ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་དེང་རབས་རྩོམ་རིག་སྐོར་གྱི་བསམ་གཞིག་ཐོར་བུ།

སྤེལ་དུས 2019-05-14 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བདེ་སྐྱིད་འཚོ།
          དུས་རབས་ཉེར་གཅིག་པའི་ཀྲུང་གོའི་མི་རིགས་རྩོམ་རིག་གིས་ལོ་རབས་དགུ་བཅུ་པའི་རྩོམ་རིག་གི་རྣམ་པ་འགྱུར་མཚམས་ཀྱི་རིག་གནས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་ཏེ། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྐབས་ཀྱི་རིག་གནས་ཀྱི་ཁྱད་ཆོས་མཚོན་པའི་ཁར། མི་རིགས་རིག་གནས་དེང་རབས་ཅན་དུ་ཕྱོགས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་མཐའ་གཅིག་ཏུ་མཚོན་ཞིང་། མི་རིགས་རྩོམ་རིག་གི་མི་རིགས་རང་བཞིན་དང་དུས་རབས་རང་བཞིན་གྱི་ཁྱད་ཆོས་གྲ་མ་ཆག་པར་སོར་བཞག་བྱས་པའི་ཐོག་སྣེ་མང་རང་བཞིན་གྱི་མི་རིགས་རྩོམ་རིག་བསྐྲུན་པ་ལ་མངོན་དུ་ཕྱོགས་ཏེ། སྣེ་མང་མཉམ་གནས་དང་སྣེ་མང་གཟུགས་གཅིག་གི་འཕེལ་ཕྱོགས་ཤིག་ཆགས་རྒྱུ་ནི། དུས་རབས་ཉེར་གཅིག་པའི་མི་རིགས་རྩོམ་རིག་སྤྱིའི་གནས་བབ་དང་ཁ་ཕྱོགས་ཤིག་ཏུ་གྱུར་ཡོད།
          མི་ལོ་ཆིག་སྟོང་བཞི་བརྒྱ་ལྷག་གི་རྩོམ་རིག་སྲོལ་རྒྱུན་བརྒྱུད་ནས་བོད་མི་རིགས་ཀྱི་རྩོམ་རིག་གིས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མཚོན་པའི་གར་སྟེགས་ཆེན་མོ་ཞིག་བསྐྲུན་ཏེ། མི་རིགས་རིག་གནས་ཀྱི་གཏིང་ཟབ་སར་སྙིགས་པའི་བྱམས་སྙིང་རྗེ་དང་སྤྱི་ཕན་སྙིང་སྟོབས་ནས་སྙན་ངག་གི་བརྩེ་དུང་དང་། འཆར་ཡན། གཏན་ཚིགས་བཅས་ཀྱིས་ཕྱུག་པ་དང་ཚེ་སྲོག་ལ་བསམ་གཞིག་བགྱི་པའི་བརྩམས་ཆོས་བར་དུ་མི་རིགས་ཤིག་གི་རིག་གནས་ཀྱི་རྒྱུན་ཆད་མེད་པའི་སྐྱེ་སྟོབས་ཀྱི་སྒུལ་ཤུགས་ཐང་མར་བརྡལ་ཡོད། དུས་རབས་ཉི་ཤུ་བའི་རྗེས་ནས་ཀྱང་བོད་ཀྱི་རྩོམ་རིག་གིས་ཡིག་རིགས་ཀྱི་ཆ་ནས་སྣ་མང་རང་བཞིན་དང་། བརྩམས་ཆོས་ཀྱི་ཆ་ནས་ཕན་ཚུན་མཉམ་འདྲེས་ཀྱི་རང་བཞིན། བརྗོད་བྱའི་ཐད་ནས་རྣམ་མང་རང་བཞིན་བཅས་བརྒྱུད་དེ། སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསར་རྩོམ་གྱི་རྣམ་པས། ཀྲུང་གོའི་མི་རིགས་རྩོམ་རིག་གི་ཁྱད་ཆོས་མངོན་བཞིན་ཡོད་པ་མ་ཟད། སྤུན་ཟླ་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དང་དཔུང་པ་མཉམ་གཤིབས་ཀྱིས་མདུན་དུ་བསྐྱོད་བཞིན་ཡོད་པ་དང་། ཀྲུང་གོའི་སྣེ་མང་རྣམ་གཅིག་གི་དེང་རབས་རྩོམ་རིག་གི་ཡོངས་ཁྱབ་རང་བཞིན་དང་དྲང་སྙོམས་རང་བཞིན་ལ་སྤོབས་པ་དང་སྟོབས་ཤུགས་སྦྱིན་བཞིན་ཡོད།
          ང་ཚོས་མཁྱེན་གསལ་ལྟར། མི་རིགས་ཤིག་གི་རིག་གནས་གྲུབ་པ་ནས་འཕེལ་རྒྱས་ཀྱི་བར་དུ་རང་གི་ཐུན་མོང་གི་ཁོར་ཡུག་ཅིག་ཏུ་གཞན་དང་མི་མཚུངས་པའི་འཚོ་བ་རོལ་སྟངས་ཤིག་གྲུབ་ཡོད་ལ། བྱེ་བྲག་གི་མི་སྒེར་གྱི་ངོས་ལེན་འདུ་ཤེས་དང་ཁོངས་གཏོགས་འདུ་ཤེས་དང་མཉམ་གཅིག་ཏུ་རིག་གནས་འདིའི་སྲོལ་ལུགས་ཇི་བཞིན་སྲུང་སྟེ། དེང་རབས་ཅན་གྱི་རིག་གནས་ཀྱི་ཁོར་ཡུག་ཏུ་སྔར་བཞིན་རང་གི་ཐུན་མིན་གྱི་འདུ་ཤེས་འདི་མཁྲེགས་པོར་བཟུང་ཡོད། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད་དུ། རིགས་རུས་ཀྱི་མཉམ་འདྲེས་སམ་འཚོ་གནས་ཀྱི་བརྗེ་སྤོར་རམ་དུས་རབས་ཀྱི་འཕེལ་རྒྱས་གང་གིས་ཀྱང་མི་རིགས་རིག་གནས་ཀྱི་འགྱུར་ལྡོག་ཁྲོད་དུ་གཞི་རྩའི་རང་བཞིན་གྱི་ཞབས་རྗེས་འགོད་ངེས་པ་རེད། རྩོམ་རིག་ནི་མི་རིགས་ཀྱི་ནང་སེམས་ཀྱི་འགྱུར་བ་རྗོད་བྱེད་ཅིག་ཡིན་པའི་ཆ་ནས། དེས་མི་རིགས་ཀྱི་མཛེས་དཔྱོད་ཀྱི་བརྩེ་དུང་སྟོན་ཅིང་མི་རིགས་སྙིང་སྟོབས་ཀྱི་རྒྱུན་ཐག་མཚོན་པས། མི་རིགས་རྩོམ་རིག་གི་མཐར་ཐུག་གི་གནས་མལ་ནི་མི་རིགས་དེར་སྐྱེས་སྟོབས་ཀྱི་འཚོ་བཅུད་སྦྱིན་པའི་རིག་གནས་ཤིག་ཡིན་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མངལ་རྟགས་ནི་དེའི་མགྲིན་ཚབ་པ་སྟེ་རྩོམ་པ་པོའི་སྟེང་གསལ་པོར་བཀོད་ཡོད།
          དཔེར་ན་ཡི་དམ་ཚེ་རིང་གི་སྙན་ངག་ལས་རང་མི་རིགས་ཀྱི་རིག་གནས་ལ་བཅངས་པའི་རྣམ་དཀར་གྱི་ལྷག་བསམ་མཐོང་ཐུབ་ལ། བཀྲ་ཤིས་ཟླ་བའི་འཆར་ཡན་གྱི་འཇིག་རྟེན་ལས་མི་དང་ལྷ། མི་དང་རང་བྱུང་ཁམས་རྒྱབ་ལྗོངས་སུ་བྱས་པའི་མི་རིགས་རིག་གནས་ཀྱི་གཟུགས་བརྙན་མཐོང་ཐུབ། གལ་ཏེ་ང་ཚོས་རྩོམ་པ་པོ་རང་ཉིད་འཚོ་སྡོད་ཀྱི་རིག་གནས་རྒྱབ་ལྗོངས་དང་ས་ཁོངས་ཁོར་ཡུག་ལས་མི་རིགས་རྩོམ་པ་པོ་ཞིག་གི་ཁྱད་ཆོས་ལ་བལྟས་ན། ཁོ་རང་ཚོའི་རྒྱབ་ལྗོངས་སུ་གྱུར་པའི་རིག་གནས་ཀྱིས་ཡིད་སེམས་འདྲེན་ཞིང་། ཁོ་ཚོའི་རྩོམ་རིག་བརྩམས་ཆོས་ཡོད་ཚད་རང་མི་རིགས་ཀྱི་རིག་གནས་ཀྱི་མ་ལག་དང་སྐད་ཆའི་ཁོར་ཡུག་ཁྲོད་གཞི་ནས་དེའི་ཚེ་སྲོག་གི་སྐྱེ་ཤུགས་ཧྲིལ་གྱིས་སྟོན་ནུས་ཕྱིན། གདོད་མའི་རིག་གནས་ཀྱི་སྐྱེ་ཁམས་དེ་ལ་རྒྱུས་ལོན་དང་དེའི་རིན་ཐང་ལ་གདེང་འཇོག་བྱེད་རྒྱུ་ནི་ད་ལྟ་ང་ཚོས་མི་རིགས་རྩོམ་རིག་གི་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་ཐད་དུ་བྱས་རྗེས་འཇོག་པའི་དོན་གནད་གལ་ཆེན་ཞིག་ཏུ་འགྱུར་དགོས།
          རྩོམ་རིག་གི་མི་རིགས་རང་བཞིན་ནི་གྲངས་ཉུང་མི་རིགས་རྩོམ་རིག་འགྲུབ་བྱེད་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཡིན་ལ་གྲངས་ཉུང་མི་རིགས་རྩོམ་རིག་གི་ཐུན་མིན་གྱི་འགུགས་ཤུགས་ཤིག་ཀྱང་ཡིན། རྩོམ་པ་པོས་རྩོམ་རིག་བརྩམས་ཆོས་ལས་ཞིབ་བརྗོད་བྱེད་བཞིན་པ་དེ་མི་རིགས་སྤྱིའི་དྲན་པའི་ངོས་ཀྱི་རིག་གནས་སྣང་ཚུལ་ཡིན་པས། དེས་ཀློག་པ་པོ་དག་གི་བཀྲོལ་ཀློག་གི་རེ་བ་ཇི་བཞིན་སྐོང་བ་དང་མཉམ་དུ་ཐུན་མིན་རིག་གནས་འདིའི་གཉུག་མའི་སྐྱེ་ཁམས་ཀྱི་ཚེ་སྲོག་གི་བསྐྱེད་སྟོབས་རྣམ་པར་མངོན་པར་མ་ཟད། སྤུན་ཟླ་མི་རིགས་བར་ཕན་ཚུན་རིག་གནས་བཟང་པོ་ཚོར་རྟོགས་བྱེད་པར་ཡང་དགེ་མཚན་ཆེན་པོ་ལྡན་འདུག།
          བོད་ཀྱི་རྩོམ་རིག་གི་གསར་རྩོམ་ཡང་སྤུན་ཟླ་མི་རིགས་གཞན་གྱི་རྩོམ་རིག་དང་མཚུངས་པར་ཀྲུང་གོའི་དེང་རབས་མི་རིགས་རྩོམ་རིག་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན། མི་རིགས་ཀྱི་སྐད་ཆ་ནི་མི་རིགས་རང་རང་གི་སེམས་ཁམས་དང་རིག་གནས་བར་གྱི་འབྲེལ་ཐག་ཡིན་ཅིང་། སྐད་ཆའི་ཟམ་པ་བརྒྱུད་ནས་མི་རིགས་རིག་གནས་སེམས་ཁམས་ངོས་ཟིན་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཁྱད་པར་བའི་མཚོན་རྟགས་ཤིག་བསྐྲུན་ཏེ་མི་རིགས་ཀྱི་ཁྱད་ཆོས་མཚོན་པར་བྱེད། བོད་ཀྱི་རྩོམ་རིག་ལ་ལོ་ངོ་སྟོང་ཕྲག་ལྷག་གི་རིག་གནས་སྲོལ་རྒྱུན་ཡོད་ལ། རྩོམ་རིག་གི་བྱུང་འཕེལ་དང་། རྩོམ་རིག་གི་མཛེས་དཔྱོད་དང་རིག་གནས་ཀྱི་འགྱུར་བག་བཅས་མཐའ་དག་ཡུན་རིང་གི་འཕེལ་འགྱུར་བརྒྱུད་ཡོད། བོད་མི་རིགས་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་མང་ཤོས་ནི་བསྟོད་པའི་རྣམ་པ་ཅན་གྱི་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན་གྱི་ཁྲོད་དུ་བསྟར་ཡོད། དམངས་ཁྲོད་རྩོམ་རིག་གི་ཕུན་སུམ་ཚོགས་ལ་བོད་རང་གི་སྙན་ངག་གི་བྲོ་བ་ལྡན་པའི་ཁྱད་ཆོས་དེ་ཕྱིས་ཀྱི་རྩོམ་པ་པོའི་བརྩམས་ཆོས་ཁྲོད་དུ་རྒྱ་བསྐྱེད་ཐུབ་པ་བྱུང་ལ། རྩོམ་རིག་གྲུབ་མཐའ་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། རྩོམ་གཤིས་ཕུན་སུམ་ཚོགས་ལ་རྩོམ་པ་པོའི་དཔུང་སྡེ་རྒྱ་ཆེན་པོར་ཆགས་པ་དེས། བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གྲངས་དང་སྤུས་ཀ་གཉིས་ཀྱི་ཐད་ནས་ཚད་མཐོན་པོར་སླེབས་ཏུ་བཅུག་ཡོད། སྲོལ་རྒྱུན་རྩོམ་རིག་ཏུ་མི་སྒེར་གྱི་ཚེ་སྲོག་དངོས་ཡོད་ཀྱི་འཚོ་གནས་ཁོར་ཡུག་ཁྲོད་དུ་གནས་སྟངས་ལ་དོ་ཁུར་བྱས་ཏེ་དེ་གཙོ་བོར་འཛིན་ཅིང་། དེས་མི་ཚེའི་སྡུག་བསྔལ་ཁོད་དུ་ཕྱུང་ནས་ནང་བསྟན་གྱིས་འབོད་སྐུལ་བྱེད་བཞིན་པའི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་མི་རྣམས་ཀྱིས་མྱོང་བཞིན་པའི་ལུས་སེམས་གཉི་གའི་སྡུག་བསྔལ་མཐའ་དག་སྦ་གསང་དང་སྒྲོ་སྐུར་སྤངས་པའི་སྒོ་ནས་མཚོན་ཏེ་འཚོ་སྡོད་ཀྱི་གཉུག་མའི་ངོ་བོ་རྗེན་པར་ཕྱུང་བའི་ཁར། ནང་བསྟན་མཚན་ཉིད་རིག་པའི་ཁྲོད་ཀྱི་ཚེ་སྲོག་གི་འདུ་ཤེས་དང་མི་གཙོའི་བསམ་བློ་སོགས་ལ་བརྟེན་ནས་ཚེ་སྲོག་ཀུན་ལ་དོ་ཁུར་དང་ལྷོད་ཡངས། རོགས་སྐྱོར་བྱེད་པར་བསྐུལ། འཚོ་གནས་ཀྱི་སྡུག་བསྔལ་དེ་དག་རྩོམ་རིག་སྒྱུ་རྩལ་གྱི་ཁོར་ཡུག་ཏུ་དང་ལེན་དང་། དོ་ཁུར། བཏང་སྙོམས་སུ་བསྐྱུར་བ་བཅས་བྱེད་པའི་དུས་རབས་རིམ་བཞིན་བརྒྱུད་མྱོང་། བྱམས་པ་དང་སྙིང་རྗེ་རྒྱ་ཆེན་པོ་ནམ་ཡང་རྩོམ་རིག་གི་བརྗོད་བྱར་བཟུང་སྟེ་སྡུག་བསྔལ་ལས་གྲོལ་ཏེ་རང་དབང་དང་འོད་སྣང་གི་ཐར་བའི་ཕྱོགས་སུ་སྙེག་པའི་འདུན་མ་བསྟན།
          དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པའི་རྗེས་ནས། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་དཔུང་སྡེ་རིམ་གྱིས་རྒྱ་ཇེ་ཆེར་ཕྱིན་ཏེ་གསར་རྩོམ་གྱི་ནང་དོན་དང་རྣམ་པའི་ཐད་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ལ། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རྩོམ་རིག་བརྩམས་ཆོས་ཀྱང་ཇི་སྙེད་ཅིག་བྱུང་ཡོད་པར་མ་ཟད། དུས་སྐབས་འདིར་རྒྱ་ཡིག་གི་ལམ་ནས་འབྲི་བའི་རྩོམ་པ་པོའི་དཔུང་སྡེ་རྒྱ་ཆེན་པོར་ཆགས། ཁོང་ཚོས་ལོ་རྒྱུས་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་བོད་ཀྱི་དེང་རབས་རྩོམ་རིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འབད་ཅིང་། ལྷག་པར་དུ་གསར་རྩོམ་གྱི་ཐབས་ལམ་གསར་པར་སྙེག་པ་དེས་བོད་ཀྱི་རྩོམ་རིག་ལ་སྔ་ན་མེད་པའི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད།
          བོད་ཀྱི་དེང་རབས་རྩོམ་པ་པོ་དག་གིས་རང་གི་མེས་པོའི་རིག་གནས་ངོས་འཛིན་བྱས་པའི་ཚད་མི་འདྲ་སྟེ། རྒན་རབས་རྩོམ་པ་པོ་ཡི་དམ་ཚེ་རིང་དང་རྟ་མགྲིན་མགོན་པོ། སྐལ་བཟང་རྡོ་རྗེ། ངག་དབང་རྟ་མགྲིན། དམུ་དགེ་བསམ་གཏན། ཤེར་གྲགས། རབ་རྒྱས་པ་སངས། ཡེ་ཤེས་ཚེ་རིང་སོགས་ནི་མི་རིགས་རིག་གནས་ཀྱི་གཤིན་ས་ནས་གསར་རྩོམ་གྱི་ལས་བགྱི་བའི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཡོད་དེ། ཁོང་ཚོས་མི་རིགས་རིག་གནས་ཀྱི་ཕུང་བོའི་དཀྱིལ་དུ་རང་གི་གསར་རྩོམ་གྱི་ས་བོན་བཏབ་ཡོད་པར་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་སྙན་ངག་གི་བརྩེ་དུང་དང་གཏན་ཚིགས་ལ་བརྟེན་ནས་རང་གི་ཚེ་སྲོག་གི་དད་མོས་དང་ཕུགས་འདུན་བརྗོད་ཀྱིན་ཡོད། ཁོང་ཚོས་མེས་པོའི་རིག་གནས་ཀྱི་ཁྲག་རྒྱུན་རང་གནས་དངོས་ཡོད་འཚོ་བའི་ཁྲོད་དུ་ནམ་ཡང་སྐམ་པར་མི་སྲིད་པའི་གསར་རྩོམ་གྱི་ཚེ་སྲོག་གི་གསོན་ཤུགས་སྙེད་ཅིང་། ཕུགས་བསམ་རིང་ལུགས་དང་མི་ཚུལ་རིང་ལུགས་ཀྱི་བཀྲག་མདངས་ཀྱིས་ཁོང་ཚོའི་ཐུན་མིན་གྱི་སྒྱུ་རྩལ་གྱི་འཇིག་རྟེན་བསྐྲུན། བརྩམས་ཆོས་ལས་བརྡོལ་བའི་ཚེ་སྲོག་ལ་འཛིན་པའི་བརྩེ་དུང་དངོས་མ་དེས་སྐད་ཆའི་མཐའ་མཚམས་བརྒལ་ནས་ཀློག་པ་པོའི་ཡིད་སེམས་དང་སྨོན་ཚིག་འདྲེན་ཞིང་། རྩོམ་པ་པོ་འདི་དག་གི་ཐུན་མོང་གི་ཁྱད་ཆོས་ནི། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་ཁྱས་ཆོས་ལ་བརྟེན་ནས་རང་མི་རིགས་ཀྱི་རིག་གནས་མ་ལག་དང་སྐད་ཆའི་ཁོར་ཡུག( ཡང་ན་རྒྱའི་རིག་གནས་ཀྱི་སྐད་ཆའི་ཁོར་ཡུག) ཏུ་མི་སྒེར་རམ་མི་རིགས་ཤིག་གི་འཚོ་གནས་ཀྱི་རྟེན་དུ་གྱུར་བའི་ལྗིད་ཏིག་ཏིག་གི་ལོ་རྒྱུས་རིག་གནས་སོགས་མངོན་པར་མཚོན་ཡོད། མི་རིགས་སེམས་ཁམས་ཀྱི་སྣང་ཚུལ་གསལ་པོར་མངོན་པ་དེས་བརྩམས་ཆོས་ཁྲོད་དུ་མི་རིགས་རིག་གནས་ལ་གདེང་ཐོབ་པའི་ངོས་འཛིན་དང་འགྲེལ་བཤད་ཡང་དག་པར་མཛད། ཡི་དམ་ཚེ་རིང་གི་སྙན་ངག་གི་བརྗོད་བྱ་གཙོ་བོ་སྟེ་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ཀྱི་ཤུལ་བཞག་དང་གྱང་ཆག་རེ་རེ་སྙན་ངག་པའི་སྨྱུག་ཁ་ན་བསྟར་ལ་བརྒྱུས་ཏེ་མཛེས་པའི་བྱུ་དམར་གྱི་སྐེ་རྒྱན་རེ་རེ་གྲུབ་ཡོད། དེ་དང་མཚུངས་པར། རྟ་མགྲིན་མགོན་པོའི་ཟབ་བརླིང་གི་མེས་པོའི་རིག་གནས་ཀྱི་རྨང་དང་། ཡེ་ཤེས་ཚེ་རིང་གི་བརྩམས་ཆོས་ཁྲོད་ཀྱི་ལྷད་མེད་རང་བྱུང་གི་བརྩེ་བ་གཅལ་ཏུ་བཀྲམ་པ་བཅས་ཐམས་ཅད་ཀྱིས། མེས་པོའི་རིག་གནས་ལས་འཕོས་པའི་ཚེ་སྲོག་ལ་ཁོད་ཡངས་པོར་ལྟ་བ་དང་དངོས་ཡོད་འཚོ་བའི་ཤེས་རབ་འཚོལ་བའི་བསམ་བློ་མཚོན་ཡོད།
          ཀྲུང་གོའི་དེང་རབས་རྩོམ་རིག་གིས་གོ་ལ་ཧྲིལ་པོ་ཅན་དུ་གྱུར་བའི་རིག་གནས་ཀྱི་རྒྱབ་ལྗོངས་སུ། སྣེ་མང་མཉམ་གནས་ཀྱི་མི་རིགས་རྩོམ་རིག་གི་རྣམ་པ་གསར་བ་བསྐྲུན། རང་གི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དེས་མི་རིགས་སོ་སོའི་རྩོམ་རིག་གི་ད་ལྟ་དང་མ་འོངས་པའི་འཕེལ་ཕྱོགས་སུ་ནང་དོན་གལ་ཆེན་ཟིན། བོད་ཀྱི་རྩོམ་རིག་གི་ངོས་ནས་བཤད་ན། དུས་རབས་ཉེར་གཅིག་པའི་འཕེལ་རྒྱས་ཀྱི་མདུན་དུ། རང་གི་རིག་གནས་ཀྱི་ཡང་སྙིང་ལས་མི་རིགས་ཐུན་མོང་གི་འདུན་པའི་ཁ་ཕྱོགས་དེ་བས་ཀྱང་འཚོལ་བསྙེག་བྱ་རིགས་ལ། ཐད་ཀ་ཐད་ཀའི་དངོས་ཡོད་དང་མི་ཚེའི་འཚོ་བ་དངོས་ལས་མི་རིགས་ཀྱི་བར་མ་ཆད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འཚོལ་བསྙེག་དང་། རིག་གནས་ཀྱི་རིས་མེད་ཆེར་སྡུད་ཀྱི་སྤོབས་པ་སྔོག་འདོན་བྱེད་དགོས། མེས་པོའི་རིག་གནས་ལ་ཁ་ཕྱིར་ཕྱོགས་ན་སྙན་ངག་གི་བརྩེ་དུང་དང་རིགས་ལམ་གྱི་སྲོལ་རྒྱུན་རྙེད་ཅིང་མེས་པོའི་རིག་གནས་ཀྱི་ཁོད་ཡངས་སྣེ་མང་གི་ཁྱད་ཆོས་རྙེད། རྒྱ་ཆེ་ལ་མིག་རྒྱང་རིང་བའི་རྩོམ་རིག་རྣམ་པས་རོ་བརྒྱའི་ཉིང་ཁུ་བཙགས་པའི་དུས་རབས་བསྐྲུན་དགོས་ལ། སྤུན་ཟླ་མི་རིགས་ཀྱི་རྩོམ་རིག་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས། གསར་རྩོམ་ལག་ལེན་ཁྲོད་དུ་སྣ་གཅིག་རྐྱང་གི་སྐད་དང་སྣ་གཅིག་རྐྱང་གི་བརྡ་སྤྲོད་ཐབས་ལས་རིང་དུ་འདས་དགོས། མི་རིགས་རྩོམ་པ་པོ་གང་མང་ཞིག་གི་ལྷན་སྐྱེས་ཀྱི་སྒྱུ་རྩལ་དང་རིག་གནས་བྱང་ཚད། ཡོན་ཏན་གྱི་སྒྲིག་གཞི་བཅས་ཀྱི་སྟེང་ནས་ཡང་བསྐྱར་འཛམ་གླིང་ཅན་གྱི་རིག་གནས་ཁོར་ཡུག་ལ་ངོས་འཛིན་བྱས་ཏེ། རང་འགུལ་གྱིས་བསམ་བློ་གཙང་ཕྱགས་བྱེད་དགོས། རྔམས་མཐུག་པའི་མི་རིགས་རིག་གནས་ཀྱི་རྒྱབ་རྟེན་ལ་བརྟེན་ནས་རྩོམ་རིག་གི་མཐོང་རྒྱ་ཆུང་བའི་བཀག་རྒྱ་ལས་གྲོལ་ཏེ་སྒོ་འབྱེད་པའི་རིག་གནས་འཛིན་སྟངས་ཆགས་པ་དགོས། མི་རིགས་རིག་གནས་དེ་འཛམ་གླིང་རིག་གནས་ཀྱི་རྒྱབ་ལྗོངས་ཆེན་མོར་བཞག་ནས་གདེང་འཇོག་བྱེད་དགོས། གཏམ་རྒྱུད་ཞིབ་འབྲི་རིང་དུ་དོར་ཏེ་གཉུག་མའི་ཁོར་ཡུག་ལས་འཚོ་བའི་རྣམ་པ་མཚོན་པ་དང་ཆབས་ཅིག རིག་གནས་ཀྱི་བསམ་གཞིག་གི་ཕྱོགས་སུ་ཕྱོགས་ཏེ་མི་རིགས་རིག་གནས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་གཅལ་ཏུ་བཀྲམ་ནས་སྲོལ་རྒྱུན་དེ་དེང་རབས་དང་མཐུད་དགོས།
          མི་རིགས་རིག་གནས་ལ་ཞལ་ཕྱོགས་པའི་མོད་ལ་རིག་གནས་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཉིང་བཅུད་སྔོག་འདོན་བྱས་ཏེ་རྩོམ་རིག་གསར་རྩོམ་ཁྲོད་དུ་ཁྱད་ཆོས་འདི་དང་འདིའི་རྒྱུན་ཕྱི་མ་རྣམ་པར་མཚོན་དགོས། རྩོམ་རིག་གི་དུས་རབས་རང་བཞིན་དང་མི་རིགས་རང་བཞིན་ནི་ང་ཚོ་རྒྱལ་ཡོངས་དང་འཛམ་གླིང་གི་རྩོམ་རིག་དགའ་ཚལ་དུ་བགྲོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།
          དར་རྒྱས་ཕུན་སུམ་ཚོགས་པའི་བོད་ཀྱི་རྩོམ་རིག་བསྐྲུན་པ་ལ། མེས་པོའི་རིག་གནས་ཀྱི་ཉིང་བཅུད་དེ་རིག་གནས་སྣེ་མང་དང་མཉམ་འདྲེས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཡང་བསྐྱར་བསམ་བློ་གཏོང་བ་དང་ཆབས་ཅིག ཁོད་རྒྱ་ཡངས་པོའི་རིག་གནས་མིག་རྒྱང་དང་རྩོམ་རིག་འདུ་ཤེས་བསྐྲུན་དགོས། རྩོམ་རིག་བརྗེ་རེས་དང་རང་གི་ཁྱད་ཆོས་ཕྱིར་མཚོན་པའི་ཁྲོད་དུ་རིག་གནས་སྲོལ་རྒྱུན་རྒྱུད་འཛིན་དང་གཞན་གྱི་རིག་གནས་ཚུར་འདྲེན་དགོས་པར་མ་ཟད། དོན་དངོས་ཀྱི་རིག་གནས་སྟེང་གི་རོ་བརྒྱའི་ཉིང་ཁུ་བཙགས་དགོས།
          མདོར་ན་མི་རིགས་རྩོམ་རིག་དེང་རབས་ཅན་དུ་བགྲོད་པའི་གོ་རིམ་ཁྲོད་དུ། དེའི་སྲོལ་རྒྱུན་དང་མི་རིགས། དུས་རབས་གསུམ་ཀའི་རང་བཞིན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།