ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཆོས་ལུགས་ལོ་རྒྱུས་ལྟ་བའི་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་སྐོར་གྱི་རིག་གཞུང་རྟོག་ཞིབ།

སྤེལ་དུས 2019-05-27 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྨེ་རུ་ཡུལ་ལྷ་ཐར།
[ནང་དོན་གནད་བསྡུས།] བོད་ཀྱི་ལོ་རྒྱུས་རིག་གཞུང་གི་འཕེལ་རིམ་ངོས་ནས་བརྗོད་ན། སིལ་བུའི་རྗེས་ཀྱི་དུས་སྐབས་ནི་ཆོས་ལུགས་ལོ་རྒྱུས་སྨྲ་བའི་དུས་སྐབས་སུ་འཕེལ་འགྱུར་བྱུང་ཡོད་པ་དང་། དུས་སྐབས་དེར་མཚོན་ན། བོད་ཀྱི་ལོ་རྒྱུས་རིག་པ་གཞི་གྲུབ་པའི་དུས་སྐབས་ཁྱད་པར་བ་ཞིག་ཀྱང་ཡིན། ཆོས་ལུགས་ལོ་རྒྱུས་སྨྲ་བའི་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པ་ལས་གཙོ་བོ་ནང་བསྟན་ལོ་རྒྱུས་ལོ་རྒྱུས་སྨྲ་བའི་ལྟ་དགོངས་མཚོན་ཡོད་པ་དང་། ལོ་རྒྱུས་རིག་གཞུང་གི་ངོས་ནས་གླེང་ན། བོད་ཀྱི་ཐུན་མིན་གྱི་ལོ་རྒྱུས་རིག་པའི་ལེ་ལག་ཕལ་མོ་ཆེ་དུས་སྐབས་དེར་བྱུང་བར་ངོས་བཟུང་ཆོག
[བརྡ་ཆད་གཙོ་བོ།] ཆོས་ལུགས་ལོ་རྒྱུས་ལྟ་བ། ལོ་རྒྱུས་རིག་གཞུང་། རྟོག་ཞིབ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0034-19
གླེང་སློང་།
             བོད་སིལ་བུའི་དུས་མཇུག་ནས་བཟུང་། ནང་བསྟན་ཆོས་ལུགས་ནི་བོད་ཀྱི་གཙོ་རྒྱུགས་རིག་གནས་སུ་གཞི་ནས་གྲུབ་ཟིན་པ་དང་། ཆོས་ལུགས་ཀྱི་བྱ་འགུལ་ཙམ་མ་ཟད། སྤྱི་ཚོགས་རང་ངོས་ཀྱི་ཆོས་ལུགས་ཀྱི་རྩ་འཛུགས་དང་ཆོས་བྱེད་དགེ་འདུན་པའི་ཚོགས་པ། ཆོས་དད་མང་ཚོགས་ཀྱི་གཞི་ཁྱོན་སོགས་གང་ཐད་ནས་ལོ་ངོ་བརྒྱ་ཕྲག་འགའ་ཡི་དུས་ཚོད་བརྒྱུད་གཏོས་ཆེ་བ་ཞིག་ཐོན་པས། བོད་ལ་ཆོས་ལུགས་ཀྱི་བསམ་བློའམ་ལྟ་ཚུལ་དང་། ཆོས་ལུགས་ལ་འཛིན་པའི་བརྩེ་དུང་ངམ་མྱོང་བ་ཡང་ན་འདུ་ཤེས། ཆོས་ལུགས་ཀྱི་བྱ་སྤྱོད།(ཆོས་ལུགས་ཀྱི་བྱ་སྤྱོད་གང་ཞིག་སྤྱི་ཚོགས་ཀྱི་ཚད་གཞིར་འཁྱེར་ཡོད་མེད།) ཆོས་ལུགས་ཀྱི་རྩ་འཛུགས་སམ་ལམ་ལུགས་གང་ཐད་ནས་ཁ་ཚང་བ་ཞིག་བྱུང་། ཆ་རྐྱེན་འདི་བཞི་ཚང་བར་གྱུར་པ་ལས། ནང་བསྟན་ཆོས་ལུགས་ནི་རིམ་གྱིས་བོད་མི་རིགས་རང་གི་སེམས་ཁམས་ཀྱི་ཁྱད་ཆོས་དང་བསམ་གཞིག་གཏོང་སྟངས་ཀྱི་བསམ་བློའི་མ་ལག་ཅིག་ཏུ་གྱུར་བ་ཡིན་ནོ།།①
             ནང་བསྟན་ཆོས་ལུགས་ཤུགས་ཆེར་དར་བའི་འབྲས་བུར་སིལ་བུའི་དུས་ལ་བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་“མཁས་བརྒྱ་འགྲན་གླེང་”དང་“མེ་ཏོག་མཉམ་བཞད་”ཀྱི་བཟོ་ལྟ་ཞིག་ངང་ངམ་ཤུགས་ཀྱིས་བྱུང་བ་དང་། ཆོས་ལུགས་གྲུབ་མཐའ་འདྲ་མིན་དང་རིག་གནས་ལྟ་ཚུལ་ཅི་རིགས་ཀྱང་གཅིག་མཇུག་གཉིས་མཐུད་དུ་བྱུང་། དོན་འདི་ནུབ་གླིང་པའི་རིག་རྩལ་བསྐྱར་དར་ལྟ་བུའི་སྤྱི་ཚོགས་ལ་སྒུལ་སྐྱོམ་བཟོ་བའི་རིག་གནས་རླབས་རྒྱུན་ཞིག་མ་ཡིན་རུང་། བོད་ཀྱི་ཕྱིས་བྱུང་ལོ་རྒྱུས་དང་བསྡུར་ན་དངོས་གནས་རིག་གནས་གསར་བསྐྲུན་གྱི་དུས་རབས་རླབས་པོ་ཆེ་ཞིག་ཏུ་ངོས་བཟུང་རུང་མི་ཆོག་པ་མེད། སྐབས་དེར་བོད་ལ་ཁྱད་མཚར་བའི་དོན་ཞིག་བྱུང་བ་ནི། གཅིག་གྱུར་གྱི་ཆབ་སྲིད་བསམ་བློ་འགྲིབ་པར་གྱུར་ཏེ་རྒུད་པའི་མཐར་ཐུག་པའི་ཚད་ལ་སོན་པ་ཡིན་རུང་། ཆོས་ལུགས་རིག་གནས་ཀྱི་གཅིག་གྱུར་ནི་ནུས་ལྡན་ཤུགས་དྲག་ཏུ་འཕེལ་ཏེ་གང་གིས་ཀྱང་འགོག་མི་ཐུབ་པའི་གནས་སུ་སླེབས།
             སྤྱི་བབ་ནས་བལྟས་ན། ས་སྐྱ་པའི་དུས་ནས་བཟུང་ཆོས་ལུགས་མི་སྣས་ཆོས་སྲིད་གཉིས་བདག་བྱེད་པའི་དུས་རབས་ཀྱི་སྒོ་ཆེས་ཆེར་ཕྱེ་བ་ཡིན་ལ། དེས་ལས་དོན་ཡོད་ཚད་ཆོས་ལུགས་སུ་འཁྱེར་བའི་ལམ་ཁ་བདམས་པར་སྟབས་བདེ་ཡང་བསྐྲུན་པ་རེད། རྒྱུ་མཚན་དེའི་ཕྱིར་ན། དུས་སྐབས་འདི་ནས་བཟུང་བྱུང་བའི་བོད་ཀྱི་ལོ་རྒྱུས་རིག་གཞུང་ནི་ནང་བསྟན་ཆོས་ལུགས་ཀྱི་ལྟ་བས་ཡོངས་སུ་བཟུང་བའི་ཆོས་ལུགས་ལོ་རྒྱུས་ལྟ་བའི་དུས་སྐབས་སུ་དངོས་སུ་ཐོན་པ་ཡིན་ལ། ལོ་རྒྱུས་ཀྱི་ནང་དོན་དང་ལོ་རྒྱུས་ཀྱི་ལངས་ཕྱོགས། ལོ་རྒྱུས་ཀྱི་འདུ་ཤེས། ལོ་རྒྱུས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་བརྗོད་པ། ལོ་རྒྱུས་ཀྱི་བསམ་གཞིག་གཏོང་སྟངས་སོགས་ཡོད་ཚད་ཆོས་ལུགས་ལྟ་བ་སྲོག་ཤིང་དུ་བྱེད་པའི་དུས་རིམ་ནང་ཞུགས་པ་རེད། ལྟ་བ་འདིས་རྒྱུན་བཟུང་བའི་འགོ་སིལ་བུའི་དུས་ནས་བརྩམས་པ་ཡིན་ལ། མཇུག་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བེད་སྤྱོད་བཏང་བའི་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་བར་ཐོན་ཞིང་། དོན་དངོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་བར་རེད། ལྷག་པར་གཞུང་ས་དགའ་ལྡན་ཕོ་བྲང་བའི་སྐབས་ལ། ཆོས་ལུགས་ལོ་རྒྱུས་ལྟ་བ་དེའང་ཆེ་ས་ནས་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ལྟ་བ་ཡིན་པའི་སྟེང་། བྱེ་བྲག་དགེ་ལུགས་པའི་གྲུབ་མཐའ་རིགས་གཅིག་གི་ལོ་རྒྱུས་ལྟ་བ་ལ་ཕྱོགས་ཡོད་པ་དང་། དེ་ནི་ལོ་རྒྱུས་རིག་གཞུང་ངོས་ནས་བརྗོད་ན་འཕེལ་རྒྱས་ཀྱི་ལས་ཤིག་ཏུ་བརྗོད་དཀའ།
             བོད་ཀྱི་ལོ་རྒྱུས་རིག་གཞུང་ཉིད་ཆོས་ལུགས་ལོ་རྒྱུས་ལྟ་བས་ཁྱབ་པ་འདིས། བོད་ཀྱི་ལོ་རྒྱུས་རིག་པ་དེ་མི་གཞུང་རིང་ལུགས་ཀྱི་ལོ་རྒྱུས་དུས་རབས་ནས་ཆོས་ལུགས་རང་བཞིན་གྱི་ལོ་རྒྱུས་དུས་རབས་སུ་བསྐྱོད་པ་མཚོན་ཞིང་། ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོ་སྤྱི་ཚོགས་ཆབ་སྲིད་ཡིན་པ་ནས་ཆོས་ལུགས་རིག་གནས་ཡིན་པའི་ཕྱོགས་སུ་གོམ་ཁ་འཕེལ། འདི་ནི་བོད་མི་རིགས་སིལ་བུའི་དུས་ནས་ཆོས་ལུགས་ལོ་རྒྱུས་ཀྱི་དུས་རིམ་ནང་ཞུགས་པའི་ཐད་ཀའི་འབྲས་བུའང་རེད། ཕྱོགས་གཞན་ཞིག་ནས། ཕྱོགས་འགྱུར་འདིས་བོད་ཀྱི་ལོ་རྒྱུས་རིག་པ་གཏན་འཇགས་ཅན་དང་རང་ཁྱད་ཅན་ཞིག་ཏུ་བཏང་ཡོད་པ་དང་། རང་གི་རིག་གནས་ལོ་རྒྱུས་ལ་དམ་དུ་འབྲེལ་བའི་ཁྱད་པར་ཅན་གྱི་ལོ་རྒྱུས་རིག་པའི་མ་ལག་ཅིག་ཀྱང་ཆགས་པར་བྱས་པ་རེད། 
དང་པོ། ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པ།
             དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ། ས་སྐྱ་པ་བོད་ཀྱི་ཆོས་སྲིད་གཉིས་བདག་གི་གར་སྟེགས་སྟེང་བུད་པ་དང་། བོད་དུ་ཆོས་ལུགས་གྲུབ་མཐའ་ཆེན་པོ་དག་གིས་སྲིད་དོན་ཁ་ལོ་བསྒྱུར་བའི་སྲོལ་བྱུང་བ་ཡིན་ལ། དེ་ཉིད་སྔ་ཕྱིར་ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་སྟོབས་ཤུགས་ཀྱི་འཕེལ་འགྲིབ་ལ་བརྟེན་ནས་འགྱུར་ལྡོག་གང་འཚམ་བྱུང་བ་སྟེ། ཐོག་མར་ས་སྐྱ་པ་དང་དེ་ནས་ཕག་མོ་གྲུ་པ།② མཐའ་མར་ཀརྨ་པའི་ཕྱོགས་ཁག་གམ་གཙང་པ་སྡེ་སྲིད་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་སྒོས་བདག་བྱས། དུས་སྐབས་འདི་ནི་ཆོས་ལུགས་སྟོབས་ཤུགས་ཀྱིས་སྲིད་དོན་ཁ་ལོ་བསྒྱུར་བའི་དུས་ཡིན་རུང་། དེ་ཉིད་དབང་སྒྱུར་གྱི་སྟོབས་ཤུགས་གཏོས་ཆེ་བ་ཞིག་ལ་བརྟེན་པ་མིན་པར་ལྟོས་བཅས་ཀྱིས་འཇམ་བྲིད་ཀྱི་ཐབས་འབའ་ཞིག་ལ་བརྟེན་པ་ཡིན་ཞིང་། མཐར་གཏུགས་ན་ཆོས་ལུགས་གྲུབ་མཐའི་མཚན་སྙན་དང་གྲུབ་མཐའ་རང་གི་ཆོས་ལུགས་སྟོབས་ཤུགས་ཁོ་ནར་བརྟེན་པ་ཙམ་ཡིན། དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དགའ་ལྡན་ཕོ་བྲང་བའི་སྲིད་དབང་བྱུང་བ་ན། གཞི་ནས་ཆོས་སྲིད་ལུགས་གཉིས་ལ་དབང་བའི་གཏོས་ཆེ་བའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ལ་གཞི་བརྟེན་པ་ཡིན་ལ། བོད་ལ་ཅུང་བརྟན་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་ཀྱང་གྲུབ་པ་ཡིན་ནོ།།
             དགའ་ལྡན་ཕོ་བྲང་མ་བྱུང་སྔོན་གྱི་ས་ཕག་རིན་གཙང་གི་དུས་རིམ་ནི་གཡོ་འཁྱོམ་ཆེ་ལ་འགྱུར་ལྡོག་མང་བའི་དུས་ཤིག་ལགས་པས། བོད་ཀྱི་སྲིད་ལུགས་ལ་རྩ་བའི་ཆ་ནས་ཕྱོགས་འགྱུར་བྱུང་བ་ས་སྐྱ་པ་ནས་བོད་ཡོངས་སོག་རྒྱལ་གྱི་གཅིག་གྱུར་མངའ་ཞབས་སུ་འདུས་པས་མཚོན་ཞིང་། མིང་རྒྱལ་རབས་ནས་ཀྱང་བརྒྱུད་པའི་སྒོ་ནས་བདག་སྐྱོང་ཚོད་འཛིན་མཛད་པའི་དབང་གིས། དུས་དེ་ནས་བཟུང་བོད་ཀྱི་ཆབ་སྲིད་དང་རིག་གནས། དཔལ་འབྱོར་གང་ཐད་ནས་ཤར་མཐར་འབྲེལ་ལམ་ཟབ་པ་བྱུང་། རྒྱུ་རྐྱེན་དེའི་དབང་གིས། བོད་ཀྱི་ལོ་རྒྱུས་རིག་པ་ལའང་ལོ་རྒྱུས་རྒྱབ་ལྗོངས་ཆེན་པོའི་འགྱུར་ལྡོག་དང་བསྟུན་པའི་འགྱུར་བ་བྱུང་བ་དང་། ལོ་རྒྱུས་འདུ་ཤེས་དང་ལོ་རྒྱུས་སྨྲ་བའི་ལོ་རྒྱུས་བརྗོད་སྲོལ་ཡང་སྔོན་དང་མི་མཐུན་པའི་ཕྱོགས་སུ་འཕེལ། ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་གནས་སྟངས་སྐོར་གཤམ་གྱི་དོན་ཚན་བདུན་གྱི་སྒོ་ནས་འཆད་པར་བྱ་སྟེ།
             གཅིག སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་ཀྱི་བྱུང་བ། ས་ཕག་རིན་གཙང་སྐབས་ལ། སིལ་བུའི་དུས་ཀྱི་དུས་ཡུན་རིང་པོའི་རིག་གཞུང་འཕེལ་རྒྱས་བརྒྱུད། ལོ་རྒྱུས་རིག་པར་ཡང་དེ་མཐུན་གྱི་འཕེལ་རྒྱས་གསར་བ་བྱུང་ཞིང་། བརྗོད་བྱ་རྒྱས་ལ་སྒྲིག་གཞི་དམ་ཞིང་ནང་དོན་མང་པའི་སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་རིམ་པར་བྱུང་། དེའི་ཁྲོད་ཚལ་པ་ཀུན་དགའ་རྡོ་རྗེའི་《དེབ་ཐེར་དམར་པོ་》དང་པཎ་ཆེན་བསོད་གྲགས་ཀྱི་《དེབ་དམར་གསར་མ》 བུ་སྟོན་རིན་ཆེན་གྲུབ་ཀྱི་《བུ་སྟོན་ཆོས་འབྱུང》 ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེའི་《ཡར་ལུང་ཇོ་བོའི་ཆོས་འབྱུང》 ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་《རྒྱལ་རབས་གསལ་བའི་མེ་ལོང》 འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ》 སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ལྟ་བུ་གྲགས་ཆེ།
             གོང་སྨོས་ལོ་རྒྱུས་བསྟན་བཅོས་དག་ལ་མཚོན་ན། རྒྱལ་རབས་དང་ཆོས་འབྱུང་། དེབ་ཐེར་ལྟ་བུས་མིང་བཏགས་ཡོད་ནའང་། སྤྱིར་བཏང་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། རྣམ་པ་ཆིག་རྐྱང་ཅན་ཞིག་མ་ཡིན་པར་བསྟན་བཅོས་གཅིག་ལ་རྒྱལ་རབས་དང་ཆོས་འབྱུང་། གདུང་རབས། རྣམ་ཐར་སོགས་ཅི་ཡོད་འཛོམས་ཡོད་པ་དེ་ཡིན་ཞིང་། འདི་ཉིད་རིམ་གྱིས་འཕེལ་རྒྱས་ཕྱིན་པ་ལས། ཕྱིས་ཀྱི་ལོ་རྒྱུས་བསྟན་བཅོས་མང་པོར་ནང་དོན་གྱི་ཆ་ནས་སྒྲིག་གཞི་འདི་འདྲ་བ་ཡོངས་ཁྱབ་ཏུ་མཆིས། ཁྱད་པར་ནང་དོན་ཐད་ལ་སྣ་འཛོམས་ཡིན་པའི་དབང་གིས། བསྟན་བཅོས་འདི་དག་ལས་མངོན་པའི་ལོ་རྒྱུས་སྨྲ་བའི་རིག་གཞུང་ལྟ་བ་དང་ལོ་རྒྱུས་ལྟ་དགོངས་ཀྱང་ཁྱད་པར་ཅན་དུ་མངོན།
             སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་འདི་དག་ལ་མཚོན་ན། སྤྱིར་བཏང་གི་ཁྱད་ཆོས་ནི་ཆེད་དོན་མི་དགར་བར་ཆོས་སྲིད་གཉིས་ཐད་ཀྱི་ལོ་རྒྱུས་འབྲེལ་མར་བརྗོད་པ་སྟེ། ཆོས་འབྱུང་ལོ་རྒྱུས་གཙོར་འདོན་པའི་ཞོར་ལ་བོད་ཀྱི་རྒྱལ་རབས་འཆད་པ་དང་། ཞར་བྱུང་ལྟ་བུར་རྒྱ་གར་ཤཱཀྱའི་རིགས་ཀྱི་གདུང་རབས་དང་རྒྱ་ནག་གོང་མའི་སྲིད་རབས། ཧོར་དང་མི་ཉག་གི་རྒྱལ་རྒྱུད་སོགས་ཀྱང་བརྗོད་པ་དེ་རེད། ལོ་རྒྱུས་ལྟ་བའི་ཐད་ནས། སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་འདི་རིགས་ཀྱི་རྩོམ་པ་པོར་བློ་ཕྱོགས་ཆེ་བའི་འཛམ་གླིང་ལ་ལྟ་བའི་མིག་རྒྱང་ཡང་ཡོད་པ་སྟེ། ཁོ་ཚོའི་ལྟ་བར། བོད་ནི་ཁེར་རྐྱང་དང་ཁ་ནང་བལྟས་ཀྱི་ཡུལ་ཁམས་ཤིག་མ་ཡིན་པར་འདབས་འབྲེལ་ཡུལ་ཁམས་ཁག་ལ་དམ་དུ་འབྲེལ་བའི་གནས་ཤིག་ཡིན།
             སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་ལས་མཐོང་ཐུབ་པ་ནི། ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གི་དམིགས་བསལ་དུས་རབས་ནང་གི་ལོ་རྒྱུས་རྩོམ་འབྲིའི་ལྟ་བ་ཡིན། སྐབས་དེའི་ལོ་རྒྱུས་སྨྲ་བ་དག་གི་ལྟ་ཚུལ་ལ། འདས་པའི་དུས་ཀྱི་བོད་ཀྱི་ལོ་རྒྱུས་འཕེལ་བའི་རྒྱུན་ལ་དཔྱད་ཚེ་ལོ་རྒྱུས་ནི་རྒྱལ་རབས་གཅིག་པུར་ངོས་བཟུང་ན་མི་འགྲིག་ཅིང་། ཆོས་ཀྱི་བྱུང་བ་ཁོ་ན་ཙམ་བཀོད་ནའང་མི་འགྲིག་ལ། བོད་ནི་འདབས་འབྲེལ་ཡུལ་གྲུ་ཁག་དང་འབྲེལ་མེད་དུ་བྲིས་ནའང་མི་རུང་བར། ཟུར་སྣ་མང་པོ་ནས་ཆ་ཚང་བར་འབྲི་དགོས་སྙམ་ཡོད་པ་དང་། འདི་ནི་སྐབས་དེར་ལོ་རྒྱུས་སྤྱི་བཤད་རང་བཞིན་གྱི་རྩོམ་འབྲིའི་ལྟ་བ་ཡོངས་ཁྱབ་ཏུ་ཆགས་ཟིན་པའི་མཚོན་རྟགས་ཀྱང་རེད།
             གཉིས། བོད་ཀྱི་ལོ་རྒྱུས་སྨྲ་བའི་ཡུལ་ཁམས་ལྟ་བའི་འགྱུར་ལྡོག ཡུལ་ཁམས་ལྟ་བ་(境域观)ནི་ལོ་རྒྱུས་རིག་གཞུང་ཁྲོད་ཀྱི་ཆེད་སྤྱོད་ཐ་སྙད་ཅིག་ཡིན་ཞིང་། དེས་དུས་སྐབས་མི་འདྲ་བའི་ལོ་རྒྱུས་སྨྲ་བ་དག་གི་ལོ་རྒྱུས་ལྟ་དགོངས་དང་འཛམ་གླིང་ངོས་འཛིན་གྱི་རྣམ་འགྱུར་མཚོན་པར་བྱེད། ས་ཕག་རིན་གཙང་དུས་སྐབས་ནི་དམིགས་བསལ་བའི་དུས་སྐབས་ཤིག་ཡིན་ཞིང་བོད་དང་ཡོན་རྒྱལ་རབས་བར་དང་བོད་དང་མིང་རྒྱལ་རབས་བར་གྱི་ཆབ་སྲིད་འབྲེལ་བའི་དབང་གིས། སྐབས་དེའི་ལོ་རྒྱུས་སྨྲ་བ་དག་གི་ཡུལ་ཁམས་ལྟ་བར་ཡང་དེ་མཐུན་གྱི་འགྱུར་ལྡོག་བྱུང་ཡོད། ཁོ་ཚོས་དེ་སྔའི་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གི་ལོ་རྒྱུས་ཡུལ་ཁམས་ལྟ་བ་ལྟར་བོད་ཀྱི་རྒྱལ་རབས་ཆིག་རྐྱང་དུ་བརྗོད་པའི་སྲོལ་དེ་བཟུང་མེད་ལ། ཆོས་ལུགས་ལོ་རྒྱུས་ལྟ་བ་སྤྱད་པའི་རྒྱ་གར་གྱི་རྒྱལ་རབས་ཆོས་འབྱུང་ལས་འཕྲོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གཞུང་འགོད་པའི་འབྲི་སྲོལ་ཡང་བསྐྱངས་མེད། དེ་བཞིན་ཕྱོགས་བཞིར་རྒྱ་ནག་དང་རྒྱ་གར། སྟག་གཟིག ཁྲོམ་གེ་སར་ཞེས་བམ་བཤད་བྱེད་པའི་ལོ་རྒྱུས་ཡུལ་ཁམས་ཀྱི་ལྟ་བ་དེའང་དོར་ཏེ། བྱེ་བྲག་སྐབས་དེའི་དམིགས་བསལ་བའི་དུས་རིམ་ནང་དམིགས་པ་གཏད་ནས་བོད་ཀྱི་ལོ་རྒྱུས་བརྗོད་པའི་ཞོར་ལ། སོག་པོ་དང་རྒྱ་ནག མི་ཉག་སོགས་ཀྱི་ཡུལ་ཁམས་ལོ་རྒྱུས་བརྗོད་པ་རེད། འདི་ནི་གསར་བ་གསར་རྐྱང་གི་ཡུལ་ཁམས་ལྟ་བ་ཞིག་ཡིན་ལ། སྐབས་དེའི་ཆབ་སྲིད་འཕོ་འགྱུར་ལ་འབྲེལ་བའི་ལོ་རྒྱུས་སྨྲ་བའི་ཡུལ་ཁམས་ལྟ་བ་ཞིག་ཀྱང་རེད།
             དེ་ཡང་སྔོན་གྱི་དུས་ལ། བོད་མི་དག་གིས་“མངའ་མཛད་བཅུ་”དང་“རྒྱལ་ཕྲན་སིལ་མ་བཞི་བཅུ།” “རྒྱལ་ཕྲན་སིལ་མ་བཅུ་གཉིས་”ལྟ་བུས་ཡུལ་ཁམས་ལྟ་བ་བརྗོད་པ་ཡིན་ཞིང་། སིལ་བུའི་དུས་ཙམ་ལ་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་“སྟོད་མངའ་རིས་སྐོར་གསུམ་”དང་“བར་དབུས་གཙང་རུ་བཞི།” “སྨད་མདོ་ཁམས་སྒང་དྲུག་”ཅེས་བོད་ཁམས་ཁོ་ན་བརྗོད་པའི་ཡུལ་ཁམས་ལྟ་བ་གཙོར་བྱེད་ལ། དེ་ནས་རིམ་པར་རྒྱ་གར་གྱི་ཤཱཀྱའི་རྒྱལ་རྒྱུད་དང་ཆོས་འབྱུང་ནས་བརྩམས་ཏེ་བརྗོད་པའི་ཡུལ་ཁམས་ལྟ་བ་བྱུང་། ས་ཕག་རིན་གཙང་སྐབས་ལ་ཐོན་དུས། བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གི་མིག་རྒྱང་“འཛམ་གླིང་དུ་ཕྱོགས་པར་” གྱུར་ཏེ་འཛམ་གླིང་ལོ་རྒྱུས་ཀྱི་ལྟ་བས་བོད་ཀྱི་ལོ་རྒྱུས་འབྲི་བའི་སྲོལ་བྱུང་སྟབས།བོད་ཀྱི་ལོ་རྒྱུས་འདུ་ཤེས་ལས་ཡུལ་ཁམས་ལྟ་བར་དུས་རབས་ཀྱི་ཁྱད་ཆོས་གསལ་བའི་ལྟ་ཚུལ་བྱུང་བ་རེད།
             དུས་སྐབས་འདི་ནས་བཟུང་། བོད་ཀྱི་ལོ་རྒྱུས་རྩོམ་མཁན་དག་གིས་གང་ནུས་ཅི་ཐུབ་ཀྱིས་འདབས་འབྲེལ་ཡུལ་གྲུ་ཁག་གི་ལོ་རྒྱུས་བརྗོད་པར་བྱེད་ཅིང་། སྐབས་དེའི་བོད་མི་ལོ་རྒྱུས་སྨྲ་བ་དག་གི་ལྟ་ཚུལ་ལ། འཛམ་གླིང་ཞེས་ཚེ་སྔོན་ལྟར་མདོ་ལུང་དག་ལས་འབྱུང་བ་ལྟར་དང་ངག་རྒྱུན་ལ་གྲགས་པའི་གོ་བ་སྤྱི་ཙམ་པ་དེ་འདྲ་མ་ཡིན་པར། རྒྱ་གར་དང་སོག་པོ། རྒྱ་ནག་བཅས་གཙོར་བྱས་པའི་བོད་དང་འདབས་འབྲེལ་མི་རིགས་ཁག་ལ་གོ་བ་ཡིན་ལ། ལོ་རྒྱུས་རྩོམ་མཁན་དག་གིས་ཀྱང་གནད་འདི་གཙོ་བོར་བཟུང་ནས་འབྲི་བ་རེད། ཁོ་ཚོའི་སྣང་ངོར། རྒྱ་གར་ནི་དམ་པའི་ཆོས་ཀྱི་འབྱུང་ས་དང་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་དགེ་རྒན་ལྟ་བུ་ཡིན་པས། ངེས་པར་བརྗོད་དགོས་པའི་དོན་ཞིག་ཏུ་བལྟས་ཏེ་ས་བཅད་ཀྱི་རྒྱས་བསྡུས་ཅི་རིགས་ལྟར་ཡང་གཙོ་བོར་བྱས་ནས་བརྗོད་པ་ཡིན་ཞིང་། བསྟན་པ་དེའང་ལི་ཡུལ་དང་མི་ཉག་སོགས་ཡུལ་ཁམས་ལ་དར་བ་ཡིན་པས་ཡུལ་དེ་དག་ཞར་བྱུང་གི་ཚུལ་གྱིས་འབྲི་བ་དང་། སོག་པོ་དང་རྒྱ་ནག་ནི་སྐབས་དེར་བོད་ལ་ཆབ་སྲིད་ཐད་ནས་འབྲེལ་བ་བྱུང་སྟེ་དབང་འཛིན་པར་གྱུར་ཡོད་པས་ན། དེ་དག་གི་རྒྱལ་རྒྱུད་ལོ་རྒྱུས་ཀྱང་གང་ལ་དེ་འཚམ་གྱིས་འབྲི་བཞིན་ཡོད་པ་རེད། དེ་བས། ས་ཕག་རིན་གཙང་སྐབས་ཀྱི་ལོ་རྒྱུས་སྨྲ་བའི་ཡུལ་ཁམས་ལྟ་བ་ནི་གནས་སྐབས་འདི་འདྲ་ཞིག་ལ་གཞི་བཅོལ་ནས་བྱུང་བ་ཡིན་ཞིང་། དེས་ཕྱིས་ཀྱི་བོད་ཀྱི་ལོ་རྒྱུས་རྩོམ་འབྲིའི་སྒྲིག་གཞི་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
             གསུམ། “དེང་རབས་ལོ་རྒྱུས་”རྩོམ་པའི་སྲོལ་བྱུང་བ། ས་ཕག་རིན་གཙང་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་གི་གྲུབ་འབྲས་གཞན་ཞིག་ནི། ལོ་རྒྱུས་རྩོམ་མཁན་དག་གིས་རང་ཉིད་འཚོ་བའི་དུས་རབས་ཀྱི་ལོ་རྒྱུས་འབྲི་བའི་སྲོལ་བཏོད་པ་དེ་ཡིན་ཞིང་། དེ་ནི་དུས་སྐབས་དེའི་ངོས་ནས་བརྗོད་ན་“དེང་རབས་ལོ་རྒྱུས་”ཀྱི་ཁོངས་སུ་འདྲེན་དགོས་པ་ཡིན་ནོ།།
             བོད་གནའ་རབས་ཀྱི་ལོ་རྒྱུས་བསྟན་བཅོས་གང་མང་ཞིག་སྤྱིར་བཏང་“དེང་རབས་”བར་ལ་བྲིས་ཡོང་བ་ཞིག་ཡིན་ལ། དེ་དག་དེང་རབས་ཁོ་ན་མཚོན་པའི་ལོ་རྒྱུས་བསྟན་བཅོས་མ་ཡིན་རུང་། “དེང་རབས་”བར་དུ་བྲིས་ཤིང་ལྷག་པར་བསྟན་བཅོས་འགའ་རེས་“དེང་རབས་”སྐོར་གླེང་ཙམ་བྱས་པར་མི་ཚད་པར། ཆེད་དུ་ཞིབ་བརྗོད་བྱས་པའི་རིགས་ཡོད། དཔེར་ན་“རླངས་ཀྱི་པོ་ཏི་བསེ་རུ་”ལྟ་བུར་མཚོན་ན། འདིའི་ཐད་ཀྱི་དཔེ་གཞི་གསོན་པོ་ཞིག་ཡིན་ཏེ། བསྟན་བཅོས་འདིའི་ནང་དོན་མང་པོ་ཏཱ་སི་ཏུ་བྱང་རྒྱན་པས་བཀའ་ཆེམས་ཀྱི་ཚུལ་དུ་གནས་སྐབས་དེ་རང་ལ་གསུངས་པ་ཞིག་ཡིན་པ་དང་། དེའི་ཁྲོད་དུས་སྐབས་དེ་རང་གི་ལོ་རྒྱུས་ཀྱི་གནས་ཚུལ་མང་པོ་དང་། ལྷག་པར་བྱང་རྒྱན་པ་ནས་ཕག་གྲུའི་སྲིད་དབང་བཙུགས་པའི་སྔ་ཕྱིའི་གནས་ཚུལ་ཞིབ་པར་རིམ་བརྗོད་བྱས་པ་ནི། དོན་ལ་སྐབས་དེའི་“དེང་རབས་”ལོ་རྒྱུས་སུ་བརྩི་རུང་། “དེང་རབས”མཚོན་པའི་ལོ་རྒྱུས་གནས་ཚུལ་འབྲི་བའི་ལུགས་འདིས་བསྟན་བཅོས་རང་གི་རིག་གཞུང་རིན་ཐང་ཆེས་ཆེར་འཕགས་པར་བྱས་ཡོད་ལ། ཡིད་རྟོན་རང་བཞིན་དང་རྒྱུ་ཆའི་རང་བཞིན་ངོས་ནས་གླེང་ན།གདོད་མའི་རང་བཞིན་གྱི་ལོ་རྒྱུས་རྒྱུ་ཆ་དང་པོར་ཁས་འཆེས་རུང་བ་ཡིན་ནོ།།
             བཞི། ཆེད་དོན་ལོ་རྒྱུས་བསྟན་བཅོས་ཀྱི་རིན་ཐང་། སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་དང་མཚུངས་པར། སྐབས་འདིར་ཆེད་དོན་ལོ་རྒྱུས་བསྟན་བཅོས་ཀྱང་རིམ་བརྒྱུད་དུ་བྱུང་འདུག་སྟེ། དེ་ཚོས་ཆེད་དོན་གང་ཞིག་གཞིར་བཟུང་ནས་ལོ་རྒྱུས་སྨྲ་བའི་མིག་རྒྱང་གིས་རང་རང་གི་ཁྱད་ཆོས་བཞིན་ཞིབ་བརྗོད་བྱས་ཡོད་ལ། ལོ་རྒྱུས་བསྟན་བཅོས་རིགས་འདིས་ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་གནས་སྟངས་གཞན་ཞིག་མཚོན་བཞིན་ཡོད།
             ཆེད་དོན་ལོ་རྒྱུས་བསྟན་བཅོས་སྐོར་ལ། སྐབས་འདིར་ས་སྐྱ་བདག་ཆེན་ཨ་མེས་ཞབས་ཀྱི་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་》དང་། འབྲུག་པ་པངྨ་དཀར་པོའི་《འབྲུག་པའི་ཆོས་འབྱུང》 ཇོ་ནང་ཏཱ་ར་ན་ཐའི་《རྒྱ་གར་ཆོས་འབྱུང་》དང་《མྱང་ཆོས་འབྱུང》 ལས་ཆེན་ཀུན་དགའ་རྒྱལ་མཚན་པའི་《བཀའ་གདམས་ཆོས་འབྱུང》 ཏཱ་སི་ཏུ་བྱང་རྒྱན་སོགས་ཀྱི་《རླངས་ཀྱི་པོ་ཏི་བསེ་རུ་》སོགས་ཡོད་ཅིང་། འདི་དག་གིས་གདུང་རབས་འདྲ་མིན་དང་ས་ཁུལ་འདྲ་མིན། གྲུབ་མཐའ་འདྲ་མིན་གྱི་ལོ་རྒྱུས་ཁོལ་དུ་ཕྱུངས་ནས་ཆེད་དུ་ཞིབ་བརྗོད་བྱས་ཡོད་པ་རེད། ཆེད་དོན་ལོ་རྒྱུས་འདི་དག་འབྲི་བ་བོ་ནང་དོན་དེ་ལ་ཆ་རྒྱུས་ཆེན་པོ་ཡོད་པའི་མི་སྣ་ཞེ་གཅིག་ཡིན་པ་དང་། ལྷག་པར་ཆོས་འབྱུང་མི་འདྲ་བ་འབྲི་མཁན་དག་ཆོས་ལུགས་གྲུབ་མཐའ་གང་དེའི་རྗེས་འཇུག་མཁས་པ་རྐྱང་ཡིན་པའི་དབང་གིས། ཁོ་ཚོར་བརྗོད་པར་བྱ་བའི་དོན་དེར་འདྲིས་ཆ་ཆེ་ཞིང་། རང་གི་གྲུབ་མཐའ་གང་དེར་འགན་ཁུར་བའི་བསམ་བློས་ཧ་ཅང་གཟབ་ནན་དང་ཞིབ་ཆ་བཏོད་ནས་བྲིས་ཡོད་པ་རེད། 
             སྤྱིར་བཏང་ཆེད་དོན་ལོ་རྒྱུས་(专门史) ཞེས་པ་ནི། ཁྱད་པར་ཅན་གྱི་གནད་དོན་རིགས་གཅིག་དང་སྣང་ཚུལ་རིགས་གཅིག རིག་ཚན་རིགས་གཅིག་ལོ་རྒྱུས་སྟེང་ཇི་ལྟར་འཕེལ་འགྱུར་བྱུང་བའི་ཚུལ་བརྗོད་པ་དེ་ཡིན་པ་སྟེ། དཔེར་ན་བསམ་བློའི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས། དམག་དོན་ལོ་རྒྱུས། ཆོས་ལུགས་ལོ་རྒྱུས། སློབ་གསོའི་ལོ་རྒྱུས། ཚོང་ལས་ལོ་རྒྱུས། འགྲིམ་འགྲུལ་ལོ་རྒྱུས། ཞིང་ལས་ལོ་རྒྱུས། འབྲོག་ལས་ལོ་རྒྱུས་ལྟ་བུ་ཡིན་ལ། ཆེད་ལས་ཅན་དུ་བྲིས་པའི་ལོ་རྒྱུས་སོ།། ཆེད་ལས་ཅན་དུ་ལོ་རྒྱུས་འབྲི་བའི་སྲོལ་འདི་བཙན་པོའི་རྒྱལ་རབས་དུས་སྐབས་ནས་བྱུང་ཡོད་ནའང་། དེ་ཉིད་རྩོམ་མཁན་གསལ་བའི་བསྟན་བཅོས་རྣམ་པའི་ལོ་རྒྱུས་མིན་པར་བརྟེན། ཆེད་དོན་ལོ་རྒྱུས་སུ་བཞག་ནས་དཔྱད་པ་བགྱི་བར་ཆ་རྐྱེན་ཅུང་མི་ཚང་བར་འདུག་ཅིང་། དུས་སྐབས་འདིའི་ལོ་རྒྱུས་བསྟན་བཅོས་སྐོར་ཞིག་ལ་མཚོན་ན། ངེས་པ་དོན་གྱི་ཆེད་དོན་ལོ་རྒྱུས་ཡིན་པར་བརྟེན། ཆེད་དོན་ལོ་རྒྱུས་ཀྱི་རིག་ཚན་གྲས་སུ་བཞག་ནས་དཔྱད་ཆོག་པ་རེད། འོན་ཀྱང་ཤེས་དགོས་རྒྱུ་ཞིག་ལ། སིལ་བུའི་དུས་ཀྱི་རྒྱལ་རབས་རྣམ་པའི་ལོ་རྒྱུས་ཡིག་ཚང་ལྟ་བུ་ཁག་ཅིག་ཆེད་དོན་ལོ་རྒྱུས་སུ་བཞག་རུང་མི་འགྲིག་པ་མེད། གནད་འདི་ལས་དཔག་ན། ས་ཕག་རིན་གཙང་སྐབས་ཀྱི་ཆེད་དོན་ལོ་རྒྱུས་དག་ལ་དུས་རབས་ཀྱི་ཁྱད་ཆོས་གསལ་ཞིང་། བོད་ཀྱི་ཐུན་མོང་མིན་པའི་ཆེད་དོན་ལོ་རྒྱུས་སྣ་ཚོགས་བྱུང་བའི་དུས་བཟང་དུ་འཁེལ་བས། ལོ་རྒྱུས་རིག་གཞུང་ཙམ་མ་ཟད་རིག་གནས་ལོ་རྒྱུས་སྟེང་ནས་ཀྱང་གོ་གནས་གལ་ཆེན་ཟིན།
             ཆེད་ལས་ལོ་རྒྱུས་བསྟན་བཅོས་ཁག་གིས་བོད་ལ་ལོ་རྒྱུས་བསྟན་བཅོས་རྩོམ་འབྲི་བྱེད་སྲོལ་གྱི་ལམ་ཁ་གསར་བ་ཞིག་ཕྱེ་ཡོད་ལ། དེ་ཚོས་ལོ་རྒྱུས་ཡིག་ཚང་གི་ཁུངས་འདྲེན་དཔྱད་ཞིབ་དང་རྒྱུ་ཆ་བཀོལ་སྤྱོད་བྱེད་སྟངས་ཐད་ནས་བསྟན་བཅོས་གཞན་དང་མི་མཚུངས་པའི་ཁྱད་ཆོས་མངོན་ཡོད་དེ། ལོ་རྒྱུས་སྤྱི་བཤད་བྱེད་མཁན་གྱི་ལོ་རྒྱུས་སྨྲ་བ་གཞན་དག་གིས་དོ་སྣང་མི་བྱེད་ཅིང་བྱིངས་ཀྱིས་སྣང་འཇོག་མེད་པའི་ཡིག་ཚང་རྩ་ཆེན་གང་མང་ལ་གཞི་བཅོལ་ནས་ལོ་རྒྱུས་བརྗོད་པ་དེ་རེད། དཔེར་ན་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་》ལྟ་བུར་མཚོན་ན། དེས་སྔོན་གྱི་ས་སྐྱའི་མཁས་པ་དག་གིས་མཛད་པའི་གདུང་རབས་སྣ་ཚོགས་ཀུན་གྱི་མཐོང་སྣང་དུ་མངོན་དཀའ་བ་དག་ལུང་ཁུངས་སུ་བཞག་ཡོད་པ་དང་། ཆོས་སྲིད་ལ་འབྲེལ་བའི་འཕྲིན་ཡིག་རྩ་ཆེན་དང་བཀའ་ལུང་དག་ཀྱང་ཇི་བཞིན་བཀོད་དེ་ལོ་རྒྱུས་ཀྱི་དཔྱད་གཞིར་བཟུང་ཡོད་པའི་དབང་གིས། ལོ་རྒྱུས་དཔྱད་བརྗོད་(史论) རིག་པའི་ངོས་ནས་ཀྱང་རིན་ཐང་ཆེས་ཆེར་ལྡན།
             ལྔ། མི་སྣའི་ལོ་རྒྱུས་སྐོར་མང་དུ་ཐོན་པ། མི་སྣའི་ལོ་རྒྱུས་འབྲི་བ་འདི་སིལ་བུའི་དུས་ནས་ཐོན་ཡོད་པ་དང་། ས་ཕག་རིན་གཙང་སྐབས་ལ་སླེབས་དུས། མི་སྣའི་ལོ་རྒྱུས་འབྲི་སྲོལ་ཆེས་ཆེར་འཕེལ་ཏེ་མི་སྣ་དང་འབྲེལ་བའི་རྣམ་ཐར་སྐོར་མང་དུ་བྱུང་། ས་ཕག་རིན་གཙང་སྐབས་ལ་མི་སྣའི་ལོ་རྒྱུས་མང་དུ་བྱུང་བའི་རྒྱུ་རྐྱེན་ནི། སྐབས་དེར་བོད་ལ་ཆོས་ལུགས་གྲུབ་མཐའ་གང་མང་དངོས་སུ་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་སྟེང་གི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཇི་སྙེད་ཧ་ལམ་གཞི་གྲུབ་ཚར་བ་དེར་འབྲེལ་བ་ཡོད་པ་སྟེ། ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་བར་ལ་འབྲེལ་བ་ཡོད་ཅིང་། ཕན་ཚུན་འགྲན་རྩོད་ཀྱི་འགལ་བའང་རྣོ་ངར་ལྡན་པར་ཡོད་པའི་དབང་གིས། སོ་སོས་རང་ཉིད་ཀྱི་ཆེ་བ་འདོན་པར་འབད་པ་ཨ་འཐས་བྱེད་ཀྱིན་ཡོད་པ་དང་། སོ་སོ་སྒེར་གྱི་གྲུབ་མཐའ་ནི་གཞན་ལས་ལྷག་པའི་གནད་གསལ་པོར་འདོན་པ་དང་། དེ་ལས་མང་བའི་དད་མོས་བྱེད་མཁན་དག་རྗེས་སུ་འབྲངས་པར་བྱེད་ཆེད། སྔོན་གྱི་སྲོལ་ལ་དཔེ་བལྟས་ཏེ་གྲུབ་མཐའ་མི་འདྲ་བས་རང་རང་གྲུབ་མཐར་མཛད་རྗེས་ཆེ་བའི་མཁས་པ་སྔ་མ་དང་“ད་ལྟའི་”མཁས་པ་དག་གི་མཛད་རྣམ་རྣམ་ཐར་དུ་འགོད་པའི་སྲོལ་བྱུང་། སྲོལ་འདི་གྲུབ་མཐའ་སོ་སོའི་འགྲན་རྩོད་བརྒྱུད་ཆར་རྗེས་ཀྱི་ཤ་མོ་བཞིན་ཆེར་རྒྱས་ཤིང་། བོད་ཀྱི་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་ཆེ་བའི་གྲུབ་མཐའ་མི་འདྲ་བའི་མཁས་པ་ཆེན་པོ་དག་ལས་གཞན། མཛད་རྣམ་དེ་ཙམ་མི་གསལ་བའི་བླ་སྤྲུལ་ཆེན་པོ་དང་སྤྱིར་བཏང་བའི་མཁས་གྲུབ་དག་ལའང་རང་རང་གི་སློབ་བུས་བསྡེབས་པའི་རྣམ་ཐར་ཇི་སྙེད་བྱུང་བ་རེད།
             ས་ཕག་རིན་གཙང་སྐབས་ཀྱི་མི་སྣའི་ལོ་རྒྱུས་ཏེ་རྣམ་ཐར་གྲགས་ཅན་སྐོར་ལ། 《མར་པའི་རྣམ་ཐར་》དང་《མི་ལ་རས་པའི་རྣམ་ཐར》 《ས་པཎ་རྟོགས་བརྗོད》 《ཙོང་ཁ་པའི་རྣམ་ཐར》 《ཐང་སྟོང་རྒྱལ་པོའི་རྣམ་ཐར》 《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》 《དགེ་འདུན་གྲུབ་པའི་རྣམ་ཐར》《བོ་དོང་པཎ་ཆེན་གྱི་རྣམ་ཐར་》སོགས་ཡོད་ཅིང་། འདི་དག་ལ་རྒྱས་བསྡུས་ཅི་རིགས་དང་འབྲི་ཐབས་གང་མང་མཆིས་རུང་། ཚང་མས་བརྗོད་པར་བྱ་བའི་མི་སྣ་གང་དེའི་འཚར་སྐྱེད་ལོ་རིམ་བཞིན་ཞིབ་བརྗོད་བྱེད་པ་ཡིན་ལ། རྣམ་ཐར་མང་པོ་ཞིག་ཏུ་མི་སྣའི་ལོ་རྒྱུས་དེ་ཁྱད་མཚར་བའི་སྣང་ཚུལ་ལ་འབྲེལ་ཏེ་འབྲི་བའི་སྲོལ་ཡང་འདུག འདི་ནི་ཧ་ལམ་དེ་སྔའི་གཏེར་མའི་ལུས་ཀྱི་སློབ་དཔོན་གྱི་རྣམ་ཐར་འདྲ་མིན་དུ་མར་དཔེར་བགྱིས་པ་ཨེ་ཡིན་བསམ་ཞིང་། དེ་ལྟར་ཡིན་ཚེ་སྔ་མའི་མི་སྣའི་ལོ་རྒྱུས་འབྲི་སྲོལ་གྱི་རྒྱུན་བཟུང་བའི་ཆ་ཙམ་ཡང་འདུག་སྙམ། རྒྱུ་རྐྱེན་གཞན་ཞིག་ནི། མི་སྣ་འདི་དག་གི་ལོ་རྒྱུས་རྣམ་ཐར་དུ་བསྡེབ་མཁན་ནི་ཁོང་ཚོའི་སློབ་བུ་འབའ་ཞིག་གམ་ཆོས་བརྒྱུད་གཅིག་པའི་མི་སྣ་ཡིན་པར་བརྟེན། རྩོམ་མཁན་རྣམས་ལ་རང་ཤུགས་ཀྱིས་བརྗོད་བྱའི་མི་སྣ་གང་དེར་བཀུར་གཟོའི་བསམ་པ་རྨ་མེད་པ་ཞིག་ཡོད་པ་དང་། དེའང་བྱེ་བྲག་ལོ་རྒྱུས་སུ་འགོད་སྐབས་དད་འདུན་གྱི་དབང་གིས་སམ་མཆོད་བཀུར་གྱི་རྣམ་པས་འུད་བརྗོད་རྟོག་བཟོ་རེ་འགའ་ཡང་བྱེད་པའི་སྲོལ་བྱུང་ངམ་སྙམ། སྲོལ་འདི་ཆེས་ཆེར་འཕེལ་བའི་འབྲས་བུར། དགའ་ལྡན་ཕོ་བྲང་བའི་སྐབས་ལ་ཐོན་དུས་རྣམ་ཐར་ཕལ་ཆེར་གླུ་བརྒྱ་གདངས་གཅིག་ཡིན་པའི་གནས་ཚུལ་བྱུང་བ་རེད། འོན་ཀྱང་རྟོགས་དགོས་པ་ཞིག་ལ། འུད་བརྗོད་དང་རྟོག་བཟོ་ཅུང་ཙམ་འདྲེས་པས་རྣམ་ཐར་འདི་དག་ལ་ཡིད་རྟོན་རང་བཞིན་མེད་པར་སྨྲས་ན་ཐལ་ཆེ་བར་འགྱུར་ཏེ། རྩ་བའི་ཆ་ནས་བརྗོད་ན། རྣམ་ཐར་ཧ་ལམ་ཡོད་ཚད་དོན་དངོས་འབའ་ཞིག་གཞིར་བཟུང་ནས་མཛད་པ་ཡིན་ཞིང་། དེའང་གནས་ཚུལ་འགའ་ཞིག་ལ་མཛེས་བཟོའི་ཚུལ་གྱིས་དམིགས་བསལ་རྒྱས་བཤད་མཛད་པ་ལས་མི་སྣའི་ལོ་རྒྱུས་ཀྱི་མི་ཚེའི་བྱུང་བར་སྤྱིར་བཏང་གནད་དོན་ཅི་ཡང་མེད། ལྷག་པར་རྣམ་ཐར་སོ་སོར་ཞིབ་ཏུ་མཇལ་ན་གང་ཞིག་འུད་བརྗོད་ཡིན་པ་དང་གང་ཞིག་མཛེས་པར་བཅོས་པའི་ཆ་གསལ་པོར་འབྱེད་ཐུབ་པས།མི་སྣའི་ལོ་རྒྱུས་འདི་དག་ཁུངས་མེད་དུ་ངོས་འཛིན་པ་ནི་གཏན་ནས་མི་རིགས་སོ།།
             སྤྱིའི་ཆ་ནས་བལྟས་ན། ས་ཕག་རིན་གཙང་སྐབས་ཀྱི་མི་སྣའི་ལོ་རྒྱུས་རྣམས་སིལ་བུའི་དུས་ལས་འཕེལ་རྒྱས་བྱུང་ཡོད་པར་སྨྲ་ཆོག་སྟེ། རྣམ་ཐར་གྱི་སྒྲིག་གཞི་དང་རྩོམ་འབྲི་བྱེད་སྟངས། སྐད་ཆའི་བརྗོད་པ། བྱུང་རིམ་བཀོད་སྒྲིག ལོ་རྒྱུས་རིག་པའི་ལྟ་དགོངས་གང་ཐད་ནས་སྔོན་ལས་མ་ལག་ཅན་དུ་འཕེལ་འདུག་པ་རྟོགས་ཐུབ། གྲངས་ཀའི་ཐད་ནས་ཀྱང་སྔོན་དང་བསྡུར་ཐབས་མེད་ལ། མི་སྣ་རིགས་གཅིག་ལ་རྣམ་ཐར་མང་དུ་འབྲི་བའི་སྲོལ་ཡང་མང་དུ་འཕེལ་བ་ས་སྐྱ་པཎ་ཆེན་གྱི་རྣམ་ཐར་འདྲ་མིན་དང་རྗེ་ཙོང་ཁ་བའི་རྣམ་ཐར་ཅི་རིགས་ལྟ་བུས་མཚོན། གཞན་དུས་སྐབས་དེར་མི་སྣ་ཐུན་མོང་གི་རྣམ་ཐར་ཀྱང་བྱུང་ཡོད་པ་སྟེ། དཔེར་ན་《དེབ་ཐེར་སྔོན་པོ་》དང་《མཁས་པའི་དགའ་སྟོན》 《འབྲུག་པའི་ཆོས་འབྱུང》 《བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་འོད་སྟོང་མིག་འབྱེད་》སོགས་སུ་ཆོས་བརྒྱུད་སོ་སོའི་བླ་ཆེན་མཁས་པ་དག་གི་རྣམ་ཐར་ཐུན་མོང་དུ་བསྡེབས་ནས་བཀོད་པའང་མཐོང་ཐུབ་པ་ལྟ་བུ་ཡིན་ལ། འདི་ནི་སིལ་བུའི་དུས་ཀྱི་《བཀའ་ཐང་སྡེ་ལྔ་》ལས་བྱུང་བའི་《ལོ་པཎ་བཀའ་ཐང་》ལྟ་བུའི་རྒྱུན་འཕེལ་ལམ་སྙམ། སྐབས་འདིའི་ཐུན་མོང་རྣམ་ཐར་གྱི་གསར་གཏོད་ཆེན་པོ་ཞིག་ནི། བསྟན་བཅོས་ཆིག་རྐྱང་ཅན་དུ་བྲིས་པའི་ཐུན་མོང་རྣམ་ཐར་ཏེ། དེབ་གཟུགས་གཅིག་ཏུ་མི་སྣ་མང་པོའི་རྣམ་ཐར་གཅིག་སྡུད་བྱས་པ་དེ་ཡིན། 《གྲུབ་ཆེན་བརྒྱད་ཅུའི་རྟོགས་བརྗོད་》དང་《བཀའ་བརྒྱུད་པའི་བླ་བརྒྱུད་རྣམ་ཐར》 《རྗེ་ཡབ་སྲས་གསུམ་གྱི་རྣམ་ཐར》 《རས་ཆུང་པ་ཡབ་སྲས་ཀྱི་རྣམ་ཐར》 《བརྒྱུད་པ་ཡིད་བཞིན་ནོར་བུ་》ལྟ་བུ་ནི་འདིའི་རིགས་སུ་གཏོགས་ལ། རྣམ་ཐར་འདི་རིགས་ནི་གཙོ་བོ་ཆོས་བརྒྱུད་གཅིག་དང་བླ་བརྒྱུད་གཅིག་གཞིར་བཟུང་ནས་མི་སྣའི་ལོ་རྒྱུས་བསྡུས་འབྲི་བྱས་པ་ཞིག་ཡིན།
             ཕྱིས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ཚེ་རྩོམ་མཁན་བརྗོད་བྱའི་ལོ་རྒྱུས་མི་སྣ་དང་དུས་ཚོད་ཇི་ལྟར་ཉེ་ན་དངོས་དོན་བརྗོད་པ་དེ་ལྟར་མང་ཞིང་། དེ་ལས་ལྡོག་པར་རྩོམ་མཁན་དང་ལོ་རྒྱུས་མི་སྣ་གཉིས་བར་དུས་ཡུན་གྱིས་བར་ཆོད་ཚད་ཇི་ལྟར་རིང་ན། རྣམ་ཐར་དེར་ཕུགས་བསམ་རང་བཞིན་དང་ལྷ་གཤིས་ཅན་དུ་བསྒྱུར་བའི་ཆ་དེ་ལྟར་མང་། འདི་ནི་འགྲོ་བ་མིའི་རིགས་ཡོད་ཚད་ལ་སྤྱི་མཐུན་དུ་ཡོད་པའི་གནས་ཚུལ་ཞིག་ཀྱང་རེད་ལ། བོད་ཀྱི་རྣམ་ཐར་ལོ་རྒྱུས་ཀྱི་རྩོམ་ལུས་ཁག་ལས་ལྷག་པར་གསལ་བ་ཞིག་ཀྱང་རེད། འདིའི་ཐད་ནས་དཔྱད་པ་བཏང་བ་ཡིན་ཚེ། ས་ཕག་རིན་གཙང་སྐབས་ཀྱི་རྣམ་ཐར་ནི་སྤྱིར་བཏང་《མི་ལ་རས་པའི་རྣམ་ཐར་》ལྟ་བུ་རེ་གཉིས་མ་གཏོགས་འབྲི་བྱའི་ལོ་རྒྱུས་མི་སྣ་དང་འཚོ་གནས་དུས་ཡུན་བར་ཐག་དེ་འདྲ་རིང་པོ་ཆོད་པའི་སྐོར་ཉུང་ཞིང་། ལྟོས་བཅས་ཀྱིས་རང་དང་དུས་སྐབས་གཅིག་པའི་བུ་སློབ་དག་གིས་བརྩམས་པ་མང་རྐྱེན།རྣམ་ཐར་རང་སྟེང་གི་དོན་དངོས་རང་བཞིན་དང་ཡིད་རྟོན་རང་བཞིན། ཚད་ལྡན་རང་བཞིན་ཧ་ཅང་ཆེ།
             རྣམ་ཐར་ལུས་ཀྱི་ལོ་རྒྱུས་རྩོམ་སྟངས་འདི་རིམ་གྱིས་ཆེར་འཕེལ་བ་དང་། ཕྱིས་སུ་བོད་ཀྱི་རྣམ་ཐར་ལུས་ཀྱི་བསྟན་བཅོས་མང་དུ་བྱུང་བ་ཡིན་རུང་། འབྲི་སྟངས་དང་ལོ་རྒྱུས་རྩོམ་འབྲིའི་ལྟ་བའི་གསར་གཏོད་ཐད་ནས་འཕེལ་མེད་སོར་གནས་སུ་སོང་བ་རེད། ས་ཕག་རིན་གཙང་རྗེས་སུ་བོད་ལ་རྣམ་ཐར་ལུས་ཀྱི་ལོ་རྒྱུས་བསྟན་བཅོས་མང་དུ་བྱུང་བའི་འབྲས་བུར། རིམ་གྱིས་མི་སྣ་རླབས་ཆེན་དག་གི་མཛད་པ་སྟོན་པའི་མཛད་རྣམ་དང་མཚུངས་པར་བསྡེབ་པའི་ཚུལ་མང་ཞིང་། དེ་ལ་བརྟེན་ནས། སྟོན་པའི་མཛད་རྣམ་ལ་དཔེ་བལྟས་ཏེ་“མཛད་པ་བཅུ་གཉིས་”ཀྱི་ལམ་ནས་མི་སྣའི་ལོ་རྒྱུས་རྩོམ་པའི་སྲོལ་བྱུང་། “མཛད་པ་བཅུ་གཉིས་”ཀྱི་རྣམ་པས་མི་སྣའི་ལོ་རྒྱུས་རྩོམ་སྟངས་བྱུང་བ་འདིས། ཕུལ་དུ་བྱུང་བའི་ཆོས་ལུགས་མི་སྣ་དག་སྟོན་པ་ཤཱཀྱ་ཐུབ་པ་བཞིན་ལྷ་སྒྲུང་ཅན་དུ་བྱས་ཡོད་ལ། ལོ་རྒྱུས་རྩོམ་འབྲིའི་ཐད་ནས་དཔག་ན། མི་སྣའི་ལོ་རྒྱུས་རྩོམ་སྟངས་གཅིག་གྱུར་ཅན་དང་སྤྱི་འགྲོས་ཅན་དུ་སོང་སྟེ་ལོ་རྒྱུས་རྩོམ་འབྲི་རང་སྟེང་ནས་འཕེལ་མེད་དུ་གནས་པ་ཡིན་ཞིང་། ཁྱད་པར་ཅན་དང་དམིགས་བསལ་ཅན་གྱི་མི་སྣའི་ལོ་རྒྱུས་མི་འབྱུང་བའི་གེགས་སུའང་གྱུར་པ་ཡིན།
             དྲུག ལོ་རྒྱུས་ལ་ཕྱིར་རྟོག་དང་བསམ་གཞིག་བྱེད་སྟངས། ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པ་ནི་སིལ་བུའི་དུས་ཀྱི་ཀྱག་ཀྱོག་གི་ལོ་རྒྱུས་བརྒྱུད།རིམ་གྱིས་འཐུས་ཚང་དང་མ་ལག་ཆགས་པར་གྱུར་བ་ཡིན་ལ།ལོ་རྒྱུས་སྨྲ་བ་ཚོས་ཀྱང་རིག་གཞུང་ཞིབ་འཇུག་གི་ངོས་ཐད་ནས་ལོ་རྒྱུས་ལ་ཕྱིར་རྟོག་དང་བསམ་གཞིགས་དབྱེ་ཞིབ་གནང་ཡོད་པས། ལོ་རྒྱུས་སྨྲ་བ་དག་གི་སོ་སོའི་ལྟ་དགོངས་ཧ་ཅང་གསལ་བའི་ངང་རང་རང་གི་ལོ་རྒྱུས་བསྟན་བཅོས་ཁྲོད་མངོན་ཡོད་པ་རེད།
             ལོ་རྒྱུས་སྨྲ་བ་སུ་ཞིག་ཡིན་རུང་། དེས་ལོ་རྒྱུས་མཚོན་པའི་བསྟན་བཅོས་རྩོམ་པའི་སྒང་ལ་རང་ཉིད་ཀྱི་དྲན་ཚུལ་དང་འབྲི་བའི་དམིགས་ཡུལ། བརྗོད་པའི་དགོས་པ་སོགས་མེད་མཁན་སྲིད་མཐའ་ཙམ་ཡིན་ཞིང་། ལོ་རྒྱུས་འབྲི་མཁན་གང་དེར་འདི་འདྲའི་བསམ་བློ་ཡོད་པར་གྱུར་པ་ལས། ཁོ་ཚོས་ལོ་རྒྱུས་ལ་འཛིན་པའི་ལྟ་ཚུལ་འདྲ་མིན་དང་དབྱེ་ཞིབ་བྱེད་སྟངས་སྣ་ཚོགས་ཁོ་ཚོའི་ཚིག་གི་བརྗོད་པའི་མངོན་ཤུགས་གང་རུང་དུ་མཆེད་ཀྱིན་ཡོད། ལྷག་པར། ལོ་རྒྱུས་བསྟན་བཅོས་ཀྱི་ནང་དོན་བཀོད་སྒྲིག་དང་སྒྲིག་གཞིའི་གཙོ་ཕལ་དབྱེ་སྟངས་ལས། རྩོམ་པ་པོ་སོ་སོའི་སྤྱིར་བཏང་གི་ལོ་རྒྱུས་ཕྱིར་རྟོག་གི་བསམ་གཞིག་མཐོང་ཐུབ་པ་ཡིན།
             དེ་ཡང་ས་ཕག་རིན་གཙང་སྐབས་ལ་བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ཆེན་པོ་ཞིག་གཞི་ནས་རྫོགས་ཚར་བ་དང་། བོད་མི་དག་གི་སྣང་ངོར་འཆར་བའི་“རྫོགས་ལྡན་དུས་”ཀྱི་ཆོས་ལྡན་རྒྱལ་རབས་སམ་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བར་མ་ཟད་རྩ་སྟོངས་སུ་ཕྱིན་ཚར་བར་བརྟེན། དུས་རིམ་དེར་ཇི་ལྟར་གདེང་འཇོག་བྱེད་རྒྱུ་དང་དེ་ཉིད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་འདྲ་ཞིག་གི་ནང་བཞག་ནས་འབྲི་རྒྱུ། དེ་ལ་ངོས་འཛིན་ཇི་ལྟར་བྱེད་རྒྱུ་སོགས་ནི་སྐབས་དེའི་ལོ་རྒྱུས་སྨྲ་བ་དག་གི་འགན་ཁུར་རམ་བརྗོད་གཞིར་གྱུར་ཡོད། དེར་བརྟེན། དུས་དེའི་ལོ་རྒྱུས་རྩོམ་འབྲི་བ་སོ་སོས་རང་རང་གི་ལངས་ཕྱོགས་དང་ཆོས་ལུགས་གྲུབ་མཐའི་ལྟ་དགོངས་ལ་གཞི་བྱས་ཏེ་ཡར་སྔོན་གྱི་ལོ་རྒྱུས་ལ་ཕྱིར་རྟོག་རང་བཞིན་གྱི་བསམ་གཞིགས་བཏང་ཡོད་པ་དང་། བསམ་གཞིག་དེས་ཏག་ཏག་སྐབས་དེའི་ལོ་རྒྱུས་སྨྲ་བའི་ལྟ་དགོངས་མཚོན་བཞིན་ཡོད། དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་ཆ་གན་དབང་ཕྱུག་རྒྱལ་མཚན་པའི་《བོད་ཀྱི་རྒྱལ་རབས་ལོ་རྒྱུས་》③ལྟ་བུར་མཚོན་ན། སྤྱིར་བསྟན་བཅོས་འདི་རྒྱལ་རབས་ལོ་རྒྱུས་ཀྱི་གྲས་སུ་འཇོག་དགོས་པ་ཡིན་རུང་། ནང་དོན་སྒྲིག་གཞིའི་ཆ་ནས་རྒྱལ་རབས་ཆིག་རྐྱང་བ་ཞིག་ཏུའང་མི་འདུག་པར། བསྟན་པ་སྔ་ཕྱི་ཇི་ལྟར་རྒུད་ཅིང་འཕེལ་བའི་སྐོར་གཞིར་བཞག་གིས་བྲིས་ཡོད་པ་དང་། སྤྲེལ་རྒྱལ་ཧ་ནུ་མན་ཐ་ལས་བོད་མི་མཆེད་ཚུལ་ནས། ལྷ་བླ་མ་ཡེ་ཤེས་འོད་སྔ་ཕྱིའི་བཙན་པོ་རིམ་བྱུང་བར་གྱི་ལོ་རྒྱུས་ཞིབ་བརྗོད་བྱེད་སྐབས་རྩོམ་པ་པོས་རྒྱལ་རབས་ལ་ནང་བསྟན་ཆོས་ལུགས་ལོ་རྒྱུས་མིག་དབང་གིས་ཚད་འཇལ་བྱས་པའི་ཆ་མངོན་གསལ་དུ་མཐོང་ཐུབ།
             སྐབས་དེའི་ལོ་རྒྱུས་སྨྲ་བ་དག་གི་ཐུན་མོང་གི་སྣང་ངོར། འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ནི་ངེས་པར་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ལྟ་བའི་ཁྱབ་ཁོངས་སུ་བཞག་ནས་འབྲི་དགོས་རྒྱུ་ཞིག་ཏུ་བསམ་ཡོད་ལ། དེར་དོགས་སློང་དང་དགག་པ་རྒྱག་མཁན་གཏན་ནས་བྱུང་མྱོང་མེད། འབྲི་བྱའི་བོད་ལ་མཚོན་ནས་བཤད་ནའང་། དེ་ཉིད་ཐོག་མར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་ངོས་འཛིན་པ་ཐུན་མོང་གི་ལྟ་ཚུལ་ལགས་ཤིང་། དེ་ཡང་བོད་མིའི་འགྲོ་བ་བྱུང་དུས་ནས་དེ་དང་འབྲེལ་བ་ཡོད་པར་བལྟ་བ་དང་།ནང་ཆོས་མ་དར་བའི་བོད་ནི་“ཀླ་ཀློའི་ཞིང་ཁམས་”ཡིན་པའི་འདོད་ཚུལ་བྱུང་བ་དང་བསྟུན། བོད་ནི་རྒྱ་གར་ལས་ཞན་ཐག་ཆོད་ཀྱི་སྡོམ་ཚིག་བྱུང་ཞིང་རང་ཉིད་དམན་པར་འཛིན་པའི་ལོ་རྒྱུས་ལྟ་བའང་ཞར་ལ་བྱུང་། འདི་ནི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ངོས་འཛིན་དང་ལྟ་ཚུལ་ལ་མི་འདྲ་བའི་ཆ་ཡིན།
             གཞན་ཡང་། དུས་སྐབས་འདིའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་སྔོན་གྱི་ལོ་རྒྱུས་ལ་ཕྱིར་རྟོག་གནང་སྐབས་ཉིས་འགལ་ཅན་དུ་སོང་བའི་རྣམ་པ་མཐོང་ཐུབ་སྟེ། ཕྱོགས་གཅིག་ནས་ཁོ་ཚོས་བོད་ལ་བོད་བཙན་པོའི་རྒྱལ་རབས་ལྟ་བུའི་གཟི་འོད་འབར་བའི་ལོ་རྒྱུས་བྱུང་བར་ཅུང་ཟད་ཡིད་ཚིམས་པའི་རྣམ་འགྱུར་གྱིས་གདེང་འཇོག་ཆེན་པོ་གནང་གི་ཡོད་པས། དེ་ནི་ནམ་ཡང་ཕྱིར་ཡོང་མེད་པའི་དུས་སྐབས་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས། ཁྱད་པར་ཅན་གྱི་དུས་སྐབས་དེ་ཆོས་ལུགས་ལོ་རྒྱུས་ཀྱི་ལྟ་བས་ཚད་འཇལ་སྐབས། རྒྱ་གར་གྱི་ཆོས་ལུགས་ལོ་རྒྱུས་ཀྱི་འཕྲོ་མཐུད་ལྟ་བུར་ངོས་འཛིན་མི་བྱེད་ཐུ་མེད་ཀྱི་གནས་ཚུལ་བྱུང་བ་རེད། རྒྱུ་རྐྱེན་དེའི་དབང་གིས། སྐབས་དེའི་ལོ་རྒྱུས་བསྟན་བཅོས་འགའ་ཤས་སུ་སྔ་མ་ཤུགས་ཆེར་སྟོན་ཞིང་ཕྱི་མ་ལྷན་ཐབས་ཀྱིས་འབྲི་བ་ཡིན་ལ། ཁ་ཤས་སུ་ཕྱི་མ་རྒྱ་ཆེར་བསྒྲགས་ཏེ་སྔ་མ་འཁོས་ཆུང་གིས་འབྲི་བའི་རྣམ་པ་བྱུང་བ་ཡིན་ཞིང་། དེའང་མདོར་དེད་ན་བོད་མི་ལོ་རྒྱུས་སྨྲ་བ་དག་གི་ཕྱིར་རྟོག་གི་བློ་ཉིས་འགལ་མར་ཐུག་པ་ཡིན་ནོ།། ལྷག་པར་ས་ཕག་རིན་གཙང་དུས་མཇུག་གི་ལོ་རྒྱུས་རྩོམ་མཁན་ཚོས་དུས་རབས་བཅུ་གསུམ་པའི་རྗེས་ཀྱི་“ཉེ་རབས་”ལོ་རྒྱུས་ལ་ཕྱིར་རྟོག་བྱེད་སྐབས། ཧོར་དང་ཏའི་མིང་གོང་མའི་ལོ་རྒྱུས་གུས་བརྩིས་འབྲི་བའི་སྲོལ་བྱུང་འདུག་ལ། སྲོལ་འདི་དགའ་ལྡན་ཕོ་བྲང་བའི་སྐབས་བར་རྒྱུན་མཐུད་ཅིང་དེ་ནས་མུ་མཐུད་འཕེལ་རྒྱས་ཕྱིན་པ་ལས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཕལ་ཆེ་བས་བོད་ཀྱི་འདས་ཟིན་པའི་སྲིད་དོན་ལོ་རྒྱུས་ནི་བཙན་པོའི་རྒྱལ་རབས་ཙམ་མ་གཏོགས་དངོས་ཟིན་དུ་འབྲི་རྒྱུ་མེད་པ་ཆགས་པ་དང་། བསྟན་པ་ཕྱི་དར་རྗེས་ཀྱི་ལོ་རྒྱུས་ནི་ཆོས་ལུགས་ལོ་རྒྱུས་ཁོ་ནར་གྱུར་པའི་གནས་ཚུལ་འདི་བྱུང་།
             བདུན། ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པའི་གནས་སྟངས་ཀྱི་སྤྱིའི་ཁྱད་ཆོས། ས་ཕག་རིན་གཙང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་གཞུང་འཕེལ་རྒྱས་ཀྱི་ཚུལ་ནི་གོང་སྨོས་ལྟར་དང་། དེར་ཡང་རང་སྟེང་གི་ཁྱད་ཆོས་མངོན་གསལ་བ་འགའ་ཡོད་པ་འཆད་པར་བྱ་བ་ལ།
             1.ལུས་མི་འདྲ་བའི་ལོ་རྒྱུས་བསྟན་བཅོས་མང་དུ་བྱུང་བ།གོང་དུ་བསྟན་པ་བཞིན་ས་ཕག་རིན་གཙང་སྐབས་ལ་བོད་དུ་ལོ་རྒྱུས་བསྟན་བཅོས་འདྲ་མིན་མང་དུ་བྱུང་བ་ལས། སྔ་ཕྱིར་རྒྱལ་རབས་དང་དེབ་ཐེར། ཆོས་འབྱུང་སོགས་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པའི་གཞུང་དུ་བཤད་པའི་རྩོམ་ལུས་ཕུད། སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་དང་ཆེད་དོན་རང་བཞིན་གྱི་ལོ་རྒྱུས་བསྟན་བཅོས། མི་སྣའི་ལོ་རྒྱུས་བསྟན་བཅོས་ལྟ་བུའི་རིགས་ཀྱང་བྱུང་བ་དང་། དེ་དག་ལའང་བྱེ་བྲག་གི་རིགས་དབྱེ་བྱེད་ཆོག་པའི་བསྟན་བཅོས་གང་མང་ཐོན་པར་བརྟེན། དུས་སྐབས་འདི་ནི་ལུས་མི་འདྲ་བའི་བསྟན་བཅོས་གང་འཚམ་བྱུང་བའི་ལོ་རྒྱུས་རིག་པའི་འཕེལ་རིམ་ཞིག་ཏུ་ངོས་བཟུང་ཆོག་སྙམ།
             2. ལོ་ཚིགས་རིག་པའི་ཁུངས་འདེད་རྩད་ཞིབ་རིགས་ལམ། བོད་ཀྱི་ལོ་རྒྱུས་རིག་གཞུང་ལས་ལོ་ཚིགས་བརྗོད་སྟངས་ལ་རིགས་གཉིས་ཡོད་དེ། གཅིག་ནི་སྟོན་པའི་འཁྲུངས་ལོར་འབྲེལ་བའི་ལོ་ཚིགས་རིག་པའི་མ་ལག་དང་། ཅིག་ཤོས་ནི་ལོ་རྟགས་སམ་ལོ་ཁམས་བཞིན་འགོད་པའི་ལོ་ཚིགས་རིག་པའི་མ་ལག་གོ། དེ་ལས་སྔ་མ་ནི་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་འདས་ལོ་ཚིགས་ནས་བརྩི་བའི་ལོ་ཚིགས་འགོད་སྲོལ་དེ་ཡིན་ལ། དེར་ཡང་བཤད་པ་མི་མཐུན་པ་འབྱུང་བས།བསྟན་བཅོས་སོ་སོས་གཞི་འཛིན་སའི་སྟོན་པའི་འཁྲུངས་འདས་ལོ་ཚིགས་གང་ཡིན་ལ་བལྟ་རྒྱུ་གལ་ཆེ་ཞིང་། ཕྱི་མ་ནི།ཏུན་ཧོང་ཡིག་ཚང་ཁག་དུ་སྤྱོད་པའི་ལོ་ཚིགས་ལྟ་བུ་ཡིན་ལ།དེའང་ཕྱིས་སུ་དུས་འཁོར་བོད་དུ་དར་བ་ནས་རབ་ལོ་བཞིན་སྤྱོད་པ་ཤུགས་ཆེར་འཕེལ་བ་རེད། ལོ་རྟགས་བཞིན་ལོ་ཚིགས་འགོད་པའི་སྲོལ་འདི་སིལ་བུའི་དུས་ལ་གཏེར་མ་སོགས་དར་བ་ནས་རེ་ཞིག་རྒྱུན་ཆད་པ་ལྟ་བུར་གནས་པ་དང་། ཚལ་པའི་《དེབ་དམར་》ནས་བཟུང་རྒྱུད་འཛིན་དང་སླར་གསོ་བྱས་པའི་རྣམ་པ་མཐོང་ཐུབ་ལ། འགོས་ལོའི་《དེབ་སྔོན་》དུ་ཆ་ཚང་བེད་སྤྱོད་བཏང་ཡོད། དེ་བས། ལོ་ཚིགས་རིག་པའི་བྱས་རྗེས་ཐད་ནས་བརྗོད་ན། 《དེབ་སྔོན་》གྱི་བྱས་རྗེས་གཞན་ལས་འབུར་དུ་ཐོན་པར་སྨྲས་ཆོག
             3.དགོན་སྡེའི་ལོ་རྒྱུས་རིག་གཞུང་གཞི་གྲུབ་པ། བསྟན་པ་ཕྱི་དར་ནས་བཟུང་བོད་ལ་དགོན་སྡེ་འདྲ་མིན་དུ་མ་བྱུང་བ་ཡིན་ཞིང་། ལྷག་པར་ཆོས་ལུགས་གྲུབ་མཐའ་མང་དུ་འཕེལ་བ་དང་། དེ་དག་སོ་སོ་རང་ལ་གཏོགས་པའི་དགོན་སྡེ་ནི་ཇི་སྙེད་པ་ཞིག་བྱུང་སྟེ། ཡུལ་ལུང་རེ་ལ་སོ་སོའི་ཆོས་ལུགས་བྱ་འགུལ་སྤེལ་སའི་ལྟེ་གནས་དགོན་པ་རེ་ངེས་པར་ཡོད་པའི་ཚད་ལ་བསླེབས། ས་ཕག་རིན་གཙང་སྐབས་ལ་ཐོན་དུས། དགེ་ལུགས་པའི་དགོན་སྡེ་མང་པོ་གསར་དུ་འཛུགས་གཉེར་བྱེད་བཞིན་པ་ཕུད་ཆོས་ལུགས་གྲུབ་མཐའ་གཞན་དག་གི་དགོན་སྡེ་ནི་ཧ་ལམ་བྱུང་ཚར་བ་དང་། ས་སྐྱ་པ་དང་ཕག་མོ་གྲུ་པ་ལྟ་བུར་མཚོན་ན་སྟོབས་དང་རྒྱ་ཁྱོན་གང་ཐད་ནས་གཏོས་ཆེ་བའི་དགོན་སྡེ་ཡོད་པར་གྱུར་སྟབས།དགོན་སྡེ་འདི་དག་བོད་ཀྱི་རིག་གནས་ཀྱི་ལྟེ་བར་གྱུར་པ་ཡིན་ལ། བོད་ཀྱི་ལོ་རྒྱུས་བསྟན་བཅོས་སྣ་ཚོགས་ཀྱང་དགོན་སྡེ་འདི་དག་ལས་བྱུང་བ་ཡིན། དེར་བརྟེན། སྐབས་འདིར་བོད་ཀྱི་དགོན་སྡེའི་ལོ་རྒྱུས་རིག་གཞུང་ཅུང་ཆ་ཚང་བ་ཞིག་གཞི་གྲུབ་པ་ཡིན་ཞིང་། དགོན་སྡེ་ཞེས་པའི་ཆོས་ལུགས་ཀྱི་ལྟེ་བར་གྱུར་པའི་ཚུལ་ལས་འཕྲོས་ཏེ་ལོ་རྒྱུས་འཆད་ཅིང་ལོ་རྒྱུས་འབྲི་བའི་སྲོལ་ཀ་ངང་ངམ་ཤུགས་ཀྱིས་འཕེལ། འདི་ནི་བོད་ཀྱི་ཆོས་ལུགས་རིག་གནས་འཕེལ་རྒྱས་སོང་བའི་འབྲས་བུ་ཡིན་ལ། བོད་ཀྱི་ལོ་རྒྱུས་རིག་པ་དགོན་སྡེའི་ཤེས་ཡོན་པའི་སྡེ་ནས་སྒེར་བདག་བྱས་པའི་འབྲས་བུའང་རེད། སྤྱིར་བཏང་དགོན་སྡེ་མི་འདྲ་བ་ལས་ཐོན་པའི་ལོ་རྒྱུས་བསྟན་བཅོས་ལ་རྒྱུ་ཆ་འདོར་ལེན་བྱེད་སྟངས་དང་དོན་རྐྱེན་ཞིབ་བརྗོད་བྱེད་སྟངས། སྒྲིག་གཞི་འགོད་སྟངས། ལོ་ཚིགས་གཞིར་འཛིན་སྟངས། ལོ་རྒྱུས་ངོས་འཛིན་བྱེད་སྟངས། དུས་རིམ་དགར་སྟངས་སོགས་ཐད་ནས་རང་རང་གི་ཁྱད་ཆོས་ཡོད་པ་ཡིན་རུང་། ལོ་རྒྱུས་རིན་ཐང་ལྟ་བའི་ཐད་ནས་དགོན་སྡེའི་ལོ་རྒྱུས་རིག་གཞུང་ལ་ཐུན་མོང་གི་ཁྱད་ཆོས་མཆིས་པ་སྟེ། དེ་ནི་ཆོས་ལུགས་ལོ་རྒྱུས་སྨྲ་བའི་ལྟ་བས་ལོ་རྒྱུས་ལ་ཚད་འཇལ་ཅིང་ལོ་རྒྱུས་བརྗོད་པ་དེའོ།།
             4.ཡིག་ཚང་དཀར་ཆག་རིག་པའི་བཀོལ་སྤྱོད་འདུ་ཤེས།ཡིག་ཚང་གི་དཀར་ཆག་རིག་པ་ནི་ལོ་རྒྱུས་རིག་པར་དམ་དུ་འབྲེལ་བའི་རིག་གཞུང་གི་ལེ་ལག་ཡིན་པ་དང་། རིག་ཚན་འདི་དག་འཕེལ་རྒྱས་སོང་བའི་ཚད་ལས་ལོ་རྒྱུས་རིག་གཞུང་གི་འཕེལ་རྒྱས་མཚོན་ཐུབ་པ་ཡིན། བོད་ལ་ཡིག་ཚང་གི་དཀར་ཆག་དབྱེ་བའི་སྲོལ་འདི་བཙན་པོའི་རྒྱལ་རབས་དུས་སྐབས་ནས་བྱུང་ཡོད་ལ། དེ་ཡང་གཙོ་བོ་ནང་བསྟན་ཡིག་ཆ་དག་ལ་དམིགས་ནས་མཛད་པ་ཞིག་སྟེ་《དཀར་ཆག་མཆིམས་ཕུ་མ་》དང་《དཀར་ཆག་ལྡན་དཀར་མ》 《དཀར་ཆག་འཕང་མཐིང་མ་》ལྟ་བུའོ།། ཕྱིས་སུ། ནང་བསྟན་ལ་འབྲེལ་བའི་བསྟན་བཅོས་མང་དུ་འཕེལ་བ་དང་བསྟུན་ནས། སིལ་བུའི་དུས་མཇུག་དང་ས་ཕག་རིན་གཙང་སྐབས་ལ་བཀའ་འགྱུར་དང་བསྟན་འགྱུར་སྐོར་གྱི་དཀར་ཆག་དབྱེ་སྲོལ་དུ་མ་རིམ་གྱིས་བྱུང་། དཀར་ཆག་དབྱེ་སྲོལ་འདི་རིགས་བོད་ཀྱི་ལོ་རྒྱུས་རིག་པར་ཐད་ཀར་འབྲེལ་བ་ཞིག་མ་ལགས་ཀྱང་། དེའི་ཁྲོད་ལོ་རྒྱུས་རིག་གཞུང་ལ་འབྲེལ་བའི་དཀར་ཆག་དབྱེ་སྟངས་ཡོད་པ་རེད། སྐབས་དེའི་སྤྱིར་བཏང་གི་དབྱེ་སྲོལ་ནི། ལོ་རྒྱུས་བསྟན་བཅོས་ཁག་“རྣམ་ཐར་”དང་“ཆོས་འབྱུང་”གཉིས་སུ་ཚུད་པར་བྱེད་པ་དེ་ཡིན་ལ། འདི་ཉིད་ཕྱིས་སུ་འཕེལ་རྒྱས་ཕྱིན་ཏེ་“ལོ་རྒྱུས་”དང་“རྣམ་ཐར་”ཞེས་པའི་རིགས་གཉིས་སུ་གྱུར།④དོན་དངོས་སྟེང་། སྐབས་དེར་རྣམ་ཐར་དང་ཆོས་འབྱུང་ཕུད། རྒྱལ་རབས་ཀྱང་རིགས་གཅིག་ལ་བཞག་ནས་འགོད་པ་ཡིན། བསྟན་བཅོས་བྱེ་བྲག་པ་དང་ལྷག་པར་སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་བྱེ་བྲག་པར་མཚོན་ན། དེ་དག་ཏུ་རྣམ་པ་འདྲ་མིན་གྱི་ལོ་རྒྱུས་ནང་དོན་འགོད་སྐབས་ཡིག་ཚང་གི་རིགས་གང་ལ་གཏོགས་ཚུལ་ཁ་གསལ་ངང་བཀོད་མེད་ནའང་། ལག་ལེན་ལས་གསལ་སྟོན་བྱས་ཡོད་པར་འདོད་ཅིང་། བསྟན་བཅོས་དེ་དག་ཏུ་བྱུང་བའི་རྒྱལ་རབས་ལོ་རྒྱུས་དང་ཆོས་བརྒྱུད་ལོ་རྒྱུས། དགོན་སྡེའི་ལོ་རྒྱུས། གདུང་རབས་ལོ་རྒྱུས། གདན་རབས་ལོ་རྒྱུས། རེའུ་མིག་སོགས་ནི་དོན་ལ་ཡིག་ཚང་གི་དཀར་ཆག་རིག་པའི་ངོས་ནས་དགར་བའི་འབྲས་བུ་ཡིན་པར་ཆ་འཇོག་བྱེད་རུང་།
གཉིས་པ། དགའ་ལྡན་ཕོ་བྲང་བའི་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་རིག་པ།
             དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ། མན་ཆིང་གོང་མའི་སྲིད་གཞུང་དབུ་བརྙེས་ཤིང་། བོད་དུ་གཞུང་ས་དགའ་ལྡན་ཕོ་བྲང་བའི་སྲིད་དབང་བྱུང་བས། བོད་ཀྱི་ལོ་རྒྱུས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས། ཆབ་སྲིད་ཐད་ནས་དགའ་ལྡན་ཕོ་བྲང་བའི་ཅུང་ནུས་ལྡན་གྱི་སྲིད་དབང་བྱུང་བ་ནི་ལྟོས་བཅས་ཀྱིས་འཕེལ་རྒྱས་སུ་བཤད་ཆོག་མོད།དེ་ཉིད་དགེ་ལུགས་པའི་གྲུབ་མཐའ་འབའ་ཞིག་ལ་བརྟེན་ཞིང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་ཞུགས་པའི་དབང་གིས།སྲིད་དོན་དང་རིག་གནས་ཉིས་ཐད་ནས་གུ་དོག་གི་འགག་རྒྱར་ཚུད་པ་ཞིག་རེད།
             དུས་སྐབས་འདི་ནི་དགེ་ལུགས་པའི་དགོན་སྡེ་གྲུབ་མཐའ་སྔར་མེད་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་ཡིན་པས། བོད་ཀྱི་ཤེས་ཡོན་པའི་སྡེ་ཧ་ལམ་དགེ་ལུགས་པའི་གྲུབ་མཐར་མོས་མཁན་དག་ཡིན་པ་ལྟ་བུ་ཆགས་པ་དང་། མཁས་པའི་གྲལ་དུ་ཚུད་པའང་དགེ་ལུགས་པ་ལས་མང་བ་མ་མཆིས་ཤིང་། ལོ་རྒྱུས་རིག་པའང་དགེ་ལུགས་པའི་གྲུབ་མཐའི་མཁས་པ་ཚོས་སྒེར་སྡེམ་ལྟ་བུ་བྱས་ཡོད་པ་རེད། དཔེར་ན་རྒྱལ་དབང་ལྔ་བའི་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་། སྡེ་སྲིད་སངས་རྒྱམ་པའི་《བཻ་སེར》 སུམ་པ་མཁན་ཆེན་གྱི་《ཆོས་འབྱུང་དཔག་བསམ་ལྗོན་བཟང》 ཐུའུ་བཀྭན་སྤྲུལ་སྐུའི་《ཐུའུ་བཀྭན་གྲུབ་མཐའ》 བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《མདོ་སྨད་ཆོས་འབྱུང》 འབྲུག་རྒྱལ་དབང་ཆོས་རྗེའི་《རྗེ་ཙོང་ཁ་པའི་རྣམ་ཐར》 བཙན་པོ་སྐུ་ཕྲེང་བཞི་བའི་《འཛམ་གླིང་རྒྱས་བཤད》 ངག་དབང་མཁྱེན་རབ་ཀྱི་《མུ་ལི་ཆོས་འབྱུང》 མདོ་མཁར་བའི་《བཀའ་བློན་རྟོགས་བརྗོད》བསྟན་འཛིན་དཔལ་འབྱོར་གྱི་《རྡོ་རིང་པཎྜི་ཏའི་རྣམ་ཐར་》ལྟ་བུ་གྲགས་ཆེ་བ་ཕལ་ཆེར་དགེ་ལུགས་པའི་གྲུབ་མཐའི་མཁས་པ་དག་གིས་མཛད་པ་ཡིན་པས་ཤེས་སོ།། འོན་ཀྱང་འདིས་སྐབས་དེར་གྲུབ་མཐའ་གཞན་གྱི་མཁས་པས་མཛད་པའི་ལོ་རྒྱུས་བསྟན་བཅོས་མེད་པར་ཡང་བཤད་མི་རུང་སྟེ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་《ལེགས་བཤད་རིན་པོ་ཆེའི་གཏེར་》དང་། འབྲི་གུང་བསྟན་འཛིན་པདྨ རྒྱལ་མཚན་པའི་《འབྲི་གུང་གདན་རབས་》ལྟ་བུ་གྲུབ་མཐའ་གཞན་གྱི་མཁས་པས་མཛད་པའང་མི་ཉུང་ཙམ་མཆིས།
             འཕྲེད་གཞུང་གང་ཐད་ནས་བལྟས་རུང་། དགའ་ལྡན་ཕོ་བྲང་བའི་དུས་ནི་བོད་ཀྱི་ལོ་རྒྱུས་རིག་པའི་མ་ལག་ཆ་ཚང་གྲུབ་ཟིན་པའི་དུས་རིམ་ཞིག་ཏུ་དཔག་ཆོག་པ་དང་། བོད་ཀྱི་ལོ་རྒྱུས་རིག་གཞུང་གི་ལེ་ལག་ཡོད་ཚད་སྐབས་འདི་ལ་གཏན་འཇགས་ཅན་དང་གོ་རིམ་ཅན་དུ་སོང་བ་ཡིན། ལོ་རྒྱུས་བསྟན་བཅོས་ཀྱི་ལུས་དང་རིགས་ཀྱི་ཆ་ནས་བརྗོད་ནའང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལྟ་བུའི་རྒྱལ་རབས་ལོ་རྒྱུས་དང་། 《དཔག་བསམ་རིན་པོ་ཆེའི་སྙེ་མ་》ལྟ་བུའི་ཆོས་ལུགས་མི་སྣའི་ལོ་རྒྱུས། 《བཀའ་བློན་རྟོགས་བརྗོད་》ལྟ་བུའི་རྟེན་ཁྱིམ་པ་བའི་མི་སྣའི་ལོ་རྒྱུས། 《དུ་ཀཱུལའི་གོས་བཟང་》ལྟ་བུའི་མི་སྣའི་རང་རྣམ་ལོ་རྒྱུས།《དཔག་བསམ་ལྗོན་བཟང་》ལྟ་བུའི་ཆོས་འབྱུང་ལོ་རྒྱུས།《བཻ་སེར་》ལྟ་བུའི་ཆེད་དོན་ཆོས་འབྱུང་ལོ་རྒྱུས། 《ཐུའུ་བཀྭན་གྲུབ་མཐའ་》ལྟ་བུའི་གྲུབ་མཐའི་ལོ་རྒྱུས། 《བསམ་ཡས་དཀར་ཆག་ཆེན་མོ་》ལྟ་བུའི་དཀར་ཆག་ལོ་རྒྱུས།《དབུས་གཙང་གནས་ཡིག་》ལྟ་བུའི་གནས་ཡིག་ལོ་རྒྱུས།《མདོ་སྨད་ཆོས་འབྱུང་》ལྟ་བུའི་ས་གནས་ལོ་རྒྱུས། 《འབྲི་གུང་གདན་རབས་》ལྟ་བུའི་གདན་རབས་ལོ་རྒྱུས། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལྟ་བུའི་བོན་གྱི་ཆོས་འབྱུང་ལོ་རྒྱུས། 《ཞ་ལུ་སྐུ་ཞང་གདུང་རྒྱུད་》ལྟ་བུའི་གདུང་རབས་ལོ་རྒྱུས། 《རྒྱ་གར་ལམ་ཡིག་》ལྟ་བུའི་ལམ་ཡིག་ལོ་རྒྱུས་སོགས་ཇི་སྙེད་ཅིག་བྱུང་ཡོད་ལ། གཞན་རེའུ་མིག་དང་བསྟན་རྩིས་ལུས་ཀྱི་ལོ་རྒྱུས་འབྲི་སྟངས་ཀྱང་བྱུང་ཡོད། དེ་བས། དགའ་ལྡན་ཕོ་བྲང་བའི་དུས་ཀྱི་ལོ་རྒྱུས་རིག་པའི་ཁྱད་ཆོས་གཙོ་བོ་ནི། ལོ་རྒྱུས་བསྟན་བཅོས་ཀྱི་རྩོམ་ལུས་སྣ་མང་ཅན་དུ་ཕྱོགས་པ་དང་། ས་གནས་རང་བཞིན་གྱི་ལོ་རྒྱུས་བསྟན་བཅོས་མང་དུ་འཕེལ་བ། ལོ་རྒྱུས་རྩོམ་མཁན་ལ་རྟེན་སྐྱ་བོའི་ལུས་ཅན་བྱུང་བ། མི་རིགས་གཞན་གྱི་མིས་བོད་ཀྱི་ལོ་རྒྱུས་རྩོམ་པ།⑤ ལོ་རྒྱུས་རིག་གཞུང་སྐོར་ལ་རང་ཉིད་ཀྱི་ལྟ་བ་བརྗོད་པ། བོད་ཀྱི་ལོ་རྒྱུས་རིག་གཞུང་གི་སྤྱིའི་མ་ལག་ཆགས་ཟིན་པ་སོགས་ཡིན་ནོ།།
             གཅིག བབ་བསྟུན་དཔྱད་བརྗོད་སྤེལ་བའི་ལོ་རྒྱུས་རྩོམ་སྟངས། བོད་ཀྱི་ལོ་རྒྱུས་རིག་པ་སྤྱིའི་འཕེལ་རིམ་ལོ་རྒྱུས་ལས། ལོ་རྒྱུས་བསྟན་བཅོས་དང་ལོ་རྒྱུས་མི་སྣ། ལོ་རྒྱུས་སྣང་ཚུལ་སོགས་ལ་ཆེད་དུ་དཔྱད་པ་སྤེལ་བའི་ཆེད་དོན་རང་བཞིན་གྱི་བརྩམས་ཆོས་ནི་ཉི་མོའི་སྐར་མའི་རྗེས་སུ་སོང་བ་དང་། ལོ་རྒྱུས་གཞུང་ལུགས་སྐོར་ལ་ཞིབ་འཇུག་དཔྱད་པ་བཏང་བའི་བསྟན་བཅོས་ཀྱང་གཅིག་ཀྱང་མེད་པས། སྤྱི་བབ་ནས་བལྟས་ན་ལག་ལེན་ལས་གཞུང་ལུགས་མེད་པའི་སྣང་བ་སྟེར། འོན་ཀྱང་། ཆེད་དོན་ཞིབ་འཇུག་དང་དེབ་གཟུགས་རྐྱང་བའི་རྣམ་པས་བྲིས་པའི་ཞིབ་འཇུག་དཔྱད་པ་བརྗོད་པའི་བསྟན་བཅོས་མེད་པ་འདིས་བོད་ལ་ལོ་རྒྱུས་རིག་གཞུང་སྐོར་གྱི་དཔྱད་འབྲས་གཅིག་ཀྱང་མེད་པར་བརྗོད་མི་བཏུབ་སྟེ། སྔོན་གྱི་ལོ་རྒྱུས་སྨྲ་བ་དག་གིས་རང་རང་གི་ལོ་རྒྱུས་མཚོན་པའི་བསྟན་བཅོས་མི་འདྲ་བར་དེ་ལ་དེ་འཚམ་གྱིས་རང་ལུགས་བརྗོད་པའི་ལོ་རྒྱུས་དཔྱད་པ་སྣ་ཚོགས་སྤེལ་ཡོད་པ་དང་། དེའང་ཚིག་དུམ་གྱི་ཚུལ་གྱིས་ཐོན་པ་ཡིན་འདུག སྣང་ཚུལ་འདི་ལ་དེང་གི་བོད་ཀྱི་ལོ་རྒྱུས་རིག་པའི་ཉམས་ཞིབ་པ་མང་པོས་སྣང་འཇོག་ཆེར་མ་བྱས་པར་བོད་ལ་ལོ་རྒྱུས་དཔྱད་བརྗོད་ཀྱི་སྲོལ་ལུགས་མེད་པར་བརྗོད་པ་མང་ལ། བསྟན་བཅོས་སྤྱི་བབ་ནས་ལོ་རྒྱུས་དཔྱད་བརྗོད་སྐོར་འཚོལ་བ་ལས་བྱེ་བྲག་ནང་དོན་དངོས་གཞི་ལས་ལོ་རྒྱུས་སྨྲ་བའི་ལོ་རྒྱུས་དཔྱད་བརྗོད་ཀྱི་དགོངས་པ་དང་ལྟ་ཚུལ་འཚོལ་མཁན་ཧ་ལམ་བྱུང་མེད།
             བརྗོད་པར་བྱ་བའི་བྱེ་བྲག་གི་ནང་དོན་སྣ་ཚོགས་ལ་ཚིག་སྣ་ཐུང་ངུས་དཔྱད་པ་བརྗོད་པའི་ཚུལ་འདི་ལ་ཁོ་བོས་“བབ་བསྟུན་དཔྱད་བརྗོད་”ཅེས་མིང་བཏགས་པ་ཡིན་ཞིང་། དེ་ཡང་བརྗོད་བྱའི་ཚུལ་བབ་ལ་དཔག་སྟེ་དཔྱད་པ་བརྗོད་པ་དེར་ཟེར། བབ་བསྟུན་དཔྱད་བརྗོད་ཀྱི་རིགས་འདི་དགའ་ལྡན་ཕོ་བྲང་སྔ་རོལ་གྱི་ལོ་རྒྱུས་བསྟན་བཅོས་ལའང་མང་དུ་བྱུང་བ་ཡིན་མོད། དུས་སྐབས་འདིའི་ལོ་རྒྱུས་བསྟན་བཅོས་སྣ་ཚོགས་ལ་མཇལ་ན། བབ་བསྟུན་དཔྱད་བརྗོད་སྤེལ་བའི་གནས་ཚུལ་རྒྱུན་འབྱམས་སུ་གྱུར་འདུག་ཅིང་། ལོ་རྒྱུས་མི་སྣ་དང་ལོ་རྒྱུས་ཡིག་ཚང་། ལོ་རྒྱུས་གནད་དོན། ལོ་རྒྱུས་སྣང་ཚུལ། ལོ་རྒྱུས་ལྟ་བ་སོགས་ལ་རྩོམ་མཁན་རང་རང་གི་དཔྱད་པ་སྔོན་དུ་སོང་བ་མང་། ཆེས་འཐུས་ཚབ་ཏུ་རུང་བ་ནི། ལྔ་པ་ཆེན་མོའི་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《མདོ་སྨད་ཆོས་འབྱུང་》ལྟ་བུ་ཡིན་ལ། བསྟན་བཅོས་འདི་འདྲ་བར་སྐབས་སྐབས་སུ་བབ་བསྟུན་གྱིས་བརྗོད་བྱའི་དོན་ལ་ལྟ་ཚུལ་རྒྱས་བསྡུས་ཅི་རིགས་ཀྱིས་དཔྱད་བརྗོད་གནང་བ་མཐོང་རྒྱུ་ཡོད།
             གཉིས། ལོ་རྒྱུས་ལྟ་དགོངས་ཀྱི་དུས་ཀྱི་རང་བཞིན་དང་ཁྱད་ཆོས། དགའ་ལྡན་ཕོ་བྲང་བའི་དུས་ནི་མན་ཆིང་གོང་མའི་སྲིད་གཞུང་གིས་བོད་ལ་འཇམ་འགུག་དབང་སྒྱུར་བྱེད་པའི་དུས་ཡིན་སྟབས། ལོ་རྒྱུས་སྨྲ་བ་ཚོས་ཀྱང་ལོ་རྒྱུས་ཀྱི་གནས་བབ་འདི་ངོས་ཟིན་ཡོད་ལ། ངོས་ཟིན་དེ་ལས་བརྩམས་པའི་ལོ་རྒྱུས་བསྟན་བཅོས་ཀྱི་ལྟ་དགོངས་ཀྱང་ཡིག་ཚང་འདྲ་མིན་ལས་མང་དུ་མཐོང་རྒྱུ་ཡོད། སྐབས་དེའི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་སྤྱིའི་ཁྱད་ཆོས་ནི། ཆེ་ས་ནས་བོད་ཀྱི་ལོ་རྒྱུས་ལ་ངོས་འཛིན་བྱས་ཡོད་པའི་སྟེང་། ཕྱོགས་ཡོངས་ནས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་བརྗོད་བྱས་ཡོད་པ་དང་། རང་འགུལ་སྒོས་བོད་དང་ཉེ་མཚེས་རྒྱལ་ཁག་དང་མན་ཆིང་གོང་མའི་སྲིད་གཞུང་བར་གྱི་འབྲེལ་བར་ངོས་འཛིན་བྱས་ཡོད་པ་དེ་རེད། འདི་ནི་སྐབས་དེའི་ལོ་རྒྱུས་ཡིག་ཚང་ཁག་ཏུ་“གོང་”དང་“པེ་ཅིང་གསེར་གྱི་རྒྱལ་ཁབ” “རྒྱལ་ཁབ་ཆེན་པོ” “གོང་མ་ཆེན་པོ་”ལྟ་བུའི་ཚིག་ཟིན་གྱིས་ཀྱང་རོབ་ཙམ་རྟོགས་ཐུབ་པ་ལྟར་རོ།།
             ལོ་རྒྱུས་རྒྱབ་ལྗོངས་འདི་འདྲ་བ་ཞིག་ལ་གཞི་བཅོལ་བའི་དབང་གིས། སྐབས་དེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་ལོ་རྒྱུས་དེ་གནས་བབ་ཅི་འདྲ་ཞིག་གི་ནང་བཞག་ནས་འབྲི་དགོས་པ་གསལ་པོར་རྟོགས་ཡོད་པ་དང་། སྤྱིར་བཏང་བོད་ཀྱི་ལོ་རྒྱུས་འབྲི་བར་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་རབས་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ལུགས་ལས་འཕྲོས་ཏེ་ནང་བསྟན་རྒྱ་གར་དུ་བྱུང་བའི་ལོ་རྒྱུས་བཤད་པའི་རྗེས་ལ། རིམ་པར་བོད་དུ་དར་བའི་ཚུལ་བརྗོད་པར་བོད་ཀྱི་འགྲོ་བ་མིའི་བྱུང་ལུགས་ནས་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་འབྲི་བ་ཡིན་ཞིང་། དེ་ནས་ས་ཕག་རིན་གཙང་ནས་དགའ་ལྡན་ཕོ་བྲང་བའི་བྱུང་རིམ་འགོད་པ་དང་། ཧོར་གྱི་རྒྱལ་རྒྱུད་དང་ཏའི་མིང་རྒྱལ་རབས་ཀྱི་གནས་ཚུལ་རོབ་ཙམ། མན་ཆིང་གོང་མའི་སྲིད་གཞུང་གི་ལོ་རྒྱུས་སོགས་ཀྱང་ཧ་ལམ་ཡིག་ཚང་ཕལ་ཆེ་བར་བརྗོད་ཡོད་པ་རེད། འདི་ལས་རྟོགས་ཐུབ་པ་ནི། སྐབས་འདིའི་ལོ་རྒྱུས་སྨྲ་བ་དག་གི་ལོ་རྒྱུས་ངོས་འཛིན་དང་དབྱེ་ཞིབ་ཀྱི་ནུས་པ་དེ་ཡིན་པ་སྟེ། ཁོ་ཚོས་བོད་ཀྱི་ལོ་རྒྱུས་དེ་དུས་རིམ་མི་འདྲ་བར་གནས་བབ་གང་འདྲ་ཞིག་ཏུ་བཞག་ནས་འཆད་དགོས་པ་གསལ་པོར་ཤེས་པ་དེ་རེད།མན་ཆིང་གོང་མའི་སྲིད་གཞུང་བརྗོད་པའི་སྐབས་ལ་ཡང་།ལོ་རྒྱུས་བསྟན་བཅོས་མང་ཆེ་བར་མཉྫུའི་རྒྱལ་ཁབ་ཅེས་མི་བརྗོད་པར་རྒྱ་ཡུལ་དང་རྒྱ་ནག་ཅེས་བརྗོད་པར་བྱེད་པ་དེས་ཀྱང་། དབང་བསྒྱུར་བྱེད་པོ་མཉྫུ་ཡིན་རུང་གཙོ་ཤུགས་རྒྱ་ནག་རིགས་ཀྱིས་འཁྱེར་བ་དེའི་ལོ་རྒྱུས་གནས་སྟངས་ལ་ངོས་འཛིན་གསལ་པོ་བྱས་པའི་འབྲས་བུ་ཡིན་ནོ་སྙམ།
             གསུམ། མི་སྣའི་ལོ་རྒྱུས་ཀྱི་གྲུབ་འབྲས་གསར་བ། དགའ་ལྡན་ཕོ་བྲང་བའི་སྐབས་ལ་སྔོན་གྱི་རྒྱུན་བཟུང་བའི་སྟེང་། མི་སྣའི་ལོ་རྒྱུས་སྐོར་གྱི་བསྟན་བཅོས་འབོར་ཆེན་ཞིག་བྱུང་ཡོད་པ་དང་། དེ་ལ་གྲངས་འབོར་མང་བ་དང་རིགས་སྣ་མང་བ། ཁྱབ་རྒྱ་ཆེ་བ། རྒྱུ་ཆ་འཛོམས་པ་བཅས་ཀྱི་ཁྱད་ཆོས་ལྡན།⑥དུས་སྐབས་འདིར་རྣམ་ཐར་དང་རྟོགས་བརྗོད་གཉིས་ཀྱི་ལམ་ནས་མི་སྣའི་ལོ་རྒྱུས་རྩོམ་པའི་སྲོལ་དར་ཆེ་བ་དང་།⑦རྣམ་ཐར་ལའང་རྣམ་ཐར་དངོས་གནས་པ་དང་རྣམ་ཐར་བཏགས་པ་བ་གཉིས་བྱུང་བ་སྟེ། དང་པོ་ལ་གཞན་གྱིས་བྲིས་པའི་གཞན་རྣམ་དང་རང་གིས་མཛད་པའི་རང་རྣམ། ཐུན་མིན་གྱི་མཛད་པ་གཙོ་བོར་མཛད་པའི་གསང་རྣམ་རིགས་གསུམ་དང་། གཉིས་པ་རྟོགས་བརྗོད་དང་ཆ་འདྲ་སྟེ་རྣམ་ཐར་གྱི་ངེས་ཚིག་མི་ཚང་ཡང་ཕལ་བ་དག་གི་ལོ་རྒྱུས་ལ་རྣམ་ཐར་ཞེས་མིང་བཏགས་པ་དེ་ཡིན་ལ། རྟོགས་བརྗོད་ནི་སྐབས་འདིར་འཇིག་རྟེན་ཁྱིམ་པ་བ་གྲགས་ཅན་གྱི་མི་སྣའི་ལོ་རྒྱུས་འབྲི་བར་སྤྱོད་སྒོ་ཆེ།⑧
             དགའ་ལྡན་ཕོ་བྲང་བའི་སྐབས་སུ་བྱུང་བའི་མི་སྣའི་ལོ་རྒྱུས་མཚོན་པའི་བསྟན་བཅོས་གྲགས་ཅན་ལ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་། 《མི་དབང་རྟོགས་བརྗོད》 《བཀའ་བློན་རྟོགས་བརྗོད》 《རྡོ་རིང་པཎྜི་ཏའི་རྣམ་ཐར》 《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》 《ཙོང་ཁ་པའི་རྣམ་ཐར་》ལྟ་བུ་ཡོད་ཅིང་། དགེ་ལུགས་པའི་དགོན་སྡེའི་བླ་སྤྲུལ་མཁས་པ་དག་གི་རྣམ་ཐར་གཏོས་ཆེ་བ་ཕུད། དགའ་ལྡན་ཕོ་བྲང་བའི་སྐབས་ལ་རྙིང་མ་བ་ལྟ་བུའི་གྲུབ་མཐའ་གཞན་གྱིས་ཀྱང་རང་ལུགས་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་འབྲི་བར་འབད་པ་ཆེན་པོ་བྱས་མྱོང་ཡོད་ལ། གྲུབ་མཐའ་གཞན་དག་མང་པོར་རང་རང་གི་དགོན་སྡེར་ཉར་ཚགས་བྱས་པའི་སྔོན་གྱི་མཁས་པའི་རྣམ་ཐར་འདྲ་མིན་མང་དུ་མཆིས། འདི་དག་གིས་དགའ་ལྡན་ཕོ་བྲང་བའི་སྐབས་ཀྱི་རྣམ་ཐར་ལུས་ཀྱི་ལོ་རྒྱུས་བསྟན་བཅོས་ཀྱི་མ་ལག་གྲུབ་ཡོད་ལ། གོང་དུ་ཞུས་པའི་རིགས་དབྱེ་ཡང་ཇེ་མང་དང་འཐུས་ཇེ་ཚང་དུ་ཕྱིན་ཡོད། 
             རྣམ་ཐར་གྱི་རྩོམ་འབྲིའི་ཆ་ནས། རྣམ་ཐར་རྩོམ་མཁན་དག་བརྗོད་བྱའི་མི་སྣ་དག་ལ་འདྲིས་ཆ་ཆེ་བའམ་དད་གུས་བྱེད་མཁན་ཁོ་ན་ཡིན་པའི་སྟབས་ཀྱིས། ཁོ་ཚོས་རྣམ་ཐར་འབྲི་སྐབས་གཟབ་ནན་གྱི་འབྲི་སྟངས་སྤྱད་ཡོད་པ་དང་།རྩོམ་རིག་གི་སྐད་ཆས་ཅུང་ཟད་སྒྲོ་འདོགས་པ་དང་མོས་གུས་ཀྱི་རྐྱེན་པས་འུད་བརྗོད་རེ་ཟུང་ཡང་བྱེད་པ་ཡིན་མོད།རྩ་བའི་ཆ་ནས་དངོས་དོན་ལྷུར་བླངས་ཀྱིས་མི་སྣའི་ལོ་རྒྱུས་བྲིས་ཡོད་པ་རེད། གཞན་རྣམ་ཐར་རྩོམ་མཁན་དག་གིས་རྒྱུ་ཆ་འཚོལ་སྡུད་དང་འདོར་ལེན་ལའང་དང་དོད་ཆེན་པོ་བྱེད་བཞིན་པ་རྣམ་ཐར་སོ་སོའི་སྦྱར་བྱང་དག་ལས་གསལ་པོར་མཐོང་ཐུབ་པ་དང་། བླ་ཆེན་མཁས་པ་དག་གི་གསན་ཡིག་དང་སློབ་བུ་དག་གིས་ཟིན་ཐོར་བཀོད་པའི་ཉིན་རྒྱུན་གྱི་མཛད་པ་ནི་རྣམ་ཐར་འབྲི་མཁན་གྱི་རྒྱུ་ཆ་གཙོ་བོར་གྱུར་ཡོད། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལྟ་བུར་ཆ་བཞག་ན། རྣམ་ཐར་དེ་དག་གི་ས་བོན་རྩོམ་མཁན་རང་ཉིད་ནས་འཚོལ་སྡུད་བྱས་པ་ཕུད། གཞུང་ས་དགའ་ལྡན་ཕོ་བྲང་དང་བཀྲས་ལྷུན་རང་ནས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་དུས་རྒྱུན་གྱི་འགྲོ་འཆག་ཉལ་འདུག་གི་རྣམ་པ་ཟིན་ཐོར་བཀོད་པའི་རྒྱུ་ཆ་དང་པོ་དག་རྒྱུ་ཆར་བཀོལ་བ་མཐོང་ཐུབ་ཅིང་། འདི་འདྲའི་རྣམ་ཐར་གྱི་ཡིད་རྟོན་རང་བཞིན་ནི་གཞན་ལས་ཧ་ཅང་ཆེའོ།།
             རྣམ་ཐར་ལུས་ཀྱི་ལོ་རྒྱུས་བསྟན་བཅོས་ཀྱི་འབྲི་སྲོལ་སྒྲིག་གཞི་ནི། ཁག་གསུམ་མ་ཡིན་པ་སྟེ་ཐོག་མར་འབྲི་ཡུལ་མི་སྣའི་སྔོན་གྱི་སྐྱེས་རབས་བརྗོད་པ་དང་། དེ་ནས་མི་སྣ་གང་དེའི་མི་ཚེ་གང་པོའི་མཛད་རྣམ་འབྲི་བ། མཐར་མྱ་ངན་ལས་འདས་པ་དང་དགོངས་རྫོགས་སྒྲུབ་ཚུལ་འབྲི་བ་བཅས་ཡིན་ལ། སྒྲིག་གཞི་འདི་ཧ་ལམ་རྣམ་ཐར་རྩོམ་ལུས་ཡོད་ཚད་ཀྱིས་རྒྱུན་བཟུང་ཡོད། གཞན་མི་སྣའི་ལོ་རྒྱུས་ཏེ་རྣམ་ཐར་ལུས་ཀྱི་ལོ་རྒྱུས་བསྟན་བཅོས་དག་ནི་མི་སྣ་ག་གེ་མོའི་མི་ཚེ་གང་བོའི་རིག་གཞུང་གི་ལོ་རྒྱུས་བརྗོད་པ་ཞིག་ལགས་པས། དོན་ལ་མི་སྣའི་རིག་གཞུང་ལོ་རྒྱུས་སུ་བཤད་རུང་མི་ཆོག་པ་མེད་ཅིང་། འདིའི་ཆ་ནས་དཔྱད་ན། བོད་ཀྱི་རྣམ་ཐར་ལུས་ཀྱི་བསྟན་བཅོས་དག་ནི་རིག་གཞུང་ལོ་རྒྱུས་སྟེང་གི་མི་སྣའི་མཛད་འཕྲིན་ལ་དཔྱོད་པའི་ཁྱད་པར་ཅན་གྱི་ཡིག་ཆ་ཞེ་གཅིག་ཡིན་པ་རེད།
             རྣམ་ཐར་ལུས་ཀྱི་ལོ་རྒྱུས་བསྟན་བཅོས་མང་དུ་འཕེལ་བ་ལས། རྣམ་ཐར་ལུས་ཀྱི་ལོ་རྒྱུས་བསྟན་བཅོས་རྩོམ་འབྲིར་འབྲེལ་བའི་གཞུང་ལུགས་དཔྱད་ཞིབ་ཀྱང་ཐོན་པ་རེད།འབྲུག་རྒྱལ་དབང་ཆོས་རྗེའི་《རྗེ་ཙོང་ཁ་པའི་རྣམ་ཐར་》ལྟ་བུར་མཚོན་ན། རྩོམ་པ་པོས་རྣམ་ཐར་གྱི་དབུར་ཆེད་དུ་ས་བཅད་བཀོད་སྒྲིག་གིས་རྣམ་ཐར་འབྲི་བའི་རིན་ཐང་དང་དོན་སྙིང་སྐོར་ལ་གླེང་བརྗོད་བྱས་ཡོད་པ་ནི་ཧ་ཅང་གལ་ཆེ་བར་མཐོང་ཞིང་། རྣམ་ཐར་གཞན་དག་མང་བོར་ཡང་རྣམ་ཐར་འབྲི་བའི་དགོས་པ་དང་ཇི་ལྟར་འབྲི་ཚུལ་ལྟ་བུའི་གཞུང་ལུགས་དཔྱད་བརྗོད་སྐོར་གཅིག་མིན་དུ་མ་ཐོན་པས། བོད་ཀྱི་རྣམ་ཐར་གཞུང་ལུགས་སྐོར་ལ་ལོ་རྒྱུས་སྨྲ་བ་དག་གིས་དཔྱད་ཞིབ་བགྱི་བཞིན་པའི་ཚུལ་མཐོང་ཐུབ་པ་ཡིན།
             བཞི། ཆོས་འབྱུང་ལོ་རྒྱུས་སྣ་མང་ཅན་དུ་་་་འཕེལ་བ། ཆོས་འབྱུང་ལོ་རྒྱུས་ཀྱི་རྩོམ་སྲོལ་འདི་ནི་བོད་ཀྱི་ཐུན་མོང་མིན་པའི་ལོ་རྒྱུས་རྩོམ་ལུས་ཤིག་ཡིན་ཞིང་། བསྟན་པ་ཕྱི་དར་ནས་བཟུང་བའི་ལོ་རྒྱུས་ཧྲིལ་པོའི་ནང་ཆོས་འབྱུང་ལོ་རྒྱུས་རྩོམ་པའི་རྒྱུན་ཆད་མེད། འདི་ནི་བོད་ཀྱི་ལོ་རྒྱུས་དེ་བསྟན་པ་ཕྱི་དར་ནས་བཟུང་ཆོས་ལུགས་རིག་གནས་གཙོ་བོར་དར་བའི་ལོ་རྒྱུས་ཀྱི་ལམ་དུ་བསྐྱོད་པའི་འབྲས་བུ་ཡིན་པ་དང་། རིག་གནས་ལོ་རྒྱུས་གཙོ་བོའི་མི་རིགས་ཤིག་གིས་ཁ་ནང་བལྟས་ཀྱིས་རང་གི་རིག་གནས་ལོ་རྒྱུས་ལ་ངོས་ཟིན་བྱས་པའི་འབྲས་བུའང་རེད། དགའ་ལྡན་ཕོ་བྲང་བའི་སྐབས་ལ་ཐོན་དུས། ཆོས་འབྱུང་ལོ་རྒྱུས་རྩོམ་པའི་རྒྱུན་མ་ཆད་པའི་སྟེང་། ཤུགས་སྔར་ལས་ཆེ་བར་གྱུར་ཏེ་ཆོས་འབྱུང་ལོ་རྒྱུས་དེ་སྣ་མང་ཕུན་ཚོགས་ཅན་དུ་འཕེལ་བའི་གནས་ཚུལ་བྱུང་།དཔེར་ན་གྲུབ་མཐའ་ལྟ་བུའི་ཆོས་ལུགས་གྲུབ་མཐའི་ལོ་རྒྱུས་དང་། གདན་རབས་དང་གདུང་རབས་དག་ཆོས་འབྱུང་ལ་འབྲེལ་ཏེ་བརྗོད་པའི་ལོ་རྒྱུས་བསྟན་བཅོས་མང་དུ་བྱུང་བ་ལྟ་བུ་དང་། ཆོས་འབྱུང་རྩོམ་མཁན་དག་གིས་ནང་དོན་གྱི་མ་ལག་རང་བཞིན་དང་ཆ་ཚང་རང་བཞིན་ལ་དང་དོད་ཆེན་པོ་བྱེད་བཞིན་པ་དང་རྩོམ་འབྲིའི་ཆུ་ཚད་མཐོར་པོར་གཏོང་བཞིན་པ་མཐོང་ཐུབ།
             སྐབས་འདིའི་ཆོས་འབྱུང་ལོ་རྒྱུས་དག་ལས་ལོ་རྒྱུས་རྒྱུ་ཆར་ཁ་གསབ་འདོར་ལེན་དང་དབྱེ་ཞིབ་དཔྱད་བརྗོད།དཔྱད་ཡིག་དཔྱད་བསྡུར་སོགས་བྱེད་པའི་སྣང་ཚུལ་མང་དུ་མཐོང་རྒྱུ་ཡོད་པ་དང་། དེ་ཉིད་སྔ་མའི་དུས་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ལས་ཅུང་ཟད་ཐོད་བརྒལ་གྱི་རྣམ་པས་མངོན་པ་ཡིན་པས། ལོ་རྒྱུས་རིག་གཞུང་དང་ལོ་རྒྱུས་དཔྱད་བརྗོད་ངོས་ནས་བརྗོད་རུང་རིན་ཐང་ཆེན་པོ་ལྡན། ཆོས་འབྱུང་ལོ་རྒྱུས་འདི་དག་གིས་ད་དུང་ནང་བསྟན་ཡིག་ཚང་རིག་པའི་གཞུང་ལུགས་དང་རྩོམ་འབྲི་བྱེད་ཐབས་ཐད་ལའང་འཚོལ་ཞིབ་མང་དུ་བྱས་ཡོད། དེར་མ་ཟད། ཆོས་འབྱུང་ལོ་རྒྱུས་འདི་རྣམས་ཀྱིས་སྔ་མའི་དུས་ཀྱི་ལེགས་ཆ་རྒྱུད་འཛིན་བྱས་པའི་སྟེང་སྔར་ཡོད་འཐུས་ཚང་གིས་དུས་རིམ་ལོ་ཚིགས་རིག་པ་དང་ཁུངས་འདེད་རྩད་ཞིབ་རིག་པར་ཡང་ལག་རྗེས་ཆེན་པོ་བཞག་ཡོད་དེ། སུམ་པ་མཁན་ཆེན་གྱིས་《ཆོས་འབྱུང་དཔག་བསམ་ལྗོན་བཟང་》དུ་བེད་སྤྱོད་བཏང་བའི་རྩིས་ཀྱི་རིག་པ་དང་ཁུངས་འདེད་རྩད་ཞིབ་ཀྱི་ཐབས་ལམ་བཀོལ་བ་ནི་དཔེར་མཚོན་ཡིན་ནོ།།
             གཞན་ནང་དོན་ཐད་ནས་བརྗོད་ན། དགའ་ལྡན་ཕོ་བྲང་སྐབས་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་གཉིས་ཀ་མངོན་བཞིན་ཡོད་དེ།བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྤྱི་ལ་ཡོད་པའི་ཁྱད་ཆོས་རྒྱུད་འཛིན་བྱས་པའི་ཐོག རང་རང་གི་དགོས་པར་གཞིགས་ནས་ཁྱད་པར་ཅན་གྱི་ནང་དོན་ཡང་བཀོད་སྒྲིག་སྣ་ཚོགས་བྱས་ཡོད། དཔེར་ན་གུ་རུ་བཀྲ་ཤིས་ཀྱི་《བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་འབྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་》⑨ཞེས་པ་གླེགས་བམ་གསུམ་ཅན་མ་དེ་ནི། རྙིང་མ་བའི་ཆོས་འབྱུང་ལོ་རྒྱུས་གསལ་བར་བཤད་པའི་ལོ་རྒྱུས་བསྟན་བཅོས་ཧ་ཅང་རྒྱས་པ་ཞིག་ཡིན་ཞིང་། འདིས་སྔ་རབས་བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྤྱི་དང་ལྷག་པར་གསང་ཆེན་སྔ་འགྱུར་གྱི་ཆོས་ལུགས་ལོ་རྒྱུས་དང་ཆོས་བརྒྱུད་སྐོར་ཞིབ་རྒྱས་ཀྱིས་བརྗོད་ཡོད་པས། ཆོས་འབྱུང་ལོ་རྒྱུས་ཁག་ལས་ཁྱད་དུ་འཕགས་པའི་དམིགས་བསལ་ཅན་གྱི་ལོ་རྒྱུས་བསྟན་བཅོས་སུ་བགྲངས་རུང་ལ། དགེ་ཡེ་བ་ཚུལ་ཁྲིམས་སེང་གེའི་《རྒྱ་བོད་ཀྱི་ཆོས་འབྱུང་རིན་པོ་ཆེ་》⑩བྱ་བའང་ཚད་ལྡན་གྱི་ཆོས་འབྱུང་ལོ་རྒྱུས་སུ་འདུག་སྟེ། ནང་དོན་རྒྱས་པ་མེད་རུང་དེར་བོད་དུ་ནང་ཆོས་དར་བའི་ལོ་རྒྱུས་ནས་བརྩམས་ཏེ་འདུལ་བའི་རྒྱུན་དང་བཀའ་གདམས་པ། ས་སྐྱ་པ། བཀའ་བརྒྱུད་པ། ཞི་བྱེད་པ། དགེ་ལུགས་པ་སོགས་གྲུབ་མཐའ་མི་འདྲ་བའི་ཆོས་འབྱུང་ལོ་རྒྱུས་གསལ་བར་འཁོད་སྟབས། བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་ལོ་རྒྱུས་འཁོད་པའི་བསྟན་བཅོས་མཚན་ཉིད་པ་ཞིག་ཏུ་སྣང་། གཞན་《ཇོ་ནང་ཆོས་འབྱུང་》དང་《མུ་ལི་ཆོས་འབྱུང་》ལྟ་བུའང་རང་གཤིས་ཅན་གྱི་ཆོས་འབྱུང་དུ་བརྩི་རུང་།
             དུས་རིམ་འདིའི་ནང་བྱུང་བའི་ཆོས་འབྱུང་ལོ་རྒྱུས་ལ་དགེ་ལུགས་པའི་ཆོས་འབྱུང་ཡོད་པར་མ་ཟད། ཆོས་ལུགས་གྲུབ་མཐའ་གཞན་གྱི་ཆོས་འབྱུང་ལོ་རྒྱུས་དང་། ས་ཁུལ་རང་བཞིན་གྱི་ཆོས་འབྱུང་ལོ་རྒྱུས།⑾ མི་རིགས་⑿མི་འདྲ་མའི་ཆོས་འབྱུང་ལོ་རྒྱུས། ཆོས་སྡེ་གཅིག་གཙོ་བོར་བྱས་པའི་ཆོས་འབྱུང་ལོ་རྒྱུས་⒀ཀྱང་མཆིས། ཆོས་འབྱུང་གི་རིགས་སྣ་མང་དུ་འཕེལ་བ་འདིས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཀྱི་མ་ལག་ཚང་བར་བྱས་པ་ཡིན་ལ། ཆོས་འབྱུང་ལོ་རྒྱུས་སྐོར་ལ་ཆེད་དུ་ཞིབ་འཇུག་དབྱེ་ཞིབ་གཏོང་བར་དཔྱད་གཞི་འབེལ་པོ་མཁོ་སྤྲོད་བྱས་ཡོད།
             ལྔ། ས་གནས་ལོ་རྒྱུས་ཀྱི་རིག་གཞུང་རིན་ཐང་།
             མི་རིགས་ཤིག་ལ་ས་གནས་ལོ་རྒྱུས་ཡོད་མེད་དེ་མི་རིགས་དེའི་ལོ་རྒྱུས་རིག་པ་འཐུས་ཚང་ཡིན་མིན་མཚོན་བཞིན་ཡོད་ལ། ས་གནས་ལོ་རྒྱུས་ཁྱད་ཆོས་ཅན་དང་ཚབ་མཚོན་ཅན་བྱུང་ཡོད་མེད་ཀྱིས་དེ་བས་ཀྱང་མི་རིགས་དེའི་ལོ་རྒྱུས་རིག་པའི་འཕེལ་རྒྱས་མཚོན་བཞིན་པར་བསྙད་རུང་མི་ཆོག་པ་མེད། 《ལ་དྭགས་རྒྱལ་རབས་》དང་《སྡེ་དགེ་རྒྱལ་རབས》《མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》 《མྱང་ཆོས་འབྱུང》《མུ་ལི་ཆོས་འབྱུང་》ལྟ་བུ་ནི་ས་གནས་རང་བཞིན་གྱི་ལོ་རྒྱུས་བསྟན་བཅོས་སུ་བགྲངས་རུང་བ་དང་། ས་གནས་སོ་སོའི་དགོན་སྡེའི་གདན་རབས་སྣ་ཚོགས་དང་《ཀ༔ཐོག་སི་ཏུའི་དབུས་གཙང་གནས་ཡིག་》⒁ལྟ་བུའི་གནས་ཡིག་སྣ་ཚོགས་ཀྱང་ཆེ་ས་ནས་ས་གནས་ལོ་རྒྱུས་སུ་བཤད་ཆོག་པ་ཡིན། སྐབས་དེའི་ས་གནས་ལོ་རྒྱུས་གང་མང་ཞིག་ཡོད་པ་ལས། གྲགས་ཆེ་བ་དང་འཐུས་ཚབ་ཏུ་རུང་བ་ནི་《མདོ་སྨད་ཆོས་འབྱུང་》ཡིན་ནོ།།
             ས་གནས་ལོ་རྒྱུས་འདི་དག་ལས་ཁ་ཤས་ཀྱིས་ས་ཁུལ་རིགས་གཅིག་གི་ཆོས་ལུགས་དར་འཕེལ་ལོ་རྒྱུས་གཙོར་བཅས་ཡོད་པ་དང་། འགའ་རེས་ས་ཁུལ་ཞིག་གི་ཁྱིམ་རྒྱུད་ཆེ་ཁག་གི་གདུང་རབས་གཙོར་བཟུང་ཡོད་ལ། ལ་ཤས་ནས་ས་ཁུལ་ག་གེ་མོའི་ཆོས་སྲིད་ལོ་རྒྱུས་གཙོ་སྐུད་དུ་བཟུང་ནས་བྲིས་ཡོད། ལོ་རྒྱུས་བསྟན་བཅོས་འདི་དག་གིས་ས་གནས་བྱེ་བྲག་པ་ཞིག་གི་ལོ་རྒྱུས་གནད་དུ་བཟུང་ནས་བྲིས་པ་ཡིན་རུང་། ཕལ་ཆེ་བར་སྤྱི་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ས་ཁུལ་དེའི་ལོ་རྒྱུས་མ་བརྗོད་སྔོན་ལ་བོད་ཀྱི་ལོ་རྒྱུས་བམ་བཤད་ཅིག་མཛད་ཡོད་པ་དང་། དེ་ནི་རྩོམ་མཁན་དག་གིས་ས་གནས་བྱེ་བྲག་པ་དག་བོད་སྤྱིའི་ལོ་རྒྱུས་ཧྲིལ་པོའི་ནང་བཞག་ནས་ཞིབ་བརྗོད་བྱེད་པའི་ལོ་རྒྱུས་ལྟ་དགོངས་ཀྱིས་རྐྱེན་བྱས་པ་ཡིན་ནོ།།
             ས་གནས་ལོ་རྒྱུས་ཀྱི་བསྟན་བཅོས་མང་དུ་བྱུང་བ་འདིར་རིག་གཞུང་རིན་ཐང་ཆེན་པོ་ལྡན་ཏེ། སིལ་བུའི་དུས་ནས་བཟུང་བོད་ཀྱི་ས་ཁུལ་མང་པོ་བཅད་བཟུང་གི་རྣམ་པར་གནས་ཤིང་འགའ་རེས་ཆོས་སྲིད་རང་བདག་བྱས་ཏེ་ལོ་ངོ་སྟོང་ལ་ཉེ་བ་བརྒལ་ཏེ་འོངས་པར་བརྟེན། ཡུལ་ཁམས་བྱེ་བྲག་པ་སྐོར་ཞིག་གི་ལོ་རྒྱུས་འཕེལ་བའི་གནས་ཚུལ་བོད་བྱིངས་དང་ཁྱད་པར་ཆེ་བ་ཡིན་པ་དང་། ས་གནས་ལོ་རྒྱུས་ཀྱིས་ཏག་ཏག་དོན་འདི་མཚོན་བཞིན་ཡོད་པས་རེད། ལྷག་པར་བོད་ཀྱི་ཡུལ་ནི་ས་རྒྱ་ཆེ་ལ་ཁྱད་པར་བའི་རིག་གནས་སྣང་ཚུལ་མང་བ་དང་། ས་ཁུལ་སོ་སོའི་ཆོས་སྲིད་འཕེལ་རྒྱས་ཀྱི་ཚད་དང་མི་རྒྱུད་མཆེད་ཁུངས་ཀྱི་གནས་ཚུལ་ཡང་མི་མཚུངས་པས། ས་གནས་ལོ་རྒྱུས་མང་ཚེ་ཡུལ་ཁོངས་སོའི་གནས་བབ་རྟོགས་ཐུབ་པ་དང་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་མ་ལག་ཆགས་པར་ཡང་ནུས་པ་ཆེན་པོ་འདོན་ནུས། དེ་སྔའི་བོད་ཀྱི་ལོ་རྒྱུས་རྩོམ་སྟངས་ལྟར་ན། བོད་ཡུལ་དབུས་ཀྱི་ལོ་རྒྱུས་འབྲི་མཁན་མང་བ་ལས་“མཐའ་འཁོབ་”ཏུ་གནས་པའི་མདོ་ཁམས་ཁུལ་གྱི་ལོ་རྒྱུས་ལ་དོ་སྣང་དེ་འདྲ་བྱས་མེད་པར་བརྟེན། དེང་སྐབས་ང་ཚོས་མདོ་ཁམས་ལོ་རྒྱུས་ལ་དཔྱད་དུས་དཔྱད་གཞི་ཉུང་དྲགས་པའི་གནས་ཚུལ་ལ་འཕྲད་པར་བྱེད་མོད། སྔོན་དང་མི་མཚུངས་པར། དགའ་ལྡན་ཕོ་བྲང་བའི་སྐབས་ལ་མདོ་ཁམས་ཁུལ་གྱི་ས་གནས་ལོ་རྒྱུས་འགའ་རེའང་བྱུང་ཡོད་ལ།འདིས་ལྟོས་བཅས་ཀྱིས་ས་ཁུལ་འདི་རིགས་ཀྱི་ལོ་རྒྱུས་སྟོང་ཆ་ཁ་བསྐངས་ཡོད་པ་རེད།
             དྲུག  བོན་ལུགས་ལོ་རྒྱུས་བསྟན་བཅོས་སྐོར། 
             དགའ་ལྡན་ཕོ་བྲང་བའི་དབང་བསྒྱུར་དུས་རབས་ནང་། བོད་དུ་དགེ་ལུགས་པ་ཤུགས་ཆེར་དར་བས་ལོ་རྒྱུས་རིག་པའི་རྒྱུན་གཙོ་བོའང་དགེ་ལུགས་པའི་མཁས་པ་ཚོས་བཟུང་བ་ཡིན་མོད། གྲུབ་མཐའ་གཞན་གྱི་ལོ་རྒྱུས་བསྟན་བཅོས་ཀྱང་བྱུང་ཡོད་པ་གོང་སྨོས་ལྟར་དང་། ཆོས་ལུགས་ཀྱི་མཐོ་ས་ནས་བལྟས་ཚེ། སྐབས་དེར་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཛིན་མཁས་པས་མཛད་པའི་བསྟན་བཅོས་ལས་གཞན་བོན་ལུགས་ཀྱི་མཁས་པས་མཛད་པའི་ལོ་རྒྱུས་བསྟན་བཅོས་ཀྱང་བྱུང་ཡོད་པས། སྣང་ཚུལ་འདིར་མཉམ་འཇོག་བྱེད་རྒྱུ་གལ་ཆེ།
             གྲངས་འབོར་གྱི་ཆ་ནས་བོན་ལུགས་ཀྱི་ལོ་རྒྱུས་བསྟན་བཅོས་ཧ་ཅང་ཉུང་ངུར་སོང་བའི་སྣང་བ་སྟེར་ཡང་། ཕྱོགས་གཅིག་ནས་བོན་གྱི་འདུས་སྡེ་ཁག་གི་མཁས་པ་ཚོས་དེ་སྔའི་བོན་ལུགས་སུ་བྲིས་པའི་ལོ་རྒྱུས་ཡིག་ཚང་སྣ་ཚོགས་ལ་བསྡུ་ཉར་དང་དག་སྒྲིག་བསྐྱར་པར་གང་མང་བྱེད་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་སྐབས་དེའི་མཁས་པ་ཚོས་ཀྱང་ལོ་རྒྱུས་མཚོན་པའི་བསྟན་བཅོས་གསར་བ་ཡག་ཤོས་ཁག་ཅིག་རྩོམ་པར་བྱེད་བཞིན་པས། བོན་ལུགས་ཀྱི་ལྟ་བ་མཚོན་པའི་ལོ་རྒྱུས་བསྟན་བཅོས་གྲགས་ཅན་འགའ་རེ་ཡང་བྱུང་ཡོད་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་པའི་《ལེགས་བཤད་རིན་པོ་ཆེའི་གཏེར་》དང་། སྤ་བསྟན་རྒྱལ་བཟང་པོའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ལྟ་བུས་མཚོན་ནོ།།
             བོན་ལུགས་ཀྱི་ལོ་རྒྱུས་བསྟན་བཅོས་འདི་དག་ལ་སྐབས་དེ་ཤེད་དུ་དོ་སྣང་ཆེན་པོ་བྱུང་མེད་ལ་སྐབས་རེར་བཀག་རྒྱར་ཚུད་པའི་དུས་ཀྱང་ཡོད་མོད། འོན་ཀྱང་ད་ལྟ་ཕྱིར་བལྟ་བྱས་ཚེ། ལོ་རྒྱུས་ཡིག་ཚང་འདི་རིགས་ཀྱིས་ལོ་རྒྱུས་ཀྱི་མིག་དབང་གཞན་ཞིག་སྤྱད་དེ་བོད་ཀྱི་ལོ་རྒྱུས་ཞིབ་བརྗོད་བྱས་ཡོད་པ་དང་། ནང་བསྟན་རྗེས་འཇུག་པ་དག་གིས་མཛད་པའི་ཆོས་འབྱུང་ལོ་རྒྱུས་དག་བཞིན་ཆོས་ཁུངས་ཙམ་མ་ཟད་མི་རྒྱུད་ཀྱང་རྒྱ་གར་ལ་གཏུགས་པའི་ཚུལ་དང་མི་མཚུངས་པར་གཞི་རྟེན་བོད་རང་སར་བྱས་ཡོད་པ་དང་། དེ་ལས་ཀྱང་བོད་སྔ་རབས་ཡིག་ཚང་རྙིང་ཤོས་རུས་མཛོད་དང་གནའ་བོའི་ངག་རྒྱུན་འདྲ་མིན་སོགས་ལ་ཁུངས་བཅོལ་མཛད་ཡོད་པས། ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཚང་ཁག་དང་། སིལ་བུའི་དུས་འགོའི་ལོ་རྒྱུས་ཡིག་ཚང་ཁག་ལ་སྦྲགས་ནས་དཔྱད་ཚེ་རིན་ཐང་ཆེན་པོ་མཆིས་སྙམ།
             བདུན། ལོ་རྒྱུས་བསྟན་བཅོས་ཀྱི་བརྗོད་པའི་ཁྱད་ཆོས། དགའ་ལྡན་ཕོ་བྲང་བའི་སྐབས་ལ་བོད་ཀྱི་ཆོས་ལུགས་རིག་གནས་སྒོ་ཀུན་ནས་འཕེལ་རྒྱས་སོང་བ་དང་རྩོམ་རིག་ལའང་སྔ་ན་མེད་པའི་ཚིག་རྒྱན་ཐད་ཀྱི་འཕེལ་རྒྱས་ཕྱིན་པས། ཡིག་ཚང་ཅི་རིགས་ལ་རྩོམ་རིག་གི་སྐད་ཆ་སྤྱད་དེ་དོན་སྟོན་པའི་ཚུལ་མངོན་གསལ་གྱིས་ཇེ་མང་དུ་གྱུར། ལོ་རྒྱུས་བསྟན་བཅོས་དག་ལ་མཚོན་ནའང་དེ་ལས་མ་འདས་ཏེ།སྐབས་འདིའི་ལོ་རྒྱུས་བསྟན་བཅོས་དག་ལ་ཡིག་ཚང་རིགས་གཞན་དག་དང་བསྡུར་ན་གཟབ་ནན་རང་བཞིན་ཡོད་པ་དངོས་གནས་ཡིན་རུང་། ལོ་རྒྱུས་རིག་པའི་ངོས་ནས་བལྟས་ན་བསྟན་བཅོས་འགའ་རེར་ཅུང་ཟད་རྩོམ་རིག་སྐད་ཆས་བརྗོད་པའི་ཚུལ་ཡང་མང་བར་འདུག 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》དང་《མི་དབང་རྟོགས་བརྗོད་》ལྟ་བུར་མཚོན་ན། ཚིག་རྒྱན་གྱིས་བཅིངས་ཆེ་བའི་ཆའང་ཅུང་ཟད་མང་ལ། སྐབས་རེར་ཚན་པ་གཅིག་རེ་བཅད་ཚེ་སྙན་ངག་གི་བརྩམས་ཆོས་དང་ཚིག་ལྷུག་སྙན་ངག་ཏུ་འགྲོ་བའང་མི་ཉུང་ཙམ་མཆིས། རྣམ་ཐར་དག་ལ་བལྟས་ན་ཚུལ་འདི་ལྷག་པར་གསལ་པོ་ཡིན་ཏེ། རྣམ་ཐར་མང་པོར་བརྗོད་བྱའི་མི་སྣ་གང་དེའི་མཛད་རྣམ་གལ་ཆེ་བ་དག་ཤུགས་ཆེན་པོས་བརྗོད་ཆེད།ཆེད་དུ་ཚིག་ཚོགས་སྤུངས་ཏེ་དོན་གཅིག་ཚིག་གི་ལོ་མས་རབ་ཏུ་བཅིངས་པའང་ཡོད་ཅིང་། དེས་ཚད་ངེས་ཅན་ཞིག་ནས་ལོ་རྒྱུས་རང་བཞིན་ཅུང་དམད་པར་བྱས་འདུག་སྙམ།
             འོན་ཀྱང་ལོ་རྒྱུས་བརྗོད་པར་དང་དོད་བྱེད་པ་འདི་མི་རུང་བ་ཞིག་ཀྱང་མ་ཡིན་ཏེ། ལོ་རྒྱུས་སྨྲ་བས་གང་བརྗོད་པར་བྱ་བའི་དོན་ཀློག་མཁན་དག་ལ་འདོམས་པར་བྱ་ཆེད་ཐབས་ཅི་ཡོད་ལ་བརྟེན་ཆོག་ཅིང་། དེའི་ཁྲོད་ཚིག་གི་བརྗོད་པར་དོ་སྣང་བྱེད་པ་ཡང་འདུ། སྤྱིར་བཏང་སྐབས་འདིའི་ལོ་རྒྱུས་བསྟན་བཅོས་དག་ལ་མཇལ་ན། གཙོ་བོ་མི་སྣར་གདེང་འཇོག་བྱེད་སྐབས་དང་རྩོམ་པ་པོའི་སེམས་ཚོར་སྟོན་སྐབས་ལྟ་བུར་རྩོམ་རིག་སྐད་ཆ་སྤྱོད་པ་མང་བ་དང་།དོན་རྐྱེན་ཞིབ་བརྗོད་དང་ལོ་རྒྱུས་གོ་རིམ་སྒྲིག་པར་སྔར་བཞིན་ཇི་བཞིན་བརྗོད་པ་གཙོ་བོར་འཛིན་པའི་སྣང་ཚུལ་མཐོང་ཐུབ་བོ།།
མཇུག་སྡོམ།
             བོད་དུ་ཆོས་ལུགས་ལོ་རྒྱུས་སྨྲ་བའི་ལྟ་བ་གཞི་གྲུབ་པ་ནི་གོང་སྨོས་བཞིན་ས་ཕག་རིན་གཙང་གི་དུས་སྐབས་དང་། དགའ་ལྡན་ཕོ་བྲང་བའི་དུས་སྐབས་གཉིས་ཡིན་ཞིང་། དོན་ལ། དུས་སྐབས་ཆེན་པོ་འདིར་བོད་དུ་སངས་རྒྱས་ཆོས་ལུགས་ཤུགས་ཆེར་དར་ཏེ་བོད་མིའི་བསམ་བློའི་རྒྱུན་གཙོ་བོར་གྱུར་བ་ལས། ལོ་རྒྱུས་གཞུང་ལུགས་ཀྱི་ལེ་ལག་ཁག་ཏུའང་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སིམ་སྟེ་རིག་གཞུང་བསམ་བློའི་མཛུབ་སྟོན་བསམ་བློའང་ནང་བསྟན་མཚན་ཉིད་རིག་པ་བྱས་པ་རེད། དེར་བརྟེན། ས་ཕག་རིན་གཙང་དུས་སྐབས་ཡིན་ན་འདྲ་ལ།དགའ་ལྡན་ཕོ་བྲང་བའི་དུས་སྐབས་ཡིན་ནའང་རུང་སྟེ། བྱེ་བྲག་གི་ལོ་རྒྱུས་འཕེལ་རིམ་གནས་སྟངས་མི་མཚུངས་པ་ལས། ངོ་བོའི་ཆ་ནས་དཔག་ན། སྲིད་དོན་ལོ་རྒྱུས་ཐད་ནས་བཅད་པའི་དུས་སྐབས་མི་འདྲ་བ་འདི་གཉིས་པོའི་རིང་། ལོ་རྒྱུས་རིག་གཞུང་ནི་རྩ་བའི་ཆ་ནས་ནང་བསྟན་ལོ་རྒྱུས་རིག་པའི་མ་ལག་འཛུགས་སྐྲུན་དང་དེ་ཉིད་ཁུངས་ལྡན་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་དུས་རིམ་དུ་བསྐྱོད་པ་རེད། བོད་ཀྱི་ཐུན་མོང་མིན་པའི་ལོ་རྒྱུས་རིག་པའི་རིག་གཞུང་མ་ལག་ཀྱང་། གཙོ་བོ་དུས་སྐབས་ཆེན་པོ་འདི་བརྒྱུད་དེ། རིམ་པར་འཐུས་ཚང་དུ་གྲུབ་སྟེ་ཁྱད་པར་ཅན་གྱི་མི་རིགས་རང་གཤིས་མངའ་བའི་རིག་ཚན་ཏུ་གྱུར་བའོ།།
མཆན་འགྲེལ།
             ①བོད་ལ་སྔར་བཞིན་བོན་ཆོས་ཀྱི་རྒྱུན་ཆད་མེད་ལ། སིལ་བུའི་དུས་ཙམ་ལ་ལྟོས་བཅས་ཀྱིས་བསྐྱར་དར་ཙམ་བྱུང་བའི་ཚུལ་ཡང་འདུག་མོད། རྩ་བའི་ཆ་ནས་བཤད་ན། སིལ་བུའི་དུས་ནས་བཟུང་བའི་བོན་ཆོས་ནི་ནང་བསྟན་རིག་གནས་ཀྱི་ལྷན་ཐབས་ལྟ་བུར་འཕེལ་བ་ཞིག་ལགས་ཤིང་། ཆོས་ལུགས་ཀྱི་གཞུང་དངོས་དང་རྒྱུན་སྲོལ་སྤེལ་སྟངས་གང་ཐད་ནས་ནང་བསྟན་ཆོས་ལུགས་ལ་ཆེར་བསྟུན་པའི་དབང་གིས། རིམ་པར་གཡུང་དྲུང་བོན་ནི་ནང་བའི་གྲས་སུ་འཇོག་པའི་རྣམ་པ་ཁྱད་མཚར་བ་འདི་བྱུང་བ་རེད། རྒྱུ་མཚན་དེའི་དབང་གིས། བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་རྗེས་ལ་དར་བའི་བོན་ཆོས་ནི་ཆོ་ག་ཕྱག་ལེན་དང་ཆོས་ལུགས་འདི་དང་འབྲེལ་བའི་ངག་རྒྱུན་དང་ལྷ་སྒྲུང་། ལོ་རྒྱུས་བརྒྱུད་སྤེལ་སྐོར་ཞིག་ཕུད། ཧ་ལམ་ནང་བསྟན་ཆོས་ལུགས་ཀྱི་མ་ལག་ཁྲོད་འཐིམས་ཚར་བ་ཞིག་ཡིན་པ་དང་། བོན་ཆོས་དང་ལེན་བྱེད་མི་དང་དེས་ཤན་ཐེབས་པའི་སྤྱི་ཚོགས་ཀྱང་ཧ་ཅང་ཉམས་ཆུང་བ་ཞིག་ཡིན་པར་བརྟེན། བོད་ཀྱི་གཙོ་རྒྱུགས་རིག་གནས་ནི་ནང་བསྟན་རིག་གནས་སོ་ཞེས་བརྗོད་ན་ཐལ་ཆེ་བ་ཅི་ཡང་མེད།
             ②ཕག་གྲུའི་བར་སྐབས་སུ་རིན་སྤུངས་པས་ཀྱང་ཆབ་སྲིད་བདག་དབང་དར་ཅིག་ལ་བཟུང་བ་ཡིན་ཞིང་། སྲིད་ལུགས་འགྱུར་བའི་ངོས་ནས་གླེང་ན། རིན་སྤུངས་པའི་དབང་སྒྱུར་དུས་རབས་ནི་ཕག་གྲུའི་སྲིད་དབང་གི་དུས་རིམ་ནང་བཞག་ན་འགྲིག
             ③ཆ་གན་དབང་ཕྱུག་རྒྱལ་མཚན། 《བོད་ཀྱི་རྒྱལ་རབས་ལོ་རྒྱུས》 《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》﹝ཇ﹞[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P183-298.
             ④སྔ་རབས་བོད་ཀྱི་ལོ་རྒྱུས་རིག་གཞུང་སྟེང་སྐབས་མང་པོ་ཞིག་ཏུ་“ལོ་རྒྱུས་དང་རྣམ་ཐར་”ཞེས་འབོད་སྐབས་ཁྱད་པར་གསལ་བོ་ཞིག་ཕྱེ་མེད་པར། ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ཡིག་ཚང་ཇི་སྙེད་ལ་གོ་བ་ཡིན།
             ⑤འདི་ནི་གཙོ་བོ་སོག་རིགས་མཁས་པ་དག་གིས་བོད་ཡིག་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་རྩོམ་པའི་ལས་དེར་བསྟན་པ་ཡིན།
             ⑥孙林:《藏族史学发展史纲要》[M],中国藏学出版社,2006年版,第366页。
             ⑦རྣམ་ཐར་དང་རྟོགས་བརྗོད་གཉིས་སུ་ཕྱེ་ནས་མི་སྣའི་ལོ་རྒྱུས་འབྲི་བའི་སྲོལ་འདི་སྔ་མོ་ནས་བོད་ལ་བྱུང་ཡོད་ཅིང་། སྔོན་གྱི་དུས་སུ་སྐབས་འགར་འདི་གཉིས་ལ་དབྱེ་བ་གསལ་པོ་མི་ཕྱེ་བར་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡང་བྱུང་འདུག སྤྱིར་བཏང་རྣམ་ཐར་ཞེས་པ་ནི་སྐྱེས་བུ་ཆེན་པོའི་རྣམ་པར་ཐར་པ་སྟེ་ཐུན་མོང་དང་ཐུན་མིན་གྱི་མཛད་པ་དག་གསལ་བར་འཁོད་པའི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས་ལ་ཟེར་ཞིང་། རྣམ་ཐར་ཞེས་པའང་བརྗོད་བྱ་རྗོད་བྱེད་ཀྱི་རྣམ་པ་དེར་བརྟེན་ནས་དེ་མཐོང་ཐོས་བྱེད་པའི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་བའི་ས་བོན་སྐྲུན་པའམ་ཐར་བ་འཐོབ་པའི་རྒྱུར་སྐྲུན་པ་ཞིག་ལས་ཐོགས། རྟོགས་བརྗོད་ཅེས་པ་ཚིགས་བཅད་དང་ལྷུག་པ་གཉིས་ཀྱི་ལམ་ནས་འབྲི་ཞིང་རང་གི་ཕྱག་ཡུལ་ལམ་དད་ཡུལ་གྱི་སྐྱེས་ཆེན་དམ་པ་དེས་ལམ་གྱི་རིམ་པ་ཚུལ་བཞིན་ཉམས་སུ་བཞེས་ཏེ་ཉམས་རྟོགས་ཀྱི་ཀློང་བརྡོལ་བའི་ཚུལ་ཇི་ལྟ་བ་རང་གི་རྗེས་འཇུག་གི་གདུལ་བྱ་རྣམས་ལ་བརྗོད་ཅིང་སྟོན་པའི་མི་སྣའི་ལོ་རྒྱུས་ཤིག་ལ་གོ་བ་ཡིན་ཞིང་། ཕྱིས་སུ་རིམ་གྱིས་རྟེན་སྐྱ་བོའི་ལོ་རྒྱུས་བརྗོད་པའི་བསྟན་བཅོས་ལ་གོ་བ་ཤུགས་ཆེ།
             ⑧སྐབས་རེར་མཐའ་གཅིག་ཏུའང་མ་ངེས་ཏེ་རྟེན་སྐྱ་བོའི་ལོ་རྒྱུས་ལ་རྣམ་ཐར་གྱི་མིང་གིས་བཏགས་པ་《རྡོ་རིང་པཎྜི་ཏའི་རྣམ་ཐར་》ལྟ་བུའོ།།
             ⑨གུ་རུ་བཀྲ་ཤིས། 《གསང་ཆེན་སྔ་འགྱུར་ཆོས་འབྱུང》 《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》﹝ཨ﹞[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ།
             ⑩དགེ་ཡེ་བ་ཚུལ་ཁྲིམས་སེང་གེ 《རྒྱ་བོད་ཀྱི་ཆོས་འབྱུང་རིན་པོ་ཆེ》 《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས》﹝ཇ﹞[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོ།
             ⑾རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོ།
             ⑿མགོན་པོ་སྐྱབས། 《རྒྱ་ནག་ཆོས་འབྱུང》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2005ལོ། འཇིགས་མེད་རིག་པའི་རྡོ་རྗེ། 《ཧོར་གྱི་ཆོས་འབྱུང》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993ལོ།
             ⒀ངག་དབང་སྐལ་ལྡན་རྒྱ་མཚོ། 《ཤེལ་དཀར་ཆོས་འབྱུང》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ།
             ⒁ཀ༔ཐོག་སི་ཏུ། 《ཀ༔ཐོག་སི་ཏུའི་དབུས་གཙང་གནས་ཡིག》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1999ལོ།