ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་ཡུལ་ལྷ་དད་མོས་ཀྱི་རིག་གནས་རྒྱབ་ལྗོངས་སྐོར་ལ་དཔྱད་པ།

སྤེལ་དུས 2019-04-19 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། དཀོན་མཆོག་བཀྲ་ཤིས།
          [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་བོད་ཀྱི་ཡུལ་ལྷ་དད་མོས་ཀྱི་རིག་གནས་རྒྱབ་ལྗོངས་དཀྱུས་སུ་བཟུང་ནས། ཡུལ་ལྷའི་བྱུང་འཕེལ་དང་། ཡུལ་ལྷའི་སྐྱབས་གནས། ཡུལ་ལྷའི་སྣང་བརྙན། ཡུལ་ལྷའི་རབ་དབྱེ་སོགས་ལ་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་མིའི་རིགས་རིག་པའི་རིག་གཞུང་ཐབས་ལམ་གྱིས་དཔྱད་པ་བཏང་ཡོད།
          [བརྡ་ཆད་གཙོ་བོ།] ཡུལ་ལྷ། དད་མོས།  རིག་གནས་རྒྱབ་ལྗོངས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
          [ཡིག་ཚང་མཚན་བྱང་།]  A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-01-0038-09 
          གཅིག ཡུལ་ལྷའི་བྱུང་བ་བརྗོད་པ།  
          རང་བྱུང་ཁམས་ལ་དད་མོས་བྱེད་པ་ནི་གནའ་བོའི་མིའི་རིགས་ཀྱི་ཆོས་ལུགས་ཀྱི་རྩ་བའི་ཁྱད་ཆོས་ཤིག་དང་། འགྲོ་བ་མིའི་རིགས་རང་བྱུང་ཁམས་ཀྱི་མདུན་ན་བག་འཁུམས་ཤིང་ཐབས་ཟད་པའི་འུ་ཐུག་གི་སྤྱོད་སྟངས་ཤིག་ཀྱང་རེད།  གདོད་མའི་མི་རྣམས་ཀྱི་བསམ་བློ་ཤེས་རྟོགས་དང་།  ཐོན་སྐྱེད་ནུས་ཤུགས།  ཚན་རིག་འདུ་ཤེས་སོགས་ཤིན་ཏུ་ཉག་ཕྲ་བའི་རྐྱེན་གྱིས་སྣོད་བཅུད་ཀྱི་གནས་པ་དང་།  རང་བྱུང་གི་ཆགས་འཇིག    དུས་བཞིའི་འགྱུར་ལྡོག   སེམས་ཅན་གྱི་སྐྱེ་རྒ་ན་འཆི་སོགས་རང་བྱུང་ཁམས་ཀྱི་གསང་བ་སྣ་ཚོགས་པའི་མཐིལ་མ་རྟོགས་པས། ངེས་མེད་འགྱུར་ལྡོག་ཅན་གྱི་རང་བྱུང་སྣང་ཚུལ་གྱི་ཆོས་ཉིད་དེ་དག་རང་བྱུང་ལས་འདས་པའི་སྟོབས་ཤུགས་ཁྱད་པར་བ་ཞིག་གིས་དབང་བསྒྱུར་བར་ངོས་འཛིན་བྱེད་ཅིང་།  འཇིག་རྟེན་གྱི་འདུས་བྱས་མཐའ་དག་མི་གཤིས་རང་བཞིན་ཅན་དུ་བསྒྱུར་ནས་བླ་སྲོག་ཡོད་པར་འདོད་པ་ཡིན།  ལྷ་དེ་དག་ལ་སྣང་ཆུང་བྱས་ན་རྒོད་ཆག་དང་ངོ་སོ་བསྟད་ན་བདེ་སྐྱིད་འབྱུང་བའི་ཀུན་སློང་ཞིག་གི་འོག་ཏུ་གསོལ་མཆོད་ཀྱི་ཆོ་ག་སྣ་ཚོགས་སྤེལ་བར་བརྟེན་རང་བྱུང་དད་མོས་ཀྱི་མྱུ་གུ་འབུས་ཤིང་། རང་ཉིད་འཚོ་གནས་ཀྱི་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་མི་འདྲ་བའི་དབང་གིས་དད་མོས་བྱ་ཡུལ་ཡང་ཐ་དད་པ་སྣ་ཚོགས་བྱུང་། བོད་མི་རིགས་ནི་འཛམ་གླིང་གི་དབུ་རྩེ་ན་གནས་པས་བོད་ཀྱིས་བཀུར་བའི་ལྷ་མང་ཆེ་ཤོས་ནི་སྲིད་པ་ཆགས་པའི་ལྷ་དགུ་སོགས་རི་ལྷའི་སྐོར་ཡིན་ཏེ། དེ་ནི་མི་རིགས་རང་རང་གི་འཚོ་གནས་ཀྱི་རྣམ་པས་ཐག་བཅད་པ་རེད།  དེ་བཞིན་དུ་ཚ་བ་ཆེ་བའི་ས་ཁུལ་གྱི་མི་རྣམས་ཀྱིས་ཉི་མ་དང་མེ་སོགས་ལྷ་རུ་བཀུར་བ་དང་།  ནགས་ཚལ་མང་པོའི་ས་ཁུལ་གྱི་མི་རྣམས་ཀྱིས་ནགས་ལྷར་བཀུར། རྒྱ་མཚོའི་འགྲམ་རྒྱུད་ཀྱི་མི་རྣམས་ཀྱིས་མཚོ་དང་མཚོའུ་སོགས་ལྷ་རུ་བཀུར་བ་རེད།   བོད་ཀྱི་ཡུལ་ཁམས་འདིར་རྔམས་ཤིང་བརྗིད་པའི་རི་བོ་ཚར་དུ་དངར་ནས་ཕྱོགས་དང་ཕྱོགས་མཚམས་སུ་བསྟར་ཞིང་། དེའི་སྐབས་ཀྱི་མི་རྣམས་ཀྱི་འཚོ་བ་རོལ་སྟངས་དང་ཐོན་སྐྱེད་བྱེད་སྟངས་སོགས་ཀྱང་གངས་རི་དང་། བྲག་རི། རྫ་རི་སོགས་ཀྱིས་ཡོངས་སུ་བསྐོར་བའི་རང་བྱུང་ཁོར་ཡུག་ཁྱད་པར་བ་དེ་ལ་འབྲེལ་བ་དམ་པོ་ཡོད།  གནའ་བོའི་བོད་མི་རྣམས་ཀྱིས་ངེས་མེད་འགྱུར་ལྡོག་ཅན་གྱི་རང་བྱུང་སྣང་ཚུལ་མཐའ་དག་ནི་ལྷ་ཡི་སྟོབས་ཤུགས་ཤིག་ཏུ་ངོས་འཛིན་བྱས། དེ་ཡང་《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།ལས། “གཞན་ཡང་ལྷུན་པོའི་མ་དང་པོ་དང་།།  གནོད་སྦྱིན་ལག་ན་གཞོང་ཐོགས་བྱེད་དང་།། དེ་ཡི་ཁོང་གསེང་མུར་ཟང་རི་འཛིན།། གཉིས་པར་བགྲང་ཕྲེང་འཛིན་དང་དབྱུག་ཐོགས།།   ཁོང་གསེང་ལ་བདག་གཉན་སྡེ་ལྟོ་འཕྱེ་ཆེ།།   བར་རྟག་མྱོས་ཀུ་མ་ར་ཛ་དང་།། རི་བདུན་རྩེ་མོར་བསྒྱུར་བ་བདུན།། རྩེ་ལྐོག་སྨྲ་མི་གྲོང་བདུན་དཀྱིལ་སྨད་ན།།   ཀླུ་གཉན་ས་བདག་ལྷ་ལ་ཕྱོགས་པ་ཡི།།  གྲོང་དང་གྲོང་ཁྱེར་གྲོང་བརྡལ་གནས་པ་དང་།།   ཁོར་ཡུག་རི་ལ་གནོད་སྦྱིན་ཚོགས་གནས་ཤིང་།།  རོལ་མཚོ་བརྒྱད་ལ་ཀླུ་བརྒྱད་འདུག་པ་དང་།།  རི་རབ་རྩ་བ་གསེར་གྱི་ས་གཞིའི་སྟེང་།། ཁྱབ་པ་དབང་ཆེན་ལ་སོགས་ཕྱོགས་སྐྱོང་དང་།   དཔལ་མགོན་སྡེ་དཔོན་གཞི་བདག་བཅས།། ལྷ་དང་ལྷ་མིན་མི་དང་ཡི་དྭགས་ཆར།། གཏོགས་པའི་འགྲོ་བ་བསམ་འདས་མིང་དང་གནས།། ལུས་དང་ཚེ་བཅས་བརྗོད་ཀྱིས་མ་ལང་ངོ་།།①ཞེས་འབྱུང་བ་ལྟར་བོད་ཁམས་ཀྱི་རི་རབ་རྩེ་མོ་མང་པོ་སེམས་ཅན་ཡ་མ་ཟུང་གིས་དབང་བསྒྱུར་བར་བཤད།  ཡང་ལྐོག་གྱུར་གྱི་སེམས་ཅན་དེ་དག་རང་གི་མགོན་སྐྱབས་སུ་བཀུར་ནས་མཆོད་འབུལ་བྱས་ན་སྡོང་གྲོགས་མཛད་པ་དང་། སྣང་མེད་དང་རྒྱབ་འགལ་བྱས་ཚེ་གནོད་འཚེ་འབྱུང་བར་བཤད། མར་ཁེ་སིས་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ནུས་མཐུ་མཐའ་དག་གཟུགས་སུ་བཀོད་པས་ན། ཆེས་ཐོག་མའི་ལྷ་རྣམས་བྱུང་བ་ཡིན་ཞེས་གསུངས་མྱོང་བ་བཞིན་རང་རེའི་བོད་ཀྱི་ཆེས་ཐོག་མའི་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་ཝེར་མ་རྣམས་ཀྱང་ཕལ་ཆེར་དེ་འདྲའི་ཆོས་ཉིད་དང་མཐུན་པར་སྣང་། རང་བྱུང་ཁམས་ལ་དད་མོས་བྱེད་པ་ནི་ཡུལ་ལྷ་དད་མོས་ཀྱི་ཐོག་མའི་རྣམ་པ་ཡིན་ལ། རང་གི་ཕ་མེས་ཡང་མེས་ལ་དད་མོས་བྱེད་པ་ནི་ཡུལ་ལྷར་དད་མོས་ཀྱི་ངོ་བོ་དངོས་མ་དེ་རེད། ཡུལ་ལྷ་ནི་རུས་རྒྱུད་ཀྱི་ལྷ་དང་རང་གི་བླ་རིའི་དད་མོས་གཉིས་ཆུ་ཀླུང་གཅིག་ཏུ་འདྲེས་པས།  ཡུལ་ལྷ་གཞི་བདག་ནི་ངོ་བོ་གཉིས་ལྡན་གྱི་ལྷ་ཞིག་ཏུ་ངོས་འཛིན་བྱེད་དགོས།  བོད་པ་རྣམས་ཀྱིས་ཚེ་འདིའི་རྐྱེན་ངན་བར་ཆད་སེལ་བར་བྱེད་པ་དང་། དགྲ་བགེགས་མ་ལུས་རྡུལ་དུ་བརླགས་པའི་གྲོགས་སུ་བསྟེན་པ་དང་།ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ།   རྒས་ལ་ཚེ་ཐག་རིང་བ་དང་གཞོན་ལ་འདབ་ལག་རྒྱས་པའི་མགོན་དུ་མཆོད་པའི་ཡུལ་ལྷ་གཞི་བདག་རྣམས་ནི་བསྐལ་བ་ས་ཆགས་པ་ནས་ཡོད་པ་ཞིག་མ་ཡིན་པར།  དེ་ནི་སྔོན་ཆད་ལོ་རྒྱུས་སྟེང་དངོས་སུ་བྱོན་མྱོང་བའི་ཆོས་ལུགས་པ་དང་།  མདོ་དབུས་ཁམས་གསུམ་གྱི་ས་ཡི་ཁྱོན་ཆེན་པོར་མཆོད་ཅིང་བཀུར་བའི་ཡུལ་ལྷ་རྣམས་ཀྱི་མཚན་གྱི་མགོར་ཨ་མྱེས་དང་། ཇོ་བོ། ཨ་མ། ཨ་ནེ། ཨ་ཕྱི་སོགས་ཀྱི་མིང་འདོགས་པ་ཡང་རྒྱུ་མཚན་དེ་ལ་ཐུག་ཡོད།  དེའི་སྐོར་ལ་མཁས་དབང་དོར་ཞི་མཆོག་གིས་བོད་ཀྱི་ས་ཆ་ཕལ་ཆེར་ན་རི་མང་པོ་ཞིག་ཡུལ་ལྷ་གཞི་བདག་གི་མིང་གིས་འབོད་ཅིང་། ལབ་གཏོད་དང་བསང་གཏོང་བྱེད་ཀིན་ཡོད། ཡུལ་ལྷ་གཞི་བདག་ཕལ་ཆེར་གནའ་དུས་ཀྱི་རྒྱལ་བློན་དང་ཡུལ་དཔོན་དམག་དཔོན་དང་རུས་ལྷ་ཞེས་པ་རང་གི་རུས་རྒྱུད་ཀྱི་མེས་པོ་ཞིག་ཡིན་པར་སྣང་ལ།  མི་རིགས་གཞན་པས་རང་གི་མེས་པོ་རྣམས་ཀྱི་ལོ་རྒྱུས་རྡོ་རིང་སྟེང་དུ་ཡི་གེ་བརྐོས་པ་བཞིན། བོད་མི་རྣམས་ཀྱིས་རི་བོ་རྣམས་ལ་མེས་པོ་རྣམས་ཀྱི་མིང་བཏགས་ནས་བསྐལ་བའི་བར་དུ་མི་བརྗེད་པར་བྱས་པ་རེད་ཅེས་གསུངས་མྱོང་བ་བཞིན་མེས་པོ་ལ་མཆོད་བསྟོད་བཀུར་གསུམ་བྱེད་པ་ནི་ཡུལ་ལྷ་དད་མོས་ཀྱི་ནང་སྙིང་གཙོ་བོར་གྱུར་འདུག   
          གཉིས། ཡུལ་ལྷའི་སྐྱབས་གནས་སྐོར།  
          སྤྱིར་ལྷ་ལ་འཇིག་རྟེན་པའི་ལྷ་དང་འཇིག་རྟེན་ལས་འདས་པའི་ལྷ་ཞེས་གཉིས་སུ་དགར་ན་ཡང།  ནང་བསྟན་བོད་ལ་མ་དར་བའི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་ནས་ལྷ་ཀླུ་སོགས་མཆོད་ཅིང་བཀུར་བའི་ཡུལ་ཆོས་ཤིག་ཡོད་པ་དང་།   མངའ་རིས་རི་མོ་གདོང་སོགས་ཀྱི་བྲག་བརྐོས་རི་མོའམ་ལྷ་འདྲེ་རི་མོ་རྣམས་སུའང་། ལྷ་འདྲེ་ཁོག་ཞུགས་ཀྱི་ལྷ་བའི་གཟུགས་བརྙན་མང་པོ་སྣང་། ཡང་གཉའ་ཁྲིའི་དུས་སྐབས་སུ་མགོན་ཤེས་ལྷ་བོན་དང་།  འགྲོ་ཤེས་གླུད་གཏོང་།   གཡང་ཤེས་ཕྱ་བོན།  སྨྲ་ཤེས་གཏོ་དགུ། འདུར་ཤེས་སྲིན་གཤེན།  གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན་།ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག   སྒྲོལ་ཤེས་འཕྲུལ་བོན་བཅས་བོན་གྱི་ཤེས་པ་ཅན་བཅུ་གཉིས་བྱོན་ཏེ་ལྷ་མཆོད་དང་། གླུད། གཡང་འབོད། གཏོ་སོགས་སྔར་ལས་དར་བ་བོན་གྱི་ཡིག་ཆ་རྣམས་སུ་གསལ་བས་ལྷ་འདྲེའི་གསོལ་མཆོད་སོགས་ཆེས་སྔ་མོ་ནས་བོད་ལ་དར་ཡོད་པ་མཚོན།  ནང་བསྟན་གྱི་ལུགས་ལྟར་ན། འཇིག་རྟེན་པའི་ལྷ་ནི་སོ་སོ་སྐྱེ་བོ་སྟེ། འཕགས་ལམ་མ་ཐོབ་པའི་སེམས་ཅན་ལ་གྲགས་ཤིང་།  ཡུལ་ལྷ་ཡང་འདོད་ཁམས་སུ་གནས་པའི་འཇིག་རྟེན་པའི་ལྷའི་ཁོངས་གཏོགས་ལྷ་མ་ཡིན་ནམ་ཡི་དྭགས་གང་རུང་གི་ཁོངས་སུ་འདུ།  
          ནང་བ་སངས་རྒྱས་པའི་ལུགས་ལ་འཇིག་རྟེན་གྱི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ནི་བསོད་ནམས་བསགས་སྟོབས་ཅན་གྱི་སྐྱེ་བོ་འགའ་རེ་ཚེ་འཕོས་རྗེས་འཁོར་བ་ལ་ཞེ་ཆགས་པའི་དབང་གིས་མི་ལུས་ལེན་མ་ནུས་པར་གཟུགས་མེད་ཡི་དྭགས་ཀྱི་སྐྱེ་བ་བླངས་པ་ལ།   བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས་ནས་མི་རྣམས་ཀྱི་ཚེ་འདིའི་གྲོགས་དང་མགོན་བྱེད་པའི་ལྷའི་འགན་འཁུར་བར་ཞལ་གྱིས་བཞེས་ཤིང་བཀའ་དང་ཐ་ཚིག་གནས་པར་བཅུག་པ་ཡིན་པས།  ཡུལ་ལྷ་གཞི་བདག་གིས་ཚེ་འདིའི་ཕན་བདེ་བསྒྲུབ་པ་ལས་འཇིག་རྟེན་ཕྱི་མའི་དོན་དང་སྐྱབས་གནས་མཐར་ཐུག་མི་ནུས་པར་གསུངས་ཡོད།   དེ་ལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། “དབུས་ན་གཉན་ཆེན་ཐང་ལྷ་ལྷར་འཛིན་ལ་དེ་ཡང་འདྲེ་ཡིན། ལྷོ་ན་ཡར་ལྷ་ཤམ་པོ་ལྷར་འཛིན་ལ་དེ་ཡང་འདྲེ་ཡིན།  བྱང་ན་རྨ་རྒྱལ་སྦོམ་ར་ལྷར་འཛིན་ལ་དེ་ཡང་འདྲེ་ཡིན། བོད་ཐམས་ཅད་འདྲེ་བ་ཡིན།”  ཞེས་པ་ནི་ནང་བསྟན་གཞུང་ལུགས་ཀྱི་ལྟ་བའི་ཆ་ནས་བོད་པ་རྣམས་ཀྱིས་མཆོད་པའི་ཡུལ་ལྷ་གཞི་བདག་ནི་མི་ཚེ་འཕོས་ཏེ་ཡི་དྭགས་ཀྱི་སྐྱེ་བ་བླངས་པ་རྐྱང་རྐྱང་ཡིན་པའི་གནས་ལུགས་ཟབ་མོ་དེ་བསྟན་པ་ཡིན་དགོས།   རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་ཀྱང་། “ལྷ་ཀླུ་མཐུ་ཆེ་བ་སྟེ་གཉན་ཆེན་ཐང་ལྷ་ལྟ་བུ་དང་། འོ་དེ་གུང་རྒྱལ་ལྟ་བུ་དང་། ཡར་ལྷ་ཤམ་པོ་ལྟ་བུ་སོགས་ཀྱིས་སྐྱོབ་མི་ནུས། ཅིའི་ཕྱིར་སྐྱོབ་མི་ཐུབ་པ་ཡིན་ཟེར་ན།  ཁོ་རང་ཡང་འཁོར་བ་ལས་མ་འདས་པ་སྟེ་འཁོར་བ་ལས་ཐར་མེད་པ་དང་།འཁོར་བའི་འདམ་ལས་སོར་གང་ཙམ་ཡང་འཕགས་ཐུབ་མེད་དོ།།”ཞེས་པ་དང་། ཡང་ཤཱཀྱའི་དགེ་སློང་རྣམས་ཀྱིས།“རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི།། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།།” ཞེས་བོད་ཀྱི་ཡུལ་ལྷ་གཞི་བདག་མང་ཆེ་བ་ནི་གཟུགས་མེད་ཀྱི་ཡི་དྭགས་རྐྱང་རྐྱང་ཡིན་པས།   སྟོན་པའི་ན་བཟའ་མནབས་པའི་དགེ་འདུན་དཀོན་མཆོག་གིས་ཕྱག་འཚལ་མི་འོས་ལ།  འཇིག་རྟེན་ཕྱི་མའི་ཆེད་དུ་སྐྱབས་སུ་མི་འགྲོ་བ་སོགས་སྐྱབས་གནས་མཐར་ཐུག་མི་ནུས་པའི་གནས་ལུགས་བསྟན་ཡོད།  འོན་ཀྱང་།   འཇིག་རྟེན་པ་རྣམས་ཀྱིས་ན་ཚ་བདེ་སྡུག་དང་།  གནོད་པར་བྱེད་པའི་དགྲ་དང་བར་དུ་གཅོད་པའི་བགེགས་སོགས་སེལ་ཕྱིར་ཡུལ་ལྷ་གཞི་བདག་རྣམས་སྐྱབས་གྲོགས་སུ་བཀུར་ནས་མཆོད་ན་ཚེ་འདིའི་ལས་དོན་རྒྱ་ཆེན་པོ་འགྲུབ་པར་བཤད། ཡང་ནམ་མཁའ་གང་བའི་ལྷ་རྣམས་དང་། བར་སྣང་གང་བའི་གཉན་རྣམས། ས་གཞི་གང་བའི་ཀླུ་རྣམས་ལ་བདུད་རྩི་བསང་གི་མཆོད་པ་ཕུལ་ནས་དེ་དག་གི་ཐུགས་དགྱེས་པར་བྱས་ན་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། 《བསང་མཆོད།》 ལས།  “ནད་ཡམས་མུ་གེ་མཚོན་འཁྲུག་དང་།།  བཙའ་དང་སེར་གསུམ་ཐོག་མདའ་དང་།།  གོད་ཁ་ཆོ་འཕྲུལ་ལྟས་ངན་དང་།།  མི་ནད་ཕྱུགས་ནད་མ་བཏང་ཞིག། བདག་གི་བསམ་དོན་འགྲུབ་པ་དང་།།དཀར་པོ་དགེ་བའི་སྡོང་གྲོགས་མཛོད།།   བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ།།  སྡང་དགྲ་གནོད་བགེགས་རྡུལ་དུ་རློག།  བྱེས་སུ་འགྲོ་ན་བསུ་སྐྱེལ་གྱིས།།  ཡུལ་དུ་བསྡད་ན་རྫེའུ་གྱིས།།   བསྟན་པ་གཉེན་པོ་བསྲུང་དུ་གསོལ།།   མཐུ་དཔུང་སྡོང་གྲོགས་རྒྱབ་རྟེན་མཛོད།།  བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།”② ཅེས་འབྱུང་བ་བཞིན་མགོ་ནག་བོད་མི་ཡོངས་ཀྱིས་གནའ་ནས་དེང་གི་བར་དུ་འཇིག་རྟེན་ཕྱི་མའི་ཆེད་དུ་དཀོན་མཆོག་གསུམ་པོར་སྐྱབས་སུ་འགྲོ་བ་དང་།   འཇིག་རྟེན་འདིའི་ཕན་བདེའི་ཆེད་དུ་འཇིག་རྟེན་པའི་ལྷ་རྣམས་སྐྱབས་གྲོགས་སུ་བསྟེན་དགོས་པའི་གནས་ལུགས་དེ་བསྟན་ཡོད། 
          གསུམ། ཡུལ་ལྷའི་སྣང་བརྙན་གྱི་སྐོར།  
          གདོད་མའི་མི་རྣམས་ཀྱིས་རང་གི་མགོན་སྐྱབས་དང་སྡོངས་གྲོགས་སུ་མཆོད་པའི་ལྐོག་གྱུར་ཅན་གྱི་སྟོབས་ཤུགས་དེ་ལ་ལྷ་ཀླུ་གཉན་བཙན་སོགས་རྣམ་གྲངས་མང་པོ་ཞིག་ཡོད་ལ། རི་བོ་གང་ཉིད་མི་གཤིས་ཅན་དུ་བསྒྱུར་བའི་ལྷ་དེ་དག་གནའ་བོའི་བོད་མིའི་སེམས་ཁོངས་སུ་སྣང་བརྙན་ཇི་ལྟ་བུའི་སྒོ་ནས་འཆར་ཞེ་ན། སྤྱིར་ན་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་དེ་དག་གི་སྣང་བརྙན་ལ་འགྱུར་བ་བྱུང་ཡོད་པ་དང་།  ཁྱད་པར་དུ་ནང་བ་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་འགྱུར་ལྡོག་རྒྱ་ཆེན་པོ་བྱུང་ཡོད་དེ།   བོད་ཀྱི་ཡུལ་ལྷ་གཞི་བདག་གི་སྔར་ཡོད་ཀྱི་སྣང་བརྙན་དོར་ནས་དཔའ་བོའི་ཆས་ཀྱིས་བརྒྱན་པའི་དཔའ་བོའི་སྣང་བརྙན་གསར་བ་ཞིག་རྟོག་བཟོ་གནང་ཡོད།  དེ་ཡང་དང་ཐོག་རང་བྱུང་ཁམས་ཀྱི་གསང་བ་སྣ་ཚོགས་འཇིག་རྟེན་ལས་འདས་པའི་སྟོབས་ཤུགས་ལྐོག་གྱུར་བ་ཞིག་ཏུ་ངོས་འཛིན་པའི་དུས་ཀྱི་ཡུལ་ལྷའི་སྣང་བརྙན་ནི་རི་བོ་གང་ཉིད་མི་གཤིས་རང་བཞིན་ཅན་དུ་བསྒྱུར་ནས་བླ་ལྡན་གྱི་ཕུང་པོ་ཞིག་ཏུ་འདོད་པ་ལས་དབང་བོ་ཚང་བའི་སེམས་ཅན་ཞིག་གི་གཟུགས་བརྙན་ནི་གྲུབ་དཀའ།     དཔེར་ན་བོད་ཀྱི་དམངས་གླུ་ཞིག་ལས།  རྩེ་མོའི་གངས་དཀར་དང་རི་སྐེད་ཀྱི་སྨུག་སྤྲིན་ནི་རྨ་རྒྱལ་རི་ཡི་དབུ་དང་སྐེ་རགས་ཡིན་པར་བརྗོད་པ་ལས་ཀྱང་ལྷ་ངོ་ལྡན་པའི་རི་བོའི་གོང་ཁ་བ་དང་སྨུག་སྤྲིན་ལ་སོགས་ལྷའི་དབང་བོ་ཞིག་ལ་ངོས་འཛིན་གནང་ཡོད་པ་ཤེས་ཐུབ།   ཕྱིས་སུ་བླ་རིའི་ཉེ་འདབས་སུ་འབྲོང་དང་གཉན་སོགས་སྲོག་ཆགས་གཅན་གཟན་ལ་སོགས་རྒྱུ་བ་མཐོང་བས་དེ་དག་ནི་རི་ལྷ་གང་དེའི་སྤྲུལ་བར་ངོས་བཟུང་བས་ཡུལ་ལྷའི་སྣང་བརྙན་ལ་འགྱུར་བ་བྱུང་ནས་སྲོག་ཆགས་སྣ་ཚོགས་ཀྱི་རྣམ་པར་ཐོད་བརྒལ་བྱས།  འདི་ནི་གནའ་བོའི་བོད་མི་རྣམས་ཀྱིས་སྲོག་ཆགས་རུས་བླར་མཆོད་པའི་དད་མོས་ཀྱི་ཐོན་དངོས་ཤིག་ཀྱང་རེད། བོད་ཀྱི་དམངས་ཁྲོད་ངག་རྒྱུན་ལྟར་ནའང་། ཡར་ལྷ་ཤམ་པོ་དང་།    གཉན་ཆེན་ཐང་ལྷ་སོགས་མདོ་དབུས་ཁམས་ཀྱི་ཡུལ་ལྷ་གཞི་བདག་ཕལ་ཆེ་བ་ཞིག་གཡག་དང་སྦྲུལ་དཀར་པོ་སོགས་ཀྱི་རྣམ་པས་མིའི་མཐོང་སྣང་དུ་གྲུབ་ཡོད།《རྒྱལ་རབས་གསལ་བའི་མེ་ལོང་》ལས། “དེར་ཡུམ་བཙུན་མོ་དེས་རྟ་འཚོ་ཕྱིན་ནས། གཉིད་ལོག་པའི་རྨི་ལམ་ན། ཡར་ལྷ་ཤམ་པོ་སྤྲུལ་པ་མི་དཀར་པོ་ཅིག་དང་འབྲེལ་བ་རྨིས། གཉིད་སད་ཙ་ན། སྔས་མགོ་ནས་གཡག་དཀར་ཅིག་ལངས་ནས་སོང་བ་མཐོང་།”③ཞེས་པ་ལས་ཡར་ལྷ་ཤམ་པོ་ནི་གཡག་གི་རྣམ་པ་དང་།   ཡང་《པདྨ་བཀའ་ཐང་》ལས། “དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིར༔  མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ༔  གཞུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔  སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔”④ཞེས་གསུངས་པ་ལས་གཉན་ཆེན་ཐང་ལྷ་སྦྲུལ་དཀར་པོ་ཞིག་གི་རྣམ་པ་ཡིན་པ་བསྟན་ཡོད། དེ་ནས་ནང་བསྟན་བོད་དུ་དར་ཁྱབ་བྱུང་རྗེས་སུ་《ལྷ་མོ་མེ་ལྕེ་འབར་བའི་རྒྱུད་》བསྒྱུར་ནས་དཔལ་ལྡན་ལྷ་མོ་བོད་དུ་དྲངས་པ་སོགས་དུས་རབས་བརྒྱད་པ་ནས་བཟུང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཆོས་སྐྱོང་སྲུང་མའི་བྱུང་བ་དང་དེའི་སྐོར་གྱི་གསོལ་མཆོད་མང་པོ་བསྟུད་མར་བྱུང་བ་དང་ཆབས་ཅིག   ནང་བསྟན་གྱི་དམ་ཅན་བསྟན་སྲུང་གི་ཆ་བྱད་ཀྱི་ཤུགས་རྐྱེན་འོག་ཏུ་བོད་ཀྱི་ཡུལ་ལྷའི་སྣང་བརྙན་ལ་ཡང་འཕོ་འགྱུར་ཆེན་པོ་བྱུང་ཡོད་དེ།   སྔོན་གྱི་སྲོག་ཆགས་ཀྱི་རྣམ་པ་འགྱུར་ནས་རིམ་གྱིས་འགྲོ་བ་མིའི་གཟུགས་བརྙན་ཅན་དུ་འགྱུར་འགོ་བརྩམས་པ་དང་།   སྲོག་ཆགས་ལ་ལ་ཞིག་ཡུལ་ལྷ་རང་གི་བཅིབ་པར་གྱུར་ཡོད།    ཡུལ་ལྷ་གཞི་བདག་རྣམས་གནས་གང་དག་ཏུ་བཞུགས་པ་དང་།   དེ་དག་གི་བྱེ་བྲག་པའི་ཆ་བྱད་ཀྱི་སྐོར་ལ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས།   “ལ་ལ་ནམ་མཁའི་དབྱིངས་ན་སྣང་སྲིད་འདོད་དགུར་དབང་བའི་རྒྱལ་པོའི་ཚུལ་དུ་བཞུགས་པ།  ལ་ལ་ས་གཞིའི་སྟེང་ན་བྲག་རི་བརྩེགས་པའི་ཁྲི་ལ་བློན་པོའི་ཚུལ་དུ་འགྱིངས་པ། ལ་ལ་ཤྭ་བ་དང་ཡུ་མོ་ཞོན་པའི་སྐེག་འཆོར་བཙུན་མོའི་ཚུལ་དུ་རོལ་བ། ལ་ལ་རྟ་མཆོག་སྤྲིན་གྱི་ཤུགས་ཅན་ལ་ཞོན་པའི་དམག་དཔོན་གྱི་ཚུལ་དུ་རྒྱུགས་པ།  ལ་ལ་གཡག་རྒོད་དང་སྟག་དོམ་དར་མ་ལ་ཞོན་པའི་ཕོ་ཉའི་ཚུལ་དུ་ཉུལ་བ། ལ་ལ་ནི་ཞི་རྒྱས་དབང་དྲག་གི་ལས་ལ་རྔུལ་ཆུ་ཤམ་ཤམ་གྱིས་ཤི་བ་ལ་མི་ལྟ་བ།   ལ་ལ་འཇའ་སྤྲིན་དཀྲིགས་པའི་ཀློང་ན་རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན་པ།  ལ་ལ་ནགས་ཚལ་སྟུག་པོའི་གསེབ་ན་ཏིང་འཛིན་གཉིད་ཀྱི་འོད་གསལ་སྐྱོང་བ། ལ་ལ་སྤང་ལྗོངས་གཡུ་སྔོན་གྱི་ཐང་ན་རལ་གྲི་མདའ་མཚོན་གྱི་རྩལ་སྦྱོང་བྱེད་པ།”⑤སོགས་ཀྱི་ཚུལ་མཛད་བཞིན་པའི་ཁྲོད་དུ་ཡུལ་ལྷ་གཞི་བདག་མ་འདུས་པ་མེད་ཀྱང་།  བོད་ཡུལ་སྤྱིའི་ཆ་ནས་བཤད་ན།  མདོ་དབུས་ཁམས་གསུམ་དུ་ཕར་རི་གཡས་ལ་གནས་པ་དང་། ཚུར་རི་གཡོན་ལ་གནས་པ།  ཉིན་སྲིབ་བར་ན་གནས་པ་སོགས་གཞི་བདག་གྲངས་མེད་ཅིག་ཡོད་ལ། ཡུལ་ལྷ་མཐུ་བོ་ཆེ་ཞིག་ཡིན་ཕྱིན། ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་བྱེད་དགོས་པས།  བྲིས་ཐང་ཀ་དང་བཞེངས་འབག་སྐུ་གང་རུང་དུ་དེ་ལུགས་ཀྱི་ཆ་བྱད་རིགས་སྣ་ཚོགས་བྱུང་ཡོད་ལ། མདོ་སྨད་རེབ་གོང་ཡུལ་གྱི་ཡུལ་ལྷ་རྒྱལ་བོ་བྱ་ཁྱུང་ལ་མཚོན་ན། གཏུམ་པོ་དམར་ནག་ཁྱུང་གི་རྣམ་པའི་སྐབས་སུ།   “པདྨ་ཉི་མ་བརྩེགས་པའི་གདན་སྟེང་དུ།། ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་གུ་རུ་ཊ།།གནམ་ལྕགས་མཆུ་སྡེར་ཐབས་ཤེས་རྭ་གཉིས་གདེངས།།  སྤྱི་བོར་འོད་འབར་ཡིད་བཞིན་ནོར་བུས་བརྒྱན།། སྡེར་རྣོ་མཚོན་ཆ་སྟོང་གི་གཤོག་པ་རྒྱས།། སྡེར་མོ་ཞབས་ཀྱི་ཀླུ་བདུད་མནན་བྱས་ཏེ།།    གཡས་གཡོན་ཕྱག་གིས་བཟུང་ནས་ཞལ་དུ་གསོལ།།  འཇིགས་རུང་མཁའ་ལྡིང་དབང་བོའི་རྣམ་པར་བཞུགས།།”  ཞེས་དང་། ཡང་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་ཁོང་བྲག་དཀར་ཤར་ནས་རོང་བོ་དགོན་པའི་བསྟན་སྲུང་དགེ་བསྙེན་ཆེན་པོར་བསྒྲུབས་རྗེས་ཀྱི་ཆ་བྱད་ནི། “ཡང་གཅིག་དཔའ་བོའི་གར་མཛད་དགེ་བསྙེན་ཆེ།། དཀར་དམར་མདངས་ཆགས་ཞལ་གཅིག་ཕྱག་གཉིས་ཀྱིས།། གཡས་པས་དར་མདུང་གཡོན་པས་ཚེ་བུམ་འཛིན།།སྟག་རལ་གཟིག་ཤུབས་སྣ་ཚོགས་དར་གྱིས་མཛེས།།རྒྱབ་ལ་ཟ་འོག་གོས་ཀྱི་མནབ་བཟའ་གྱོན།།དབུལ་བཙོ་ལྡན་ཕྱིང་ཞྭ་དཀར་པོ་མནབས།། འཁོར་དུ་ལྷ་ཀླུ་སྡེ་བརྒྱད་གཞི་བདག་ཚོགས།། ཀོ་བའི་སྐེད་བཅིངས་དངུལ་དཀར་བྱུ་རུས་བརྒྱན།།རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་ངང་དཀར་བཅིབས།།”ཞེས་དང་།  གཞན་ཡང་བྱ་ཁྱུང་གིས་ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞི་སྒྲུབ་པའི་ཆ་བྱད་ལ། ཐོག་མར་ཁོང་གིས་དཀར་པོ་ཞི་བའི་འཕྲིན་ལས་སྒྲུབ་སྐབས་ཀྱི་རྣམ་པ་ནི།“རེས་འགའ་མདོག་དཀར་འཛུམ་དཀར་འཕྲོ།། ནད་གདོན་ཞི་བའི་འཕྲིན་ལས་མཛོད།། ”ཅེས་པ་དང་།  སེར་པོ་རྒྱས་པའི་འཕྲིན་ལས་མཛད་ཚུལ་ནི།  “གསེར་ཁྲབ་གསོལ་ཞིང་གསེར་འོད་འཁྱུག།     ཚེ་དང་བསོད་ནམས་རྒྱས་པར་མཛོད།།”  དམར་པོ་དབང་གི་འཕྲིན་ལས་མཛད་ཚུལ་ནི།“བྱུ་རུའི་མདོག་ལ་འོད་དམར་འཕྲོ།།   སྣང་སྲིད་དབང་འདུས་དངོས་གྲུབ་སྩོལ།།” མཐར་ནག་པོ་དྲག་པོའི་འཕྲིན་ལས་མཛད་ཚུལ་ནི།    “སྐུ་མདོག་དམར་ནག་མཆེ་བ་གཙིགས།། གོ་ཁྲབ་མཚོན་ཆ་སྣ་ཚོགས་ཀྱིས།།དྲག་པོའི་ཆས་ཀྱིས་དགྲ་བགེགས་སྒྲོལ།།”ཞེས་དམངས་ཁྲོད་ཀྱི་འབྲེལ་ཡོད་བསང་ཡིག་ཏུ་འབྱུང་།སྤྱིར་ན་ཡུལ་ལྷ་གཞི་བདག་གི་རིགས་འདི་འཇིག་རྟེན་པའི་ལྷ་ཡིན་པའི་སྟབས་ཀྱིས་ཁོ་ཚོའི་གཟུགས་དང་ཆ་བྱད་མི་དང་བར་ཐག་ཧ་ཅང་ཉེ་ལ།  ཁོ་ཚོའི་མཐུ་དང་ནུས་པ་ཡང་མིའི་འདོད་བློ་དང་མཐུན་པ་དེ་འདྲ་ཞིག་ཏུ་སྣང་ངོ།།   
          བཞི། ཡུལ་ལྷའི་རབ་དབྱེ།  
          བོད་ཀྱི་ཡུལ་ལྷ་ལ་རིགས་མང་པོ་ཡོད་དེ། ཕོ་མོའི་རིགས་དང་། ཞི་དྲག་གི་རིགས། ཡང་ན་དཀར་ཕྱོགས་སྐྱོང་བའི་རིགས་དང་ནག་ཕྱོགས་སྐྱོང་བའི་རིགས་སོགས་ཡོད་པ་ལས། ཕོ་རིགས་སུ་གཏོགས་པའི་ཡུལ་ལྷའི་མཚན་གཞི་ནི་སྲིད་པ་ཆགས་པའི་ལྷ་དགུ་ལྟ་བུ་དང་། མོ་རིགས་སུ་གཏོགས་པའི་ཡུལ་ལྷ་ནི་བོད་སྐྱོང་བརྟན་མ་བཅུ་གཉིས་ལྟ་བུ། ཞི་བའི་རིགས་སུ་གཏོགས་པའི་ཡུལ་ལྷ་ནི་གཉན་ཆེན་ཐང་ལྷ་ལྟ་བུ་དང་དྲག་པོའི་རིགས་སུ་གཏོགས་པ་ས་སྐྱའི་འབག་མོ་གསུམ་ལྟ་བུ། དཀར་ཕྱོགས་སྐྱོང་པའི་ཡུལ་ལྷ་ནི་རྗེ་ཡི་མགུར་ལྷ་བཅུ་གསུམ་དང་ནག་ཕྱོགས་སྐྱོང་བའི་ཡུལ་ལྷ་ནི་མདོ་སྨད་ཡུལ་ལ་མཚོན་ན་ཙོ་ལུང་དམག་དཔོན་ལྟ་བུ་ཡིན། དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ཡུལ་ལྷ་ཁྱད་པར་ནི་སྤྱིར་བཏང་དུ་ཡུལ་ལྷ་དེའི་ཐུགས་རྒྱུད་རྩུབ་མི་རྩུབ་དང་། དཀར་པོའི་ཆོས་ལ་བཀོད་མ་བཀོད་ཀྱིས་འབྱེད་པ་རེད། དེ་བཞིན་ཡུལ་ལྷའི་ངོ་བོའི་ཆ་ནས་ལྷ་ཀླུ་གཉན་བཙན་སོགས་རིགས་མང་དུ་དབྱེ་ཆོག་པར་འདུག་ཅིང་།  བོད་ཀྱི་ཡུལ་ལྷ་རྣམས་གནས་ས་ནི་གངས་རི་དང་། བྲག་རི། སྤང་རི་། ནགས་རི། མཚོ་དང་མཚེའུ་ལ་སོགས་སུ་གནས་ཤིང་། བང་གི་གཉན་ཆེན་ཐང་ལྷ་དང་ཤར་གྱི་རྨ་རྒྱལ་སྦོམ་ར་གཉིས་ནི་གཉན་གྱི་རིགས་སུ་གཏོགས་པ་དང་།  བྱང་གི་གནམ་མཚོ་ཕྱུག་མོ་དང་ཤར་གྱི་ཁྲི་ཤོར་རྒྱལ་མོ་སོགས་མཚོ་དང་མཚེའུ་ལ་གནས་པའི་ཡུལ་ལྷ་རྣམས་ནི་ཀླུའི་རིགས་སུ་གཏོགས་པར་ངོས་འཛིན་བྱེད་པ་ཡིན། དེང་སང་རིག་གཞུང་བརྩམས་ཆོས་མང་པོ་ཞིག་ཏུ་ཡུལ་ལྷ་དང་སྲུང་མ་གཉིས་ངོ་བོ་གཅིག་ཏུ་སྦྱར་བ་ནི་མ་ཤེས་པའི་སྐྱོན་ལས་བྱུང་བ་ཡིན་ལ།   དེ་གཉིས་ལ་འབྲེལ་བ་ངེས་ཅན་ཡོད་ཀྱང་། བྱུང་ཁུངས་དང་། ངོ་བོ། བྱེད་ལས་གང་ཅིའི་ཐད་ནས་ཁྱད་པར་ཡོད། རྒྱ་གར་དང་བལ་ཡུལ་སོགས་ནས་གདན་དྲངས་པའི་ཆོས་སྐྱོང་སྲུང་མ་རྣམས་མཐའ་གཅིག་ཏུ་བོད་ཀྱི་ཡུལ་ལྷར་ངོས་འཛིན་བྱས་ན་མི་འཐད་དེ། བོད་ཀྱི་ཡུལ་ལྷ་ནི་རང་བྱུང་ཁམས་དང་སྔོན་གཤེགས་མེས་པོ་གཉིས་ལ་མཆོད་བཀུར་བྱེད་པའི་ངོ་བོ་གཉིས་ལྡན་གྱི་དད་མོས་ཤིག་ཡིན། དེ་ནི་ལོ་རྒྱུས་ཀྱི་མི་སྣ་སྙན་གྲགས་ཅན་ཞིག་ས་གནས་རྗེས་རབས་པ་རྣམས་ཀྱིས་རང་གི་རུས་རྒྱུད་ཀྱི་ལྷ་ཞིག་ཏུ་ངོས་འཛིན་གནང་བ་ཡིན། བོད་ཀྱི་ཡུལ་ལྷ་རྣམས་ཐོག་མའི་བྱུང་ཁུངས་ཀྱི་ཆ་ནས་མདོར་དྲིལ་ན་རིགས་ཆེན་པོ་གསུམ་དུ་དབྱེ་ཆོག་པ་ཡིན། བོད་དུ་གཉུག་མར་གནས་པའི་ལྷ་ཀླུ་གཉན་བཙན་སོགས་བླ་མ་གྲུབ་ཆེན་རྣམས་ཀྱིས་བཀའ་བསྒོས་དམ་འདོགས་མཛད་པའི་ཡུལ་ལྷ་དང་གཅིག   ཡུལ་ཕྱོགས་གཞན་ནས་ཞུས་པའི་ཡུལ་ལྷ་དང་གཉིས། གཡུལ་དུ་གྲོངས་པའི་དཔའ་བོའི་རྣམ་ཤེས་དག་ས་གནས་ཡུལ་ལྷ་བསྐོས་པ་དང་གསུམ་མོ།།  
          གཅིག བླ་མ་གྲུབ་ཆེན་རྣམས་ཀྱིས་བཀའ་བསྒོས་དམ་འདོགས་མཛད་པའི་ཡུལ་ལྷའི་སྐོར།
          ནང་བསྟན་བོད་དུ་མ་དར་བའི་སོང་དུ་བོད་ཀྱི་ཕ་མེས་ཡང་མེས་རྣམས་ཀྱིས་བསྟེན་པའི་རིགས་རྒྱུད་ཀྱི་ལྷ་ནི་རི་ཆུ་ནགས་གསུམ་བར་སྣང་དག་ཏུ་གནས་པའི་ལྷ་སྲིན་སྡེ་བརྒྱད་སོགས་མང་དུ་འདུག་ལ། ཕྱིས་སུ་བོན་གྱི་ཆོས་ལུགས་རིམ་གྱིས་ཉམས་པ་དང་སངས་རྒྱས་ཆོས་ལུགས་བོད་ཀྱི་ཤེས་རིག་གི་གཞི་རྩར་གྱུར་བ་དང་བསྟུན་ནས་ལྷ་སྲིན་སྡེ་བརྒྱད་ཀྱི་རིགས་དགར་ཚུལ་མི་མཐུན་པ་འགའ་རེ་བྱུང་ཞིང་། བོད་ཀྱི་ཡུལ་ལྷ་རྣམས་ཀྱི་ངོ་བོ་ནི་ལྷ་སྲིན་སྡེ་བརྒྱད་གང་རུང་ཞིག་ཏུ་གཏོགས་ཤིང་།   ཆེས་གདོད་མའི་དུས་ཀྱི་མངའ་མཛད་བཅུ་དང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་སུ་བོད་ཡུལ་དབང་བསྒྱུར་བའི་མི་མ་ཡིན་འདྲེ་སྲིན་གདུག་པ་ཅན་ཞེས་གྲགས་པ་རྣམས་ཀྱང་དོན་དངོས་སུ་བོད་ཀྱི་མེས་པོ་དག་ལྷའི་རང་བཞིན་ཅན་དུ་བསྒྱུར་བ་ཡིན་དགོས། དེ་ནས་དུས་ཀྱི་འགྱུར་བ་དང་བསྟུན་བོད་ཡུལ་གྱི་ལུང་བ་ཕུ་མདོ་བར་གསུམ་ནས་ལྷ་སྲིན་གདུག་པ་ཅན་མང་པོ་རིམ་གྱིས་བྱུང་བ་རེད། དེ་ཡང་ནག་ཕྱོགས་ཀྱི་ལས་མཐའ་དག་མཚམས་བཞག་ནས་དྲང་བའི་ལམ་ལ་འདྲེན་པའི་ཕྱིར་དུ་སྔོན་བྱོན་གྱི་བླ་མ་གྲུབ་ཆེན་རྣམས་ཀྱིས་བཀའ་བསྒོས་དམ་བཞག་མཛད་པ་ཤིན་ཏུ་མང་། བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ་སོགས་བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཚུལ་དུ་བྱུང་བ་དང་། ཕྱིས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དམ་འདོགས་བཀའ་བསྒོས་མཛད་པའི་ཚུལ་ནི་《པད་མ་བཀའ་ཐང་》ལེའུ་དྲུག་ཅུ་པ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་ལེའུ་སོགས་སུ་གསལ་བོར་ཡོད་དེ། “དེ་ནས་མང་ཡུལ་སྟོན་ལ་མཁར་དུ་བྱོན༔ ཞང་ཞུང་དགྲ་བླ་ཛ་མུན་ཞེས་བྱ་བས༔སློབ་དཔོན་རི་བྲག་གཉིས་ཀྱི་བར་དུ་བཅར༔  བར་སྣང་བྱོན་པས་མོ་སྐྱེངས་སྲོག་སྙིང་ཕུལ༔  གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔  གཏེར་ཀ་ཆེན་པོ་ཞིག་ཏུ་གཉེར་ཀ་གཏད༔ དེ་ནས་གནམ་ཐང་མཁར་ནག་ལ་ཁར་བྱོན༔གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེ༔  སློབ་དཔོན་ཕྱག་མཛུབ་ལ་དཀྲིས་མཚོར་དོར་བས༔   མོ་བྲེད་དཔལ་མོ་དཔལ་ཐང་མཚོ་ནང་བྲོས༔  མཚོ་བསྐོལ་ཤ་རུས་བྱེ་སྟེ་བྲལ་བ་ལ༔  སློབ་དཔོན་རྡོ་རྗེ་བརྒྱབ་པར་མིག་གཡས་བཅར༔  མཚོ་ཁར་ཡར་བྱུང་ཞུ་བ་གསོལ་བ་ནི༔  སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔  བར་ཆད་མི་བགྱི་ཐུགས་དམ་དགོངས་པ་གློད༔  ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔  ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔  གསང་མཚན་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔  བཀའ་གཏེར་ཆེན་པོ་ཞིག་གི་གཉེར་བྱང་གཏད༔ དེ་ནས་འོ་ཡུག་བྲེ་མོ་ལ་གར་བྱོན༔  བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབ༔  རི་ཡི་བར་དུ་བཙིར་བ་བྱས་པ་ལ༔  སོལ་དུམ་རེར་གྱུར་སྟོབས་ཟད་བྱིན་གྱིས་བརླབས༔  བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་༔  ཡ་མ་བཅུ་གཉིས་སྲོག་གི་སྙིང་པོ་ཕུལ༔  དམ་ལ་བཏགས་ནས་གཏེར་རེའི་གཉེར་ཁ་གཏད༔  དེ་ནས་འོ་ཡུལ་བྱེའུ་ཚང་རྫོང་ཀར་བསླེབས༔”⑥ཞེས་པ་དང་། དེ་མིན་བོད་ཀྱི་བླ་མ་དང་གྲུབ་ཆེན་པ་རྣམས་ཀྱིས་ས་གནས་ཡུལ་ལྷ་དམ་འདོགས་མཛད་པ་ནི་རྗེ་མི་ལ་རས་པས་ལིང་པ་བྲག་སྲིན་མོ་སོགས་དམ་འདོགས་མཛད་པ་དང་།  བཻ་རོ་ཙ་ནས་རྒྱལ་རོང་དུ་ཡུལ་ལྷ་མང་པོ་དམ་འདོགས་མཛད་ཚུལ་དང་།  ས་སྐྱའི་གོང་མ་རིམ་བྱོན་གྱིས་ས་སྐྱའི་འབག་མོ་གསུམ་དམ་འདོགས་མཛད་པ་སོགས་བླ་མ་ཕལ་མོ་ཆེའི་རྣམ་ཐར་དུ་ཡུལ་ལྷ་གཞི་བདག་མང་པོ་བཀའ་བསྒོས་དམ་འདོགས་མཛད་པའི་སྐོར་མཇལ་རྒྱུ་མང་།  
          གཉིས།  ཡུལ་ཕྱོགས་གཞན་ནས་ཞུས་པའི་ཡུལ་ལྷའི་སྐོར།  
          གངས་ཅན་བོད་ཀྱི་ཡུལ་འདིར་ཡུལ་ཕྱོགས་གཞན་ནས་གདན་དྲངས་པའི་ཡུལ་ལྷ་འགའ་ཤས་ཡོད། དེ་དག་ནི་བོད་དུ་གཉུག་མར་གནས་པའི་ཡུལ་ལྷ་མིན་ཡང་ཕྱིས་སུ་བོད་ཀྱི་དམངས་ཁྲོད་དུ་མཆོད་པའི་ཡུལ་ལྷ་གཙོ་བོར་གྱུར་ཡོད།  རྒྱའི་ཡིག་རྙིང་དུ། བུན་ཁྲང་(文昌)ཞེས་པ་ནི་གནའ་དུས་ཡོན་ཏན་གྱི་ཐོབ་ཐང་གི་མིང་ཞིག་ཡིན་པ་དང་། ཡང་སྐབས་ལ་ལར་སྐར་མ་སྨིན་དྲུག་གི་མིང་ཡིན་ཟེར་ཚུལ་ཡང་འདུག་སྟེ། སྨིན་དྲུག་ཁྲ་མོར་དད་མོས་བྱེད་པའི་སྲོལ་བྱུང་བ་ལས། ཅིན་རྒྱལ་རབས་(晋代)སྐབས་ཀྲང་ཡ་ཙི་(张亚子)ཟེར་བ་གསོ་དཔྱད་མཁས་ཅན་ཞིག་ཡོད་པ་དེ་སྐར་མའི་ལྷའི་(文昌星)སྤྲུལ་བ་ཡིན་པར་ངོས་འཛིན་སྲོལ་བྱུང་། ཀྲང་ཡ་ཙི་ནི་ཟི་ཁྲོན་ཙི་ཐུང་(梓潼)གི་མི་ཡིན་པར་གྲགས་པ་དང་། སྐབས་གཅིག་རིང་དཔོན་གནས་གལ་ཆེན་བཟུང་ཡང་ཕྱིས་སུ་བློན་པོ་འགས་ཕྲག་དོག་གིས་གོང་མར་སྙན་འཕྲིན་ཞུས་ནས་བསད་རྗེས་ས་གནས་ཡུལ་མི་རྣམས་ཀྱིས་ལྷ་ཁང་བརྩིགས་ཤིང་ཁོང་རྗེས་སུ་དྲན་པའི་སྐུ་བཞེངས་ནས་ཡུལ་ལྷ་གཞི་བདག་གི་ཚུལ་དུ་མཆོད། ཅོག་རོང་བཤད་སྒྲུབ་རྒྱ་མཚོས་བསང་ཡིག་ཅིག་གི་ནང་དུ་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་བཀའ་བསྐོས་གཉེར་དུ་གཏད་དེ་ཡུལ་མདོ་སྨད་ཕྱོགས་སུ་ཕེབས་པ་ཡིན་གསུངས་ཞེས་གྲགས་པ་དང་། ཨ་མྱེས་ཡུལ་ལྷ་འདི་ཉིད་ཁྲི་ཀ་ས་ཆར་བྱོན་ནས་གནས་དེའི་བོད་མི་རྣམས་ཀྱིས་མཆོད་བཀུར་བྱས་ནས་རིམ་བཞིན་མདོ་སྨད་ཀྱི་ཡུལ་གྲུ་མང་པོར་ཁྱབ། རྒྱལ་ཆེན་བཀྭན་ཡུན་ཆང་(关云长)ངམ་སྤྲིན་རིང་རྒྱལ་པོ་ནི་རྒྱ་ནག་གི་རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་ཧྲུའུ་ནུབ་མའི་(西蜀)བློན་པོ་ཆེན་པོ་ཞིག་ཡིན་ཞིང་།  ཧྲུའུ་ནུབ་མའི་རྒྱལ་པོ་ལུག་པུས་(刘备)དང་བུའུ་ཤར་མའི་(东吴)རྒྱལ་པོ་ཟོང་ཆོན་(孙权)གཉིས་འཁྲུགས་པའི་སྐབས་སུ་གཡུལ་དུ་ཤི་བ་ཕྱིས་སུ་སྲུང་མར་བཀུར་བ་རེད། རྒྱ་བཟའ་བོད་དུ་ཕེབས་དུས་སྲུང་མ་འདི་ཉིད་རྗེས་སུ་འབྲངས་ནས་བོད་དུ་བྱོན་ནས་ལྷ་སའི་གྲིབ་ཀྱི་རྫོང་རི་དང་། ཡར་ཀླུང་ཤེལ་གྱི་བྲག་ཕུག  སྦུ་རི་ཕུག་མོ་ཆེ། རྩེ་ཆེན་བྲག་ལ་སོགས་ནས་གནས་བཅས་པར་གྲགས།  རྒྱའི་བཀྭན་ཡུན་ཆང་དང་བོད་ཀྱི་གེ་སར་རྒྱལ་པོ་གཉིས་ཀྱི་དཔའ་བོའི་ཆ་མཚུངས་བས་བོད་ཀྱི་དམངས་ཁྲོད་དུ་དེ་གཉིས་ལ་རྒྱ་གེ་སར་དང་བོད་གེ་སར་ཞེས་སྲུང་མ་དང་ཡུལ་ལྷ། དགྲ་ལྷ་གསུམ་གང་རུང་གི་ཚུལ་དུ་མངོན་ཡོད།  ད་དུང་ཨ་མདོ་སྐུ་འབུམ་གྱི་གནས་བདག་དང་རེབ་གོང་ས་ཁུལ་དུ་བསྟེན་པའི་རི་ལང་བཅུ་གཉིས་སོགས་ཀྱང་རྒྱ་མི་རིགས་ལས་མཆེད་པ་བསྙོན་དུ་མེད།   
          གསུམ།   གཡུལ་དུ་གྲོངས་བའི་དཔའ་བོ་ས་གནས་ཡུལ་ལྷར་བསྐོས་པའི་སྐོར། 
          བོད་ཡུལ་གྱི་ལུང་བ་ཕུ་མདོ་བར་གསུམ་དུ་གཡུལ་དུ་གྲོངས་བའི་དཔའ་བོའི་རྣམ་ཤེས་དག་ས་གནས་ཡུལ་ལྷར་བསྐོས་པ་དམངས་ཁྲོད་ངག་རྒྱུན་དང་ལོ་རྒྱུས་རྣམ་ཐར་སོགས་སུ་མང་པོ་འདུག   དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་སྟོང་བཙན་མདོ་ཁམས་གཡར་མོ་ཐང་དུ་ཕེབས་ནས་གྲོངས་རྗེས་ཡུལ་ལྷར་གྱུར་བ་བློན་པོ་གསེར་ཆེན་ཞེས་མདོ་སྨད་མཚོ་ལྷོ་ཕྱོགས་སུ་གསོལ་མཆོད་བྱེད་བཞིན་འདུག་ཅིང་། ལོ་རེ་རེར་བློན་པོ་གསེར་ཆེན་གྱི་ལབ་ཙེ་བསྟོད་པའི་ཡུལ་སྲོལ་ཡོད། མདོ་སྨད་མང་རའི་ཀླུ་ཚང་འབྲོག་སྡེའི་ཀླུ་ཨ་རྒྱ་ཞྭ་རྒན་ཅན་ཞེས་པ་ཞིག་ཡུལ་ལྷར་གྱུར་རྗེས་མིང་ལ་གྱ་ཚང་དཔའ་བོ་དགྲ་འདུལ་ཞེས་འབོད་པ་དང་། ཡང་རེབ་གོང་ས་དཀྱིལ་སྡེ་བའི་བསྟན་འཛིན་ཞེས་པ་ཞིག་ཡུལ་ལྷ་གཞི་བདག་གྱུར་རྗེས་ས་གནས་མང་ཚོགས་ཀྱིས་མིང་ལ་ཨ་མྱེས་སྐྱེས་མཆོག་ཅེས་འབོད་པ་ཡིན། དེ་ནི་དུས་རབས་ཉི་ཤུ་བའི་དུས་མཇུག་ཙམ་ལ་ས་དཀྱིལ་སྡེ་བ་དང་རྐ་སར་སྡེ་བ་གཉིས་འཐབ་འཁྲུག་བྱུང་དུས་ས་དཀྱིལ་སྡེ་བའི་དཔའ་རྒོད་ཁོང་གི་སྐུ་སྲོག་ཤོར་བས་རེབ་གོང་ཡུལ་ལྷའི་རྒྱལ་བོའི་བྱ་ཁྱུང་གི་འཁོར་ནས་སྐྱེས་བར་གསུངས་པ་ཡིན།  གཞན་ཡང་མགོ་ལོག་སྟོད་སྨད་བར་གསུམ་གྱི་མི་རྒྱུད་གཉན་པོ་གཡུ་རྩེའི་གདུང་རྒྱུད་ཡིན་པར་བཤད་པས་ས་གནས་ཀྱི་དཔའ་བོ་དང་འགོ་བ་མང་པོ་ཞིག་གཡུ་རྩེའི་འཁོར་དུ་སྐྱེས་པར་གསུངས་པའི་ངག་རྒྱུན་མང་དུ་ཡོད།  དཔེར་ན།  《སྲིད་པའི་རྨ་རབས་》སུ་“དེ་བཞིན་དུ་གཡུ་རྩེའི་འཁོར་དུ་ཨ་སྐྱོང་དཔལ་ཆེན་མགོན་པོ་ཟེར་བའི་ཡུལ་སྐྱོང་དྲག་རྩལ་མྱུར་མགྱོགས་ཅན་ཞིག་ཡོད་དེ། ཁོང་ནི་ཨ་སྐྱོང་ཁང་རྒན་དཔོན་པོ་ངག་དབང་དང་རྗེས་དཀར་བཟའ་འོད་ཟེར་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ལྕགས་སྦྲུལ་ལོར་སྐུ་འཁྲུངས་ཞིང་། སྐུ་ནར་སོན་པ་ན་དཔའ་རྩལ་སྤྱང་གྲུང་འཛོམས་པ་ལ་མགོ་ལོག་ཁག་གསུམ་ན་འགྲན་ཟླ་མེད་པར་གྱུར། ཁང་རྒན་ཚང་གི་དཔོན་ཐོབ་བཟུང་ཞིང་རང་འབངས་བྱམས་པའི་བསྐྱངས་ཞིང་གཞན་སྡེ་བཙན་གྱིས་བསྡུས། དམག་ཇག་དང་རྔོན་གྱི་ལས་ལ་དགའ།    ཕྱོགས་ཀུན་ཏུ་སྙན་གྲགས་རྒྱས་པས་རང་སྡེས་བཀུར་ཞིང་གཞན་སྡེ་སྐྲག་པ་ཞིག་བྱུང་། མཐར་དགུང་གྲངས་སོ་ལྔ་བ་རབ་བྱུང་དེའི་ཤིང་མོ་ཡོས་ལོར་དམུ་དགེའི་ཁོལ་ཁུང་ཟེར་བའི་རྔ་བའི་ཇ་ཚོང་བས་བཀྲོངས།  དེ་ནས་དབུགས་ཆད་མ་ཐག་ཏུ་ཤར་གཉན་པོ་གཡུ་རྩེའི་འཁོར་དུ་མི་མིན་འབྱུང་པོའི་རིགས་སུ་སྐྱེས། ཤུགས་སྒང་རིག་འཛིན་ཆེན་པོ་པདྨ་འདུས་རྩལ་དང་མགར་བ་གཏེར་ཆེན་ལས་རབ་རྡོ་རྗེ། རྔ་བླ་རྒྱལ་བ་མཆོག་དབྱངས་སོགས་གྲུབ་བརྙེས་ཀྱི་དམ་པ་མང་པོའི་སྤྱན་སྔར་རྒྱལ་བའི་བསྟན་པ་བསྲུང་ཞིང་ཡུལ་སྡེ་དཔོན་འབངས་རྣམས་ཚུལ་བཞིན་སྐྱོང་བར་དམ་བཅས་པའི་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཆེན་པོར་གྱུར་ཅིང་ཁོང་གསོལ་མཆོད་བྱེད་པའི་སྲོལ་དར་ཞེས་གསུངས་སོ།།”ལྟ་བུའོ།།
          མཆན་འགྲེལ།
          ① དཔལ་ཚུལ་གྱིས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་2011ལོའི་ཟླ་5པར་པར་ཐེངས་3པ་བཏབ། ཤོག་ངོས་27པར།
          ② ཚེ་དབང་རྡོ་རྗེ། རྡོ་རྗེ་སྐྱིད། ཤ་བོ་བཙུན་ཐར་གསུམ་གྱིས་བསྒྲིགས་པའི་《བསང་མཆོད》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2012ལོར་པར་དུ་བསྐྲུན།《བསང་ཆུང་ཡིད་བཞིན་ནོར་བུ》ཤོག་ངོས་6པར།
          ③ ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང》མི་རིགས་དཔེ་སྐྲུན་ཁང་གིས་1981ལོའི་ཟླ་5པར་པར་གཞི་དང་པོ་པར་དུ་བསྐྲུན། ཤོག་ངོས་56པར།
          ④ གཏེར་ཆེན་ཨུ་རྒྱན་པས་གཏེར་ནས་བཏོན་པའི་《པདྨ་བཀའ་ཐང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་2011ལོའི་ཟླ་11པར་པར་ཐེངས་6པ་བཏབ། ཤོག་ངོས་363པར།
          ⑤ ཚེ་དབང་རྡོ་རྗེ། རྡོ་རྗེ་སྐྱིད། ཤ་བོ་བཙུན་ཐར་གསུམ་གྱིས་བསྒྲིགས་པའི་《བསང་མཆོད》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2012ལོར་པར་དུ་བསྐྲུན། 《བོད་ཁམས་སྐྱོང་བའི་གཞི་བདག་དྲེགས་རྩལ་ཅན་རྣམས་ཀྱི་གསོལ་མཆོད་རྣལ་འབྱོར་དཔའ་བོའི་གད་རྒྱངས》ཤོག་ངོས་113པར།
          ⑥ སྒ་རུ་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་པའི་《སྲིད་པའི་རྨ་རབས》 མི་རིགས་དཔེ་སྐྲུན་ཁང་གིས་2012ལོའི་ཟླ་9པའི་པར་གཞི་དང་པོ། ཤོག་ངོས་16ནས་17བར།