ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་བསང་ཡིག་གི་བྱུང་འཕེལ་རགས་ཙམ་གླེང་བ།

སྤེལ་དུས 2019-09-18 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། སྒྲོལ་རྩེ་རྒྱལ།
[ནང་དོན་གནད་བསྡུས།] བསང་ཡིག་ནི་བོད་ཀྱི་རྩོམ་རིགས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་ལུས་ཤིག་ཡིན་ལ། དེ་ཉིད་བོད་ཀྱི་རིག་གནས་ཀྱི་འཕེལ་འགྱུར་དང་བསྟུན་པའི་བྱུང་འཕེལ་གྱི་གོ་རིམ་ངེས་ཅན་ཞིག་བརྒྱུད་ཡོད། རྩོམ་འདིར་བསང་ཡིག་གྲགས་ཆེ་བ་མང་པོ་དང་མཁས་པ་སྔ་མ་རྣམས་ཀྱི་དཔྱད་འབྲས་གཞིར་བཟུང་སྟེ། བོད་ཀྱི་བསང་ཡིག་གི་བྱུང་འཕེལ་དང་དུས་སྐབས་སོ་སོའི་ཁྱད་ཆོས་སྐོར་ལ་རགས་ཙམ་དཔྱད་ཡོད།
[བརྡ་ཆད་གཙོ་བོ།] བསང་ཡིག བྱུང་འཕེལ། ཁྱད་ཆོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0165-10
དང་པོ། བསང་ཡིག་གི་ཐོག་མའི་བྱུང་བ།
             བསང་ཡིག་གི་བྱུང་བ་གླེང་བ་ལ། ཐོག་མར་བསང་གསོལ་ཆོ་གའི་འབྱུང་ཁུངས་དང་མཚོན་དོན་སོགས་སྔོན་དུ་འགྲོ་དགོས་ཤིང་། ད་ལྟ་བསང་གསོལ་གྱི་ཆོ་གའི་འབྱུང་ཁུངས་ཐད་གླེང་ཚུལ་གཙོ་བོ་གསུམ་ཙམ་ཡོད་དེ། དང་པོ་ནི་བོད་རང་ས་ནས་བྱུང་བར་སྨྲ་བ་དང་། གཉིས་པ་ནི་རྒྱ་གར་ཡུལ་དུ་ཐོག་མར་བྱུང་ཞིང་སངས་རྒྱས་ཆོས་ལུགས་དང་སྦྲགས་ནས་བོད་དུ་དར་བར་བཞེད་པ། གསུམ་པ་ནི་རྒྱ་གར་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་མེ་ལྷ་མཆོད་པའི་ཆོ་ག་བོད་དུ་འཁྱར་བ་བཅས་སོ།། དེ་ལ་དང་པོས་བསང་གསོལ་ཆོ་ག་ནི་བོད་རང་ས་ནས་གདོད་མའི་དུས་སྐབས་སུ་བྱུང་བའི་དད་མོས་རིག་གནས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཆོ་གའི་དངོས་གཞིའི་ཕན་ནུས་ནི་མནོལ་གྲིབ་སོགས་མིའི་རྣམ་རྟོག་ལས་བསྐྱེད་པའི་མི་གཙང་བའི་རིགས་རྣམས་བསང་བའམ་དག་པར་བྱེད་པའི་ཆོ་ག་དེ། ཕྱིས་ཀྱི་འཕེལ་རྒྱས་ཁྲོད་བོད་ཀྱི་རིག་གནས་དང་སྤྱི་ཚོགས། ཆབ་སྲིད་བཅས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཕྱི་ནང་གི་རྣམ་པར་འཕོ་འགྱུར་བྱུང་ཡོད་ཅེས་སྨྲ་བ་དང་། གཉིས་པས་《གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་》སོགས་སུ་མཆོད་པའི་སླད་དུ་བདུག་སྤོས་སྣ་ཚོགས་བདུགས་པ་བསང་གི་ཁོངས་སུ་སྨྲ་བ་དང་། གསུམ་པ་ནི་བོད་རིག་པའི་མཁས་པ་ཐུའུ་ཆིས་ལགས་ཀྱི་ལྟ་བ་ཡིན་ལ། ལྟ་བ་འདིར་ལུང་རིགས་ཀྱི་སྒྲུབ་བྱེད་གཉོམ་པས་ཀུན་གྱིས་མཐོང་ཆེན་དེ་ཙམ་མཛད་ཀྱིན་མེད། རང་གི་འདོད་ཚུལ་ལའང་ལྟ་བ་དང་པོ་དེ་དོན་དང་མཐུན་པར་སྙམ་ཞིང་། དེ་ལ་རྒྱུ་མཚན་འགའ་ཞིག་ཡོད་དེ། གཅིག བོད་ལ་སངས་རྒྱས་ཆོས་ལུགས་མ་དར་བའི་ཡར་སྔོན་དུ། བོད་རང་སར་གདོད་མའི་དད་མོས་ཀྱི་རྣམ་གྲངས་མང་པོ་ཞིག་མཆིས་པ་ད་ལྟ་ཡི་གེ་དང་དངོས་པོ་གཉིས་ལས་བདེན་དཔང་བྱེད་ཐུབ་ཅིང་།དེའི་གཙང་སེལ་གྱི་ཆོ་གའི་ཁྲོད་བསང་གི་ཆོ་གའང་འདུ་ཡོད་པ། གཉིས། བསང་གསོལ་དང་གདུགས་སྤོས་གཉིས་ལ་མཚུངས་ཆོས་ཡོད་པ་བདེན་ཡང་། དེ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཆེན་པོ་འདུག་སྟེ། 《གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་》ནང་མཚོན་པའི་གདུགས་སྤོས་གདུགས་པ་ནི་དྲི་ཞིམ་གྱི་མཆོད་པ་འབུལ་བ་ཡིན་ཞིང་། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་མཆོད་པའི་ཁོངས་སུ་འདུ།  བོད་སྔ་རབས་ཀྱི་བསང་གསོལ་བ་ནི་དངོས་ཀུན་བླ་ཡོད་ཀྱི་བསམ་བློའི་རྨང་གཞི་ལས་མི་དང་ལྷ། ཁོར་ཡུག དངོས་པོ་སོགས་ཀྱི་མི་གཙང་བའི་གྲིབ་སོགས་ཕོག་ན་བསང་བར་བྱེད་པའི་ཆོ་ག་ཞིག་ཏུ་གོ་ཞིང་། མཁར་རྨེའུ་བསམ་གཏན་གྱིས།བསང་བ་ཞེས་པའི་ཚིག་ནི་མེ་ལ་བརྟེན་པའི་ཆོ་ག་ནས་ཐོན་པའི་ཚིག་ཅིག་ཡིན་པ་ལས། རོ་མྱོང་བའམ་དྲི་སྣོམ་པའི་དོན་དང་འབྲེལ་བ་གཏན་ནས་མེད་ ① ཅེས་གསུངས་ཡོད། གསུམ། དགེ་ཆོས་མཆོག་གིས། མཆོད་པ་མེ་ལ་བསྲེགས་ཏེ་འབུལ་བ་འདི་བོན་གྱི་བསང་མཆོད་ལྟ་བུ་སྟེ་ཡུལ་ཐམས་ཅད་དུ་གནའ་དུས་སུ་བྱུང་བའི་སྲོལ་ཞིག་གོ་ ② ཞེས་དང་། དབྱིན་ཇུའི་མིའི་རིགས་རིག་པའི་མཁས་པ་ཧྥོར་ཙེ་ཡིས། མེ་ལ་དད་པ་དང་དེ་ཉིད་མཆོག་ཏུ་བརྩི་བ་ནི་གདོད་མའི་དད་མོས་སྤྱིའི་ཁྱད་ཆོས་ཤིག་གོ་ ③ ཞེས་ཡོད་པས། མཚུངས་ཆོས་འབའ་ཞིག་ཡོད་ན་གཅིག་ཁོངས་གཅིག་ཏུ་འདུ་དགོས་པའི་ངེས་པ་གཏན་ནས་མེད། བཞི། རིག་གནས་ནི་འཕོ་འགྱུར་གྱི་རང་བཞིན་ལྡན་པ་ཞིག་ཡིན་ཕྱིར། ད་ལྟའི་རྣམ་པ་ཙམ་ལ་གཞི་བཅོལ་ནས་འདས་སོང་གི་སྐབས་སུའང་དེ་ལྟ་ཡིན་པར་སྨྲ་བ་ནི་གནས་ལུགས་ཆེར་མེད་པ་བཅས་སོ།། དེ་ལྟར་བསང་གི་ཆོ་ག་ནི་བོད་རང་ས་ནས་གདོད་མའི་དུས་སུ་བྱུང་བར་བྱས་ན། བསང་ཡིག་ཀྱང་དེ་དང་གཞི་གཅིག་འདྲེས་ཀྱི་ཚུལ་གྱིས་བྱུང་ཡོད་པར་ངེས་ཏེ། གདོད་མའི་ཆོ་ག་དང་ཆོ་གའི་གྱེར་ཚིག་གཉིས་ནི་གཟུགས་དང་གྲིབ་མ་བཞིན་ལྷན་ཅིག་བྱུང་བ་གདོད་མའི་རིག་གནས་ལ་མཁས་པ་རྣམས་བཞེད། ཡང་དེ་ལྟར་བྱས་ཚེ་གངས་ལྗོངས་བསང་ཡིག་གི་ཕྱི་མོ་ནི་སློབ་དཔོན་པདྨའི《རྒྱགས་བརྔན་ལྷ་བསང་ཆེན་མོ》ཡིན་ཞེས་ཡོངས་སུ་གྲགས་པའི་གཏམ་ལའང་དག་ཆ་མེད་པའི་སྐྱོན་འབྱུང་ངོ་།།
             གདོད་མའི་དུས་སུ། ཆོས་ལུགས་ཆོ་ག་ཅི་རིགས་ནི་མི་གང་རུང་གིས་ཇི་དགར་སྤེལ་ཆོག་པ་ཞིག་མ་ཡིན་པར། དེ་ནི་གདོད་མའི་ཆོ་གར་མཁས་པའི་ཆེད་གཉེར་གྱི་ཆོས་བྱེད་མི་སྣས་མ་གཏོགས་བྱས་མི་ཆོག་ལ། གདོད་མའི་ཆོས་བྱེད་མི་སྣ་ནི་གདུང་རྒྱུད་ཀྱི་ལམ་ནས་ཡོན་ཏན་དག་བརྒྱུད་འཛིན་བྱེད་པ་ལས། དགེ་སློབ་གྱི་ཚུལ་གྱི་བརྒྱུད་འཛིན་བྱེད་པ་འཛམ་གླིང་གི་གདོད་མའི་ལོ་རྒྱུས་སུ་ཧ་ལམ་མེད་ཅིང་།དེའི་རྒྱུ་མཚན་ནི་གདོད་མའི་ཆོས་བྱེད་མི་སྣ་དག་གི་དམིགས་བསལ་གྱི་ཡོན་ཏན་དེ་དག་ནི་དབང་བསྒྱུར་གྲལ་རིམ་གྱི་ཡོ་བྱད་ལྟ་བུ་ཞིག་ཏུ་ཆགས་ཡོད་པས་ཡིན། དེས་ན། བོད་ཀྱི་གདོད་མའི་སྤྱི་ཚོགས་སྐབས་ཀྱི་གནས་ཚུལ་ཡང་དེ་ལས་མ་འདས་པར། བསང་གི་ཆོ་ག་སོགས་ནི་སྲིད་པ་རྒྱུད་ཀྱི་བོན་ལ་མཁས་པའི་བོན་ཤེས་པ་ཅན་རྣམས་ཀྱིས་སྤེལ་དགོས་ཚུལ་ཡིག་ཚང་རྣམས་སུ་གསལ་ལ། དེ་ལྟ་ན་ཆོ་གའི་གྱེར་ཚིག་ཀྱང་བོན་པོ་རྣམས་ཀྱི་ཆེད་སྤྱོད་ལྟ་བུ་ཞིག་ཏུ་ཆགས་ཡོད་ངེས། གནས་སྐབས་དེ་འདྲའི་འོག་ཏུ། བསང་ཡིག་ནི་ངག་ཐོག་ནས་གསར་གཏོད་དང་རྒྱུད་འཛིན་བྱས་པ་ཡིན་ངེས་ཤིང་། གྲངས་ཚད་ནི་ད་ལྟ་ནང་བཞིན་མང་བར་མི་སེམས་ལ། དམངས་ཕལ་བས་ནི་ཕལ་ཆེར་བསང་ཡིག་ཤེས་པ་དང་བཀོལ་སྤྱོད་བྱེད་པ་ཡོད་མི་སྲིད་ཅིང་། ཆོ་ག་རང་ངོས་ཀྱི་བྱེད་ནུས་ཀྱང་འཇིག་རྟེན་གནས་སྐབས་ཀྱི་ཕན་བདེ་འབའ་ཞིག་དོན་དུ་གཉེར་བ་ཡིན་པར་སྙམ། ད་ལྟ་ང་ཚོས་གདོད་མའི་བསང་ཡིག་གི་གདོད་གཟུགས་ནི་དམངས་ཁྲོད་སྲིད་པ་རྒྱུད་ཀྱི་བོན་གྱི་ཆོ་གའི་དཔེ་རྙིང་དག་ལ་བརྟེན་ནས་འཚོལ་བ་ལས་ཐབས་མ་མཆིས་ཤིང་། དེ་ལ་ཅུང་སྔ་བར་ཀུན་གྱིས་ཁས་འཆེ་བའི་《སྲིད་པ་སྤྱི་མདོས་》སུ། བསྭོ་བསྭོ་བསྭོ། བསང་ངོ་ལྷ་བསང་ངོ་། གཤེན་ལྷ་འོད་དཀར་བསང་། ཕུགས་ཀྱི་ལྷ་བསང་། གཞི་ལ་ཁ་འཛིན་གྱིས། སྒྲ་ཡི་བླ་བསང་། བྱེས་ལ་ལམ་ཡག་གྱིས། ཞང་གི་བླ་བསང་།སྒས་པོ་ཚེ་རིང་གྱིས། ཕྱྭ་ཡི་བླ་བསང་། མནོལ་གྲིབ་དམུ་ཞྭ་ཕུད། རླུང་གི་བླ་བསང་། རླུང་རྟ་དར་ཁ་སྟོན། འཕྲག་གི་བླ་བསང་། ན་ཚ་ཞི་བ་གྱིས། སྟེང་གི་བླ་བསང་། མཐུ་ནུས་མེ་ལྕེ་སྦོར། བར་གྱི་གཉན་བསང་། རྒྱལ་བསེན་ཆམ་ལ་ཕོབ། འོག་གི་ཀླུ་བསང་། ནད་རིམ་གོད་ཁ་ཟློག སྲིད་པའི་ཐོད་དཀར་བསང་། སྐྱབ་དང་སྐྱོབ་མ་གྱིས། ཝེར་མ་ཅང་སེང་བསང་། ལུས་དང་གྲིབ་བཞིན་འགྲོགས། ④ ཞེས་བསང་ཡིག་དུམ་བུ་ཞིག་འབྱུང་ཞིང་། འདིའི་བརྗོད་བྱའི་ཆ་ནས་གདོད་མའི་དད་མོས་ཀྱི་ཁྱད་ཆོས་མངོན་པར་གསལ་དེ།སྐྱབས་སུ་རེ་བའི་ལྷ་ཚོགས་ནི་སྲིད་པ་རྒྱུད་ཀྱི་བོན་གྱི་ལྷ་དག་ཡིན་པར་མ་ཟད། གསོལ་འདེབས་ཀྱི་ཆ་ནས་ཀྱང་འཇིག་རྟེན་གནས་སྐབས་ཀྱི་ཕན་བདེ་འབའ་ཞིག་ལས། སངས་རྒྱས་ཆོས་ལུགས་དང་གཡུང་དྲུང་བོན་ལུགས་ཀྱི་ལྟ་སྤྱོད་ཀྱི་ཤན་ཞུགས་མེད་ལ། བསང་གསོལ་མཁན་གྱི་འདོད་དོན་རྣམས་ཀྱང་ཚིག་རྒྱན་གྱིས་མ་སྤུད་པར་ལྷུག་པོར་བརྗོད་ཡོད།རྗོད་བྱེད་ཀྱང་ཡུན་རིང་པོར་ངག་ཐོག་ནས་བརྒྱུད་འོང་པའི་ཚིག་དེ་ཡིག་ཐོག་ཏུ་ཕབ་པ་ཡིན་པས་དུས་རབས་ཀྱི་ཁྱད་ཆོས་ནི་མག་མོག་ཏུ་གྱུར་ཡོད་ཀྱང་། གྱེར་ཚིག་གི་དབུ་རུ་བསྭོ་འཇོག་པ་འདི་ནི་གདོད་མའི་བོན་གྱི་ཆོ་གའི་གྱེར་ཚིག་གི་འགོ་རྒྱན་ལྟ་བུ་ཡིན་པ་འཁྲུལ་མེད་ཡིན་ཞིང་། དེ་ནི་རྩོམ་རིག་གི་ཐོག་མའམ་འབྱུང་ཁུངས་ལྟ་བུ་ཡིན་པ་རྒྱ་བོད་མཁས་པ་མང་པོས་གསུངས་ཡོད། གཞན་ད་ལྟའི་བསང་གསོལ་གྱི་ལུགས་སྲོལ་དང་། གནའ་དེང་བསང་ཡིག་གི་དབུར་བསྭོ་བསྭོ་དང་ཀྱཻ་ཀྱཻ་སོགས་འབོད་པའི་སྒྲ་འཇོག་པར་གཞིགས་ན། བསང་ཡིག་ནི་གདོད་མའི་སྐབས་ནས་གྱེར་པ་པོའི་དགའ་སྐྱོ་ཆགས་སྡང་གི་ཚོར་བར་སྦྱར་ནས་ལག་ལེན་བྱེད་དགོས་སྲོལ་འདུག་ཅིང་། དེའི་ཤེས་བྱེད་ལ། བོན་ཞེས་པའི་ཐ་སྙད་རང་ངོས་སུའང་གྱེར་བའམ་བཟློ་བའི་ནང་དོན་ལྡན་པར་མཁས་པ་རྣམས་བཞེད་པ་དང་། གཞན་ཡང་།“རིགས་ཀྱི་ནི་ལྷ་དབར་ན།། ཁུངས་ཀྱི་ནི་སྨྲང་གྱེར་རོ།།”⑤ཞེས་དང་། “ཉིན་གསུམ་ཉིན་ལ་ཆས་སུ་བསགས།། མཚན་གསུམ་མཚན་ལ་སྨྲང་དུ་གྱེར།།” ⑥སོགས་ཆོ་གའི་སྐབས་སུ་ཆོ་ག་སྤེལ་མཁན་གྱི་ངག་ནས་སྒྲུང་སོགས་གྱེར་དགོས་པ་གསལ་ལ། དེ་ཡང་ཡིན་ཏེ་ཆོ་ག་དང་གྱེར་ཚིག་གཉིས་ནི་གཅིག་མེད་ན་གཅིག་ཀྱང་ཡོད་པར་མི་འགྱུར་བའི་ཕྱིར་རོ།།
གཉིས་པ། བསྟན་པ་སྔ་དར་སྐབས་ཀྱི་བསང་ཡིག
             རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་དུ། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དངོས་སུ་བོད་ཡུལ་དུ་དར་འགོ་ཚུགས་ཤིང་། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ། “སྲོང་བཙན་གྱིས་བཀའ་ཕབ་སྟེ་རྒྱ་གར་ནས་ཆོས་བསྒྱུར་ཅིང་། རྒྱ་ནག་ནས་རྩིས་དང་སྨན་དཔྱད་བསྒྱུར། ཞང་ཞུང་གི་ཡུལ་ནས། བོན་པོ་གྲུབ་ཐོབ། ཞང་ཞུང་ལྷ་ལྡེམས་བྱ་བ་བོས་ནས། བོན་པོ་ལའོ་རྣམ་པས་བྱ་བ། བོན་སློབ་ཏུ་བཅུག་སྟེ། ནད་པའི་རིམས་འགྲོ་ལ་སོགས་ལ། བོན་ཡང་དར་བར་མཛད་དོ།།” ⑦ ཞེས་པར་གཞིགས་ན་སྲོང་བཙན་སྒམ་པོས་སྐབས་དེར་བན་བོན་མཉམ་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད་པར་སྙམ། དེ་ནས་རྒྱལ་རབས་བཞི་སོང་རྗེས་བོད་ཀྱི་ལོ་རྒྱུས་ཁྲོད་སྙན་གྲགས་ཆེ་བའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་སྐྱོང་བའི་སྐབས་སུ་སླེབས་ཤིང་། བཙན་པོ་འདི་བའི་སྐུ་རིང་དུ། བན་བོན་རིག་གནས་ཀྱི་འགལ་རྩོད་དེ་ཆབ་སྲིད་ཀྱི་ངོ་བོར་གྱུར་ཏེ་རྙོག་འཛིང་གི་འཁྲུག་རྩོད་མང་པོ་བྱུང་བ་བརྒྱུད། མཐར་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་དངོས་སུ་རྐང་ཚུགས་ཐུབ་པ་བྱུང་ཞིང་། དེ་ཡང་མདོར་དེད་ན། སློབ་དཔོན་པདྨས་བོད་ཀྱི་གདོད་མའི་ཡུལ་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཐབས་མཁས་སྒོས་ཟུང་དུ་སྦྲེལ་བ་ནི་རྐང་ཚུགས་ཐུབ་པའི་གནད་དུ་འཁུམས་ཤིང་། དེ་ནས་བཟུང་བོད་ཀྱི་གདོད་མའི་ཡུལ་ཆོས་སྤྱི་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཞུགས་ཤིང་། དེའི་ཁྲོད་བསང་གསོལ་གྱི་ཆོ་གའང་འདུ། 《མདའ་དང་འཕང་》དུ།“སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས། བསང་གི་ཆོ་ག་ཞེས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་སྤྱི་ཚོགས་དང་རིག་གནས་བཅས་དང་འབྲེལ་བའི་ཆོ་ག་དེ་ལྷ་ལ་དྲི་ཞིམ་གྱི་མཆོད་པ་འབུལ་པའི་སྲོལ་ཞིག་ཏུ་འཕོ་འགྱུར་བྱུང་བ་དང་། དེ་ལྟའི་འགྲེལ་བཤད་བྱེད་པའི་ཚུལ་དེ་མཐའ་མ་སངས་རྒྱས་ཆོས་ལུགས་ནང་དུ‘བསང་མཆོད’ཅེས་པའི་ཆོས་ལུགས་བྱེད་སྒོ་ཞིག་ཏུ་གཏན་འབེབས་བྱས་ཡོད་པ་རེད་ལ། སྣང་ཚུལ་དེ་ནི་ཕྱིས་སུ་དར་བའི་བོན་གྱི་གྲུབ་མཐའི་ནང་དུའང་ཉར་ཚགས་བྱས་ཡོད་པ་རེད་” ⑧ ཅེས་བསང་གི་ཆོ་གའི་ནང་དོན་དང་དམིགས་ཡུལ་ལ་འགྱུར་བ་བྱུང་བ་མ་ཟད། ཆོ་གའི་མིང་ཡང་བསང་དང་མཆོད་པ་གཉིས་ཀྱི་བསྡུས་ཚིག་སྟེ་བསང་མཆོད་ཅེས་པར་འགྱུར་ལྡོག་བྱུང་བ་བསྟན་ཡོད།འོན་ཀྱང་། ནང་བའི་བསང་ཡིག་ཕལ་ཆེ་བའི་ནང་དོན་ལ་ཞིབ་ཀྱིས་མཇལ་ཚེ། དེ་ནི་དྲི་ཞིམ་གྱི་མཆོད་པ་ཙམ་ཞིག་མ་ཡིན་པར་མཆོད་པའི་རྫས་སྣ་མང་པོས་གྲུབ་པའི་མཆོད་པ་ཞིག་ཡིན་པ་ཧ་གོ་ཡོང་། 
             སློབ་དཔོན་གྱི་《རྒྱགས་བརྔན་ལྷ་བསང་ཆེན་མོ་》དེ་ནི་བོད་ཀྱི་ཡིག་ཐོག་གི་བསང་ཡིག་ལ་ཆེས་སྔ་བ་ཡིན་ཞེས་བརྗོད་ཀྱང་འགལ་བ་མེད་སྙམ། བསང་གི་ཆོ་གའི་ནང་དོན་དང་རྣམ་པ་སོགས་ལ་འགྱུར་བ་བཏང་ཡོད་པས། སྔོན་གྱི་སྲིད་པ་རྒྱུད་ཀྱི་བོན་གྱི་ནང་དོན་དང་ལྡན་པའི་ངག་ཐོག་གི་བསང་ཡིག་དང་བསྡུར་ན་འགྱུར་ལྡོག་བྱུང་ཡོད་པ་ནི་རྗེས་སུ་དཔོག་ཐུབ། གཞན་ཡང་སློབ་དཔོན་གྱིས་《མནོལ་བསང་ལྷ་ཆབ་སྔོན་མོ་》དང་《བསང་ཆུང་ཡིད་བཞིན་ནོར་བུ་》སོགས་མཛད་ཅིང་། ད་ལྟ་མཐོང་ཆོས་སུ་ཡོད་པའི་ཁོང་གི་བསང་ཡིག་དེ་དག་ནི་བསྟན་པ་ཕྱི་དར་སྐབས་གཏེར་ནས་བཏོན་པར་གྲགས་པས། དེ་དག་ནི་སློབ་དཔོན་གྱིས་མཛད་པའི་བསང་ཡིག་གི་ཕྱི་མོའི་ཁུངས་རྒྱུན་དག་མ་ཡིན་མིན་སྐོར་ལ་དོགས་པ་ཞིག་རང་ཤུགས་ཀྱིས་སྐྱེས་ཡོང་སྟེ། དཔེར་ན།《རྒྱགས་བརྔན་ལྷ་བསང་ཆེན་མོ་》ལ་མཚོན་ན། སྔ་ཕྱིར་གཏེར་སྟོན་རྒྱལ་སྲས་ལེགས་ལྡན་(1290-1365)དང་། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་(1337-1409) པདྨ་མཆོག་གྱུར་གླིང་པ་(1827-1870)བཅས་གཏེར་སྟོན་འགས་ཡུལ་དུས་མི་འདྲ་བར་གཏེར་ནས་བཏོན་པར་བཞེད་ཅིང་། ཚིག་རིས་སོགས་ཀྱི་ཐད་ཀྱང་ཅུང་མི་འདྲ་བའི་ཆ་ཅུང་ཟད་རེ་ཡོད་ ⑨པ་ལྟ་བུ་ཡིན། འོན་ཀྱང་། དེ་འདྲའི་དོགས་པའི་ཐད་དུ་རྒན་ཚེ་རིང་ལགས་ཀྱིས། 《རྒྱགས་བརྔན་ལྷ་བསང་ཆེན་མོ་》ནི་མ་ཡིག་དང་འགྲེལ་ཡིག་གཉིས་ཀྱིས་གྲུབ་ཡོད་ཅིང་།མ་ཡིག་ནི་གཏེར་ནས་བཏོན་པའི་རིམ་པ་ཡིན་ཞིང་། རྩོམ་ལུས་ཀྱི་ཆ་ནས་ཚིག་བཅད་དང་། ཚིག་བར་དུ་གཏེར་ཚེག་བཞག་ཡོད་ལ། རྩོམ་གཤིས་ནི་《བཀའ་ཐང་ལྡེ་ལྔ་》སོགས་གཏེར་བཏོན་ཡིག་ཚང་དང་འདྲ། འགྲེལ་ཚིག་ནི་སྔོན་འགྲོ་སྐབས་ལས་གཞན་རྣམས་སུ་གོ་སླ་བས་ཕལ་ཆེར་མེད་ལ། མ་ཡིག་དང་འགྲེལ་ཡིག་གཉིས་གཞི་གཅིག་ཏུ་འདྲེས་ཡོད་⑩ཅེས་པ་ནི་བདེན་པའི་གཏམ་དུ་འདོད་དེ། རྒྱུ་མཚན་ནི་བསང་ཡིག་འདིའི་གཏེར་ཚེག་ཅན་གྱི་མ་ཡིག་གི་རིམ་པ་དང་། ཏུང་ཧུང་ནས་ཐོན་པའི་བོད་ཡིག་གི་ཤོག་དྲིལ་ལས་《ལྷ་དང་ཀླུའི་གཙོ་འཁོར་ལ་མཆོད་ཅིང་བསྟོད་པ》(P.T.0198)དང་《ལན་ཆགས་གཏོར་མ་བསྔོ་བ》(P.T.0180)《གསོལ་མཆོད》(P.T.0310) 《རྒྱུད་ཀྱི་ཆོ་ག》(P.T.0319)སོགས་ཆོ་གའི་ཡིག་རིགས་རྣམས་བསྡུར་ནས་དཔྱད་ཚེ། ཆོ་གའི་སྒྲིག་ལུགས་དང་ནང་དོན་སོགས་ཀྱི་ཆར་འདྲ་བའི་ཆ་མང་པའི་ངེས་ཤེས་རྙེད་ཐུབ་ལ། བསང་གཞུང་རང་དུའང་བསང་གི་རྒྱུ་ནི་གནམ་ནས་བྱུང་བ་ཡིན་པར་སྨྲ་བར་བརྟགས་ན། སློབ་དཔོན་གྱི་བསང་ཡིག་དག་ཀྱང་དེ་སྔོན་གྱི་ངག་ཐོག་གི་བསང་འབོད་སོགས་ཆོ་གའི་གྱེར་ཚིག་དང་། ཡིག་ཐོག་གི་ནང་བའི་མཆོད་པའི་ཡི་གེ་བཅས་ལ་གཞི་བྱས་ཏེ་བརྩམས་པར་སེམས། 
             ད་ལྟ་ང་ཚོའི་མཐོང་ཆོས་སུ་ཡོད་པའི་《རྒྱགས་བརྔན་ལྷ་བསང་ཆེན་མོ་》ནི་བསང་གསོལ་ཆོ་གའི་སྒྲིག་རིམ་ཁ་ཚང་བའི་བསང་ཡིག་རྒྱས་པ་ཞིག་ཡིན་ཞིང་། དེ་ནི་སྤྱིའི་ཆ་ནས་སྦྱོར་བ་དང་། དངོས་གཞི། མཇུག་གི་ཆོ་ག་བཅས་ཚན་པ་གསུམ་གྱིས་གྲུབ་ཡོད་ཅིང་། བྱེ་བྲག་སྦྱོར་བ་ལ་བཅའ་སྒྲིག་དང་སྔོན་འགྲོའི་རིམ་པ་གཉིས་སུ་ཕྱེ་སྟེ། བཅའ་སྒྲིག་ལ།“ཤིན་ཏུ་གཙང་བའི་ས་ཕྱོགས་སུ ༔ དཀར་གསུམ་མངར་གསུམ་བརྒྱན་པ་དང་ ༔ དམར་གཏོར་ཤ་ཆང་བརྒྱན་པ་དང་༔ བསང་བཤོས་ཟས་སྣས་བརྒྱན་པ་དང་ ༔ ཕྱེ་མར་ཅི་འབྱོར་སྣོད་ཁེངས་དང་ ༔ དྲི་བཟང་འབྲུ་སྣ་སྨན་སྤོས་དང་ ༔ རིན་ཆེན་མེ་ཏོག་སྣ་ཚོགས་དང་ ༔ ཁྱད་པར་རྟ་གླང་ར་དང་ལུག ༔མཛོ་གཡག་སྦལ་སྦྲུལ་ལ་སོགས་དང་ ༔ གཟུགས་འགྲོས་སྣ་ཚོགས་བྱས་པ་དང་ ༔ སྦ་སྨྱུག་ཤུག་པ་ལྕང་མ་དང་ ༔ མཁན་པ་མཚེ་དང་འོམ་བུ་དང་ ༔ བ་ལུ་གླང་མ་ལ་སོགས་པའི ༔ རྩི་ཤིང་སྣ་ཚོགས་མཆོད་པ་བཤམས ༔ སྟག་གཟིག་དར་ཟབ་ལ་སོགས་པ ༔ མདའ་མདུང་དར་ཆེན་འཕྱར་བ་དང་ ༔ རྔ་དུང་ལ་སོགས་རོལ་མོའི་སྒྲ ༔ སྤྱན་གཟིགས་མཆོད་པ་སྣ་ཚོགས་བཤམས ༔  ⑾ ཞེས་བསང་མཆོད་ཀྱི་གནས་དང་མཆོད་རྫས་གྲ་སྒྲིག་སྐོར་འཁོད་པ་དང་། སྔོན་འགྲོ་ལ། རང་ཉིད་པདྨའི་ང་རྒྱལ་གྱིས ༔ མཆོད་རྫས་ཀུན་ལ་སྤོས་ཆུ་གཏོར ༔ ཐམས་ཅད་ཅི་འདོད་འབྱུང་བ་ཡི ༔མཆོད་སྤྲིན་ཡིད་བཞིན་གཏེར་བྱུང་བ ༔ ས་གཞི་བར་སྣང་གང་བར་བསམ ༔ ཤིང་སྣ་མེ་སྦར་བསང་དུད་སྦྱར ༔ རོལ་མོའི་སྒྲ་ཡིས་བྱིན་དབབ་བོ ༔” ⑿ ཞེས་རོལ་མོ་དང་བཅས་ཏེ་བཀའ་བརྒྱུད་བདེ་གཤེགས་འདུས་པའི་སྐྱབས་འགྲོ་ཡིས་མཆོད་རྫས་ཀུན་ལ་བྱིན་བརླབས་དགོས་ཚུལ་འཁོད་ཡོད། དེ་ནས་དངོས་གཞི་ནི་བསང་ཡིག་འདིའི་གཙོ་གནད་དང་ནང་དོན་ཆེ་ཁག་དེ་ཡིན་ལ། དེ་ནི་རིམ་པ་ལྟར་བསང་གྱེར་བཞིན་མགྲོན་ནམ་ལྷ་ཚོགས་སྤྱན་འདྲེན་པ་དང་། སྣོད་བཅུད་བསང་བ། ཕྱག་བྱེད་པ། མཆོད་རྫས་བརྔན་པ། འཕྲིན་ལས་བཅོལ་བ་བཅས་ཡིན་ཞིང་། སྤྱན་འདྲེན་ལྟ་བུ་ལ་མཚོན་ན། ཐོག་མར་《ཚིག་བདུན་གསོལ་འདེབས་》ངག་ནས་གྱེར་ཞོར་ཡེ་ཤེས་པ་སྤྱན་འདྲེན་པ་ཞེས་ཡི་དམ་གྱི་ལྷ་གཅིག་ཏུ་གྱུར་བར་བསམས་པ་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་དགོས་ཤིང་། དེ་ནས། “བླ་མ་ཡི་དམ་མཁའ་འགྲོ་དང་ ༔ སངས་རྒྱས་ཆོས་དང་དགེ་འདུན་དང་ ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལྷ ༔ཕྱི་ནང་སྲུང་མའི་ཚོགས་རྣམས་དང་ ༔ གསང་སྔགས་རིག་སྔགས་ལྷ་རྣམས་དང་ ༔ འདས་དང་མ་བྱོན་ད་ལྟར་གྱི ༔ ལྷ་དང་སྲུང་མ་དམ་ཚིག་ཅན ༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང་ ༔ འཇིག་རྟེན་གནས་ཀྱི་མཆོག་གྱུར་བ ༔ སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་ ༔ འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ ༔ སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན ༔ ཆེ་དགུ་གཉན་དགུ་ཐམས་ཅད་དང་ ༔ གཙུག་ལག་ཁང་དང་སྒྲུབ་གནས་ཀྱི ༔ སྲུང་མ་གཉེན་པོ་ཐམས་ཅད་དང་ ༔ གཞན་ཡང་ལྷ་དང་གནོད་སྦྱིན་དང་ ༔ དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས༔ བརྔན་པར་འོས་པའི་མགྲོན་རྣམས་དང་ ༔ ས་བདག་ཀླ་གཉན་ཐམས་ཅད་ཀུན ༔ ” ⒀ཞེས་རིམ་པ་ལྟར་ལྷ་ཚོགས་སྤྱན་འདྲེན་པ་ཡིན་མོད་ལྷ་རེ་རེའི་ཆ་བྱད་རྒྱས་པར་འཁོད་མེད།དེ་ནས་སྤྱན་དྲངས་པའི་ལྷ་ཚོགས་དང་ཁོར་ཡུག་ལ་བསང་དང་ཕྱག་མཆོད་བྱ་དགོས་ཤིང་། དེར་མཐུད་མཆོད་རྫས་བརྔན་པ་དང་འཕྲིན་བཅོལ་གཉིས་ལྷན་དུ་ཡོད་ལ། བརྔན་ཚུལ་ལ། ལྷ་རྣམས་མེ་ཏོག་ཕྲེང་བས་བརྔན ༔ ཀླུ་རྣམས་དཀར་གསུམ་གཏོར་མས་བརྔན ༔ གཉན་རྣམས་མངས་གསུམ་དར་ཟབ་བརྔན ༔ ས་བདག་གསེར་དངུལ་རིན་ཆེན་བརྔན ༔ ལྷ་མོ་བརྟན་མ་བུམ་པས་བརྔན ༔ དྲི་ཟ་དྲི་དང་གསུར་གྱིས་བརྔན ༔  ⒁ ཞེས་གང་ལ་གང་དགོས་ཀྱི་བརྔན་ཚུལ་དང་། དེའི་མཇུག་ཏུ་འཕྲིན་བཅོལ་ཡིན་ཞིང་། དེ་ལ་འཇིག་རྟེན་གནས་སྐབས་ཀྱི་ཕན་བདེ་དང་བླ་མེད་བྱང་ཆུབ་ཐོབ་པ་གཉིས་ཞུ་བ་ཡིན་པས། འདིའི་ཆ་ནས་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་གསལ། འཕྲིན་བཅོལ་བྱས་པས་དངོས་གཞིའི་རིམ་པ་རྫོགས་པ་ཡིན། མཇུག་གི་ཆོ་ག་ནི་ཅུང་སྟབས་བདེ་པོ་ཡོད་དེ། ཡིག་བརྒྱས་ཆད་ལྷག་ཁ་བསྐང་པས་ཆོག་པར་བྱས་ཡོད། བསང་ཡིག་འདིའི་གཏེར་ཚེག་ཅན་རྣམས་མ་ཡིག་ཡིན་པར་བྱས་ན། ཕྱིས་ཀྱི་གཏེར་སྟོན་རྣམས་ཀྱིས་འགྲེལ་བ་མང་པོ་བརྒྱབ་མེད་པ་ཤེས་ཐུབ་ཅིང་། དེའི་རྗོད་བྱེད་ཀྱི་ཚིག་ནི་ཕལ་ཆེར་ཚེག་བར་བདུན་མ་དང་དགུ་མའི་བཅད་མ་ཡིན་ཞིང་། རྣ་བར་སྙན་ཞིང་ངག་ལ་བདེ་བའི་གྱེར་ཚིག་གི་ཁྱད་ཆོས་ཀྱིས་ཕྱུག བརྗོད་བྱའི་ཆ་ནས་སངས་རྒྱས་ཆོས་ལུགས་ཀྱིས་ཤན་ཞུགས་པས། སྔོན་མའི་ངག་ཐོག་གི་བསང་ཡིག་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་པ་ནི་རྗེས་སུ་དཔོག་ནུས་ཤིང་། སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པས་ཤུགས་རྐྱེན་གང་འཚམ་ཐེབས་ཡོད་པ་གསལ། དེ་བཞིན་སློབ་དཔོན་གྱི་བསང་ཡིག་གཞན་དག་ཀྱང་རིགས་འགྲེས་ཚུལ་གྱིས་གོ་བར་བྱས་ཆོག་སྙམ།
             གོང་དུ་བཤད་པ་བཞིན། སློབ་དཔོན་གྱི་《རྒྱགས་བརྔན་ལྷ་བསང་ཆེན་མོ་》འདི་ནི་བོད་ཀྱི་ཡིག་ཐོག་གི་བསང་ཡིག་ཐོག་མ་ཡིན་སྟབས། འདིས་ཕྱིས་ཀྱི་བསང་ཡིག་གི་རྩོམ་ལུགས་ལ་ཤན་ཞུགས་ཆེན་པོ་ཐེབས་ཡོད་པ་ནི་ལྔ་བ་ཆེན་མོའི་《བསང་མཆོད་བཀྲ་ཤིས་འཁྱིལ་བ་》སོགས་ནི་འདི་ལ་དཔྱད་གཞི་བྱས་ཏེ་བརྩམས་པ་ལས་ཤེས་ཐུབ་ཅིང་།དེའི་རིན་ཐང་གི་ཐད་དུ་རྒན་ཚེ་རིང་ལགས་ཀྱིས། “བོད་བརྒྱུད་ནང་བསྟན་གྱི་ལྷ་ཚོགས་དང་གདོད་མའི་ཡུལ་ཆོས་ཀྱི་ལྷ་ཚོགས་ཀྱི་འབྲེལ་བ་མཐུན་སྦྱོར་དང་། བོད་བརྒྱུད་ནང་བསྟན་གྱི་ཆོ་གའི་ཡི་གེའི་བྱུང་བ་སོགས་གང་གི་ཆ་ནས་བལྟས་ཀྱང་། 《རྒྱགས་བརྔན་ལྷ་བསང་ཆེན་མོ་》ནི་ཤིན་གལ་ཆེ་བ་ཞིག་ཡིན་” ⒂ ཞེས་གསུངས་པ་དོན་དུ་གནས།གཞན་བསྟན་པ་སྔ་དར་གྱི་སྐབས་སུ་བན་བོན་གྱི་འགལ་བ་དེ་ཡུན་རིང་བོར་གནས་ཤིང་། ནང་སྒོས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་འགལ་བ་ཆེར་ཕྱིན་པས་བོན་གྱི་འཕེལ་རྒྱས་ལ་ཚད་བཀག་ངེས་ཅན་ཐེབས་ཡོད་མོད། སངས་རྒྱས་ཆོས་ལུགས་དང་བོད་ཀྱི་ཡུལ་ཆོས་གཉིས་གཞི་གཅིག་ཏུ་འདྲེས་པ་དེ་ནི་སློབ་དཔོན་ནས་དབུ་ཚུགས་ཏེ་དུས་ཡུན་རིང་པོ་ཞིག་འགོར་ཡོད་སྟབས། འདིའི་སྐབས་ཀྱི་བོན་གྱི་བསང་ཡིག་ནི་སྔོན་ལྟར་གནས་པ་ལས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མི་འདོད་དོ།།
གསུམ་པ། བསྟན་པ་ཕྱི་དར་སྐབས་ཀྱི་བསང་ཡིག
             བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བ་དེས་བོད་སྤྱིའི་རིག་གནས་ལ་ཉམས་ཉེས་ཆེན་པོ་བཟོས་མོད།བསྟན་པ་ཕྱི་དར་གྱི་ཡོ་ལང་རྣམ་པར་རྒྱས་པས། བོད་བརྒྱུད་ནང་བསྟན་སྲོག་ཤིང་དུ་གྱུར་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་བསྐྱར་འཛུགས་ཐུབ་པ་བྱུང་ལ།བསང་གསོལ་ཆོ་གའང་མ་ཉམས་པར་གནས་པ་ནི་བསྟན་པ་ཕྱི་དར་གྱི་དུས་མགོའི་མཁས་པའི་གསུང་ནང་དུ་གསལ།འོན་ཀྱང་། འདིའི་སྐབས་ཀྱི་མཁས་པས་བརྩམས་པའི་བསང་ཡིག་སྐོར་ནི་རྙེད་སོན་མ་བྱུང་། དུས་རབས་བཅུ་གཉིས་པའི་ནང་ས་སྐྱ་འཁོན་གྱི་གདུང་རྒྱུད་དུ་གངས་རིའི་ལྗོངས་ཀྱི་པཎྚི་ཏ་ཐོག་མ་འཇམ་མགོན་ས་སྐྱ་ཀུན་དགའ་རྒྱལ་མཚན་འཁྲུངས་ཤིང་། ཁོང་གིས《མཁས་འཇུག་》ཏུ་མེ་ལོང་མའི་ཚིགས་བཅད་མི་ཉུང་པ་ཞིག་བསྒྱུར། ཕྱིས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཀའ་ཕབ་ནས་གཞུང་ཆ་ཚང་བར་བསྒྱུར་དུ་བཅུག དེའི་ཕྱིས་སུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཀརྨ་སི་ཏུ་ཉིན་བྱེད། རིན་སྤུངས་ངག་དབང་འཇིགས་གྲགས། ལྔ་བ་ཆེན་མོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་གངས་ལྗོངས་མཁས་དབང་རིམ་བྱོན་གྱིས་གཞུང་འདིར་འགྱུར་བཅོས་རབས་དང་རིམ་པ་བྱས་ཏེ་འགྲེལ་བ་ཅི་རིགས་བརྩམས། འཆད་ཉན་གྱི་སྲོལ་ལེགས་པར་མཛད་པ་སོགས་ཀྱིས་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དེའི་ཁྲོད་དུ་བསང་ཡིག་ཀྱང་འདུ།
             ད་ལྟ་ང་ཚོས་མཐོང་ཐུབ་པའི་བསྟན་པ་ཕྱི་དར་སྐབས་ཀྱི་བསང་ཡིག་ལ་ཅུང་སྔ་གྲས་ནི། དུས་རབས་བཅུ་གསུམ་པར་མཛད་པའི་ཀརྨ་རང་བྱུང་རྡོ་རྗེ་(1284-1339)ཡི་《འཛམ་གླིང་སྤྱི་བསངས་》དང་《གནས་མཆོག་ཁ་བ་དཀར་བོའི་བསང་ཡིག་དངོས་གྲུབ་ཆར་འབེབས》 དོལ་པོ་ཤེས་རབ་རྒྱལ་མཚན་(1292-1361)གྱི་《བསང་ཡིག་དགོས་འདོད་ཀུན་འབྱུང་》སོགས་ཡིན་ཞིང་། དེ་དག་གི་དུས་ཀྱི་ཆ་ནས་རྒྱལ་གཏེར་སྟོན་རྒྱལ་སྲས་ལེགས་ལྡན་(1290-1365)གྱིས་སློབ་དཔོན་པདྨའི་《རྒྱགས་བརྔན་ལྷ་བསང་ཆེན་མོ་》གཏེར་ནས་བཞེས་པའི་དུས་དང་ཕལ་ཆེར་མཉམ་ཡོད་པས། ཁོ་ཚོས་སློབ་དཔོན་གྱི་བསང་ཡིག་ལ་དཔེ་བལྟས་ནས་མཛད་པ་མིན་ནམ་སྙམ་ཞིང་། གཏེར་སྟོན་རྒྱལ་སྲས་ལེགས་ལྡན་གྱིས་སློབ་དཔོན་གྱི་《རྒྱགས་བརྔན་ལྷ་བསང་ཆེན་མོ་》གཏེར་ནས་བཞེས་པ་དེས་གངས་རིའི་ལྗོངས་སུ་ཡང་བསྐྱར་བསང་ཡིག་རྩོམ་པའི་སྒོ་མོ་ཕྱེས་པ་འདྲ།
             ཀརྨ་རང་བྱུང་རྡོ་རྗེ་ཡི་《འཛམ་གླིང་སྤྱི་བསངས་》ནི་བོད་ཀྱི་བསང་ཡིག་ཁྲོད་ཅུང་གྲགས་ཆེ་བ་ཞིག་ཡིན་ཏེ། དེ་ནི་གཅིག་ནས་ཀརྨ་རང་བྱུང་རྡོ་རྗེ་ཁོང་ཉིད་ལོ་རྒྱུས་མི་སྣ་གྲགས་ཅན་ཞིག་ཡིན་པ་དང་། གཉིས་ནས་འཛམ་གླིང་སྤྱི་བསང་འདི་བཙན་པོའི་སྐབས་ནས་བརྒྱུད་པའི་བསང་གསོལ་གྱི་ལུགས་སྲོལ་གལ་ཆེ་བ་ཞིག་ཡིན་པ། གསུམ་ནས་བསང་ཡིག་འདི་ཉིད་བོད་ཀྱི་བསང་ཡིག་གི་འཕེལ་རིམ་ལས་སྔ་ཤོས་སུ་གཏོགས་པ་བཅས་ཀྱིས་ཡིན་སྙམ། བསང་ཡིག་དེའི་ནང་དོན་དང་སྒྲིག་གཞི་ནི་《རྒྱགས་བརྔན་ལྷ་བསང་ཆེན་མོ་》དང་བསྡུར་ན་ཅུང་སྟབས་བདེ་བོ་ཞིག་ཡིན་ཏེ། “ཆོ་གའི་སྔོན་འགྲོ་དང་། བསང་བ། འཕྲིན་བཅོལ་བཅས་ལས་མེད་ཅིང་། སྔོན་འགྲོ་ལ། ཕྱི་མར་གྱི་སུམ་ཆ་དང་། དར་ཚོན་སོགས་བསང་ཁང་དུ་འབུལ་ལ། ཆང་ཕུད་སོགས་ཀྱིས་བྲན་ནས་བསང་གི་རིམ་པ་འདི་སྐད་དོ།།” ⒃ ཅེས་ཧ་ཅང་བསྡུས་པ་ཞིག་ལས་མེད་ལ། བསང་གི་རིམ་པ་ལ་ཐོག་མར་བསང་གི་རྒྱུ་ཇི་ལྟར་སྲིད་པའི་སྐོར་དང་། ཕྱི་ནང་སྣོད་བཅུད་བསང་བ་གཉིས་ཡོད། བསང་ཡིག་འདིའི་བསང་གི་རྒྱུ་ཇི་ལྟར་སྲིད་པའི་སྐོར་ནི་སློབ་དཔོན་གྱི་བསང་ཡིག་དང་མི་འདྲ་བར། བལྟས་ཚོད་ལ་སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ལྟ་གྲུབ་ཀྱིས་ཤན་ཞུགས་ཡོད་པ་མངོན་གསལ་ཡིན། ཡང་འཛམ་གླིང་སྤྱི་བསང་ཡིན་པའི་ཆ་ནས། བསང་བྱའི་ལྷ་ཚོགས་ཀྱི་རྣམ་གྲངས་དང་ཡུལ་གྱི་ཆ་ནས་མང་ཞིང་རྒྱ་ཆེ་མོད། ལྷ་ཚོགས་ཀྱི་མིང་གི་རྣམ་གྲངས་ཙམ་ལས་ཆ་བྱད་རྒྱས་པར་བཀོད་མེད། འཕྲིན་བཅོལ་ལ། “དེ་རྣམས་བསངས་པའི་ཡོན་ཏན་གྱིས།། བདག་དང་ཡོན་བདག་འཁོར་བཅས་ལ།། མི་ལ་ན་ཚ་མ་བཏང་ཞིག། ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག ། བསམ་པ་ཆོས་བཞིན་འགྲུབ་པར་མཛོད།།” ⒄ ཅེས་ཡོད་ཅིང་། བསང་ཡིག་འདིར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་བསང་ཡུལ་གྱི་མགྲོན་ནམ་ལྷ་ཚོགས་སྤྱན་འདྲེན་པའི་རིམ་པ་མེད་ཅིང་། གཞན་ཡང་ཆོ་གའི་དངོས་གཞི་རུ་བསང་བ་ལས་མཆོད་འབུལ་གྱི་ཆ་མེད་པ་དེའོ།། 《གནས་མཆོག་ཁ་བ་དཀར་བོའི་བསང་ཡིག་དངོས་གྲུབ་ཆར་འབེབས་》 ནི་ད་ལྟ་མཐོང་དུ་ཡོད་པའི་བྱེ་བྲག་གི་གཞི་བདག་ཅིག་ལ་བྲིས་པའི་བསང་ཡིག་སྔ་ཤོས་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་མི་སྣ་ཞིབ་འབྲི་བྱས་པ་ཞིབ་ཅིང་ཕྲ་བ་དེ་ཡིན། དོལ་པོ་ཤེས་རབ་རྒྱལ་མཚན་(1292-1361)གྱི་《བསང་ཡིག་དགོས་འདོད་ཀུན་འབྱུང་》ནི་ཀརྨ་རང་བྱུང་རྡོ་རྗེ་ཡི་《འཛམ་གླིང་སྤྱི་བསངས་》ལས་ཅུང་ཟད་རྒྱས་པ་ཞིག་ཡིན་ཡང་། ཆོ་གའི་སྒྲིག་ལུགས་ཅུང་ཞིབ་རྒྱས་སུ་བཀོད་པ་ལས་ནང་དོན་གྱི་ཆ་ནས་སྔ་མ་དང་ཕར་ཆེར་འདྲ་བ་ཡིན། དུས་རབས་བཅུ་བཞི་བའི་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་(1308-1368)གྱི་《བསང་གི་ཆོ་ག་དགེ་ལེགས་ཀུན་འབྱུང་》དང་། དུས་རབས་བཅོ་ལྔ་བའི་བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན་(1436-1494)གྱི་《རྒྱ་གར་ཤེར་བསང་》སོགས་ཀྱི་རྩོམ་སྲོལ་ཡང་དེ་དག་དང་ཕལ་ཆེར་གཅིག་མཚུངས་སུ་སྣང་། སྤྱིའི་ཆར་གཞིགས་ཚེ། དུས་སྐབས་འདིའི་བསང་ཡིག་ནི། བོད་དུ་ས་པཎ་གྱི་སྐུ་རིང་ནས་མེ་ལོང་མའི་གཞུང་དར་ཡང་།ཞ་ལུ་ལོ་ཙཱ་བའི་(1441-1527)བར་འཆད་ཉན་གྱི་སྲོལ་དར་རྒྱས་ཆེན་པོ་མ་བྱུང་བས། བསང་ཡིག་ལ་《མེ་ལོང་མའི་》ཤན་ཆེན་པོ་ཞུགས་མེད་པར་རང་གི་བརྗོད་བྱ་དེ་ཉིད་དྲང་ཤད་དུ་བརྗོད་ཡོད་ཅིང་། ནང་དོན་གྱི་ཆ་ནས་མགོ་མཇུག་བར་གསུམ་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་ཀྱིས་ཤན་ཞུགས་ཡོད་པ་གསལ།
             དུས་རབས་བཅུ་དྲུག་ནས་བཅུ་དགུའི་བར་ནི་བོད་ཀྱི་བསང་ཡིག་གི་རྩོམ་གཤིས་དང་ནང་དོན། སྒྲིག་ལུགས་སོགས་ལ་འགྱུར་བ་ཅུང་ཟད་མངོན་གསལ་ཞིག་བྱུང་ཡོད་ཅིང་། གྲངས་ཀྱི་ཆ་ནས་ཀྱང་ཤིན་ཏུ་མང་བའི་སྐབས་ཤིག་ཡིན་པར་འདོད་ལ། ནང་སྒོས་སུ་དུས་སྐབས་འདིར་ཡུལ་ལྷ་གཞི་བདག་གི་བསང་ཡིག་རྩོམ་པའི་སྲོལ་རྒྱ་ཆེར་དར་བར་འདོད། རིམ་པར་མདོར་བསྡུས་གླེང་བ་ལ། འབྲུག་པ་ཀུན་མཁྱེན་པདྨ་དཀར་པོའི་(1527-1592)《བསང་དཔེ་བཀྲ་ཤིས་རེ་སྐོང་》དང་། བསོད་ནམས་ཡེ་ཤེས་དབང་པོའི་(1556-1592)《དགའ་ལྡན་ལྷ་བསང་རྣམ་དག་མ》 ཇོ་ནང་ཏཱ་ར་ནཱ་ཐའི་(1575-1634)《བསང་ཡིག་ཉི་ཟླའི་འོད་འབར》 པཎ་ཆེན་བློ་བཟང་ཆོས་རྒྱན་(1570-1662)གྱི་《བསངས་ཀྱི་ཆོ་ག་དངོས་གྲུབ་ཀྱི་གཟི་བྱིན་འོད་འབར་བ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་》བཅས་བར་སྐབས་འདིའི་མཁས་པ་ཆེན་པོ་དག་གི་བསང་ཡིག་ནི་རྗོད་བྱེད་ཀྱི་ཆ་ནས་《མེ་ལོང་མས་》ཤན་ཞུགས་ཡོད་པ་མ་ཟད། མངོན་བརྗོད་དང་ལེགས་སྦྱར་ཀྱི་ཐ་སྙད་ཀྱང་མང་དུ་མཐོང་ལ། ཆོ་གའི་གཞུང་དུ་གཟུངས་སྔགས་བཀོད་པའང་རིམ་བཞིན་ཇེ་མང་དུ་སོང་ཡོད།བསང་ཡིག་སྤྱིའི་སྒྲིག་གཞི་ནི་སྔོན་མ་རྣམས་དང་ཕལ་ཆེར་གཅིག་མཚུངས་སུ་སྣང་། ཡིན་ཡང་། འདིའི་ཡར་སྔོན་གྱི་བསང་ཡིག་སྤྱིའི་གནས་བབས་ལ་ལྔ་བ་ཆེན་མོས་(1617-1682)“འགའ་ཞིག་ཚིག་གི་སྦྱོར་བར་རབ་མཁས་ཀྱང་།། བསང་རྐྱང་བརྒྱགས་བརྔན་དབྱེ་བ་མ་ཕྱེད་ཅིང་།། མཇུག་ཏུ་བསྒྲལ་བའི་མཆོད་པ་སྦྱར་བ་སོགས།། འཁྲུལ་བར་བྱེད་པའི་རིང་ལུགས་ཁོ་ནར་ངེས།། ལ་ལ་ཕྱོགས་འདིའི་བརྡ་ལ་མ་བྱང་བར།། རང་བཟོ་བྱས་པའི་ཚིག་གི་ཕྲེང་བ་དག །རྨོངས་པའི་གོ་སར་མཛེས་ཀྱང་ཚུལ་འདི་ཉིད།། ཤེས་པས་མཐོང་ཚེ་གད་མོ་བྲོ།། ཁ་ཅིག་གྲོང་བའི་གསོན་དགེའི་གྲལ་རིམ་ལྟར།། བར་བཀབ་ཏི་ཐུག་ཁྲིགས་ཀྱི་ཡི་གེ་དག། སོས་ཀྱི་ཉི་རིང་འཕུལ་བའི་གཡར་ཁྲལ་ལས།། ཡང་དག་དོན་གྱི་སྟོངས་པའི་བྲག་ཅ་བཞིན།།” ⒅  ཞེས་ཚིག་ཉུང་དོན་བསྡུས་སྒོས་བརྗོད་ཡོད་ཅིང་། ཚུལ་དེར་དགོངས་ནས་ཁོང་གིས་《ལྷ་རྣམས་མཉེས་པར་བྱེད་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ་》མཛད་ཅིང་། དེ་ནི་སློབ་དཔོན་གྱི་བསང་ཡིག་གཏེར་མ་འགའ་ཞིག་ལ་གཞི་བྱས་ཤིང་། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན་གྱི་བསང་ཡིག་དང་ཆ་མཐུན་པར་བྱས་ཏེ་བརྩམས་ཞེས་ཡོད་ཀྱང་། བསང་ཡིག་འདིའི་དཔྱད་གཞིའི་སྐོར་ལ་མཁར་རྨེའུ་བསམ་གཏན་ལགས་ཀྱིས།“རྒྱལ་དབང་ལྔ་བ་ཆེན་མོས་དཔེ་ཆ་དེ་རྩོམ་སྐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བརྩམས་གྲགས་པའི་བསང་ཡིག་འགའ་ཞིག་ལ་དཔྱད་གཞི་གནང་ཚུལ་གསུངས་ཡོད་ནའང་། དོན་དངོས་ཐོག་དཔེ་ཆ་དེ་ནི་བོད་ཀྱི་སྔར་ཡོད་ཀྱི་ཆོ་གའི་ནང་དོན་དང་ལེན་གནང་བ་ལས་བྱུང་བ་ཡིན་པ་གོར་མ་ཆག” ⒆ ཅེས་གསུངས་ཡོད། 《ལྷ་རྣམས་མཉེས་པར་བྱེད་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ་》ནི་བསང་ཡིག་རྒྱས་པ་ཞིག་ཡིན་ཞིང་། དེ་ནི་སྔོན་འགྲོ་དང་གཞུང་དངོས།ཤིས་བརྗོད་བཅས་རིམ་པ་གསུམ་གྱིས་གྲུབ་ཡོད་ཅིང་། དེ་དག་རེ་རེ་ལའང་། སྔོན་འགྲོ་རིམ་པ་ལ། བཅའ་སྒྲིག་དང་།སྐྱབས་འགྲོ སེམས་བསྐྱེད། ཚོགས་ཞིང་། བསང་རྫས་བྱིན་གྱིས་བརླབ་པ་བཅས་ཡོད་ཅིང་། གཞུང་དངོས་ལ། བདག་བསྐྱེད་དང་། སྤྱན་འདྲེན། བསང་གྱེར་བ། ཉམས་གྲིབ་གཤེགས་པ། འཕྲིན་ལས་བཅོལ་བ། ཕྱྭ་གཡང་འགུགས་པ།ནོངས་པ་བཟོད་པར་གསོལ་བ་བཅས་ཡོད། ཤིས་བརྗོད་ནི་བསང་མཆོད་ཡུལ་ལ་བཀྲ་ཤིས་ཁ་གཡང་བརྗོད་པ་ཡིན་ནོ།། དེ་ལྟར་ལྔ་པ་ཆེན་མོའི་བསང་ཡིག་འདི་ནི་ཆོ་གའི་སྒྲིག་རིམ་ཤིན་ཏུ་གསལ་ལ། ཉ་ཉུང་མཉམ་བསྲེས་ཀྱི་བསང་ཡིག་དག་ལ་ཁྲུལ་སེལ་ཐེངས་གཅིག་བྱས་པའང་ཡིན་པས། འདི་ནི་བོད་ཀྱི་བསང་ཡིག་གི་ལོ་རྒྱུས་ལ་ཆ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པ་ནི་སྨྲས་མ་དགོས། ལྔ་བ་ཆེན་མོ་ནི་རིག་གནས་ཆེ་ཆུང་ཀུན་ལ་མཁས་ཤིང་། ནང་སྒོས་ཚིག་གི་སྦྱོར་བར་དབང་འབྱོར་བ་ལྟ་བུ་ཞིག་ཡིན་པས་བསང་ཡིག་འདིའི་རྗོད་བྱེད་ནི་བསང་ཡིག་ཀུན་ལས་ཏོག་ལྟ་བུར་གྱུར་ཡོད་པས་དེ་ཕྱིས་ཀྱི་མཁས་པ་ཀུན་གྱིས་བསང་ཡིག་གི་ཚད་གཞི་ལྟ་བུར་བཟུང་བར་གྲགས་ཤིང་། ཕྱིས་བྱོན་གྱི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་། ཀུན་མཁྱེན་འཇིགས་མེད་དབང་པོ།རྒྱལ་བ་སྐལ་བཟང་རྒྱ་མཚོ་སོགས་རིམ་བྱོན་མཁས་པ་མང་པོའི་བསང་ཡིག་དང་བསྡུར་ཚེ་འདི་ལ་གཞི་བྱས་ཏེ་བརྩམས་པ་གསལ། འོན་ཀྱང་། དུས་རབས་བཅུ་དགུའི་སྨད་ནས་བཟུང་། མཁས་པ་སྐོར་ཅིག་གི་བསང་ཡིག་ནི་ཡང་བསྐྱར་ཆོ་ག་མང་པོ་མཉམ་བསྲེས་ཀྱི་ཕྱོགས་སུ་ཕྱིན་པ་རེད།
             སྤྱིར་བཏང་ཡུལ་ལྷ་གཞི་བདག་བྱེ་བྲག་པའི་བསང་ཡིག་ནི་སྔ་མོ་ནས་ཡོད་པར་སྲིད་མོད། ད་ལྟ་ཡིག་ཐོག་ཏུ་མཐོང་རྒྱུ་ཡོད་པ་ལ་སྔ་ཤོས་ནི་ཀརྨ་རང་བྱུང་རྡོ་རྗེ་ཡི་《གནས་མཆོག་ཁ་བ་དཀར་བོའི་བསང་ཡིག་དངོས་གྲུབ་ཆར་འབེབས་》ཡིན་ལ། དུས་རབས་བཅུ་དྲུག་པ་ནས་བཟུང་གངས་ཅན་མཁས་པའི་ཚོགས་ཀྱིས་ཡུལ་ལྷ་གཞི་བདག་བྱེ་བྲག་པར་བསང་ཡིག་རྩོམ་པའི་སྲོལ་རྒྱ་ཆེར་དར་ཏེ།ཀིརྟི་བསྟན་པ་རབ་རྒྱས་དང་། ངག་དབང་ཀུན་དགའ་བསྟན་འཛིན། ཀུན་མཁྱེན་འཇིགས་མེད་དབང་པོ། སྟོང་འཁོར་བསོད་ནམས་རྒྱ་མཚོ། ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། རྒྱལ་བ་སྐལ་བཟང་རྒྱ་མཚོ། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ། བདུད་འཇོམས་རྡོ་རྗེ། ཚེ་ཏན་ཞབས་དྲུང་སོགས་མཁས་དབང་རིམ་བྱོན་གྱིས་བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་ཕལ་ཆེ་མོར་བསང་ཡིག་མཛད་ཡོད། དུས་ཀྱི་ཆ་ནས་སྲིད་པ་ཆགས་པའི་ལྷ་དགུ་སོགས་བོད་སྤྱིའི་ཡུལ་ལྷ་གཞི་བདག་གི་བསང་ཡིག་སྔ་ཞིང་། མཛད་པ་པོའང་གཙུག་གི་ཏོག་ལྟ་བུའི་སྐྱེས་ཆེན་དམ་པ་ཤ་སྟག་ཡིན། ཡུལ་ལུང་ཕལ་བའི་ཡུལ་ལྷ་གཞི་བདག་གི་བསང་ཡིག་ནི་ལྟོས་བཅས་སུ་ཅུང་འཕྱི་ལ། མཛད་པ་པོ་ནི་ལྷ་སྡེའི་དགོན་ཁག་གི་བླ་སྤྲུལ་ཡིན། བོད་སྤྱིའི་ཡུལ་ལྷ་གཞི་བདག་གི་བསང་ཡིག་ནི་ནང་དོན་དང་སྒྲིག་ལུགས་ཀྱི་ཆ་ནས་ཅུང་ཟད་རྒྱས་པར་ཡོད་ཅིང་། ཡུལ་ལུང་བྱེ་བྲག་པའི་ཡུལ་ལྷ་གཞི་བདག་གི་བསང་ཡིག་ནི་ཅུང་ཟད་སྟབས་བདེའི་ཚུལ་དུ་ཡོད།བསང་ཡིག་འདི་རིགས་ཀྱི་ཐུན་མོང་གི་ཁྱས་ཆོས་ནི། ཡུལ་ལྷ་གང་དེའི་གནས་ཡུལ་གསལ་སྟོན་དང་དེའི་ཡོན་ཏན་ལ་ཆེ་བརྗོད་བྱེད་པ། ཡུལ་ལྷའི་ཆ་བྱད་ཞིབ་ཅིང་ཕྲ་བའི་སྒོ་ནས་གླེང་བ་བཅས་སོ།།
             མདོར་ན། བསང་ཡིག་ནི་གྲངས་ཀྱི་ཆ་ནས་ཤིན་ཏུ་མང་བ་མ་ཟད། བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། ཆོས་ལུགས་དད་མོས། དམངས་སྲོལ། ཁོར་ཡུག་སྲུང་སྐྱོབ།གསོ་རིག ས་ཁམས་སོགས་དང་དམ་པོར་འབྲེལ་བའི་ཐུན་མིན་གྱི་རྩོམ་ལུས་ཤིག་ཡིན་པས་ཕྱོགས་དང་དང་རིམ་པ་མང་པོའི་ཐད་ནས་ད་དུང་དཔྱད་རིན་ཆེན་པོ་ལྡན་པར་སེམས།
མཆན་འགྲེལ།
             ①མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་254ན་གསལ།
             ②《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་170ན་གསལ།
             ③詹•乔•弗雷泽著:《金枝》,中国民间文艺出版社,1987年,第915页。
             ④ མཁར་རྨེའུ་བསམ་གཏན་རྒྱ་མཚོ་དང་ཡ་སུ་ཧི་ཀོ་ན་ག་ནོ་གཉིས་ཀྱིས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》 ཉི་ཧོང་མི་རིགས་དངོས་མང་བཤམ་སྟོན་ཁང་། 2002ལོ།
             ⑤མཁར་རྨེའུ་བསམ་གཏན། 《ཡུལ་ལྷ་གསོལ་བ་དང་ཤུག་བསང་གཏོང་བའི་སྲོལ་ལ་དཔྱད་པ》 བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། 2002ལོའི་དེབ་དང་པོ། ཤོག་ངོས་19ན་གསལ།
             ⑥《ནམ་མཁའ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་394ན་གསལ།
             ⑦དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་167ན་གསལ།
             ⑧མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་253ན་གསལ།
             ⑨རྭ་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་7ན་གསལ།
             ⑩才让著:《藏传佛教民俗与信仰》,民族出版社.1999年,第134页。
             ⑾⑿རྭ་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག་མཛད། 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་3、5ན་གསལ།
             ⒀⒁རྭ་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག་མཛད། 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་5、19ན་གསལ།
             ⒂才让著:《藏传佛教民俗与信仰》,民族出版社,1999年,第163页。
             ⒃རྭ་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག་མཛད། 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་129ན་གསལ།
             ⒄རྭ་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག་མཛད། 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་136ན་གསལ།
             ⒅རྭ་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག་མཛད། 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་97ན་གསལ།
             ⒆ མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་254ན་གསལ།