས་པ་པོ་ནི་བླ་མ་ལས་སྟོད་དམར་པོའམ་ལས་སྟོད་དམ་པ་དམར་པོ་ཞུ་བ་དེ་ཡིན། དམ་པ་འདིས་བོད་དུ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གདན་དྲངས་པ་སོགས་འཕྲིན་ལས་ཤིན་ཏུ་ཆེ་མོད། ཞིབ་ཆའི་འཁྲུངས་འདས་ལོ་ཚིགས་མ་རྙེད་ཀྱང་སྐུ་ཚེའི་སྟོད་ལ་དམ་པ་སངས་རྒྱས་དིང་རི་གླང་འཁོར་ནས་མཇལ་ཚུལ་དང་མར་པ་ལོ་ཙཱ་བས་མགོ་འདོན་གྱིས་ལྷན་དུ་རྒྱ་གར་དུ་ཕེབས་པ་སོགས་ལ་བརྟག་ན་དུས་རབས་བཅུ་གཅིག་པའི་དུས་སྨད་དང་དུས་རབས་བཅུ་གཉིས་པའི་དུས་འགོར་བྱོན་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་གོར་མ་ཆག11དེ་ལྟར་ན་དཀར་ཆག་གཏེར་ནས་བཞེས་པའི་དུས་ཚོད་ཀྱང་དུས་རབས་བཅུ་གཉིས་པའི་དུས་འགོ་དེ་འདྲ་ཞིག་ལ་ཡིན་དགོས་ཤིང་《དཀར་ཆག་བསྟན་པ་དར་རྒྱས་མ་》ནི་ཆོས་རྒྱལ་སྲོང་བཙན་གྱི་བཀའ་འབུམ་གྱི་འཕྲོས་དོན་ཞིག་ཡིན་པའི་ཆ་དང་ལས་སྟོད་དམ་པ་དམར་པོ་ནི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་བཀའ་བབས་ཡིན་པའི་ཆ་ནས་གཏེར་ངོ་འཕྲོད་པ་ལྟ་བུ་ཡིན་ནོ།
          གཉིས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར།
          གོང་དུ་ཞུས་པ་བཞིན་འདིར་ནི་ལྷ་ལུང་དཔལ་རྡོར་གྱི་ཡོངས་སུ་གྲགས་པའི་ལོ་རྒྱུས་བསྐྱར་ཟློས་མ་བྱས་པར་གང་ཐུབ་ཀྱིས་ལྐོག་གྱུར་གྱི་ལོ་རྒྱུས་བྱུང་བ་བཙལ་འཚོལ་བྱ་རྩིས་ཡིན།
          《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་》 ཡི་ནང་“ལྷ་ལུང་དཔལ་གྱི་རྡོ་རྗེའི་མི་སྐྱའི་མིང་ལ་སྟག་ཉ་བཟང་བྱ་བ་ལགས། འབྲོམ་སྟོད་གུང་མོ་ཆེར་སྐུ་སྐྱེ་བ་བཞེས། རྒྱ་བོད་ཀྱི་མཚམས་བསྲུངས་ཏེ་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་ལོ། རིན་པོ་ཆེའི་གཡུང་དྲུང་ལ་བོར་ཏེ་སྟོང་བདེ་ན་མི་བསྐྱོད་པ་ཡོད། ལྷས་ཀྱི་ལྗང་ར་ན་སྤྱན་རས་གཟིགས་ཡོད། དེ་ཡན་ཆད་ལ་རྒྱ་ནག་པོ་ཡོད། དེ་མན་ཆད་ན་བོད་ཀྱི་གུང་མོ་ཆེའི་དཔོན་སྟག་ཉ་བཟང་བྱ་བ་ལགས། མདུང་ཕྲག་པ་གཡས་པ་བཀལ་ནས་རྨོག་ཕྲག་པ་གཡོན་པ་ལ་བཀལ་ནས་ཡོང་ཙ་ན་” ཞེས་སོགས་འཁོད་པ་ལས་གསལ་བཤད་ཐུབ་པར་ལྷ་ལུང་དཔལ་གྱི་རྡོ་རྗེ་འདི་ཉིད་རབ་ཏུ་མ་བྱུང་གོང་སྐྱ་མིང་ལ་སྟག་ཉ་བཟང་ཞུ་ཞིང་ཆུང་ངུ་ཞིག་ནས་དམག་ལ་ཞུགས་ཏེ་དཔའ་རྟགས་བཞག་ཚུལ་དང་རིན་པོ་ཆེ་གཡུང་དྲུང་གི་ཡི་གེས་གཟེངས་བསྟོད་ཀྱིས་སོ་བློན་གྱི་གོ་བབ་ཡོད་ཚུལ་སོགས་ལ་བསམ་ན་དེ་དུས་སྐུ་ན་གང་འཚམ་ཞིག་ཏུ་ཕེབས་པར་མངོན། ལྷ་ལུང་ཞེས་པའི་མཚན་འདི་ཡང་སྔར་གྱི་ཡིག་རྙིང་ཁག་དང་《བདུད་འཇོམས་རྒྱལ་རབས་》སོགས་ལ་བཞེད་པའི་ཨོ་རྒྱན་པདྨ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་སུ་བཟུང་ནས་གདམས་ངག་གི་བཀའ་བབས་ཏེ་ཡི་དམ་གྱི་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པས་མཚན་ཡང་ལྷ་ལུང་དཔལ་གྱི་རྡོ་རྗེར་ཐོགས་12ཞེས་པ་ལྟ་བུ་མིན་པར་འདི་ནི་སྔ་མོའི་དུས་ཀྱི་བོད་ཀྱི་རུས་མིང་ཞིག་ཡིན་པ་ཡང་ཆོས་རྒྱལ་སྲོང་བཙན་སྐུ་དུས་སུ་ཐུ་མིའི་མཆན་བུའི་ནང་ནས་ཕུལ་དུ་ཕྱིན་པ་ལྷ་ལུང་རྡོ་རྗེ་དཔལ་ཞུ་བ་ཞིག་ཡོད་13པས་མཚོན་ཐུབ། འདི་གཉིས་ལ་ཕྱིས་ཀྱི་ཡིག་ཆ་མང་པོའི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་མཚན་གཅིག་དང་ཐ་ན་མི་གཅིག་ཏུ་བརྩིས་པ་མང་རབས་འདུག་14མོད་དོན་དུ་འདི་གཉིས་ནི་དུས་ཚོད་ཁག་ཁག་ནང་བྱུང་བའི་མཚན་མི་གཅིག་པའི་མི་སྣ་སོ་སོ་ལ་མཛད་པ་འཕྲིན་ལས་ཀྱང་མི་འདྲ་བའི་ལོ་རྒྱུས་མི་སྣ་གཉིས་ཡིན།15ལར་ནས་ཁྲི་སྲོང་དུས་རྒྱ་ནག་སྐད་ཀྱི་ལོ་ཙཱའི་ནང་ལྷ་ལུང་ཀླུ་གོང་ཞེས་པ་ཞིག་ཡོད་16ལ་དཀར་ཆག་འདི་ཉིད་དུ་ཡབ་མཆེད་ཀྱི་མཚན་ལ་ཡང་ལྷ་ལུང་རབ་འབྱོར་དབྱངས་17སོགས་ཀྱི་འབོད་སྟངས་ལ་བལྟས་ན་ཡང་ལྷས་ལུང་བསྟན་པས་ལྷ་ལུང་ཐོབ་ཟེར་བ་དེ་འདྲ་ནི་ཕྱིས་ཀྱི་བཅོས་ལྷད་དུ་མཐོང་ངོ་།
          རབ་ཏུ་བྱུང་བའི་རྐྱེན་ཡང་དཀར་ཆག་དེ་རང་ནང་དུ་འཁོད་པ་ལྟར“་ལན་གཅིག་གོ་ཆ་ཕུད་པའི་རྨོག་གི་ནང་ན་ཏོག་གི་གཟུངས་བཞུགས་པ་བཀླགས་པས་བྲ་ཉེ་ལ་ནི་གང་སྐྱེས་པ། རྐང་མཐིལ་རྨེ་བ་དམར་པོ་ཅན། ཤི་ནས་དམྱལ་བར་སྐྱེ་བར་འགྱུར་ཟེར་བ་མཐོང་། རྐང་མཐིལ་གྱི་སུལ་བལྟས་པས་རྨེ་བ་དམར་པོ་གཅིག་འདུག ཀློག་མཁན་ལ་ཀློག་ཏུ་བཅུག་པས་ཀྱང་དེ་བཞིན་དུ་འདུག་ཟེར། དེར་ཡབ་མཆེད་གཉིས་ཁོང་རང་སྤུན་གསུམ་དང་རྣམས་བསམ་ཡས་སུ་པཎྜི་ཏ་བཞུགས་པའི་རྩར་ཕྱིན། རབ་ཏུ་བྱུང་བའི་མཁན་པོ་བི་མ་ལ་མི་ཏྲ་དང་སློབ་དཔོན་པདྨ་སམྦྷ་ཝ་ལ་བྱང་ཆུབ་སེམས་པའི་སྡོམ་པ་བླངས། བཙུན་པ་དཔལ་དབྱངས་དང་། དཔལ་གྱི་རྡོ་རྗེ་དང་། རབ་འབྱོར་དབང་པོའི་དབྱངས་སྐུ་མཆེད་ཡིན་”ཞེས་པའི་ཚིག་འདི་དག་ལ་བརྟག་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་(༧ ༤ ༢ནས་༧༩༠༧བར་)སྐུ་དུས་ཀྱི་མི་ཡིན་པ་མ་ཟད། སློབ་དཔོན་པདྨ་དང་པཎྜི་ཏ་བི་མ་ལ་མི་ཏྲ་བོད་དུ་བཞུགས་ནས་ཆོས་འཁོར་བསམ་ཡས་བཙུགས་པའི་ལྕགས་ཡོས་༧༥༡ནས་ཆུ་ཡོས་༧༦༣ལོའི་མཇུག་གི་དུས་ཚོད་དེ་འདྲའི་ནང་རབ་བྱུང་སྡོམ་པ་བཞེས་པ་ཡིན་པར་གསལ། 18
          ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ནས་《ཡེར་པའི་དཀར་ཆག་》དང་《མཁས་པའི་དགའ་སྟོན་》ནང་ནས་དྲངས་པ་ལ་“ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་བཀྲོངས་སྐོར་རྩ་བ་ནས་མི་གསལ་”19ཞེས་གསུངས་པ་ནི་《བླ་མ་ཟངས་རི་བས་གཏེར་ནས་བཞེས་པའི་ཡེར་པའི་དཀར་ཆག་》དང་《ཡེར་པའི་དཀར་ཆག་ཕྱི་མ་》ཞེས་པ་འདི་གཉིས་ལོགས་སུ་བརྩིས་གནང་བས་ཡིན་ནམ་《མཁས་པའི་དགའ་སྟོན་》ནང་བེད་སྤྱོད་སྐབས་འདི་གཉིས་བར་དུ་ནང་དོན་གཞན་ཤོག་ལྕེ་བརྒྱ་ཙམ་བཀོད་པས་གོང་འོག་འབྲེལ་མ་ཐུབ་པ་ཡིན་གང་ལྟར་ཡང་དོན་དུ་ནི་འདི་ལྟར་འཁོད་དེ་“དེའི་ཚེ་བསམ་ཡས་དང་ལྷ་ས་ཀུན་དུ་ཝ་ཚང་དུ་བཅས། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་ཁྱོད་མར་ཤོག་ལ་རྔོན་པ་དང་ཉ་པའི་དཔོན་གྱིས་ཟེར་ཞིང་འཕྲིན་བསྐུར་བྱུང་བ་ལ་མ་ཕྱིན་པར་ཡི་དམ་གྱི་གནང་བ་བྱུང་ནས་མར་གནོན་དུ་འབངས་གཡོག་ལྔ་ལ་རྒོད་མ་དཀར་མོ་ཞིག་རིལ་གྱི་ལེགས་པར་གསོར་བཅུག ཕྱེ་མར་སྒྱེའུ་གང་། གཞུ་གཅིག མདའ་བྱ་རྒོད་མ་གཉིས་བཟུང་ནས་ཕྱིན། དེ་རྣམས་སྦས་ནས་སྟོང་པར་ལྷ་སར་ཕྱིན་པས་ཁོལ་མོ་རིལ་བ་འཁུར་ནས་བྱུང་བས། རྒྱལ་པོ་སྐུ་ཁམས་བདེ་འམ་ཕྱག་བྱེད་པ་ཡིན་ཏེ་བྱས་པས། ད་ལྟ་ཕྱིར་འབྱོན། གྲོ་རྟིང་ལ་རེ་བྱོན། ཡེར་པའི་དཔལ་གྱི་རྡོ་རྗེ་ཆབ་གསོལ་ཟེར། དེ་ནས་ལོག་སྟེ་མི་ནག་རྟ་ནག་ཅན་ཞིག་ཏུ་བྱས་ནས་ཡོང་། ལྷ་སའི་ནེ་ཐང་དུ་རྒྱལ་པོ་གསུས་པ་ཉི་མ་ལ་བསྟན་བཞུགས་འདུག་པ་ལ་མདའ་སྔ་བསར་གཅིག་དང་ཕྱི་བསར་གཅིག་བརྒྱབ་པས་སྣ་བུག་ལ་ཟུག་སྟེ་དཀར་ལྷུག་གེ་བྱུང་། སྔགས་པ་རྣམས་ཀྱིས་མཐུ་བྲུབས་པ་ཡིན་ནམ་ཡང་ཟེར། རྒྱལ་པོའི་ཆིབས་རྒོད་ཀྱི་བྱ་དམར་བྱ་བ་བཞོན་ནས་དེད་པས་མི་རྣམས་ཀྱིས་འདི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་ངེས་ཟེར་ནས་སྔ་མས་ཡེར་པ་གང་ཙ་ན་ཕྱི་མ་མཇུག་མ་རྫོགས་པ་བྱུང་བ་ལ་” 20ཞེས་པ་ལ་བརྟག་ན་ལྷ་ལུང་དཔལ་གྱི་རྡོ་རྗེས་དར་མ་འུ་དུམ་བཙན་བཀྲོངས་རྒྱུ་དེ་ཡུན་རིང་གྲབས་གཤོམ་དང་ཇུས་འགོད་བྱས་པ་ཞིག་ཡིན་ལ་དེའི་དམིགས་ཡུལ་གཙོ་བོ་ཡང་ཆོས་ལུགས་བསྣུབས་མཁན་བྱེད་གཏེ་ཞིག་མེད་པ་བཟོ་རྒྱུ་དེ་རེད། དེ་དག་གི་ཤུགས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེར་ན་གཞོན་སྐབས་ཀྱི་དཔའ་རྩལ་བློ་གྲོས་དང་དམག་འཐབ་ཀྱི་ཉམས་མྱོང་རང་ཆས་སུ་ཡོད་ལ། སྔར་འགོ་དཔོན་བྱས་བའི་འབྲེལ་འདྲིས་ཆ་ནས་ཕོ་བྲང་ནང་གང་དགར་བསྐྱོད་རྒྱུར་ཆ་རྐྱེན་བསྐྲུན་ཡོད་པ་མཚོན་པ་མ་ཟད་རྒྱལ་པོ་འདི་ཡང་ཕྱིས་ཀྱི་རྒྱལ་རབས་ནང་དུ་འཁོད་པ་ཇི་བཞིན་གླང་དར་མ་ཞེས་ཤིན་ཏུ་གཏུམ་ཞིང་རྩུབ་སྤྱོད་ཅན་ཀུན་དང་ཐ་ཆད་དུ་གྱུར་པ་དེ་འདྲ་ཞིག་མ་ཡིན་པ་ཡང་མཚོན་ཐུབ་སྟེ་དེ་ལྟར་མ་ཡིན་ན་རྒྱལ་པོ་བཀྲོངས་རྗེས་གསོད་མཁན་དེད་པའི་ལས་རྩོལ་བ་སྔ་མས་ཡེར་པ་གང་ཙ་ན་ཕྱི་མས་ལྷ་ས་བར་མཇུག་མ་རྫོགས་པ་ཞིག་གང་ནས་འོང་།
          གཞན་ཡང་ལྷ་ལུང་དཔལ་རྡོར་འདི་ཉིད་གཉགས་ཛྙཱ་ན་ཀུ་མ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་ཡ་གྱལ་ཡིན་པར་ཡོངས་གྲགས་དང་བདུད་འཇོམས་རིན་པོ་ཆེའི་《བོད་ཀྱི་རྒྱལ་རབས་》ལྟར་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བཅུ་བདུན་པར་མོན་པ་གྲོ་སྟག་ཚང་དུ་སློབ་དཔོན་པདྨའི་ཞལ་མཇལ་ཐོག་མར་བྱུང་བ་སོགས་21དང་སྔར་གྱི་དཔའ་ཉམས་སྟོན་པའི་ལོ་དུས་རྣམས་གུང་སྒྲིག་ཅིག་བྱས་ན་ལྷ་ལུང་དཔལ་རྡོར་རབ་ཏུ་བྱུང་དུས་ཉུང་མཐར་ན་སོ་དར་ལ་བབས་པའི་གཞོན་ནུ་ཞིག་ཡིན།
          གཞན་དུ་ཆོས་འབྱུང་ཁག་ནང་“ལྷ་ལུང་དཔལ་རྡོར་འདི་ཉིད་བོད་དུ་ཆོས་མངོན་པའི་རྒྱུད་པ་འཛིན་པའི་ཁོངས་སུ་ཡང་བཞུགས་ཏེ་ཁ་ཆེ་ཛི་ན་མི་ཏྲ། དེས་སྐ་ཅོག་ཞང་གསུམ། དེས་ལྷ་ལུང་དཔལ་གྱི་རྡོ་རྗེ། ནམ་ནང་ཟླ་བའི་རྡོ་རྗེ། དབས་རྒྱལ་བ་ཡེ་ཤེས་གསུམ་ལ་བཤད། དང་པོ་གཉིས་ཀྱིས་བསྒོམ་པས་གྲུབ་པ་ཐོབ། དབས་དབུས་སུ་འཁྲུགས་པ་བྱུང་ནས་ཁམས་སུ་ཕྱིན་”ཞེས་བྱུང་བ་ལ་དཔག་ན་ལྷ་ལུང་དཔལ་རྡོར་ནི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དང་དུས་མཉམ་དུ་བྱུང་བའི་མི་སྣ་ཞིག་དང་ཆོས་མངོན་པའི་ཐོག་ནས་གོ་འཕང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཀྱང་ཡིན་འདུག22
          དེ་ལྟར་ན་ཡོངས་གྲགས་རྗེ་བཙུན་གྲགས་རྒྱན་གྱི་《བོད་ཀྱི་རྒྱལ་རབས་》དང་དཔའ་བོ་གཙུག་ལག་ཕྲེང་བའི་《མཁས་པའི་དགའ་སྟོན་》སོགས་རྒྱལ་རབས་ལོ་རྒྱུས་ཕལ་མོ་ཆེ་ཡི་ནང་དར་མ་འུ་དུམ་བཙན་བཀྲོངས་བའི་དུས་ཚོད་ནི་སྤྱི་ལོ་༨༤༢ལོའི་གཡས་གཡོན་དུ་ཡིན་པས། ལོ་འདིར་ལྷ་ལུང་དཔལ་གྱི་རྡོ་རྗེ་མ་མཐར་ཡང་དགུང་ལོ་བདུན་ཅུ་བརྒྱད་ཅུར་སོན་དགོས་པ་ཡིན།23དེ་ལྟའི་རྒད་པོ་ཞིག་གིས་རྒྱལ་པོ་གསོད་པའི་འཁུར་ཁྱེར་བ་བསམ་ཚོད་དུ་མི་ཡོང་བ་ལྟ་བུ་ཞིག་འདུག་མོད། གོང་ཞུས་བཞིན་གཞོན་དུས་གཡུལ་སར་འཚར་ལོངས་བྱུང་ཞིང་དཔའ་རྩལ་གྱི་ཁོ་ལག་ཡངས་པ་སོགས་མྱོང་བ་ཅན་དེ་འདྲར་དཔག་ན་མི་སྲིད་པ་མིན་པས་མ་ཚད་འོས་སུ་བབས་པ་ཡང་ཁོ་རང་ལྟ་བུར་འདུག གཞན་དུ་ཡང་ལྷ་ལུང་དཔལ་རྡོར་ཡེར་པར་བཞུགས་སྐབས་སྦལ་དང་སྙོས་གཉིས་ཀྱིས་འགོ་བྱས་པའི་འབངས་ཡོད་ཚུལ་དང་། རྟ་རྒོད་མ་གསོ་སྐབས་གཡོག་ལྔ་ཡོད་པར་གསུངས་ན་རྒྱལ་པོ་བཀྲོངས་རྒྱུ་དེ་ཁེར་རྐྱང་གི་བྱ་སྤྱོད་ཅིག་ཡིན་མི་སྲིད་ལ་ཁོང་ནི་ཇུས་འགོད་པ་ཞིག་ལས་ལག་བསྟར་བ་ཞིག་མིན་པའི་ཚོད་དཔག་བྱས་ཀྱང་མི་འཚམ་པ་མེད་དེ། ཕྱིས་ཀྱི་དམངས་ཁྲོད་སྒྲུང་གཏམ་དང་ལོ་རྒྱུས་དེབ་ཐེར་མང་པོའི་ནང་རྒྱལ་པོ་བཀྲོངས་རྗེས་ལྷ་ལུང་དཔལ་རྡོར་ལྷ་སའི་ཕྱོགས་བཞི་སོ་སོ་ནས་རེ་རེ་ཐོན་པའི་ཤོད་སྲོལ་ཡོད་པ་ལས་ཀྱང་མཚོན་ཐུབ།24
          《ཡེར་པའི་དཀར་ཆག་》འདིའི་ནང་དོན་གཞན་ཞིག་ནི་ཡེར་པ་གསོས་པའི་སྐོར་ཡིན་ཏེ་སྐུ་མཆེད་གསུམ་པོ་གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་དཔལ་གྱི་རྡོ་རྗེའི་ཆོས་གོས་ལྷགས་པས་ཁྱེར་བ་བསྙེགས་པས་ཡེར་པ་ལྷ་རི་སྙིང་པོར་ཤུག་པ་བྱ་ཕོ་ང་ཙམ་ཞིག་ལ་བཀྲིས་ནས་འདུག ཁོང་ས་དཔྱད་ལ་མཁས་པས་རི་དེ་གནས་ཁྱད་དུ་འཕགས་པ་ཞིག་ལ་གཟིགས་ནས་ཡབ་མཆེད་སྤྱན་དྲངས་ནས་མཆོད་པའི་རྟེན་བཙུགས་ཤིང་སྦལ་སྙོས་གཉིས་བྱང་ཚྭ་ཁར་བཏང་ནས་བྲག་ཕུག་བྲུས་པའི་ཕྱེ་དང་ཚྭ་གཉིས་བརྗེས་པ། ཡངབ་ཀྱི་སྤུར་སྤྱང་བ་མ་ཟད། གྲུབ་ཐོབ་བརྒྱ་རྩ་བརྒྱད་ཀྱི་ཞབས་ཏོག་སྒྲུབ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་རབ་གནས་ལེགས་པར་སྒྲུབ་ཚུལ་བཅས་25པ་ཞིབ་ཙམ་འཁོད་པར་བལྟས་ན་ལྷ་ལུང་དཔལ་རྡོར་སྒྲུབ་པ་ཉམས་ལེན་གཙོ་བོ་གནང་གི་ཡོད་པས་མ་ཚད་རྟེན་ལྷ་ཁང་གི་གཉེར་སྐྱོང་དང་དགེ་འདུན་ལ་སོགས་ཆོས་བྱེད་མི་སྣའི་འཚོ་བའི་མཐུན་རྐྱེན་སྒྲུབ་མཁན་ཡིན་པ་བཅས་མདོར་ན་ཆོས་ལུགས་ལས་སྣེའི་འགན་འཁུར་བ་ཞིག་ཡིན་པ་ཡང་མཚོན་ཐུབ་བོ།
          གསུམ་པ། མཇུག་བསྡུ།
          《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་》དང་《ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་》གཉིས་ཀྱི་ནང་དོན་གྱི་ཆ་ཡོད་ཚད་ཡོངས་སུ་དག་པའི་བདེན་པ་ཞིག་ཡིན་མིན་ཐད་མུ་མཐུད་ཞིབ་དཔྱད་ཀྱི་གནས་ཡིན་ཡང་ལོ་རྒྱུས་དུས་རབས་འདིའི་སྐབས་ཀྱི་ཡིག་ཆ་རྙིང་ཤོས་གྲས་དང་གླེང་བྱ་དམིགས་བཙུགས་ཀྱི་བརྗོད་བྱའི་ཆ་ནས་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་གཤིས། རྙོག་ཟིང་ཆེ་བའི་དགག་གནད་མང་པོར་ལོ་རྒྱུས་ཀྱི་དངོས་དཔང་ཐུབ་པ་བྱུང་ཡོད། འདིའི་ཐད་ཀའི་རིན་ཐང་ནི་ཡེར་པའི་དཀར་ཆག་སྔ་ཕྱི་དང་གཏེར་སྟོན་ལ་སྟོད་དམར་པོ་དང་བླ་མ་ཟངས་རི་བ་སོ་སོའི་གཏེར་ཆོས་བཅས་ཀྱི་འབྱེད་འབྲེལ་གོ་འཛོལ་དུ་སོང་བ་གསལ་ཁ་ལེགས་པར་འབྱེད་ཐུབ་པ་བྱུང་བ་མ་ཟད། ལྷག་པར་དུ་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་དར་མ་འུ་དུམ་བཙན་བཀྲོངས་པ་དེ་སྟབས་བདེའི་ལྐོག་གསོད་ཅིག་དང་སྤྱིར་བཏང་ཆོས་ལུགས་མི་སྣ་ཞིག་ལ་ལྷ་རོགས་ཀླུ་རོགས་ཀྱིས་ཀླུང་རྟ་རྒྱུག་པའི་བྱ་བ་ཙམ་ཞིག་མ་ཡིན་པར་བྱ་བ་འདི་ཉིད་སྒྲུབ་པའི་མི་སྣ་རང་ཐོག་གི་དགེ་མཚན་དང་ཆབ་སྲིད་ཀྱི་གྲབས་གཤོམ་ཞིག་ཡིན་པར་གསལ་བཤད་ཐུབ་པ་བྱུང་ཡོད། དེ་བཞིན་དུ་དཀར་ཆག་འདི་གཉིས་ཀྱི་ཚན་པ་འགའ་ཞིག་《ཆོས་བྱུང་མཁས་དགའ་》ཡི་ནང་དུ་བཞུགས་ཀྱང་ད་ལྟ་ཁོ་བོར་སོན་པའི་བྲིས་མ་འདི་དང་མིང་ཚིག་དང་བརྗོད་པ་རེ་ཟུང་མི་མཐུན་པ་འདུག་པས་དེ་བས་དཔྱད་གཞིའི་འོས་སུ་གྱུར་རོ།།
          མཆན་འགྲེལ།
          ①འདིའི་སྐོར་ལ་ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་《རྒྱལ་རབས་གསལ་བའི་མེ་ལོང་།》མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོར་དཔར། ཤ༢༢༦ ནེའུ་པཎྜི་ཏ་སྨོན་ལམ་བློ་གྲོས་ཀྱི་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༠ལོར་དཔར། ཤ༤༡སོགས་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་སྤྱིར་ན་མཚུངས་པར་བཤད་ཡོད། 
          ②དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་བྱུང་མཁས་པའི་དགའ་སྟོན།》མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོར་དཔར། ཤ༢༦༥            ③མཆན་གོང་མཚུངས། ཤ༤༢༩
          ④མཆན་གོང་མཚུངས། ༤ ༥༦
          ⑤མཆན་གོང་མཚུངས།  ཤ ༤༥༩
          ⑥དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《དུང་དཀར་ཚིག་མཛོད་ཆེན་མོ།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༢ལོར་དཔར།ཤ ༡༨༦༨
          ⑦ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱི་《བོད་ཀྱི་ལོ་རྒྱུས་དཔེ་ཐོ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༠༠ལོར་དཔར། ཤ ༣༥༢
          ⑧《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་དང་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང་།》བྲིས་མ། ཤ༦བ། 
          ⑨གོང་མཚུངས་ཤ་༡༠ན། 
          ⑩རྩོམ་པ་པོ་མི་གསལ་བའི་《ཞི་བྱེད་རྒྱུད་པ་ཕྱི་མའི་བླ་བརྒྱུད་རྣམ་ཐར།》བྲིས་མ། ཤ༦ན། ཡང་འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨ ༤ལོར་དཔར། ཤ༥༢༥ 
          11འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨ ༤ལོར་དཔར། ཤ༡༡༩༥
          12བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་《བོད་ཀྱི་རྒྱལ་རབས།》ཤ ༡༨༣
          13དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་བྱུང་མཁས་པའི་དགའ་སྟོན་》ནང་གི་ལོ་པཎ་ཆོས་འབྱུང་། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོར་དཔར། ཤ༥༢༥ 
          14《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༡༩༩༩ལོར་དཔར། ཤ༨༦༢ 
          15ལྷ་ལུང་རྡོ་རྗེ་དཔལ་ནི་སྲོང་བཙན་སྐུ་དུས་ཐུ་མིའི་མཆན་བུ་དང་ལོ་ཙཱ་བ་གྲགས་ཆེ་བ་ཞིག་ཡིན་ཞིང་བསྒྱུར་ཡང་《ཟླ་བའི་སྒྲོན་མེ་》དང་《དཀོན་མཆོག་སྤྲིན་》སོགས་ཡོད་པར་ཀུན་མཁྱེན་བུའི་ཆོས་འབྱུང་ལ་སོགས་པར་གསལ་ལ་ལྷ་ལུང་དཔལ་རྡོར་ནི་རྟོགས་སླའོ། 
          16《བོད་ཀྱི་ལོ་རྒྱུས་རགས་རུམ་གཡུ་ཡི་ཕྲེང་བ།།》 སྟོད་ཆ། ཤ༣༡༣འདི་རྦ་བཞེད་ཅིག་ལས་དྲངས་འདུག་པ་《ཆོས་འབྱུང་མཁས་དགའི་》ནང་དུའང་ཡོད། 
          17སད་མི་བདུན་ལ་བགྲང་མཁན་ཕལ་ཆེ་བས་འདི་རང་བགྲང་བར་འདུག 
          18མཆན༡༤ལྟར་འདི་ཉིད་འཐད་པར་མཐོང་། 
          19མཆན་གོང་མཚུངས། ཤ༨༦༣
          20《ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་དང་བསྟན་པ་དར་རྒྱས་མ་བཞུགས་པ་ལགས་པས་གཟིགས་མཛོད་ཨང་།》བྲིས་མ། ཤ༤ན། 
          21མཆན་༡༢ལྟར།
          22མཆན་༡༡གི་ཤ༤༡༩
          23ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ།》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་༡༩༩༠ལོར་དཔར། ཤ༦༦ནང་། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་སྒྲོལ་དུས་དགུང་ལོ་ང་བརྒྱད་ལ་ཕེབས་པ་དང་། དུས་ཕྱིས་གནམ་ལྡེ་འོད་སྲུང་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མདོ་ཆོག་གི་ལུང་བྱིན་པར་ཡང་བཤད་པས་སྐུ་ཚེ་བརྒྱད་ཅུ་ལྷག་ངེས་ཤིག་བཞུགས་པར་སྣང་ངོ་ཞེས་འཁོད་པས་འདི་ལ་བསམ་རྒྱུའི་གནས་མང་ངོ་།
          24འདི་ལ་《རྒྱལ་རབས་གསལ་བའི་མེ་ལོང་》དང་《བུ་སྟོན་ཆོས་འབྱུང་》སོགས་དང་ཕྱིས་ཀྱི་རྒྱལ་རབས་ཕལ་མོ་ཆེར་འཁོད་ཚུལ་གཅིག་མཚུངས་ལྟ་བུ་ཡིན། 
          25མཆན་༨ ལྟར་གྱི་ཤ༥--ཤ༦བར།