ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

རྗེ་ཙོང་ཁ་པ་མཆོག་གིས་“རང་བཞིན་མེད་”པའི་ཐོག་ནས་དབུ་མའི་ལྟ་དགོངས་སྒྲུབ་གནང་ཚུལ་ལ་དཔྱད་པ།

སྤེལ་དུས 2019-11-08 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།
[ནང་དོན་གནད་བསྡུས།། འདིའི་ནང་རྗེ་ཙོང་ཁ་པས་བདག་གི་ཐ་སྙད་ཀྱི་གོ་བའི་འཕེལ་རིམ་དང་། འགོག་རུང་དང་འགོག་མི་རུང་བའི་རང་བཞིན་གྱི་ཁྱད་པར། དེ་བཞིན་བརྡ་སྤྲོད་སྦྱོར་ཚུལ་སོགས་ཟུར་ངོས་མང་པོའི་ཐོག་ནས་རྟེན་འབྲེལ་དང་། སྟོང་བ། རང་བཞིན་མེད་པ་བཅས་དབྱར་གྱི་རྩོད་སྒྲུབ་ཀྱི་ཀ་བ་ཆེན་པོ་གསུམ་གྱིས་དབུ་མ་ཐལ་འགྱུར་བའི་ལྟ་བའི་ཁོག་ཇི་ལྟར་ཕུབ་གནང་ཚུལ་སྐོར་ལ་དཔྱད་པ་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།། རྗེ་ཙོང་ཁ་པ། རྟེན་འབྲེལ། སྟོང་བ། རང་བཞིན་མེད། དབུ་མ་ཐལ་འགྱུར་བ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B943[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)03 -064 -15
              དེ་ཡང་། ནང་བསྟན་མཚན་ཉིད་རིག་པའི་ཁྲོད་“རྟེན་འབྲེལ་”དང་“སྟོང་བ་”གཉིས་ནི་ཐ་སྙད་གལ་ཆེན་ཞིག་ཡིན་པ་ཕུད། དེ་ལས་ཀྱང་གལ་འགངས་ཆེ་བའི་ཐ་སྙད་ནི་“རང་བཞིན་”ཞེས་པ་དེ་ཉིད་ཡིན་པར་འདོད་དེ། “རྟེན་འབྲེལ་”དང་“སྟོང་བའི་”འགལ་འབྲེལ་གྱི་རྣམ་གཞག་མང་པོ་ཞིག་ནི་“རང་བཞིན་”ཞེས་པའི་ཐ་སྙད་འདིར་གོ་བ་ལེན་ཕྱོགས་ཡང་དག་ཡིན་མིན་ཐོག་ནས་ཡོང་གི་ཡོད། འདིའི་ཐད་རྗེ་ཙོང་ཁ་པ་མཆོག་གིས་ལུང་རིགས་མང་པོའི་ཐོག་ནས་རང་བཞིན་ཡོད་མེད་ཀྱི་ཁྱད་པར་ལེགས་པར་འབྱེད་གནང་སྟེ། མཁས་དབང་གཞན་གྱིས་གསལ་བར་འབྱེད་མ་ཐུབ་པའི་ལྟ་བའི་ཕྲ་རགས་ཀྱི་ཁྱད་པར་མང་པོ་ཞིག་གཏན་འབེབས་ལེགས་པར་མཛད་ཡོད། ལྷག་པར་དུ་《རྟེན་འབྲེལ་བསྟོད་པ་》ཡི་ནང་དུ་གཙོ་བོར་ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར།   མེད་པ་དང་རང་བཞིན་གྱིས་མེད་པའི་ཁྱད་པར་སོགས་ལ་རིགས་པ་རྩལ་དུ་སྤྲུགས་གནང་སྟེ་ཞིབ་དཔྱད་གནང་ཡོད་པ་ནི་《རྟེན་བསྟོད་》ནང་དུ་རང་བཞིན་ཞེས་པའི་ཐ་སྙད་ཐེངས་བཅུ་གསུམ་ཙམ་ཐོན་ཡོད་པ་དེ་ལས་ཀྱང་ཤེས་ཐུབ། རང་བཞིན་གྱིས་མ་གྲུབ་པ་དང་ཡོད་པ་དོན་གཅིག་དང་། རང་བཞིན་གྱིས་གྲུབ་པ་དང་མེད་པ་གཉིས་དོན་གཅིག་ཡིན་ཞེས་ཧ་ཅང་ཞིབ་ཅིང་ཕྲ་བའི་ཐ་སྙད་ཀྱི་ཐོག་ནས་གསལ་བར་མཛད་པ་ནི་ཤིན་ཏུ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་སྟེ། མཚན་ཉིད་རིག་པའི་ཐོག་གི་གནད་དོན་མང་པོ་ཞིག་ནི་མངོན་སུམ་རྗེན་འཆར་མིན་པར་བརྡ་དང་ཐ་སྙད་ཀྱི་ཐོག་ནས་དངོས་ཤུགས་གང་རུང་བརྒྱུད་དེ་སྟོན་དགོས་སྟབས།   བརྡ་དང་ཐ་སྙད་ལ་གོ་བ་ལེན་ཕྱོགས་མི་འདྲ་བའམ་གོ་བ་ཕྲ་རགས་ཀྱི་ཁྱད་པར་ལས་དོན་གྱི་ཐད་ལའང་ཐ་དད་དང་ཕྲ་རགས་ཀྱི་ཁྱད་པར་བྱུང་།   འོ་ན་རང་བཞིན་གྱིས་གྲུབ་མ་གྲུབ་ཀྱི་གནད་དོན་གྱི་རྩ་བ་དེ་གང་ལ་ཐུག་ཡོད་དམ་ཞེ་ན། ཕྲན་གྱི་འདོད་ཚུལ་ལ། དེ་ནི་གནའ་བོའི་ནང་བསྟན་གྱི་དུས་རིམ་ནས་མཆེད་ཡོང་བའི་གནད་དོན་ཞིག་སྟེ། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལྟ་བུའི་བདག་གཅིག་ཡོད་མེད་ཀྱི་གནད་དོན་དང་འབྲེལ་ཆེ་སྙམ།  ཕྱི་རོལ་པའི་ལྟ་བ་དེ་ཉིད་ཡང་དག་མིན་གང་ཞིག་ཡིན་ནའང་། ཕྱི་རོལ་པས་བདག་རྟག་པ་ཞིག་ཡོད་པར་འདོད་པས། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ཞིག་འཇོག་པའི་ཐད་ལ་དཀའ་ཁག་དེ་ཙམ་མེད། འོན་ཏེ་སངས་རྒྱས་ཆོས་ལུགས་སུ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ལྟ་བ་ཞིག་གླེང་དུས། ཅི་ཡང་མེད་པ་ཞིག་ཏུ་ངོས་འཛིན་བྱས་ན་མི་འགྲིག་པར་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ཞིག་ཅིས་ནས་སྒྲུབ་དགོས་ཀྱི་ཡོད། བྱེ་བྲག་སྨྲ་བའི་ནང་ཚན་མང་བཀུར་བ་འགའ་ཞིག་གིས་ཕུང་པོ་ཚོགས་པ་བདག་ཏུ་འཇོག་པ་དང་། ཁ་ཆེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་རྣམ་པར་ཤེས་པའི་རྒྱུན་གང་ཟག་ཏུ་འཇོག་ཅིང་།  དབུ་མ་རང་རྒྱུད་པས་ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འཇོག་པ། སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་གང་ཟག་ཏུ་འཇོག་པ། དབུ་མ་རང་རྒྱུད་པས་ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འཇོག་ཅིང་། དེ་ཡང་བྱེ་སྨྲ་ནས་རང་རྒྱུད་པའི་བར་གྱིས་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་འཇོག་ཚུལ་འདི་ཡང་གང་ཟག་སོགས་ཐ་སྙད་དུ་རང་ངོས་ནས་གྲུབ་པར་འདོད་པའི་དབང་གིས་ཡིན་པར་སྙམ་ཞིང་།  ཕུང་པོ་ལ་བརྟེན་ནས་ངའོ་ཞེས་པའམ། གང་ཟག་གོ་ཞེས་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམས་པར།   གང་ཟག་དེ་ཕུང་པོ་རེ་རེ་བ་དང་། ཚོགས་པ་དང་། དེ་ལས་དོན་གཞན་པ་གང་དུ་གྲུབ་ཅེས་བཙལ་ན་དེ་དག་གང་རུང་ཞིག་གང་ཟག་ཏུ་རྙེད་པར་བསམས་ནས་བཞག  དེ་ལྟར་འཛིན་པ་དེ་ཡང་རང་ངོས་ནས་གྲུབ་པར་འཛིན་པ་དང་། རང་བཞིན་གྱིས་གྲུབ་པར་འཛིན་ཞིང་། དེ་ལས་གཞན་པའི་གང་ཟག་ཅིག་མེད་ལ་འཇོག་ཀྱང་མི་ཐུབ་པས་ཆད་མཐར་ལྷུང་བའི་སྐྱོན་ཡོད་པར་བཞེད།   འོན་ཏེ་དབུ་མ་ཐལ་འགྱུར་བས་དེ་ལས་ལྡོག་སྟེ། རང་སྡེ་གཞན་གྱིས་གང་ཟག་གི་བདག་འཇོག་ནུས་པའི་རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པར་འདོད་པ་དེ་དེ་ལྟར་གྲུབ་མེད་པར་བཞེད་པ་མ་ཟད། རང་བཞིན་གྱིས་གྲུབ་པ་མེད་པའི་རྨང་གཞིའི་ཐོག་ཏུ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ཞིག་ཀྱང་རིགས་པས་སྒྲུབ་གནང་བ་དེ་ནི་དབུ་མ་ཐལ་འགྱུར་བའི་ཁྱད་ཆོས་ཆེན་པོ་ཞིག་ཡིན། 《རྟེན་འབྲེལ་བསྟོད་པ་》ཡི་ནང་དུའང་“རང་བཞིན་གྱིས་ནི་སྟོང་བ་དང་། ། བྱ་བྱེད་འཐད་པའང་མི་འགལ་ཞིང་། །དེ་ལས་བཟློག་པར་མཐོང་བ་ན། །སྟོང་ལ་བ་བ་མི་རུང་ཞིང་། །བྱ་དང་བཅས་ལ་སྟོང་མེད་པས། །ཉམས་ངའི་གཡང་དུ་ལྷུང་བར་བཞེད། །” ཅེས་གསུངས་པ་དེ་ནི་གནད་དོན་དེ་གསལ་བཀྲོལ་བ་ཆེད་གསུངས་པ་ཞིག་ཡིན། དེ་ལྟར་དབུ་མ་ཐལ་འགྱུར་བ་ཆོའི་བཞེད་ཚུལ་ལྟར་ན། རང་བཞིན་གྱིས་གྲུབ་པ་དང་རང་མཚན་གྱིས་གྲུབ་པ་མེད་པའི་དབང་གིས་ལས་གསོག་པ་པོ་དང་འཁོར་བར་འཁོར་བ་པོ་སོགས་རྟེན་འབྲེལ་ཕྱོགས་ཀྱི་རྣམ་གཞག་དག་ལེགས་པར་འཇོག་ཐུབ་པ་དང་། རྟེན་འབྲེལ་གྱི་རྣམ་གཞག་དེ་འཇོག་ཐུབ་ན་སྟོང་བའི་ཕྱོགས་དེ་ཡང་ཅི་ཡང་མེད་པའི་སྟོང་བ་ཞིག་མིན་པར་སྣང་སྟོང་ཟུང་འཇུག་ཐུབ་པའི་སྟོང་བ་ཞིག་དང་། བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་རུང་ནུས་ལྡན་པའི་སྟོང་བ་ཞིག་རིགས་པས་སྒྲུབ་ཐུབ་པ་ཡིན། 《རྩ་ཤེ་》ཡི་རབ་བྱེད་ཉེར་བཞི་པའི་ནང་དུ། “གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །”ཞེས་སྟོང་བ་དེ་ནི་ཅི་ཡང་མེད་པའི་སྟོང་བ་ཞིག་མིན་པར་དངོས་པོ་ཅི་ཡང་བྱུང་རུང་དང་སྐྱེ་རུང་ཡིན་པའི་སྟོང་བ་ཞིག་ཡིན་པར་བསྟན་པ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་ཏེ། གྲུབ་མཐའ་གཞན་གྱིས་རང་བཞིན་གྱིས་མ་གྲུབ་པའི་སྟོང་བ་ནི་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་ལྟར་ཅི་ཡང་མེད་པའི་སྟོང་བ་ཞིག་གི་གོ་རྒྱ་མ་གཏོགས་བསྐྱེད་མི་ཐུབ་པའི་ཕྱིར།   དེས་ན་རང་སྡེ་གཞན་གྱིས་རང་བཞིན་གྱིས་གྲུབ་ཡོད་པ་ཞིག་དངོས་ཤུགས་གང་རུང་ནས་ཁས་ལེན་གྱི་ཡོད།  མགོན་པོ་ཀླུ་སྒྲུབ་མཆོག་གི་《རྩོད་བཟློག་》གི་ནང་དུའང།“གལ་ཏེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་ལྡོག་པར་མི་ནུས་སོ། །”ཞེས་གཞན་གྱིས་རྩོད་པ་བསླངས་པ་ཞིག་བཀོད་གནང་ཡོད། དེར་ཁོང་གིས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པའི་ལན་དུ།   “དངོས་རྣམས་བརྟེན་ནས་འབྱུང་བ་དང་། །དེ་ནི་སྟོང་ཉིད་ཅེས་བྱ་དང་། །གང་ཞིག་བརྟེན་ནས་འབྱུང་བ་དེ། །རང་བཞིན་མེད་ཉིད་ཡིན་པར་སྨྲ །”ཞེས་གསལ་བར་གསུངས་པ་མ་ཟད། རང་བཞིན་གྱིས་མེད་པ་དང་རྟེན་འབྲེལ་གྱི་རིགས་པ་གཉིས་ཟུང་འབྲེལ་གནང་ཡོད།  རྗེ་ཙོང་ཁ་པ་མཆོག་གིས་ཀྱང་། “རང་གི་སྡེ་བ་དངོས་པོར་སྨྲ་བའི་མཁས་པ་རིག་གནས་དུ་མ་ལ་ཆེས་ཤིན་ཏུ་སྦྱངས་པ་རྣམས་ཀྱང་དབུ་མའི་ལྟ་བ་ཁས་མི་ལེན་ཅིང་དབུ་མ་བ་ལ་རྩོད་པ་ནི་ཆོས་ཐམས་ཅད་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཅི་ཡང་མེད་པའི་སྟོང་པ་ཡིན་ན། བཅིངས་གྲོལ་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཇོག་ས་མེད་སྙམ་པ་འདི་ཁོ་ན་ཡིན་ཏེ་”①ཞེས་དམིགས་སུ་བཀར་ཏེ་གསུངས་པ་དེ་ནི་གོ་བ་ཤིན་ཏུ་ཆེ་བའི་སྡོམ་ཚིག་ལྟ་བུ་ཞིག་ཏུ་འདུག་སྟེ། གཅིག་ནས་དེ་ལས་རང་སྡེ་དངོས་སྨྲ་བ་ཚོས་དབུ་མ་བའི་དགོངས་པར་སྐྱོན་བརྗོད་བྱེད་པའི་རྩ་བ་གང་ཡིན་ཤེས་པ་དང་། གཉིས་ནས་དབུ་མ་བས་བཞེད་པའི་རང་སྡེ་གཞན་གྱིས་རང་བཞིན་ཡོད་པར་འཛིན་པའི་དབང་གིས་རྟེན་འབྲེལ་གྱི་ལྟ་བ་ལས་ཉམས་པའི་རྒྱུ་མཚན། གསུམ་ནས་སྟོང་བ་དེ་རང་བཞིན་གྱིས་མེད་པའི་སྟོང་བ་ཞིག་ཡིན་པ་དང་། རང་བཞིན་གྱིས་མེད་པའི་སྟོང་བ་དེ་ལ་བཅིངས་གྲོལ་སོགས་འཁོར་འདས་ཀྱི་རྣམ་གཞག་འཐད་ཚུལ་དང་།  བཞི་ནས་རྟེན་འབྲེལ། སྟོང་བ། རང་བཞིན་གསུམ་པོའི་རྩོད་སྒྲུབ་ཀྱི་འབྲེལ་བ་དེ་ཧ་ཅང་ཚིག་བསྡུས་ཀྱི་ཐོག་ནས་བསྟན་གནང་བས་ཡིན། དེས་ན་བྱ་བྱེད་དང་བཅིངས་གྲོལ་གྱི་རྣམ་གཞག་ཐམས་ཅད་ལེགས་པར་འཇོག་ཐུབ་མི་ཐུབ་ཀྱི་འགག་གནད་གཅིག་ནི་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་མ་གྲུབ་འཇོག་ཚུལ་གྱི་ཐོག་ནས་འོང་གིན་ཡོད་པས། གཤམ་དུ་དེ་ལྟ་བུ་འགོག་དགོས་པའི་རང་བཞིན་དེ་དོན་དུ་ཇི་འདྲ་ཞིག་ཡིན་མིན་ཐད་ལ་དཔྱད་པ་ཅུང་ཙམ་བགྱིས་ན།
གཅིག འགོག་དགོས་པའི་རང་བཞིན་གྱི་སྐོར།
              དབུ་མ་ཐལ་འགྱུར་བས་རང་ངོས་ནས་གྲུབ་པའི་“རང་བཞིན་”འགོག་པའི་ཐད་ལ་དཔྱད་པ་ཕྲ་ཞིང་ཕྲ་བ་གནང་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་བ་ཡིན་ཚུལ་བསྒྲུབས་ཏེ་ཤེར་ཕྱིན་གྱི་སྟོང་བའི་ལྟ་བར་ཐུན་མོང་མ་ཡིན་པའི་རང་ལུགས་བཞག་གནང་ཡོད། དེ་ཡང་རྒྱུ་མཚན་གསུམ་ཡོད་དེ།
              ༡ དབུ་མ་ཐལ་འགྱུར་བ་རང་ངོས་ཀྱི་ལྟ་བའི་ཐོག་ནས་དཔྱད་ན།
              ཕྱིས་སུ་རིམ་བཞིན་གོ་བ་ཇེ་ཟབ་ཏུ་སོང་བའི་རྟེན་འབྲེལ་གྱི་རྣམ་གཞག་སྟེ། རྟོག་པས་བཏགས་པ་ཙམ་གྱིས་གྲུབ་པའི་རྟེན་འབྲེལ་དང་རྒྱུ་འབྲས་ཕན་ཚུན་ལྟོས་ནས་གྲུབ་པའི་རྣམ་གཞག་ཅིག་གི་ཐོག་ཏུ་སྟོང་བའི་རྣམ་གཞག་ཅིག་སྒྲུབ་ཀྱི་ཡོད། དེ་ལྟའི་མིང་དང་རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་རྟེན་འབྲེལ་གྱི་རྣམ་གཞག་ཕྲ་མོ་དེའི་རིགས་པའི་འགྲོས་དེས་རང་ངོས་ནས་མ་གྲུབ་པ་ཞིག་ངང་གིས་སྒྲུབ་ཀྱི་ཡོད་ཅིང་། ཡང་རང་ངོས་ནས་མ་གྲུབ་པ་ཅིག་འདོད་སྐབས། དེ་ནི་རྟེན་འབྲེལ་གྱི་རྒྱུ་ཚོགས་དུ་མ་འདུས་པ་ལས་བྱུང་བ་ཞིག་ཡིན་པའང་རིགས་པས་སྒྲུབ་ཐུབ་པས་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བའང་ངང་གིས་གྲུབ་པ་དང་། དེ་ལྟའི་ལྟོས་གྲུབ་ཀྱི་དགོངས་པ་དེས་རང་བཞིན་གྱིས་མེད་པ་མོ་གཤམ་གྱི་བུ་ལྟར་ཅི་ཡང་མེད་པར་འདོད་པའང་ངང་གིས་ཁེགས་ཐུབ་པ་ཡིན། དེས་ན་“རང་བཞིན་གྱིས་སྟོང་བའི་སྟོང་བ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡིན་གྱི དོན་བྱེད་པའི་ནུས་པས་སྟོང་བའི་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ་ཞེས་སྐད་གསངས་མཐོན་པོས་ཡང་དང་ཡང་དུ་སྒྲོགས་པར་མཛད་དོ་”②ཞེས་གསུངས་པ་ལྟར། དེ་དག་ཐམས་ཅད་ཀྱང་རྟེན་འབྲེལ་ཕྲ་མོའི་རྣམ་གཞག་གི་ཐོག་ཏུ་ཚུགས་པའི་རང་བཞིན་གྱིས་མ་གྲུབ་པ་ཞིག་གི་ཐོག་ནས་སྒྲུབ་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་ལ། དབུ་མ་ཐལ་འགྱུར་བའི་མཚན་ཉིད་རིག་པའི་ལྟ་བའི་གཞི་རྐང་ཡང་དེ་གཉིས་ཀྱི་ཐོག་ཏུ་ཚུགས་ཡོད།
              ༢ “བདག་”ཅེས་པའི་ཐ་སྙད་ཀྱི་འཕེལ་འགྱུར་ཐོག་ནས་དཔྱད་ན།   དབུ་མ་ཐལ་འགྱུར་བས་རང་བཞིན་དེ་ཉིད་དགག་བའི་གཙོ་བོར་འཛིན་གནང་བ་ཤེས་ཐུབ་སྟེ། རང་རྒྱུད་པ་མན་ཆད་ཀྱིས་ཕྱི་རོལ་པའི་འདོད་པ་ལྟར་གྱི་ཕུང་པོ་ལས་དོན་གཞན་དུ་གྲུབ་པའི་བདག་མི་འདོད་ཀྱང་། ཕུང་པོ་ཉིད་བདག་ཏུ་འཇོག་པར་བྱེད་ཅིང་། ཁ་ཆེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་རྣམ་པར་ཤེས་པའི་རྒྱུན་གང་ཟག་གམ་བདག་ཏུ་འཇོག་པ་དང་།  ས་སྡེ་སོགས་ལས་འབྱུང་བ་ལྟར་གྱི་ལུང་གི་རྗེས་འབྲངས་ཀྱི་སེམས་ཙམ་པས་ཀུན་གཞིའི་རྣམ་གཞག་གང་ཟག་གམ་བདག་ཏུ་འཇོག་པ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གམ་བདག་ཏུ་འཇོག་མོད། འོན་ཏེ་དབུ་མ་ཐལ་འགྱུར་བས་འཇོག་ཚུལ་དེ་དག་ཐམས་ཅད་བཞེད་ཀྱི་མེད་པར་ཕུང་པོ་ཚོགས་པ་ལ་བརྟེན་ནས་ངའོ་སྙམ་པའི་བློ་དེའི་ཡུལ་གྱི་ང་ཙམ་དེ་ལ་བདག་གམ་གང་ཟག་ཅེས་བྱ་ལ། དེ་ནི་ཐ་སྙད་དུ་ཡོད་ཅིང་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་དེ་ཡིན་ཞིང་། དེ་ཡོད་པར་བཞེད་ཀྱི་ཡོད། གལ་ཏེ་དེའང་མེད་པར་འདོད་ན་ཆད་ལྟར་ལྷུང་བར་འདོད། འོ་ན་རང་སྡེ་ཁག་གིས་འགོག་དགོས་པའི་བདག་དེ་གང་ཡིན་ཟེར་ན། བྱེ་མདོ་དང་སེམས་ཙམ་པ། དབུ་མ་རང་རྒྱུད་པ་དག་གིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་དེ་གང་ཟག་གི་ལྷན་སྐྱེས་ཀྱི་བདག་ཏུ་ངོས་བཟུང་སྟེ་དེ་སྤོང་དགོས་པར་འདོད། འོན་ཏེ་དབུ་མ་ཐལ་འགྱུར་བའི་སྐབས་སུ་རང་རྒྱུད་པ་མན་གྱིས་འདོད་པའི་གང་ཟག་གི་བདག་མེད་ཕྲ་མོ་དེ་གང་ཟག་གི་བདག་མེད་རགས་པ་ལས་གང་ཟག་གི་བདག་མེད་ཕྲ་མོར་ངོས་མི་འཛིན་པར།  གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཞི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག  དེས་ན་སྐབས་དེར་འགོག་དགོས་པ་ནི་གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པའི་དགག་བྱ་བདེན་གྲུབ་ཡིན་ཞིང་། བདེན་གྲུབ་དེའང་རང་བཞིན་གྱིས་གྲུབ་པར་ཟེར་བ་ཡིན།③ དེས་ན་དབུ་མ་ཐལ་འགྱུར་བའི་སྐབས་ཀྱི་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་བདག་དེ་རང་བཞིན་ནམ་རང་མཚན་ཞེས་པར་གོ་བ་ལེན་དགོས་པས། གང་ཟག་གི་རང་བཞིན་མེད་པ་དང་ཆོས་ཀྱི་རང་བཞིན་མེད་ཅེས་བརྗོད་ནའང་འགྲིག་པར་སྙམ། དེ་ཡང་《འཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》ཞེས་པའི་ནང་དུའང་། “དེ་ལ་ཇི་ལྟར་བདག་མེད་པས་སྟོང་བ་ཉིད་ཁོང་དུ་ཆུད་པར་བ་ཞེ་ན།  སྟོང་བ་ཉིད་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། གལ་ཏེ་སྟོང་བ་ཉིད་དངོས་པོ་ཡིན་དུ་ཟིན་ན་ནི་སྟོང་བ་ཉིད་འདུས་བྱས་དང་མི་རྟག་པར་འགྱུར་རོ།   ཅི་སྟེ་སྟོང་བ་ཉིད་དངོས་པོ་མེད་པ་ཡིན་ན་ནི་སྟོང་བ་མི་སྟོང་པར་འགྱུར་རོ། དེའི་ཕྱིར་སྟོང་བ་ཉིད་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། དེ་ལྟར་བདག་མེད་པས་སྟོང་བ་ཉིད་ཁོང་དུ་ཆུད་པར་བྱའོ་”④ཞེས་གསུངས་པའི་“དེ་ལ་ཇི་ལྟར་བདག་མེད་པས་སྟོང་བ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན་”ཞེས་པའི་བདག་ནི་རང་བཞིན་མེད་པས་ཞེས་པའི་དོན་ཡིན་པས། རང་བཞིན་མེད་པས་སྟོང་བ་ཉིད་ཁོང་དུ་ཆུད་པར་བྱ་ཞེ་ན་ཞེས་པའི་དོན་ནོ།   ཡང་《བཞི་བརྒྱ་པའི་འགྲེལ་པ་》ལས་ཀྱང་ཆེད་དུ་བདག་ཅེས་པར་འགྲེལ་བརྗོད་ཁ་གསལ་གནང་ཡོད་དེ། “དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ་”ཞེས་གསུངས་པ་དང་། 《བྱང་ཆུབ་ལམ་རིམ་ཆེ་བ་》ལས། “འོ་ན་མ་རིག་པ་དེས་རང་བཞིན་སྒྲོ་འདོགས་པའི་ཚུལ་དེ་ཇི་འདྲ་བ་ཞིག་ཡིན་སྙམ་ན། སྤྱིར་སློབ་དཔོན་འདིའི་གཞུང་ནས་ཀུན་རྫོབ་ཙམ་དུ་གྲུབ་པའི་དོན་རྣམས་ལའང་རང་བཞིན་ནམ་རང་གི་ངོ་བོ་ཞེས་པ་ལ་སོགས་པའི་ཐ་སྙད་མཛད་པ་མང་དུ་སྣང་ནའང་འདིར་ནི་གང་ཟག་གམ་ཆོས་གང་ཡང་རུང་བའི་ཡུལ་རྣམས་ལ་བློའི་དབང་གིས་བཞག་པ་མིན་པར་ཆོས་དེ་རྣམས་ལ་རང་རང་གི་ངོས་ནས་གནས་ཚུལ་ལམ་སྡོད་ཚུལ་ཞིག་ཡོད་པར་འཛིན་པ་འདི་ཡིན་ལ། དེས་ཇི་ལྟར་བཟུང་བའི་ཞེན་ཡུལ་ཆོས་རྣམས་ཀྱི་རང་རང་གི་སྡོད་ལུགས་དེ་ལ་ནི་བདག་གམ་རང་བཞིན་ཞེས་བརྟག་པ་མཐའ་བཟུང་གི་སྒོ་ནས་ངོས་བཟུང་བར་བྱ་སྟེ་” ⑤ཞེས་བདག་དང་རང་བཞིན་གཉིས་གཅིག་ཏུ་གསུངས་པས། དབུ་མ་ཐལ་འགྱུར་བའི་སྐབས་སུ་བདག་དེ་རང་བཞིན་དང་གོ་བ་གཅིག་མཚུངས་སུ་གྱུར་པས། བདག་མེད་ཅེས་པ་དེའང་རང་ངོས་ནས་གྲུབ་པ་མེད་ཅེས་པའམ་རང་བཞིན་གྱིས་གྲུབ་པ་མེད་ཅེས་པའི་དོན་དུ་གོ   ལྷག་པར་དུ་རྗེ་ཙོང་ཁ་པ་མཆོག་གིས། “མེད་རྒྱུའི་བདག་གཅིག་ཉིད་གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་བཀག་པ་ལ་བདག་མེད་གཉིས་སུ་འཇོག་པས་བདག་གཉིས་ཀྱང་གཞི་སོ་སོའི་དབྱེ་བས་བཞག་གི་བདག་ལ་ཁྱད་མེད་དོ། དེའི་ཕྱིར་བདག་ཏུ་འཛིན་པ་གཉིས་ཀྱང་དམིགས་པ་སོ་སོ་བ་མ་གཏོགས་རྣམ་པ་འདྲ་སྟེ། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ།   དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་པ་ཞེས་བྱ་བའོ་ཞེས་སོ། སངས་རྒྱས་བསྐྱངས་ཀྱིས་ཀྱང་ཆོས་ཐམས་ཅད་བདག་མེད་པ་ཞེས་གསུངས་པའི་བདག་གི་སྒྲ་དོན་ནི་ངོ་བོ་ཉིད་ཀྱི་དོན་ལ་བཤད་དོ་”⑥ཞེས་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས་གཉིས་ཀྱི་ལུང་དྲངས་གནང་སྟེ་བདག་དང་རང་བཞིན་གཉིས་དོན་གཅིག་ཏུ་གསུངས་པས།   སྐབས་དེར་བདག་དེའང་ཆོས་རྣམས་རྒྱུ་དང་རྐྱེན་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པའི་རང་བཞིན་ནམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་མཚན་ཞིག་ལ་འཕེལ་རྒྱས་སོང་ཡོད་པར་ཐེ་ཚོམ་མེད་ཅིང་།   དེ་ནི་དབུ་མ་ཐལ་འགྱུར་བས་མཐར་ཐུག་གི་དགག་བའི་གནད་ཅིག་ཏུའང་བརྩི་བ་ཡིན།   
              ༣ “རང་བཞིན་”ཞེས་པའི་ཐ་སྙད་ཀྱི་གོ་བའི་བྱུང་རིམ་ཐོག་ནས་དཔྱད་ན།   ཐོག་མར་རང་བཞིན་ཞེས་པའི་ཐ་སྙད་དེར་རང་གི་ངོ་བོ་ཙམ་ཞེས་པའི་དོན་མ་གཏོགས་མེད་པར་འདོད་དེ། དཔེར་ན།  ཆོས་ཀྱི་མཚན་ཉིད་ལ་རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཅེས་ཆོས་རྣམས་ཀྱི་ངོ་བོ་ཙམ་འཛིན་པ་ཞིག་ལ་བྱེད་པ་ལྟ་བུའོ།   དེའང་སའི་མཚན་ཉིད་དམ་ངོ་བོ་ནི་སྲ་ཞིང་མཁྲེགས་པ་དང་།   ཆུའི་མཚན་ཉིད་དམ་ངོ་བོ་ནི་བརླན་ཞིང་གཤེར་བ་ལྟ་བུ་ཞིག་ལ་འཇོག་གི་ཡོད་པར་དཔགས་ན། སྐབས་དེའི་རང་བཞིན་ཞེས་པ་དེར་དབུ་མ་ཐལ་འགྱུར་བ་ཚོས་བཞེད་པའི་དངོས་པོའི་མཐར་ཐུག་གི་གཤིས་ལ་མངའ་བའི་རང་བཞིན་ནམ་རང་ངོས་ནས་གྲུབ་པའི་རང་བཞིན་ཞེས་གསུངས་པ་ལྟ་བུའི་གོ་བ་ཟབ་མོ་དེ་འདྲ་མེད་པར་གནས་སྐབས་སུ་མངའ་བའི་རང་བཞིན་ཞིག་གམ་ཁྱད་གཤིས་ཤིག་ལ་གོ་བ་ཡིན་སྙམ། དེའི་ཐད་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས། “པཱ་ལིའི་ལུང་སྡེ་ལྔའི་ནང་རང་བཞིན་( sabhava)ཞེས་པའི་ཆོས་སྐད་འདི་རྟོགས་བརྗོད་དང་། མི་ལིང་དས་ཞུས་པའི་མདོ་སོགས་རྩོམ་པ་ཕྱི་བའི་ནང་མ་གཏོགས་རྩ་བ་ནས་མི་གསལ། པཱ་ལིའི་འདུལ་བར་དགེ་སློང་དུ་སྤྲུལ་བའི་སྦྲུལ་རྙེད་ཤོར་བའི་སྐབས་ཀྱི་རང་བཞིན་ཞེས་གསལ་བའི་རང་བཞིན་ནི་སྤྱིར་བཏང་ཡོངས་གྲགས་ཀྱི་རང་གི་ངོ་བོ་ཙམ་གྱི་དོན་ཡིན་”⑦ཞེས་གསུངས་འདུག   དེ་བཞིན་མངོན་པ་སྡེ་བདུན་ནང་ཚན་གྱི་རྣམ་གྲངས་དང་ཆོས་ཀྱི་ཕུང་པོ་གཉིས་ལས། བསྡུ་བའི་རྣམ་གྲངས་དུ་རང་བཞིན་ཞེས་པ་དེ་ནི་སྤྱིར་བཏང་གི་རང་གི་ངོ་བོ་ཞེས་པའི་དོན་ཙམ་ལས་མེད་པར་གསུངས་པ་དང་། དེ་བཞིན་ཆོས་ཀྱི་ཕུང་པོར་རང་བཞིན་ཞེས་པའི་ཐ་སྙད་དེ་མེད་པས་སྐབས་དེར་རང་བཞིན་ཞེས་པའི་ཐ་སྙད་དེ་མེད་ཅེས་དང་། རྣམ་ཤེས་ཚོགས་དང་ཁམས་ཀྱི་ཚོགས་སུའང་རང་བཞིན་ཞེས་པའི་ཚིག་མང་པོ་ཡོད་ཀྱང་རང་གི་ངོ་བོ་ཙམ་ཞེས་པའི་དོན་ཙམ་ལས་མེད་ཚུལ་སོགས་གསུངས་པར་གཞིགས་ན།   སྐབས་དེར་རང་བཞིན་ཞེས་པའི་གོ་བ་ཇི་ཡིན་རོབ་ཙམ་རྟོགས་ཐུབ། ལྷག་པར་དུ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་《རྣལ་འབྱོར་སྤྱོད་པ་དང་དབུ་མ་བའི་ལྟ་གྲུབ་དཀའ་གནད་ཕྱོགས་སྡོམ་》ཞེས་པའི་ནང་དུ།   “རྣམ་ཤེས་ཚོགས་སུ་ཆོས་རྣམས་ཀྱི་ངོ་བོ་ཡོད་པར་བཤད་པ་དེ།  འཕེལ་རྒྱས་ཕྱིན་ཏེ་བྱེ་བྲག་བཤད་པ་ཆེན་མོར་རང་བཞིན་ཞེས་པའི་ལྟ་གྲུབ་ཏུ་འགྱུར་བ་ཕྱིན། དེ་རྗེས་རང་བཞིན་ཞེས་པའི་ལྟ་གྲུབ་འདི་ཐམས་ཅད་ཡོད་པར་སྨྲ་བར་མེད་དུ་མི་རུང་བར་ཆགས་”⑧ཞེས་གསུངས། དེ་ལས་རིགས་འདེད་ཐུབ་པར་རང་བཞིན་གྱི་ཐོག་མའི་ཆོས་རྣམས་ཀྱི་ངོ་བོ་ཙམ་འཛིན་པའམ་གནས་སྐབས་ཀྱི་ངོ་བོ་ཙམ་འཛིན་པའི་གོ་བ་ཇེ་ཆེར་སོང་སྟེ།  ཆོས་ཚང་མར་རང་ངོས་ནས་གྲུབ་པའམ་རྒྱུན་འཇགས་སུ་གནས་པའི་རང་བཞིན་ཞིག་ཏུ་འཕེལ་རྒྱས་སོང་ཞིང་།   ཆོས་རྣམས་ལ་དེ་ལྟའི་རང་བཞིན་གྱིས་གྲུབ་པ་ཞིག་མེད་ན། ལས་གསོག་པ་པོ་དང་འཁོར་བར་འཁོར་བ་པོ་མེད་པར་གྱུར་ཏེ་ཆད་ལྟར་ལྷུང་བར་བཞེད། དེ་རྗེས་སླར་ཡང་ཤེར་ཕྱིན་གྱི་སྐབས་སུ་རང་བཞིན་དེ་དགག་བའི་གཙོ་བོར་གྱུར་པའི་འཕེལ་རིམ་ཞིག་བརྒྱུད་མེད་དམ་སྙམ་པས་བརྟག་པར་འཚལ། འདི་ནི་བདག་གིས་དུས་ཀྱི་འཕེལ་རིམ་གྱི་ངོས་ནས་རིམ་འདེད་ཅུང་ཙམ་བགྱིས་པ་ཡིན།   
              གཤམ་དུ་རང་གི་ངོ་བོའམ་རང་གི་མཚན་ཉིད་ཅེས་པ།   རང་བཞིན་ཞེས་པར་གོ་བ་ལེན་ལུགས་མི་གཅིག་པའི་ཐོག་ནས་ཀྱང་དཔྱད་ན་དེ་བས་གནད་དོན་དེ་ཁ་ཇེ་གསལ་དུ་འགྲོ་ངེས།  དེ་ཡང་“སྭ་ལྷ་བྷ་རང་བཞིན་ཟེར་བ་( sabhva)འདི་ལེགས་སྦྱར་སྐད་དུ་ཁག་མི་འདྲ་བ་གསུམ་ཡོད་ཅིང་།   བོད་ཀྱི་གསུང་པོད་ནང་དུ་རང་བཞིན་དང་རང་གི་ངོ་བོ་ལ་ཁྱད་པར་འབྱེད་ཀྱི་ཡོད་པ་མ་རེད་”⑨ཅེས་གསུངས་པར་གཞིགས་ན། ལེགས་སྦྱར་གྱི་སྐད་ཐོག་ཏུ་དེ་དག་དབར་དབྱེ་བ་གསལ་པོ་ཞིག་ཡོད་ངེས་སྙམ་ཞིང་། གལ་ཏེ་དབྱེ་བ་གསལ་པོ་ཞིག་ཡོད་ན་ཐ་སྙད་རིག་པ་དང་ཐ་སྙད་མཆེད་ཁུངས་རིག་པ་སོགས་ཀྱི་ཐོག་ནས་དཔྱད་ན་ཡུལ་དུས་ཀྱི་འགྱུར་བའི་དབང་གིས་དེ་དག་དབར་ལའང་གོ་རྒྱ་དང་ཕྲ་རགས་ཀྱི་ཁྱད་པར་ཞིག་ཀྱང་འབྱུང་སྲིད་ལ།  དེ་ལས་ལྟ་བའི་འཕེལ་རིམ་གྱི་རྗེས་ཤུལ་ཞིག་ཀྱང་རྙེད་ཐུབ་སྙམ་པས་བརྟག་པར་འཚལ། ང་ཚོས་ནང་ཆོས་ཀྱི་གཞུང་ཁག་སོ་སོའི་ཐོག་ནས་དབྱེ་ན། རང་བཞིན་དང་རང་མཚན་ཞེས་པ་དེར་གོ་བ་ལེན་ཕྱོགས་མི་མཚུངས་ཏེ། རྗེ་ཙོང་ཁ་པའི་《དྲང་ངེས་ལེགས་བཤད་སྙིང་པོ་》ལས། “རྟོག་གེའི་གཞུང་ནས་དོན་བྱེད་ནུས་པ་ཁོ་ན་ལ་རང་མཚན་དང་། མངོན་པའི་མདོ་ལ་སོགས་པར་གཞན་དང་ཐུན་མོང་མ་ཡིན་པར་མཚོན་པ་མེའི་ཚབ་ལྟ་བུ་ལ་རང་གི་མཚན་ཉིད་དུ་བཤད་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་མཚན་ནི་ཆེས་ཤིན་ཏུ་མི་འདྲའོ་”⑩ཞེས་རང་མཚན་ལ་གོ་བ་གསུམ་གསུངས་འདུག་ཅིང་། དབུ་མ་ཐལ་འགྱུར་བའི་ནང་དུ་འགོག་དགོས་པའི་རང་མཚན་ནམ་རང་བཞིན་ནི་ཆེས་གཞུག་མ་སྟེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་མཚན་དེ་ཡིན་ཞིང་།   དེ་དང་གོང་གི་རང་མཚན་གཉིས་པོ་དེ་ཆེས་ཤིན་ཏུ་མི་འདྲའོ་ཞེས་གསུངས་པར་གཞིགས་ན། དབུ་མ་ཐལ་འགྱུར་བས་འགོག་དགོས་པའི་རང་བཞིན་དེར་རང་རང་གི་ཐུན་མོང་མིན་པའི་གོ་བ་ལེན་ཕྱོགས་སམ་ཁྱད་ཆོས་ཤིག་ཡོད་པར་བསྟན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་《རྩ་ཤེ་རབ་བྱེད་བཅོ་ལྔ་པ་རང་བཞིན་བརྟག་པ་》མྲ“རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །”⑾ཞེས་རང་བཞིན་ལ་ཁྱད་ཆོས་གཉིས་གསུངས་ཏེ། རང་བཞིན་ནི་བཅོས་མ་མ་ཡིན་པ་དང་ལྟོས་པ་མ་ཡིན་པ་གཉིས་སོ། བཅོས་མ་མ་ཡིན་པ་ནི་གདོད་ནས་མངའ་བའམ་གཉུག་མའི་ངོ་བོ་ཞིག་དང་། ལྟོས་པ་མེད་པ་ནི་རྒྱུ་དང་རྐྱེན་ལ་མི་ལྟོས་པ་ཞིག་ལ་ཟེར་བས། གལ་ཏེ་ཁྱད་ཆོས་དེ་གཉིས་དང་ལྡན་ན་རང་བཞིན་དང་ལྡན་པ་ཞིག་དང་། དེ་གཉིས་དང་བྲལ་ན་རང་བཞིན་གྱིས་གྲུབ་པ་མེད་པ་ཞིག་ཡིན་ནོ་ཞེས་གཙོ་བོ་དངོས་པོ་ཁོ་རང་གྲུབ་པའི་རྒྱུ་རྐྱེན་གྱི་དབང་དང་། ཕ་རོལ་དང་ཚུ་རོལ་ལྟ་བུ་ཡུལ་དབང་གཉིས་ཀྱི་ཐོག་ནས་རང་བཞིན་ལ་ཁྱད་ཆོས་བཞག་ཡོད། གཞན་ཡང་། དཔལ་ལྡན་ཟླ་བ་གྲགས་པས་དེའི་ཐོག་ཏུ་དུས་ཀྱི་ཁྱད་ཆོས་ཤིག་ཀྱང་བསྣན་གནང་སྟེ།“དུས་གསུམ་དུ་ཡང་མེ་ལ་མི་འཁྲུལ་བ་གཉུག་མའི་ངོ་བོ་མ་བཅོས་པ། གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་པ། གང་ཞིག་ཆུའི་ཚབའམ། ཚུ་རོལ་དང་ཕ་རོལ་ལམ། རིང་པོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པར་མ་གྱུར་པ་གང་ཡིན་པ་དེ་རང་བཞིན་ཡོད་པར་བརྗོད་དོ་”⑿ཞེས་གོང་གི་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པའི་རང་བཞིན་གྱི་ཁྱད་པར་གཉིས་ལྡན་དེའི་ཐོག་ཏུ་དུས་གསུམ་དུ་ཡང་མི་འཁྲུལ་བ་ཞེས་ཁྱད་ཆོས་གཅིག་བསྣན་ཏེ་རང་བཞིན་ཁྱད་ཆོས་གསུམ་ལྡན་དུ་གྲུབ། གལ་ཏེ་ཆོས་གང་ཞིག་ཁྱད་ཆོས་དེ་གསུམ་དང་ལྡན་ན་རང་བཞིན་དང་ལྡན་པ་ཞིག་ཡིན་ཞིང་།  དེ་ལས་ལྡོག་ན་རང་བཞིན་གྱིས་མ་གྲུབ་པར་འདོད། དེའང་མདོར་བསྡུས་ན།  ཕྱི་རོལ་གྱི་ཆ་རྐྱེན་གཉིས་ཏེ་ཡུལ་དུས་གཉིས་དང་། དངོས་པོ་ཁོ་རང་གྲུབ་དུས་ཀྱི་རྒྱུ་རྐྱེན་བཅས་གྱི་ཐོག་ནས་རང་བཞིན་གྱི་ཁྱད་ཆོས་གཏན་ལ་ཕབ་ཡོད།⒀ དེ་ལྟར་གཙོ་བོ་ཁྱད་ཆོས་དེ་གསུམ་གྱི་ཐོག་ནས་རང་བཞིན་འགོག་གནང་མཛད་ཀྱི་ཡོད་ཅིང་། འགོག་བྱེད་ཀྱི་རིགས་པ་ནི་གཙོ་བོ་རྟེན་འབྲེལ་གྱི་རྨང་གཞིའི་ཐོག་ཏུ་ཚུགས་ཡོད། དེ་ཡང་ཡིན་ཏེ། རང་བཞིན་གྱི་ཁྱད་ཆོས་དང་པོ་བཅོས་མ་མིན་པ་སྟེ་གཉུག་མའི་ངོ་བོར་གནས་པ་དང་རང་ངོས་ནས་གྲུབ་པ་ཞིག་ཡིན་ཞིང་། ཁྱད་ཆོས་གཉིས་པ་ནི་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པ་ཞིག་ཡིན་དགོས། དོན་དུ་དེ་གཉིས་ཀ་གྲུབ་པ་མེད་པ་ཞིག་ཡིན་ཞིང་། གྲུབ་པ་མེད་པ་ཡིན་ཚུལ་ཡང་རྟེན་འབྲེལ་གྱི་རིགས་པ་དུ་མའི་ཐོག་ནས་དགག་པའམ་གནད་དོན་དེ་དག་ཐམས་ཅད་རྟེན་འབྲེལ་གྱི་ཐོག་ནས་དཔྱད་པ་བྱས་ན་གཞི་ནས་གསེད་བཀྲོལ་ལེགས་པོ་ཐུབ་ཀྱི་ཡོད་དེ། “རང་བཞིན་བཅོས་མིན་ལྟོས་མེད་དང་། །རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །ཇི་ལྟ་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་དུ་འགྱུར། །”⒁ཞེས་གསུངས་པ་ལྟར།  རྟེན་འབྲེལ་གྱི་ཐོག་ནས་རང་བཞིན་དེ་བཅོས་མིན་ཞིག་མིན་པ་དང་། ལྟོས་པ་མེད་པ་ཞིག་མིན་ཚུལ་བསྟན་འདུག་སྟེ། རྟེན་འབྲེལ་ཡིན་ན་རང་གི་རྒྱུ་དང་རྐྱེན་དུ་མ་འདུས་པ་ལས་བྱུང་བ་ཞིག་དང་། རང་གི་གདགས་གཞི་དང་ཆ་ཤས་དུ་མ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་སོ། དངོས་པོ་ཐམས་ཅད་རང་གི་རྒྱུ་རྐྱེན་དང་རང་གི་གདགས་གཞི་དང་ཆ་ཤས་ལ་མ་བརྟེན་པ་ཞིག་མེད་པའི་དབང་གིས་ཆོས་ཐམས་ཅད་ནི་བཅོས་མ་དང་ལྟོས་པ་ཞིག་ཡིན་པར་བསྒྲུབས་ཡོད། བཅོས་མ་ཞིག་ལ་འཇིག་རྟེན་རང་དགའ་བས་ཀྱང་རང་བཞིན་ཞེས་མི་བརྗོད་པ་ནི་རྟོགས་སླ་བའོ།  དཔེར་ན། ཆུའི་ཚབ་ལྟ་བུ་ཞེས་དཔེར་འཇོག་པ་ཡོད་ཅིང་། འཇིག་རྟེན་རང་དགའ་བའི་འདོད་པར་ཚབ་དེ་ཆུའི་རང་བཞིན་མིན་པར་ཆུའི་རང་བཞིན་ནི་བརླན་ཞིང་གཤེར་བ་ཞིག་ཡིན་པར་འདོད་པ་རེད། དེ་ནི་རྒྱུ་རྐྱེན་མེ་དང་ཉི་མ་ལ་སོགས་པ་འཕྲད་པའི་དབང་གིས་ཆུ་དེ་ཚ་བར་འགྱུར་བ་ལས་དེ་ཆུའི་རང་བཞིན་མིན། དེ་ལྟར་འཇིག་རྟེན་གྱི་ཐ་སྙད་དུའང་རང་བཞིན་དང་བཅོས་མ་གཉིས་ནི་འགལ་བ་ཡིན་པར་ཁས་འཆེས་པའོ།   ཡང་གནད་དོན་གཞན་ཞིག་ཡོད་པ་ནི་ཚབ་དེ་ཆུའི་རང་བཞིན་མིན་ཏེ། ཚབ་དེ་མེའི་རང་བཞིན་ཡིན་ནོ་ཟེར་ན། དེ་ནི་གོང་དུ་ཕྲན་གྱིས་བརྗོད་པའི་གནས་སྐབས་ཀྱི་རང་བཞིན་དང་ཡང་ན་ཐུན་མོང་མ་ཡིན་པའི་རང་བཞིན་ནམ།  ཡང་ན་རང་གི་ངོ་བོ་ཙམ་འཛིན་པའི་གནས་སྐབས་ཀྱི་རང་བཞིན་དེར་གོ་བ་ལས། དབུ་མ་ཐལ་འགྱུར་བས་འདོད་པའི་རང་བཞིན་ཟེར་བ་དེར་གོ་ན་མི་འགྲིག་པ་རང་བཞིན་ཁྱད་ཆོས་གསུམ་ལྡན་དེ་ཚད་ཐིག་ཏུ་བཟུང་སྟེ་དཔྱད་ན་ཤེས་ཐུབ། དེས་ན། མེའི་ཚབ་དེ་འཇིག་རྟེན་གྱི་ཐ་སྙད་དུ་ཚ་བའི་རང་བཞིན་དུ་འཇོག་མོད། དབུ་མ་བའི་ངོས་ནས་བརྗོད་ན་ཚ་བ་མེའི་རང་བཞིན་མིན་ཞེས་བརྗོད་དགོས། རང་བཞིན་ཡིན་ན་གཞན་ལ་ལྟོས་མི་དགོས་ཏེ། ཚ་བའི་ངོས་ནས་བརྗོད་ན་མེའི་འབར་འཇིག་གང་ལའང་མི་ལྟོས་པར་དུས་ནམ་ཡང་ཚ་བ་ཡིན་དགོས་པ་དང་། ཡང་མེའི་ངོས་ནས་བརྗོད་ནའང་རྒྱུ་ཤིང་དང་གཙུབ་བརྡར་སོགས་གང་ཡང་མི་དགོས་པར་ནམ་ཡང་འབར་ངེས་པའི་མེ་ཞིག་དགོས། འོན་ཏེ་དེ་ལྟ་བུ་ཞིག་མི་སྲིད་པའི་ཕྱིར། གལ་ཏེ་གཞན་ལ་ལྟོས་པ་མེད་པ་ཞིག་ཡིན་ན་དེ་ནི་བདག་གི་བར་གྱུར་པ་ཡིན། དེས་ན། 《རྩ་ཤེའི་ཊི་ཀ་ཆེན་》དུ། “རང་གི་མཚན་ཉིད་ཀྱིས་སམ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་དང་ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་གཉིས་ཁྱད་པར་ཤིན་ཏུ་ཆེའོ་”⒂ཞེས་གསུངས་པ་དེ་ནི་ཧ་ཅང་གལ་འགངས་ཆེ་བའི་དབྱེ་བ་ཞིག་ཡིན་ལ། གོང་དུ་“རང་བཞིན་”ཞེས་པའི་དུས་ཀྱི་འཕེལ་རིམ་ནང་དུ་བརྗོད་པ་ལྟར་ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་ཅེས་པ་ནི་རང་གི་ངོ་བོ་ཙམ་འཛིན་པའི་ཆོས་ཞེས་པའི་སྐབས་ཀྱི་ངོ་བོ་ཙམ་པོ་དེར་གོ་བ་བླངས་ནའང་མི་འགྲིག་པ་མེད་དེ།  སྐབས་དེའི་ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་ཅེས་པ་དེའང་ཆོས་གང་དང་གང་ཞིག་ཆོས་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་ཁྱད་ཆོས་ཙམ་ཞིག་ལ་བརྗོད་པ་གསལ་པོ་ཡིན། འོན་ཏེ་རང་གི་མཚན་ཉིད་ཀྱིས་སམ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ནི་དེ་ལྟར་ཆོས་གང་དང་གང་ཞིག་ཆོས་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་ཁྱད་ཆོས་ཙམ་ལ་ཟེར་བ་མིན་པར།   ཆོས་ཐམས་ཅད་ལ་ལྟོས་པ་མེད་པ་དང་བཅོས་མ་མིན་པ་ཞིག་ཡིན་པས། དེ་ནི་དབུ་མ་ཐལ་འགྱུར་བས་དགག་བར་འཛིན་པའོ།  དེ་ལྟར་འཇིག་རྟེན་གྲགས་པའི་དབང་གིས་བཞག་པའི་ཐུན་མོང་མིན་པའི་རང་གི་མཚན་ཉིད་དང་། རིགས་ཤེས་ཀྱིས་དཔྱད་བར་གྲུབ་པའི་རང་གི་ངོ་བོ་ཙམ་དང་རང་གི་མཚན་ཉིད་མེད་པ་གཉིས་ཀ་ལེགས་པར་འབྱེད་པའི་རིགས་པ་དེ་ལས་རིམ་བཞིན་དོན་དམ་གྱིས་ཀུན་རྫོབ་མི་འགོག་པ་དང་། ཀུན་རྫོབ་ཀྱིས་དོན་དམ་མི་འགོག་པའི་བདེན་གཉིས་ཀྱི་རྣམ་གཞག་ཀྱང་དེ་དང་འབྲེལ་ཏེ་ཐོན་བཞིན་ཡོད་པས་རེ་ཞིག་བཞག  དེ་ལྟར་ཆོས་རྣམས་ནི་བཅོས་མ་ཡིན་པ་དང་ཕན་ཚུན་ལྟོས་བཅས་ཡིན་པ་བཅས་ཀྱི་རྒྱུ་མཚན་གྱིས་རྟེན་འབྲེལ་ཡིན་པར་ཐག་ཆོད་པ་དང་། རྟེན་འབྲེལ་ཡིན་པའི་དབང་གིས་རང་ངོས་ནས་གྲུབ་པའི་རང་བཞིན་ཡང་མེད་པ་ཐག་ཆོད་ཐུབ། ཡང་རྟོག་པ་ཡོད་ཚད་དགག་བར་འཛིན་མི་འཛིན་གྱི་འགལ་བ་དེའང་འགོག་རྒྱུའི་རང་བཞིན་དེ་དང་འབྲེལ་བ་ཡོད་དེ། རྟོག་པ་གང་ཡིན་ཐམས་ཅད་དགག་པར་བྱ་བ་མ་ཡིན་པར་ཡང་དག་པ་མ་ཡིན་པའི་རང་བཞིན་གྱི་སྒྲོ་འདོགས་པའི་དོན་རྣམས་འགོག་དགོས་པའི་དོན་དུ་གོ་དགོས་སོ། གལ་ཏེ་རང་བཞིན་གྱི་སྒྲོ་འདོགས་པ་ཁོ་ན་མ་ཡིན་པར་རྟོག་པ་ཡོད་ཚད་རིགས་པས་འགོག་གྱུར་ན། གཞུང་ལ་ཐོས་བསམ་བྱས་པ་ཐམས་ཅད་ཀྱང་འགོག་དགོས་པ་སོགས་སྐྱོན་གྱི་ཕུང་པོ་ཇི་སྙེད་ཅིག་འབྱུང་སྲིད་པ་དང་། ཐོས་བསམ་ལས་བྱུང་བའི་རྟོག་པ་ཡོད་ཚད་བཀག་ན། མྱ་ངན་ལས་འདས་པའི་སར་བཀྲི་བའི་ཡང་དག་པའི་ལམ་ཡང་མེད་པར་འགྱུར་ཏེ། མཐར་ཧ་ཤང་གི་ལྟ་བ་བཞིན་སེམས་ཅིར་ཡང་མི་རྟོག་ཅིར་ཡང་མི་དཔྱོད་པར་འཇོག་སྒོམ་ཁོ་ན་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་དུ་འདོད་པའི་ནོར་འཁྲུལ་གྱི་ལྟ་བ་དེ་འབྱུང་ངེས། ལྷག་པར་དུ་ཐོས་བསམ་ཅི་ཡང་མ་བྱས་པའི་བླུན་པོའང་འཚང་རྒྱ་བར་གྱུར་བ་སོགས་ལུང་དང་རིགས་པའི་གནོད་བྱེད་དུ་མ་ཞིག་རྡུལ་བཞིན་འབབ་ངེས་ཡིན། རྗེ་ཙོང་ཁ་པ་མཆོག་གིས་《རྟོགས་བརྗོད་འདུན་ལེགས་མ་》ཡི་ནང་དུའང་། “དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །”ཞེས་ཐོས་བསམ་སྒོམ་གསུམ་གྱི་གནད་དང་གོ་རིམ་མ་འཛོལ་བར་བསྟན་གནང་བ་དང་། དགེ་བའི་བཤེས་གཉེན་དོར་ཞི་རིན་པོ་ཆེ་མཆོག་ནས་ཀྱང་《དབུ་མའི་ཟབ་དོན་》ཞེས་པའི་ནང་དུ།“རྟོག་པ་ཐམས་ཅད་སྤངས་པ་བླུན་པོའི་ལུགས། །རྟོག་པ་མེད་པ་ཙམ་གྱིས་སངས་རྒྱས་ན། །རྟོག་མེད་དུད་འགྲོ་དང་ནི་ས་རྡོའི་སྐུ །སངས་རྒྱས་ས་ལ་གནས་པ་གོར་མ་ཆག །ཐོས་བསམ་སྒོམ་གསུམ་རྟོག་པར་བརྟེན་པའི་ཕྱིར། །སོ་སྐྱེས་ས་ལ་རྟོག་པ་སྤངས་མི་ནུས། །ཆོས་འཁོར་སྐོར་བ་མིང་ཚིག་ལ་བརྟེན་ཕྱིར། །སངས་རྒྱས་ལ་ཡང་རྟོག་པ་ཡོད་པར་མངོན། །”ཞེས་གསུངས་པ་དེ་ནི་གོ་བདེ་གནད་འཕིགས་ཀྱི་མན་ངག་ཟབ་མོ་ཞིག་གོ   དེས་ན་རྟོག་པ་ཡོད་ཚད་དགག་བྱ་མིན་པར་རང་བཞིན་གྱི་སྒྲོ་འདོགས་པ་ཁོ་ན་དགག་བྱ་ཡིན་པར་རྟོགས་པ་དང་།  ལྟ་བ་མཐར་ཐུག་དེ་རང་བཞིན་གྱིས་གྲུབ་པ་བཀག་པའི་མེད་དགག་ལ་བཞག་པ་དང་། ཡུལ་རང་བཞིན་གྱིས་མེད་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་བྱ་བྱེད་ཕྲ་མོ་འཇོག་ཐུབ་པའི་གནས་ལུགས་གསལ་བར་བཀྲལ་བ་ནི་རྗེ་ཙོང་ཁ་པ་མཆོག་གི་ཐུན་མོང་མ་ཡིན་པའི་ལྟ་དགོངས་ཤིག་ཡིན། སྐབས་དེར་རང་བཞིན་གྱིས་གྲུབ་པ་བཀག་པའི་“མེད་དགག་”ཅེས་པའི་ཐ་སྙད་ཅིག་བྱུང་ཞིང་། རྗེ་ཙོང་ཁ་པ་མཆོག་གིས་དེ་ཧ་ཅང་གལ་འགངས་ཆེ་བའི་ཐ་སྙད་ཅིག་ཏུ་ངོས་འཛིན་གནང་སྟེ་དེའི་ཐད་ལུང་རིགས་མང་པོའི་ཐོག་ནས་དཔྱད་པ་གནང་ཡོད།   
              འགོག་མི་རུང་བའི་རང་བཞིན་གྱི་སྐོར།   
              གོང་དུ་འགོག་དགོས་པའི་རང་བཞིན་ནི་དངོས་པོ་ཐམས་ཅད་རང་ངོས་ནས་གྲུབ་པའི་ངོ་བོ་དང་། མ་བཅོས་པ། གཞན་ལ་ལྟོས་པ་མེད་པ་ཞིག་ཡིན་ཞིང་། དེ་ལྟ་བུའི་རང་བཞིན་དེ་མེད་དེ། དངོས་པོ་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་གྲུབ་པ་དང་། ཕན་ཚུན་ལྟོས་ནས་གྲུབ་པ་ཞིག་ཡིན་པའི་ཕྱིར། དེ་གཉིས་ནི་ཕན་ཚུན་རྩོད་སྒྲུབ་ཀྱི་འབྲེལ་བའམ་ཕན་ཚུན་ལྟོས་ས་ལྟོས་འཇོག་གི་ཐོག་ནས་གཅིག་གི་ཟླ་ལ་གཅིག་ངེས་པར་དུ་འོང་དགོས་པ་ཡིན། འོན་ཏེ་གཞུང་ཁོག་བསྒྲིགས་ནས་དཔྱད་ན་རྟེན་འབྲེལ་ནི་སྟོང་ཉིད་རྟོགས་པའི་ཐབས་སམ་རྨང་གཞི་ཞིག་ཏུ་གྲུབ་ཅིང་། རིགས་པའི་རྒྱལ་པོའི་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་པའི་རིགས་པ་ནི་རྒྱུ་མཚན་གྱི་དོན་དུ་འཇུག་པས། སྟོང་ཉིད་གཏན་ལ་འབེབས་པའི་རྒྱུ་མཚན་ནམ་དགོས་ངེས་ཀྱི་ཆ་རྐྱེན་ཙམ་ཞིག་ཡིན། གལ་ཏེ་རྟེན་འབྲེལ་གྱི་ཆ་རྐྱེན་དེ་མེད་ན་སྟོང་ཉིད་ཅེས་པ་དེ་ནི་ཅི་ཡང་མེད་པའི་སྟོང་བའམ་ཡོད་ཚད་དགག་བར་འཛིན་བའི་ཆད་སྟོང་དུ་གོ་བ་ལེན་པའི་ཉེན་ཁ་ཡོད་ལ། སྟོང་ཉིད་དེ་རིགས་པའི་ལམ་ནས་ཡང་དག་ངང་གཏན་ཁེལ་ཡང་མི་ཐུབ་སྟེ། དབུ་མ་ཐལ་འགྱུར་བས་རང་ཉིད་ཆད་སྟོང་མིན་པའི་སྒྲུབ་བྱེད་ཚང་མ་ནི་རྟེན་འབྲེལ་ཕྲ་མོའི་རྣམ་གཞག་གི་ཐོག་ཏུ་ཚུགས་ཡོད་ལ། རང་སྡེ་གཞན་པ་མཐའ་དག་གིས་སྟོང་ཉིད་ཀྱི་རྣམ་གཞག་ཡང་དག་པ་ཞིག་འཇོག་མི་ཐུབ་པའི་རྒྱུ་མཚན་ཡང་རྟེན་འབྲེལ་གྱི་རྣམ་གཞག་ཡང་དག་པ་ཞིག་འཇོག་མི་ཐུབ་པའི་ཉེར་ལེན་གྱིས་ཡིན་པར་གསུངས། དེས་ན་ཆོས་ཐམས་ཅད་ལ་མཐར་ཐུག་གི་ཆོས་ཉིད་ཅིག་བཞག་གནང་ཡོད་པ་ནི། སྟོང་བ་དང་རྟེན་འབྲེལ་གཉིས་ལས་སྟོང་བ་དེ་ཡིན་པ་སྨོས་མེད་ཡིན་ལ། དེའི་ཤེས་བྱེད་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ཀྱི་མཚན་འདོགས་ཚུལ་དང་གཞུང་དངོས་ཀྱི་ཁོག་འབུབས་ལས་ཤེས་ཐུབ།⒃ དེས་ན་སྟོང་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ལ།  རང་བཞིན་དེ་ནི་མེད་ཅེས་བརྗོད་མི་རུང་བར་ཡོད་ཅེས་བརྗོད་དགོས་ཤིང་།  སྐབས་དེའི་ཡོད་ཅེས་བྱ་བ་ནི་བློས་སྒྲོ་བཏགས་པའི་ཡོད་པ་དང་གཏན་ནས་མི་འདྲ་བའོ། དེའི་ཐད་《རྩ་ཤེའི་འགྲེལ་པ་ཚིག་གསལ་》ལས། “དེའི་རང་གི་ངོ་བོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཉིད་དོ། དེ་ནས་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོའོ།  ངོ་བོ་འདི་ཡང་གང་ཞེ་ན། རང་བཞིན་ནོ།  རང་བཞིན་འདི་ཡང་གང་ཡིན། སྟོང་བ་ཉིད་”⒄ཅེས་གསལ་བར་གསུངས་སོ།  དེའང་དཔྱད་པ་བྱ་སླ་བའི་ཆེད་དུ་དཔྱད་ཕྱོགས་མི་འདྲ་བ་ཁག་གསུམ་གྱི་ཐོག་ནས་དཔྱད་ན།   
              ༡ 《མདོ་》ཡི་ལུང་ཐོག་ནས་དཔྱད་པ།   
              “དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བདག་གིས་མ་བས་གཞན་གྱིས་མ་བྱས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་རུང་ཆོས་ཉིད་ན་གནས་པ་ཁོ་ནའོ་”ཞེས་གསུངས་པ་དང་། 《འཕགས་པ་བརྒྱད་སྟོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་》ཡི་བམ་པོ་དགུ་པ་རྣམ་པར་དག་པ་ཞེས་བྱ་བའི་ལེའུ་བརྒྱད་པ་ལས། “རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་ཆོས་དེ་ནི། ཟབ་སྟེ། དེ་ནི། བསྟན་ཀྱང་མི་འགྲིབ། མ་བསྟན་ཀྱང་མི་འགྲིབ། བསྟན་ཀྱང་མི་འཕེལ། མ་བསྟན་ཀྱང་མི་འཕེལ་བ་ནི། ངོ་མཚར་ཏེ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།   རབ་འབྱོར། ལེགས་སོ། ལེགས་སོ། རབ་འབྱོར། དེ་བཞིན་ནོ།  དེ་དེ་བཞིན་ནོ། རབ་འབྱོར།  འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྲིད་འཚོ་བའི་བར་དུ་བཞུགས་ཤིང་། ནམ་མཁར་བསྔགས་པ་བརྗོད་ཀྱང་ནམ་མཁའ་ཡོངས་སུ་འཕེལ་བར་མི་འགྱུར།   བསྔགས་པ་མ་བརྗོད་ཀྱང་ནམ་མཁའ་ཡོངས་སུ་འགྲིབ་པར་མི་འགྱུར་རོ།  བསྔགས་པ་བརྗོད་ཀྱང་ནམ་མཁའ་ཡོངས་སུ་འགྲིབ་པར་མི་འགྱུར་རོ།   རབ་འབྱོར། འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུལ་བསྔགས་པ་བརྗོད་ཀྱང་རྗེས་སུ་ཆགས་པར་ཡང་མི་འགྱུར།  ཀུན་ནས་ཉོན་མོངས་པར་མི་འགྱུར།  བསྔགས་པ་མ་བརྗོད་ཀྱང་ཁོང་ཁྲོ་བར་མི་འགྱུར། ཀུན་ནས་ཉོན་མོངས་པར་མི་འགྱུར། རབ་འབྱོར།  དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེའང་བསྟན་ཀྱང་དེ་ཉིད་དུ་ཟད་དོ། མ་བསྟན་ཡང་དེ་ཉིད་དུ་ཟད་དོ་”ཞེས་གསལ་བ་དེ་ལྟ་བུའི་ཆོས་ཉིད་དེ་ནམ་ཡང་ཡོད་ཅེས་བརྗོད་དགོས་ལ། དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཡིན་པ་གཞུང་ཆེན་མོ་དག་ཏུ་ཉི་མ་བཞིན་གསལ། ལུང་དེས་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཆོས་རྣམས་ཀྱི་ངོ་བོ་ཡིན་པ་དང་། ངོ་བོ་ནི་དེའི་རང་བཞིན་ཡིན་པ།  རང་བཞིན་ནི་སྟོང་བ་ཉིད་ཡིན་ཚུལ་གསུངས་ཤིང་། དེ་ཉིད་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱོན་རུང་ནམ་ཡང་གནས་ངེས་པ་ཞིག་ཡིན་པར་གསུངས་པས། ལུང་དེས་ཕྱི་རོལ་རིག་བྱེད་པ་དང་ཁག་ཁག་སོ་སོར་འབྱེད་ནུས་ཏེ། འཇིག་རྟེན་མཐའ་དག་སྣོད་བཅུད་བཀོད་པ་པོ་ཞིག་གིས་སྔར་མེད་གསར་དུ་བཟོས་པ་ལྟ་བུ་མ་ཡིན་པར་ཆོས་ཐམས་ཅད་ལ་སྔར་ནས་མངའ་བའི་རང་བཞིན་དེ་སྟོན་པས་ཐུགས་སུ་ཆུད་ཅིང་དེ་ཉིད་རིགས་པ་བརྒྱ་ཕྲག་གི་ཐོག་ནས་གདུལ་བར་བསྟན་གནང་ཡོད་པ་ལྟ་བུའོ།  ལུང་དེར་རྟེན་འབྲེལ་ལ་གོ་བ་ལེན་ཚུལ་ཕྲ་རགས་ཀྱི་ཁྱད་པར་ལས་བྱེ་མདོའི་གོ་བ་དང་དབུ་མ་ཐལ་འགྱུར་བའི་གོ་བ་ལེན་ཚུལ་གཉིས་མི་གཅིག་པ་བྱུང་ཞིང་། འོན་ཏེ་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་ན། ཆོས་ཉིད་དེ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ནས་ངོས་འཛིན་དགོས་ཏེ།《བྱང་ཆུབ་སེམས་འགྲེལ་》ལས། “དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི ། རང་བཞིན་སྟོང་བ་ཉིད་དུ་འདོད། །སྟོང་ཉིད་རང་བཞིན་དུ་བརྗོད་པས། །གང་ཞིག་ཆད་པར་སྨྲ་བ་མིན། །དེས་ནི་རྟག་པ་ཉིད་དུ་ཡང་། །འགའ་ཞིག་སྨྲས་པ་མ་ཡིན་ནོ །”⒅ཞེས་གསུངས་པ་ལྟ་བུ་ཡིན། ཡང་བསམ་གཞིག་ཞིབ་པར་བགྱིས་ན། སྐབས་དེའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་ནམ། འགོག་མི་རུང་བའི་རང་བཞིན་ཞེས་ཡང་དག་པའི་རྟོག་པའམ་ཡི་གེའི་ལམ་ནས་བློས་རྟོག་པར་བྱེད་པ་ལས།   དེ་ལ་བཟང་རྟོག་དང་ངན་རྟོག་གི་ཁྱད་པར་གྱིས་ཤན་ཞུགས་ཅི་ཡང་བྱ་མི་ནུས་ཏེ།  གདོད་ནས་མངའ་བ་ཞིག་ཡིན་པས་ཆོས་ཉིད་ནམ་རང་བཞིན་ཞེས་བརྗོད། 《མངོན་རྟོགས་རྒྱན་》ལས་ཀྱང་། “འདི་ལ་བསལ་བ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །”ཞེས་གསུངས་པ་བཞིན་དགག་བྱ་སྔར་ནས་ཡོད་པ་དེ་ཕྱིས་དག་འགྲོ་བ་ཞིག་མིན་པར།  ཐོག་མ་ཉིད་ནས་དགག་བྱ་སེལ་བར་བྱ་བ་མེད་ལ། ཡང་དགག་བྱས་དབེན་པའམ་དགག་བྱས་སྟོང་བའི་ཆོས་ཉིད་དེ་གསར་དུ་བཞག་པ་ཞིག་ཀྱང་རྩ་བ་ནས་མིན། ཆོས་ཐམས་ཅད་གྲུབ་ཙམ་ཉིད་ནས་རྐྱེན་གྱི་དབང་གིས་གྲུབ་པ་ཞིག་ཡིན་སྟབས་གྲུབ་པ་ཉིད་ཀྱིས་རང་བཞིན་གྱིས་གྲུབ་པས་སྟོང་བ་ཡིན། གྲུབ་ཙམ་ཉིད་ནས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་ཡིན། གདོད་མ་ནས་རྣམ་པར་དབེན་པ་ཡིན། 《རྟེན་འབྲེལ་བསྟོད་པ་》ལས་ཀྱང། “རང་བཞིན་གྱིས་ནི་གདོད་མ་ནས། ། རྣམ་པར་དབེན་ཡང་འདིར་སྣང་བས། འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །”ཞེས་བྱུང་། དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྔར་ནས་གནས་གནས་པ་ཞིག་ལས་འཇིག་རྟེན་བྱེད་པོ་ཞིག་གམ་མགོན་པོ་ཞིག་གིས་གསར་དུ་གཏོད་པ་ཞིག་མིན་པས། དེ་ནི་བཅོས་སུ་མེད་པ་དང་ལྟོས་པ་མེད་པ་ཞིག་ཡིན། དེ་ལྟའི་བཅོས་སུ་མེད་པའི་རང་བཞིན་ནམ་ཆོས་ཉིད་དེ་གཏན་ལ་འཁེལ་བའི་རྨང་གཞིའི་ཐོག་ཏུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀའང་ཆོས་ཉིད་དེ་ལས་འདའ་དཀའ་བར་འདོད། དེས་ན་སངས་རྒྱས་ཆོས་ལུགས་ཀྱི་འོས་འགན་གཙོ་བོ་ནི་སེམས་ཅན་ལ་རང་གི་སེམས་ལའང་ཆོས་ཉིད་དེ་ལྟ་བུ་ཞིག་ཡོད་པའི་ཐོག་ལ་ངོས་འཛིན་ཐུབ་ཏུ་གཞུག་རྒྱུ་དེ་ཡིན། སེམས་ཀྱི་ཆོས་ཉིད་དེ་རྟོགས་པའི་གེགས་སུ་གྱུར་པ་ནི་བདེན་འཛིན་མ་རིག་པ་དེ་ཡིན་པར་གསུངས། སློབ་དཔོན་ཟླ་བ་གྲགས་པས་ཀྱང། “དང་པོ་ང་ཞེས་བདག་ལ་མངོན་ཞེན་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ། །ཟོ་འཆུན་འཕན་ལྟར་རང་དབང་མེད་པ་ཡིས། །འགྲོ་ལ་སྙིང་རྗེས་གྱུར་གང་དེ་ལ་འདུད། །”ཅེས་པ་ལས་རྟོགས་ཐུབ། དེས་ན་ནང་བཅུད་ཀྱི་སེམས་ཅན་གྱིས་ཆོས་ཉིད་དེ་ཉིད་རྟོགས་དགོས་ཚུལ་དང་རྟོགས་པའི་རིགས་པ་བརྒྱ་ཕྲག་མང་པོ་བསྟན་ཡོད།  དེ་ཡང་《དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་》ལས། “སེམས་དེ་དང་པོ་ནས་གང་ནས་ཀྱང་མ་འོངས་ཤིང་། མཐའ་མར་གང་ཡང་མི་འགྲོ་བ།  གང་ན་ཡང་མི་གནས་པ་སྟེ། ཁ་དོག་མེད་པ་དབྱིབས་མེད་པ། གཟོད་མ་ནས་མ་སྐྱེས་པ། མཐར་མི་འགག་པ་རང་བཞིན་གྱིས་སྟོང་བ། འོད་གསལ་བའི་ངོ་བོར་ཡང་དང་ཡང་དུ་དྲན་པར་བྱའོ”⒆ཞེས་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་མཛད་པའི་《ལྟ་མགུར་ཨ་མ་ངོ་ཤེས་》སུ།  “འཚོལ་དགོས་མི་འདུག་སྟེ་འཚོལ་མཁན་རང་ཡིན། །བདེན་པར་མི་ཞེན་ཏེ་རྫུན་པ་རང་ཡིན། །རྫུན་པ་མི་འགོག་སྟེ་བདེན་པ་རང་ཡིན། །ཆད་མིན་རྟག་མིན་ལ་ངལ་གསོས་ཆོག་གོ །”ཞེས་ཨ་མ་སྟོང་བ་ཉིད་ནི་གཞན་ཞིག་ནས་གསར་དུ་འཚོལ་མི་དགོས་པར་འཚོལ་མཁན་གྱི་སེམས་དེ་རང་སྔར་ནས་ངོ་བོས་སྟོང་བཞིན་པ་རང་ཡིན་པར་གསུངས་པ་དང་། ཡང་《འདའ་དཀའ་ཡེ་ཤེས་》ལས་ཀྱང།“སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ་”ཞེས་རང་སེམས་རང་ངོ་ཤེས་ན་མཐར་ཐུག་ཡེ་ཤེས་སུ་འགྱུར་བས་སངས་རྒྱས་གཞན་ནས་འཚོལ་མི་དགོས་པར་གསུངས་པ་སོགས་ལུང་རིགས་མང་པོས་བསྒྲུབས་ཡོད་ཅིང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡང་ཆོས་ཉིད་དེ་ཉིད་གསར་གཏོད་བ་རྒྱུར་དགོངས་པ་མིན་པར།  སྔར་ནས་ཡོད་པའི་ཆོས་ཉིད་དེ་གསལ་བར་གནང་རྒྱུའི་ཆེད་དང་། སྐྱེ་བོ་ཚང་མའི་རང་སེམས་སུ་གདོད་ནས་མངའ་བའི་ཆོས་ཉིད་དེ་ཉིད་སླར་གསོ་གནང་རྒྱུའི་ཆེད་དུའོ།  དེས་ན་གོང་གི་ལུང་དེར་གོ་བ་ལེགས་པོ་ཞིག་ཆགས་ན། སངས་རྒྱས་ཆོས་ལུགས་ཀྱི་ལྟ་དགོངས་ཡོད་ཚད་གུང་ལེགས་པར་སྒྲིག་ཐུབ་ལ། ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་དེར་ཡང་གོ་བ་ལེགས་པོ་ཞིག་ལོན་ཐུབ།   
              ༢ རང་བཞིན་གྱི་ཁྱད་ཆོས་གསུམ་གྱི་ཐོག་ནས་དཔྱད་ན།  
              གོང་གི་འགོག་དགོས་པའི་རང་བཞིན་གྱི་སྐབས་སུ་མགོན་པོ་ཀླུ་སྒྲུབ་མཆོག་གིས་“རང་བཞིན་ཡིན་ན་དེ་ནི་བཅོས་མིན་ཞིག་དང་ལྟོས་མེད་ཅིག་དགོས་”ཞེས་ཁྱད་ཆོས་གཉིས་ལྡན་ཞིག་བཀོད་གནང་བ་དང་། ཕྱིས་སུ་དཔལ་ལྡན་ཟླ་བ་གྲགས་པས་དེའི་ཐོག་ཏུ་“དུས་གསུམ་དུ་མི་འཁྲུལ་བ་”ཞེས་རང་བཞིན་ཁྱད་ཆོས་གསུམ་ལྡན་དུ་གསུངས། འོན་ཏེ་འགོག་དགོས་པའི་རང་བཞིན་གྱི་སྐབས་སུ་དེ་དག་དགག་ཕྱོགས་ནས་ངོས་འཛིན་དགོས་ཏེ། འགོག་དགོས་པའི་རང་བཞིན་དེ་ནི་བཅོས་མ་ཞིག་དང་། ལྟོས་པ་ཅན་ཞིག་གམ་དུས་གསུམ་དུ་འཁྲུལ་བ་ཞིག་ཡིན་དགོས་ཤིང་།  གལ་ཏེ་དེ་ལྟར་མིན་ན་རང་བཞིན་འགོག་པའི་རིགས་པས་ཁེགས་མི་ནུས་སོ། འོ་ན་འགོག་མི་ཆོག་པའི་ཆོས་ཉིད་དུ་བཞག་པའི་རང་བཞིན་དེ་ནི་བཅོས་མིན་དང་ལྟོས་མིན་ཞིག་ཡིན་ནམ་ཞེ་ན། དེ་ནི་བཅོས་མིན་དང་ལྟོས་མིན་ཞིག་ཡིན་ཏེ། གལ་ཏེ་དེ་ལྟར་མིན་ན་དེ་ཡང་རིགས་པའི་དགག་བར་གྱུར་པས་ཡིན།  གལ་ཏེ་རིགས་པའི་དགག་བྱར་གྱུར་ན་མཐར་ཐུག་གི་ཆོས་ཉིད་དེ་ཡང་མེད་པར་མ་གྱུར་གྲང་། མཐར་ཐུག་གི་ཆོས་ཉིད་ཅིག་མེད་ན། སྟོན་པས་ཆོས་ཉིད་རྟོགས་པའི་ཆེད་དུ་དཀའ་བ་དེ་ཙམ་སྤྱོད་པ་དགོས་མེད་ལྟ་བུར་གྲུབ་ལ།  ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའང་དོན་མེད་པར་གྱུར་བ་སོགས་རིགས་པའི་དགག་བ་མང་པོ་ཞིག་ཀྱང་གཅིག་མིན་དུ་མར་འབབ་པར་འགྱུར་རོ། དེའི་ཐད་《བྱང་ཆུབ་ལམ་རིམ་ཆེ་བ་》ན། “འདི་ལ་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་གསུངས་པ་དེ་ལ་རང་བཞིན་ཞེས་བཞག་པ་ཡིན་ཏེ་བཅོས་མ་མིན་པ་དང་གཞན་ལ་རག་ལས་པ་མིན་པའོ། དེ་ནི་ཡོད་དེ། འཇུག་འགྲེལ་ལས། ཁྱད་པར་དུ་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་རྒྱས་པར་གསུངས་པ་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ།  ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག   མིག་ལ་སོགས་པ་དེ་དག་གི་རང་བཞིན་ནོ།   དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། དེ་དག་གི་བཅོས་མ་མ་ཡིན་པ་ཉིད་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ་མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ།  ཇི་དེ་ཡོད་དམ་མེད་དོ་ཞེས་དེ་སྐད་སུ་སྨྲ།  གལ་ཏེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་དུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ་ཞེས་མདོའི་ཤེས་བྱེད་དང་བཅས་པས་བསྒྲུབས་སོ་”⒇ཞེས་གསལ་བར་གསུངས། དེས་ན་སངས་རྒྱས་ཆོས་ལུགས་ནང་དུ་བསྟན་པའི་ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་ནི་འཇིག་རྟེན་གྱི་མཐར་ཐུག་གི་ཆོས་ཉིད་ཅིག་ལ་གསུངས་བ་ཡིན་པས། དེའི་བདེན་དོན་གྱི་འཚོལ་ཡུལ་ཡང་ཐད་ཀར་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་ཕྱོགས་སུ་བསྲིངས་པ་ལས། ཉེ་ཚེ་བའི་ལྟ་བ་ཙམ་ཞིག་ཁོག་ཏུ་རུམ་སྟེ་རང་གི་ཁེ་འདོད་ཙམ་ཞིག་དོན་དུ་གཉེར་བའི་རིགས་པ་ལྟར་སྣང་ཙམ་ཞིག་ལ་གཏན་ནས་མིན་ཞེས་ཡང་ནས་ཡང་དུ་བརྗོད་པར་སྤོབས།
              ༣ བརྡ་སྤྲོད་ཀྱི་ཐོག་ནས་དཔྱད་ན།
              《དབུ་ཕར་སྐོར་གྱི་དོགས་འཕྲོས་》ཞེས་པའི་གསུང་རྩོམ་ཟིན་བྲིས་མ་ཞིག་གི་ཐོག་ཏུ་འགོག་རུང་གི་རང་བཞིན་དང་འགོག་མི་རུང་བའི་རང་བཞིན་སྐོར་དེ་བརྡ་སྤྲོད་ཀྱི་ཐོག་ནས་ཁྱད་པར་འབྱེད་ཐུབ་ཚུལ་ཅུང་ཙམ་གསུངས་པ་དེ་ཉིད་རིན་ཐང་ཅན་ཞིག་ཏུ་མཐོང་བས། འདིར་དེ་ལས་བྱུང་བའི་བློ་བསྐྱེད་ཅིག་གིས་ཅུང་ཙམ་དཔྱད་ནའང་ཕན་ཐོགས་འོང་ངེས་སྙམ་སྟེ། མཚན་ཉིད་རིག་པའི་ལྟ་བ་ཇི་ལྟར་གཏིང་ཟབ་རུང་།  བརྡ་དང་ཐ་སྙད་ཀྱི་ཐོག་ནས་མཚོན་དགོས་པས། བརྡ་སྤྲོད་ཀྱི་ཐོག་ནས་དབྱེ་འབྱེད་བྱས་ནའང་རྔོ་ཐོགས་པར་སྣང་སྟེ།   མཐར་ཐུག་གི་ཆོས་ཉིད་རྟོགས་པའི་ཆེད་དུ་“ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ཡང་དངོས་པོ་རྣམས་དང་རང་བཞིན་མེད་པར་རབ་ཏུ་སྒྲུབ་པར་ནུས་པ་ཡིན་”(21)ཞེས་གསུངས་པ་ལྟར་རོ། ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་གྱི་སྐབས་སུ་སྤྱིར་རང་བཞིན་ཡོད། ཆོས་ཉིད་ཡོད། གཤིས་ལུགས་ཡོད་ཅེས་བརྗོད་ན་འགྲིག་ཅིང་། འགོག་རྒྱུའི་རང་བཞིན་དེ་ནི་གཤིས་ལུགས་སུ་མེད། དོན་དམ་དུ་མེད།   གནས་ལུགས་ལ་མེད་ཅེས་ལ་དོན་གྱི་ཕྲད་སྦྱོར་བ་ཡིན་ཞེས་གསུངས་འདུག རིགས་ལམ་དེ་སྤྱད་དེ་ཕྲན་གྱིས་དཔེར་བརྗོད་འགའ་ཞིག་གཞུང་ཁག་ནས་བཞག་ན། 《རྩ་ཤེ་ཊིཀ་ཆེན་》 དུ།   “ཆོས་ཉིད་ཡོད་པ་དང་དོམ་དམ་པར་མེད་པ་གཉིས་འགལ་བར་འཛིན་པ་འདི་འགོག་པའི་ཆེད་དུའོ་”(22)ཞེས་དང་། ཡང་དབུ་མ་རང་རྒྱུད་པས་ཀྱང་ཞལ་གྱིས་མི་བཞེད་པའི་བདེན་པར་གྲུབ་པ་དང་།  དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཞི་པོ་ཚང་མར་ལ་དོན་གྱི་ཕྲད་སྦྱར་ཡོད་པས་འགོག་རྒྱུའི་རང་བཞིན་དུ་བྱས་པའོ།  དེ་བཞིན་དུ། ཆོས་ཐམས་ཅད་དོན་དམ་དུ་མ་གྲུབ་པ་ཆོས་ཀྱི་གནས་ལུགས་ཡིན་ཞེས་བརྗོད་ན་དོན་དམ་དུ་མ་གྲུབ་པ་ནི་གནས་ལུགས་ཡིན་ཞེས་བརྗོད་པ་ལས་གནས་ལུགས་མིན་ཞེས་བརྗོད་མི་འོས་སོ། འོ་ན་དེ་ལ་བརྡ་སྤྲོད་ཀྱི་ཐོག་ནས་དཔྱད་ན། སྐབས་དེའི་ལ་དོན་སྦྱར་བ་ཚང་མ་ནི་རྣམ་དབྱེ་གཉིས་པའི་དོན་སྦྱོར་སྐབས་ཀྱི་ནང་ཚན་དེ་ཉིད་དམ་ངོ་བོ་སྟོན་པ་ཞིག་ཡིན་སྟབས། བུམ་པ་དོན་དམ་དུ་གྲུབ་ཅེས་བརྗོད་ན་བུམ་པ་དེ་ངོ་བོ་ཉིད་དུ་གྲུབ་ཅེས་བརྗོད་པ་ཡིན། འོན་ཏེ་རང་ངོས་ནས་གྲུབ་པའི་ངོ་བོ་ནི་ཏག་ཏག་དབུ་མ་ཐལ་འགྱུར་བས་འགོག་གནང་མཛད་པ་ཞིག་ཡིན་ཏེ། 《བྱང་ཆུབ་ལམ་རིམ་ཆེ་མོ་》རུ།  “རང་གི་ངོ་བོས་གྲུབ་པའི་རང་བཞིན་ཙམ་ལ་བདག་ཏུ་བཞག་པ་དང་ངའོ་སྙམ་པ་ཙམ་གྱི་བློའི་ཡུལ་ལ་བདག་ཏུ་བྱས་པ་གཉིས་ལས། དང་པོ་ནི་རིགས་པའི་དགག་བྱ་ཡིན་ལ་ཕྱི་མ་ནི་ཐ་སྙད་དུ་འདོད་པས་མི་འགོག་གོ་”(23)ཞེས་འགོག་རྒྱུ་ནི་ངོ་བོས་གྲུབ་པ་དེ་ཡིན་པ་གསལ་བར་གསུངས་སོ། འོན་ཏེ་ཆོས་ཉིད་ཡོད། གནས་ལུགས་ཡོད་ཅེས་པ་དེ་མི་འགོག་སྟེ། དེ་ནི་ཡོད་པ་ཙམ་གསུངས་པའམ་ཐ་སྙད་དུ་འདོད་པ་ཙམ་ཡིན་པས་མི་འགོག་པ་ཤེས་སླའོ།   ཡང་འགོག་དགོས་པའི་རང་བཞིན་དེར་བརྡ་སྤྲོད་ཐོག་གི་ཁྱད་ཆོས་གཞན་ཞིག་ཡོད།  དེ་ནི་བྱེད་སྒྲའི་ཕྲད་སྦྱོར་བ་དེ་ཡིན་ཏེ། གོང་གི་ལུང་དེའི་ནང་དུ་“རང་གི་ངོ་བོས་གྲུབ་པའི་རང་བཞིན་ཙམ་ལ་བདག་ཏུ་བཞག་པ་”ཞེས་པ་དང་། ཡང་《བྱང་ཆུབ་ལམ་རིམ་ཆེ་བ་》ལས། “རང་བཞིན་གྱིས་ཡོད་པ་ཁས་བླངས་པ་ལ་རྟག་ལྟ་དང་སྔར་གྱི་རང་བཞིན་དེ་ཉིད་ཕྱིས་ཞིག་པར་འདོད་ན་མེད་ལྟར་གསུངས་ཀྱི།  ཡོད་པ་ཙམ་དང་ཞིག་པ་ཙམ་ལ་མ་གསུངས་སོ་”(24)ཞེས་དང་། ཡང་《དྲང་ངེས་ལེགས་བཤད་སྙིང་པོ་》ལས། “འདི་ལྟར་དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་ན་འབྲས་བུ་རྣམས་རྒྱུ་དང་རྐྱེན་ལ་ལྟོས་པར་ཤིན་ཏུ་འགལ་བའི་ཕྱིར་རོ་”(25)ཞེས་བྱུང་བ་ལྟ་བུ་ཡིན། བྱེད་སྒྲ་ཡོད་པ་དེ་དག་ནི་དབུ་མ་ཐལ་འགྱུར་བས་ཞལ་གྱིས་མི་བཞེད་མོད། དབུ་མ་རང་རྒྱུད་པས་དེ་དག་ཐ་སྙད་དུ་ཡོད་པར་ཞལ་གྱིས་བཞེད་ཀྱི་ཡོད། དེ་ནི་དེ་ལྟར་ཚིག་ངོ་ཙམ་གྱི་ཐོག་ནས་རིགས་དབྱེ་བ་ཚུལ་ཙམ་ཞིག་བསྟན་པ་ལགས། ང་ཚོས་ད་དུང་བརྡ་སྤྲོད་ཐོག་ནས་གོ་རྒྱ་ཇེ་ཆེར་བསྐྱེད་དེ་དབུ་མ་ཐལ་རང་གཉིས་ཀྱི་ལྟ་དགོངས་ཕྱོགས་ནས་དཔྱད་ན་དེ་བས་ཁ་གསལ་དུ་འགྲོ་སྟེ། གོང་དུ་བརྗོད་པའི་ལ་དོན་གྱི་ཕྲད་སྦྱར་བའི་བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཅས་བཞི་པོ་ནི་དབུ་མ་ཐལ་རང་གཉིས་ཀས་ཐ་སྙད་དུའང་མི་གྲུབ་པར་ཞལ་བཞེས་གནང་གི་ཡོད། དེ་ཡང་ཡིན་ཏེ། དེ་དག་བཞི་པོའི་ལ་དོན་གྱི་དོན་སྦྱོར་ཐད་ནས་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་དམ་ངོ་བོ་སྟོན་པ་ཡིན་ཞིང་། དབུ་མ་ཐལ་རང་གང་གི་ལུགས་ལའང་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མི་གྲུབ་པའམ། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་གཅིག་མཚུངས་ཡིན་པའི་ཕྱིར།  དེས་ན་དེ་བཞི་པོ་ནི་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་དམ་ངོ་བོ་སྟོན་པའི་དོན་དུ་འཇུག་པས་ཐལ་རང་གཉིས་ཀའི་ལུགས་ལ་ཐ་སྙད་དུའང་མི་གྲུབ་པར་ཞལ་གྱིས་བཞེས་པའོ། འོན་ཀྱང་ཐལ་རང་གཉིས་མི་མཐུན་ས་ནི་བྱེད་སྒྲ་ཡོད་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་གསུམ་པོ་དེ་ཡིན་ཞིང་།  དབུ་མ་རང་རྒྱུད་པས་ནི་དེ་གསུམ་པོ་ཐ་སྙད་དུ་གྲུབ་པར་བཞེད་ཅིང་། དབུ་མ་ཐལ་འགྱུར་བས་ནི་གོང་གི་བཞི་བཞིན་གསུམ་པོ་དེ་དག་ཀྱང་ཐ་སྙད་དུ་མ་གྲུབ་པར་བཞེད། དེ་ཡང་ཡིན་ཏེ། དབུ་མ་རང་རྒྱུད་པས་ནི་བྱིས་པ་ཡན་ཆད་ལ་གཟུགས་སོགས་རང་མཚན་སྣང་བ་ལྟར་གྲུབ་པར་འདོད་དེ། 《དབུ་མ་རྒྱན་རང་འགྲེལ་》 ལས་ཀྱང།  “བྱིས་པའི་གནས་སྐབས་ནས་བཟུང་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བར་དུ་མྱོང་བ།  གང་མ་བརྟག་གཅིག་པུ་ན་ཡིད་དུ་འོང་བའི་རང་བཞིན་ཁོ་བོས་བཀག་པ་མེད་དེ་”ཞེས་གསུངས་པ་ལྟར་ངེས་པར་དུ་བྱེད་པ་པོ་འདྲ་བའི་རང་མཚན་ཞིག་གིས་གྲུབ་ནས་ཡོད་པའམ་འཛིན་པ་ལྟར་དུ་སྣང་བ་དང་།  ཡང་དབུ་མ་རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ་ཆོས་གང་ཞིག་ཡིན་ཡང་རང་ངོས་ནས་གྲུབ་དགོས་པས་བཏགས་དོན་བཙལ་ན་ཪྙེད་དགོས་པར་འདོད་ལ། དེའི་གནད་ཀྱིས་རང་རྒྱུད་པས་ངའོ་སྙམ་པའི་ང་ཡི་མཚན་གཞི་རང་གི་གདགས་གཞིའི་གསེབ་ནས་ཡིད་ཀྱི་རྣམ་ཤེས་སམ་དེའི་རྒྱུན་ཅི་རིགས་ཤིག་འཇོག་པ་ཡིན།  གལ་ཏེ་མཚན་ཉིད་ཀྱིས་གྲུབ་པའི་ཡིད་ཀྱི་རྣམ་པར་ཤེས་པའམ་དེའི་རྒྱུན་ཅི་རིགས་ཤིག་མེད་ན་ལས་གསོག་པ་པོ་དང་དེའི་འབྲས་བུ་མྱོང་བ་པོ་ལྟ་བུའི་བྱེད་པ་པོ་ཞིག་མེད་པར་དགོངས་ཏེ་ཡིད་ཀྱི་རྣམ་ཤེས་རང་མཚན་གྱིས་གྲུབ་པར་བཞེད་དོ། དེས་ན་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལྟ་བུའི་བྱེད་པ་པོ་ཞིག་དགོས་པའི་རྐྱེན་གྱིས་རང་མཚན་གྱིས་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་ཡོད་པ་བཅས་བྱེད་སྒྲ་ཅན་དག་ཐ་སྙད་དུ་གྲུབ་པར་ཞལ་གྱིས་བཞེད་པ་མིན་ནམ་སྙམ། འོན་ཏེ་དབུ་མ་ཐལ་འགྱུར་བས་ནི་རང་ངོས་ནས་གྲུབ་པར་མི་བཞེད་པས་དེ་ལྟར་བཙལ་ན་མི་རྙེད་པར་རང་གི་ཕུང་པོའི་སྟེང་དུ་ང་སྣང་ཙམ་ཞིག་ཏུ་བཞེད་པ་ལས།  རང་གི་མཚན་ཉིད་ཀྱིས་གྲུབ་པའི་ང་ཞིག་མེད་པར་བཞེད། དེས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པ་གསུམ་པོ་དང་དོན་དམ་པར་གྲུབ་པ་བཞི་པོ་བཅས་གང་ཡང་མེད་རུང་། མ་དཔྱད་པར་སྣང་ཙམ་མམ་རྟོག་པས་ཕར་བཏགས་ཙམ་ལ་འཁོར་འདས་ཀྱི་རྣམ་གཞག་འཐད་ཚུལ་གསལ་བར་གསུངས་ཤིང་།  དེའི་ཐད་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་《དཀོན་བརྩེགས་》ལ་བརྟེན་ཏེ་ལྷ་སྐུ་གང་ཡིན་རྩོད་པར་བདེན་རྫུན་འབྱེད་པ་དཔེར་བཀོད་ནས་དེ་ལྟར་སྒྲུབ་གནང་བ་དང་། ཞི་བ་ལྷ་མཆོག་གིས་《ཡབ་སྲས་མཇལ་བའི་མདོ་》ལ་བརྟེན་ནས་སྒྱུ་མ་དཔེར་བཀོད་ནས་དེ་ལྟར་སྒྲུབ་གནང་ཞིང་། དཔལ་ལྡན་ཟླ་བ་གྲགས་པས་ནི་ཐེག་དམན་གྱི་མདོ་ལ་བརྟེན་ཏེ་ཤིང་རྟའི་དཔེའི་ཐོག་ནས་དེ་ལྟར་སྒྲུབ་ཡོད། དེས་ན་ཆོས་ཉིད་ལ་རང་བཞིན་དུ་བྱས་པའི་རང་བཞིན་གྱི་སྐབས་སུ་གཤིས་ལུགས་ཡོད། ཆོས་ཉིད་ཡོད། དོན་དམ་ཡོད་ཅེས་ཕྲད་ཅི་ཡང་མེད་ན་འགྲིག་ཅིང་། འོན་ཀྱང་བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཅས་ལ་ལ་དོན་གྱི་ཕྲད་ཡོད་པ་དང་། རང་བཞིན་གྱིས་གྲུབ་པ་མེད། རང་མཚན་གྱིས་གྲུབ་པ་མེད། རང་ངོས་ནས་གྲུབ་པ་མེད་པ་བཅས་ལ་བྱེད་སྒྲ་ཡོད་པ་དག་འགོག་དགོས་པའི་རང་བཞིན་གྱི་ཁྱད་ཆོས་སུ་དབུ་མ་ཐལ་འགྱུར་བ་དག་གིས་གསུངས་སོ།།
              མདོར་ན། རྗེ་རིན་པོ་ཆེས་ཐལ་འགྱུར་བའི་ལུགས་ལ་དངོས་འགལ་ཞལ་བཞེས་གནང་བ་དང་། དོན་དམ་པའི་གནས་ལུགས་དེ་རིགས་པས་སྒྲུབ་ཐུབ་པ་མ་ཟད། དེ་རྟོག་བཅས་ཀྱི་བློས་ངེས་ཐུབ་པར་ངོས་འཛིན་གནང་ཞིང་། ལྷག་པར་དུ་ལྟ་བ་མཐར་ཐུག་དེ་རང་བཞིན་གྱིས་མ་གྲུབ་པའི་མེད་དགག་ལ་འཇོག་གནང་མཛད་པ་དེ་ནི་རྗེ་རིན་པོ་ཆེའི་ལྟ་དགོངས་ཐུན་མོང་མ་ཡིན་པའང་ཡིན་ནོ། །
              མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
              ①②⑤⒇(21)(23)(24)རྗེ་ཙོང་ཁ་པས་མཛད། 《བྱང་ཆུབ་ལམ་རིམ་ཆེ་བ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱིལོ་1985ཟླ9པར་དཔར།  ཤ82、583 、660 -66 l 、646、589、663 、600
              ③དབུ་མ་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་གསུམ་ནི་ཐ་སྙད་དུ་གྲུབ་པར་བཞེད་དེ། དེ་མ་གྲུབ་ན་ཆད་ལྟར་འགྲོ་བར་འདོད་ཅིང་། འོན་ཏེ་བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ། དེ་ལོན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཞི་ནི་ཐ་སྙད་དུའང་མི་བཞེད། དབུ་མ་ཐལ་འགྱུར་བས་ནི་བདེན་པར་གྲུབ་པ་སོགས་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་དོན་གཅིག་པར་བཞེད་པས།  བདེན་པར་གྲུབ་ཅེས་པ་དང་རང་བཞིན་དུ་གྲུབ་ཅེས་པ་གཉིས་དོན་མཚུངས་པའོ།
              ④སྡེ་དགེ་《བཀའ་འགྱུར་》མདོ་ཞ་པོད། 《འཕགས་པ་ཆོས་ཡང་དག་པར་སྡུད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》ཤ13
              ⑥⒂(22)རྗེ་ཙོང་ཁ་པས་མཛད། 《རྩ་ཤེའི་ཊི་ཀ་ཆེན་རིགས་པའི་རྒྱ་མཚོ》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ36、43 、28
              ⑦⑧ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས། 《རྣལ་འབྱོར་སྤྱོད་པ་དང་དབུ་མ་བའི་ལྟ་གྲུབ་དཀའ་གནད་ཕྱོགས་སྡོམ་》གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་དཔེ་སྐྲུན་བྱས། སྤྱི་ལོ་1999ལོའི་ཟླ6ཚེས18 ཤ252、256
              ⑨བྱ་མདོ་རིན་བཟང་གིས་ཕབ་འབྲི་བྱས། 《དབུ་ཕར་སྐོར་གྱི་དོགས་འཕྲོས་》པོད་ཕྲེང་བཞི་པ། མཐོ་ལས་དགོན་པའི་ལེགས་བཤད་ནོར་བུའི་དཔེ་ཚོགས།  ཤ65
              ⑩(25)རྗེ་ཙོང་ཁ་པས་མཛད། 《དྲང་ངེས་ལེགས་བཤད་སྙིང་པོ་》པོད་ཕྲེང་བཅུ་གསུམ་པ། སེར་གཙུག་ནང་བསྟན་དཔེ་རྙིང་འཆོལ་བསྡུ་ཕྱོགས་སྒྲིག་ཁང་།  ཤl75 -  l76、 l l6
              ⑾⒅མགོན་པོ་ཀླུ་སྒྲུབ་ཀྱིས་མཛད། 《དབུ་མ་རིགས་ཆོགས་དྲུག་དང་བྱང་ཆུབ་སེམས་འགྲེལ་》སེར་གཙུག་ནང་བསྟན་དཔེ་ཪྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་སུམ་ཅུ་སོ་ལྔ། ཤ23
              ⑿དཔལ་ལྡན་ཟླ་བ་གྲགས་པ། 《དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་ཉི་ཤུ་པ།  ཤ42、 144
              ⒀རང་བཞིན་ཁྱད་ཆོས་གསུམ་ལྡན་གྱི་ཡ་གྱལ་དུས་གསུམ་དུའང་མི་འཁྲུལ་བ་ཞེས་པ་དེ་རྗེ་ཙོང་ཁ་པ་མཆོག་གི་《རྟེན་འབྲེལ་བསྟོད་པ་》ཡི་ནང་དུ་དམིགས་ཀྱིས་གསུངས་མི་འདུག་ཅིང་། གཞུང་དེའི་ནང་དུ་“རང་བཞིན་བཅོས་མིན་ལྟོས་མེད་དང་”ཞེས་རང་བཞིན་གཉིས་མ་གཏོགས་གསུངས་མེད། འོན་ཏེ་《དབུ་མ་རྩ་ཤེའི་ཏིཀ་ཆེན་རིགས་པའི་རྒྱ་མཚོ》ཡི་ནང་གི་རང་བཞིན་བརྟག་པའི་ལེའུའི་ནང་དུ་དུས་གསུམ་དུ་ཡང་མི་འཁྲུལ་བ་ཞེས་པའི་ཁྱད་ཆོས་དེ་ཐོན་པར་གཞིགས་ན། དུས་ཀྱི་ཁྱད་ཆོས་དེ་ཟླ་གྲགས་ལུགས་བཞིན་ཁ་སྣོན་མཛད་པར་སྙམ།
              ⒁ཙོང་ཁ་པས་མཛད། 《རྟེན་འབྲེལ་བསྟོད་པ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱིལོ་1996ལོའི་ཟླ4པར་དཔར། ཤ6
              ⒃སྤྱིར་ན་ཆོས་ཐམས་ཅད་ལ་མཐར་ཐུག་གི་ཆོས་ཉིད་ཅིག་བཞག་ཡོད་པ་ནི། སྟོང་བ་དང་རྟེན་འབྲེལ་གཉིས་ལས་སྟོང་བ་དེ་ཡིན་པ་སྨོས་མེད་ཡིན་མོད། འོན་ཏེ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་ཁག་དང་རྗེ་ཙོང་ཁ་པའི་གསུང་རྩོམ་ཚང་མར་“རང་བཞིན་མེད་པ་”ཞེས་པའི་ཆིག་གིས་སྟོང་བ་ཞེས་པའི་ཐ་སྙད་ཀྱི་དོད་དུ་ཐེངས་མང་བཀོལ་གནང་བ་འདིར་ཐུན་མོང་མིན་པའི་སྒྲུབ་ཤུགས་ཤིག་ཡོད་པ་ཡིན་ཏེ། གལ་ཏེ་ཆོས་ཐམས་ཅད་ནི་སྟོང་བ་ཉིད་དོ་ཞེས་བརྗོད་ན། སྟོང་ཉིད་མངོན་སུམ་ཏུ་རྟོགས་པའི་འཕགས་པས་ནི་སྟོང་བ་དང་རྟེན་འབྲེལ་དབྱེར་མེད་དུ་མཁྱེན་ཚུལ་གསུངས་མོད། སློབ་པ་ལམ་གྱི་གནས་སྐབས་པ་ཞིག་ཡིན་ཚེ་སྟོང་བའི་དོན་ཙམ་ལས་རྟེན་འབྲེལ་གྱི་གོ་བ་ཆགས་མི་ཐུབ། འོན་ཏེ“ཆོས་ཐམས་ཅད་ནི་རང་བཞིན་མེད་པའོ་”ཞེས་བརྗོད་ཚེ “རང་བཞིན་མེད་པ་”ཞེས་པའི་ཚིག་དེའི་ནུས་པའི་འོག་ཏུ་རྟེན་འབྲེལ་དང་སྟོང་བའི་ཀོ་བ་གཉིས་ཀ་ཆ་མཉམ་གྱིས་སྟེར་ཐུབ་པའི་ནུས་པ་ཞིག་འདུག་སྟེ། རང་བཞིན་ཟེར་སྐབས་མ་བཅོས་པ་དང་། ལྟོས་པ་མེད་པ་ཞིག་དང་། དེ་མེད་ཟེར་སྐབས་ཆོས་ཐམས་ཅད་བཅོས་མ་དང་ལྟོས་པའི་རྟེན་འབྲེལ་གྱི་འབྲེལ་བ་ཞིག་སྒྲུབ་ཐུབ་ལ། རྟེན་འབྲེལ་ཡིན་ཙན། དེ་ནི་རང་བཞིན་གྱིས་མ་གྲུབ་པའི་སྟོང་བ་ཞིག་གི་ཐོག་ཏུ་རིགས་པས་གཏན་ལ་འབེབས་ཐུབ་པ་ཞིག་ཡིན་པར་སྙམ།
              ⒄སློབ་དཔོན་ཟླ་བ་གྲགས་པ། 《རྩ་ཤེའི་འགྲེལ་པ་ཚིག་གསལ་》སྡེ་བསྟན། དབུ་མ། འ། ཤ 89
              ⒆ཇོ་བོ་ཨ་ཏི་ཤས་བརྩམས 《ཇོ་བོ་རྗེའི་གསུང་འབུམ་》(སྨད་ཆ་)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2012ལོའི་ཟླ2 ཤ11