དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་ཞིབ་འཇུག་གནས་བབས་དང་དེ་དག་གི་དཔྱད་པ།

-བོད་ཡིག་གི་ཞིབ་འཇུག་གནས་ཚུལ་གཙོ་བོར་འཛིན་པ།

སྤེལ་དུས 2020-02-09 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། པད་མ་ཚེ་རིང་།
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིར་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་ཞིབ་འཇུག་གནས་བབས་ཏེ། བཙན་པོའི་སྐབས་ཀྱི་མགུར་གླུའི་སྐོར་ལ་བོད་ཡིག་གི་ཐོག་ནས་ཞིབ་འཇུག་བྱས་པའི་གནས་ཚུལ་ཕྱོགས་བསྡོམས་ཀྱི་ཚུལ་དུ། དེ་དག་རྒྱལ་རབས་ལོ་རྒྱུས་དང་གཙོ་བོར་སྦྱར་བ། ཐ་སྙད་ཀྱི་འགྲེལ་པ་གཙོ་བོར་བྱས་པ། རྩོམ་རིག་གི་ཁྱད་ཆོས་གཙོ་བོར་བྱས་པ་བཅས་ཕྱོགས་གསུམ་གྱི་ཐོག་ནས་ངོ་སྤྲོད་མཚམས་སྦྱོར་དང་སྦྲགས། ཞིབ་འཇུག་གི་དཔྱད་འབྲས་འགངས་ཆེན་འགའ་རེར་གདེང་འཇོག་དཔྱད་པ་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཏུན་ཧོང་བོད་ཀྱི་ཡིག་རྙིང་། མགུར་གླུ  ཞིབ་འཇུག་གནས་བབས། དཔྱད་འབྲས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K870[ཡིག་ཚང་མཚོན་བྱང་།]A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946X(2018)02 -111 -11            
གླེང་གཞི།
       བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ནི་ཤོག་ངོར་བཀོད་སྔ་བའི་བོད་ཀྱི་གནའ་བོའི་རྩོམ་རིག་སྒྱུ་རྩལ་གྱི་མཚོན་བྱེད་རྣལ་མ་ཞིག་དང་། སྤུ་རྒྱལ་བཙན་པོའི་དུས་ཀྱི་རིག་གནས་ལོ་རྒྱུས་དང་ཆབ་སྲིད། དམག་དོན། ཡུལ་སྲོལ་གོམས་གཤིས་སོགས་དང་འབྲེལ་བ་དམ་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་གནའ་བོའི་སྐད་ཆའི་སྒྱུ་རྩལ་མཚོན་བྱེད་ཀྱི་ཚབ་མཚོན་གཤའ་མ་ཞིག་ཀྱང་ཡིན་པས། དེར་རྒྱལ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་པ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་དང་བྱེད་བཞིན་ཡོད་ལ། དུས་སྐབས་འདིའི་བོད་རིག་པའི་ཉམས་ཞིབ་པ་མང་པོའི་ཤེས་རབ་ཀྱི་རྩལ་ངོམ་སའི་སྡིངས་ཆ་ཞིག་ཏུ་གྱུར་ཡོད། དེ་ཡང་དུས་རབས་ཉི་ཤུ་པའི་དུས་འགོར་དབྱིན་ཇིའི་སཱི་ཐན་ཡེན་( m.  a.  stein) དང་ཧྥ་རན་སིའི་པོའོ་ཞི་ལེ་( PauIPeIiIot)གཉིས་ཀྱིས་ཏུན་ཧོང་ཕུག་པའི་བྲག་ཕུག་ཨང་བཅུ་བདུན་པ་ལས་བོད་ཀྱི་ཡིག་ཚང་མང་པོ་ཕྱི་རྒྱལ་ལ་དབོར་འདྲེན་བྱས་པ་ནས་བཟུང་། ཕྱི་རྒྱལ་དུ་ཏུན་ཧོང་བོད་ཀྱི་ལོ་རྒྱུས་རིག་གནས་སོགས་ལ་ཞིབ་འཇུག་བྱེད་འགོ་བརྩམས་པ་དང་། སྤྱི་ལོ་༡༩༤༠ལོར་པཱ་ཁོར་ནས་《ཏུན་ཧོང་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པའི་དཔེ་དེབ་ཅིག་དཔེ་སྐྲུན་བྱས་པ་ནས་བཟུང་། རྒྱལ་ཕྱི་ནང་གི་མཁས་པ་མང་པོས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཁྱད་པར་ཏུན་ཧོང་གཏེར་ཡིག་ཁྲོད་བཞུགས་པའི་མགུར་གླུ་སོགས་རྩོམ་རིག་ལ་ཞིབ་འཇུག་གིས་འབྲས་བུའང་མི་དམན་པ་ཞིག་བླངས་ཡོད། དཔེར་ན། ཕྱི་རྒྱལ་དུ་བོད་རིག་པའི་ཞིབ་འཇུག་མཁན་དབྱིན་ཇི་བ་ཐཱོ་མ་སཱི་ཡིས་སྤྱི་ལོ་༡༩༥༧ལོར་འཇར་མན་སྦོ་ལེན་ནས་《བྱང་ཤར་དུ་བྱུང་བའི་བོད་གནའ་རབས་ཀྱི་དམངས་ཁྲོད་རྩོམ་རིག་》ཅེས་པ་དཔར་དུ་བསྐྲུན་པ་མ་ཟད། དེ་ཉིད་ལོ་རབས་བརྒྱད་ཅུ་པར་རྒྱའི་སྐད་ཡིག་ཏུ་བསྒྱུར་བ་ལྟ་བུ་དང་། དེ་བཞིན་རྒྱལ་ནང་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཏུན་ཧོང་བོད་ཡིག་ཡིག་ཆ་དེ་དག་གཞིར་བཟུང་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་《དེབ་ཐེར་དཀར་པོ་》མཛད་པས། ཁོང་ནི་རྒྱལ་ནང་དུ་ཏུན་ཧོང་ཡིག་རྙིང་གི་མགུར་གླུ་གཞིར་བཟུང་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་དང་པོ་དེ་ཡིན། དེར་མཐུད་ནས་བོད་མིང་ལ་དབང་རྒྱལ་དང་བསོད་ནམས་སྐྱིད་ཞུ་བའི་ཞིབ་འཇུག་པ་གཉིས་ཀྱིས་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་བརྩམས་ཤིང་། སྤྱི་ལོ་༡༩༨༠ལོར་དེ་ཉིད་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པས། དུས་སྐབས་དེ་ཙམ་ནས་བཟུང་རྒྱལ་ནང་དུ་ཏུན་ཧོང་བོད་རིག་པའི་ཞིབ་འཇུག་གི་ཚ་རླབས་ཤིག་འཕྱུར་ཏེ། དོན་གྲུབ་རྒྱལ་གྱི་《བོད་ཀྱི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལ་དཔྱད་པ་》ཞེས་པའི་དཔྱད་འབྲས་ཀྱིས་གཙོ་བྱས་པའི་ཆེད་དེབ་དང་དཔྱད་རྩོམ་རབ་དང་རིམ་པ་ཐོན་ཡོད་པས་མཚོན། དེ་དག་གིས་རྗེས་རབས་པར་བོད་ཀྱི་གནའ་བོའི་མགུར་གྱི་ནང་དོན་དང་ཁྱད་ཆོས་སོགས་ལ་ཞིབ་འཇུག་དང་བློ་སྐྱེད་གསར་པ་འབྱུང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ད་ལྟ་ཏུན་ཧོང་ཡིག་རྙིང་ལས་དངོས་སུ་ངོས་ཟིན་ཅིང་ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་པའི་མགུར་གྱི་གྲངས་ལ་བསྡོམས་པས་ཉི་ཤུ་རྩ་གསུམ་ཡས་མས་ཡོད་ལ། ད་དུང་ཡིག་ཚང་ཁྲོད་ནས་མ་མཐོང་བ་དང་མ་རྙེད་པའང་ཡོད་སྲིད། འདིར་བཙན་པོའི་སྐབས་ཀྱི་མགུར་གླུའི་སྐོར་ལ་བོད་ཡིག་ཐོག་ནས་ཞིབ་འཇུག་བྱས་པའི་གནས་ཚུལ་ཕྱོགས་བསྡོམས་ཀྱི་ཚུལ་དུ། དེ་དག་རྒྱལ་རབས་ལོ་རྒྱུས་དང་གཙོ་བོར་སྦྱར་བ་དང་། ཐ་སྙད་ཀྱི་འགྲེལ་པ་གཙོ་བོར་བྱས་པ། རྩོམ་རིག་གི་ཁྱད་ཆོས་གཙོ་བོར་བྱས་པ་བཅས་ཕྱོགས་གསུམ་གྱི་ཐོག་ནས་ངོ་སྤྲོད་མཚམས་སྦྱོར་དང་སྦྲགས། ཞིབ་འཇུག་གི་དཔྱད་འབྲས་འགངས་ཆེན་འགའ་རེར་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་རགས་ཙམ་བྱ་རྒྱུ་ཡིན།
       གཅིག  རྒྱལ་རབས་ལོ་རྒྱུས་དང་གཙོ་བོར་སྦྱར་བའི་དཔྱད་འབྲས།   
       《དེབ་ཐེར་དཀར་པོ་》①ནི། དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ནང་མཛད་པ་ཞིག་ཡིན་ཞིང་། དེའི་ནང་བཙན་པོ་རྗེ་བློན་གྱིས་བླངས་པའི་མགུར་དག་གོ་བདེར་ཕབ་པ་བརྒྱུད། སྤུ་རྒྱལ་བཙན་པོའི་སྐབས་ཀྱི་ཆབ་སྲིད་ལོ་རྒྱུས་ལ་ཞིབ་འཇུག་མཛད་ཡོད། དེ་ནི་བོད་དང་རྒྱལ་ནང་ནས་ཏུན་ཧོང་གཏེར་ཡིག་དཔྱད་གཞིར་བཟུང་ཞིང་། རྩོམ་པ་པོའི་ཤེས་རབ་ཀྱི་རྩལ་མངོན་པར་གསལ་བའི་བརྩམས་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། དེབ་ཐེར་དེར་མྱང་ཙེང་སྐུས་བླངས་པའི་མགུར་དང་མཁར་ཕྱིང་བའི་འབངས་ཀྱིས་བླངས་པའི་མགུར་བཅས་ཆ་ཚང་གོ་བདེར་ཕབ་གནང་ཡོད་ལ། ཁྲི་སྲོང་བཙན་དང་དབའ་དབྱི་ཚབ། མགར་སྟོང་བཙན། སད་མ་ཀར་བཅས་ཀྱི་མགུར་གླུའི་ནང་དོན་གནད་བསྡུས་སུ་བཀོད་གནང་ནས་བོད་བཙན་པོའི་རྒྱལ་རབས་ལོ་རྒྱུས་ལ་ཞིབ་འཇུག་གླེང་བརྗོད་མཛད་ཡོད། ཡིན་ནའང་མཁས་དབང་ཁོང་གིས་ལོ་རྒྱུས་ཀྱི་བྱུང་བ་གཙོ་བོར་གསུངས་པས། མགུར་གླུ་དེ་དག་ནི་སྐབས་དེའི་ཆབ་སྲིད་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་གི་ངོས་ནས་གླེང་བ་ལས། བོད་ཀྱི་གནའ་བོའི་རྩོམ་རིག་སྒྱུ་རྩལ་ཞིག་གི་ངོས་ནས་ཞིབ་དུ་གླེང་བརྗོད་མཛད་མེད། ལྷག་པར་དེབ་ཐེར་གལ་ཆེན་དེ་ཉིད་ཡོངས་སུ་རྩོམ་པའི་སྐལ་བ་མ་ཐོབ་པ་བཞིན། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ཡོངས་རྫོགས་ལ་དེ་བས་ཞིབ་འཇུག་མཛད་ཐུབ་མེད། དེ་ལྟར་ནའང་། མཁས་དབང་ཁོང་གིས་མགུར་གླུ་མི་ཉུང་བ་ཞིག་གོ་བདེར་ཕབ་གནང་བ་དེས། རྗེས་ཀྱི་མགུར་གླུའི་ཞིབ་འཇུག་གི་བྱ་བར་དོན་སྙིང་ཆེ་བའི་ཁ་ཕྱོགས་བསྟན་ཡོད་ལ། ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ནི་སྨྲོས་ཅི་དགོས། རྒྱལ་རབས་ལོ་རྒྱུས་དང་གཙོ་བོར་སྦྱར་བའི་དཔྱད་འབྲས་ལས་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》②ཡི་ནང་། ཏུན་ཧོང་ནས་བྱུང་བའི་བཙན་པོའི་མགུར་གླུ་ཁག་གཅིག་གོ་བདེར་ཕབ་གནང་ཡོད་པ་དང་། ལྷག་པར་མགར་ཁྲི་འབྲིང་བཙན་བྲོད་ཀྱི་མགུར་ལ་དབྱེ་ཞིབ་དཔྱད་པ་མཛད་དེ། ལོ་རྒྱུས་གནས་སྐབས་དེའི་བོད་ཀྱི་བཙན་པོ་དང་བློན་པོའི་ཁྱིམ་རྒྱུད་དབར་གྱི་འགལ་ཟླ་ཞིབ་བརྗོད་གནང་ཡོད་པས། དེ་ནི་མགུར་དང་རྒྱལ་རབས་ལོ་རྒྱུས་ཀྱི་འབྲེལ་བའི་སྟེང་ནས་ཞིབ་འཇུག་བྱས་པར་འབྲས་བུ་ཅུང་ཆེན་པོ་མངོན་པའི་རྒྱལ་རབས་ལོ་རྒྱུས་ཤིག་ཡིན། དེའི་རྗེས་ནས་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་《ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་》ཞེས་པ་མཛད་ཅིང་། དེའི་ནང་པུ་དེ་གུང་རྒྱལ་གྱི་སྐབས་ནས་བྱུང་བའི་མགུར་ཉེར་གཅིག་ཙམ་གྱི་ནང་དོན་རྒྱལ་རབས་ལོ་རྒྱུས་དངོས་དང་སྦྱར་ནས་གོ་བདེར་ཕབ་གནང་ཡོད་ལ། བརྡ་དོན་གོ་དཀའ་བ་ལ་འགྲེལ་པ་ཡང་མཛད་ཡོད་པས། དེ་ནི་བཙན་པོའི་སྐབས་ཀྱི་མགུར་གླུ་ཉིད་རྒྱལ་རབས་ལོ་རྒྱུས་དང་སྦྱར་བའི་དཔྱད་འབྲས་ལས་ཆེས་ཆ་ཚང་ཤོས་དང་བརྡ་དོན་གོ་དཀའ་བའི་འགྲེལ་བར་ཁྱད་ཆོས་མངོན་གསལ་ལྡན་པ་ཞིག་ཡིན། ད་ལྟ་ཀུན་གྱིས་དཔྱད་གཞི་གལ་ཆེན་ཞིག་ཏུ་འཛིན་བཞིན་ཡོད། དེའི་རྗེས་ནས་ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱིས་《ཏུན་ཧོང་ཤོག་དྲིལ་ལས་ཁྱུང་པོ་སྤུང་སད་ཟུ་ཙེ་དང་མྱང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར་གླུའི་ནང་དོན་ལ་དཔྱད་པ་》③ཞེས་པའི་དཔྱད་རྩོམ་ཞིག་དུས་དེབ་ཐོག་སྤེལ་གནང་ཞིང་། དེ་ནི་མགུར་བྱེ་བྲག་ལ་ཕྱོགས་པའི་དཔྱད་འབྲས་ཤིག་ཡིན། ཁོང་གིས་ཁྱུང་པོ་སྤུང་སད་ཟུ་ཙེ་དང་མྱང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར་གླུའི་ལོ་རྒྱུས་རྒྱབ་ལྗོངས་ལ་དབྱེ་ཞིབ་ཀྱིས་མཚོ་བོད་མཐོ་སྒང་གཅིག་གྱུར་གྱི་ཆབ་སྲིད་བྱས་རྗེས་ནི་སྲོང་བཙན་སྒམ་པོ་དང་སྐབས་དེའི་བློན་གྱི་མཛད་པ་ཁོ་ནར་བརྗོད་པ་ནི་འོས་པ་ཞིག་མ་ཡིན་ཏེ། ཡབ་གནམ་རི་སྲོང་བཙན་གྱི་སྐབས་ནས་བཟུང་རྒྱལ་ཕྲན་གཅིག་གྱུར་གྱི་མཛད་པ་བསྐྱངས་ཡོད་ཚུལ་དང་། ལྷག་པར་མགུར་གླུའི་ནང་གི་དཔེ་སྟག་དང་རྒོད་སོ་སོ་ནི་གཙང་བོད་ཡུལ་གྱི་རྒྱལ་པོ་མར་མུན་དང་བློན་ཁྱུང་པོ་ཟུ་ཙེ་གཉིས་ལ་གོ་ན་འོས་ཚུལ། མགུར་ལས་བྱུང་བའི་ལྷོ་རྔེགས་ནི་བཙན་པོའི་བློན་གྱི་རུས་རྒྱུད་རྙིང་གྲས་ཤིག་ཡིན་པ་མ་ཟད། ས་མིང་ལའང་འཇུག་པའི་སྐབས་ཡོད་ཚུལ། དེ་བཞིན་འཕན་ཡུལ་ནི་ངས་པོ་སྟེ། ལྷ་སའི་བྱང་ཤར་ཕྱོགས་ཀྱི་ལྷུན་གྲུབ་རྫོང་དང་མལ་ཏྲོ་གུང་དཀར་གྱི་ཁོངས་ལ་ཟེར་བ། ཆབ་ཆབ་ནི་སྐྱིད་ཆུ་དང་ཡར་ཆབ་ནི་ཡར་ལུང་གཙང་པོ་ཡིན་ཚུལ་སོགས་ཀྱི་བཞེད་པ་བཏོན་གནང་ཡོད། དེ་མིན་ཁོང་གིས་《ཏུན་ཧོང་ཤོག་དྲིལP. T.1287ཁྲོད་ཀྱི་མགུར་དང་འབྲེལ་བའི་གནད་དོན་ལ་དཔྱད་པ་》④ཞེས་པའི་དཔྱད་རྩོམ་ཞིག་སྤེལ་གནང་བའི་ནང་དུ། སྲོང་བཙན་སྒམ་པོ་དང་མགར་ཡུལ་ཟུང་གཉིས་ཀྱི་མགུར་ནི་སྤྱི་ལོ་༦༥༥ལོར་བཞེངས་པ་ཡིན་ཚུལ་དང་། མགུར་གླུའི་ཁྲོད་ཀྱི་མདོ་ནི་མདོ་སྨད་དང་། རྩང་ནི་གཙང་བོད། གློ་བ་ནི་ལྷོ་རྔེགས། གསེར་གྱི་གད་པོ་ཆེ་ནི་སྲོང་བཙན་སྒམ་པོར་གོ་དགོས་ཚུལ་སོགས་ཀྱི་བཞེད་པ་བཏོན་གནང་ཡོད་པ་མ་ཟད། རྗེ་བློན་དེ་གཉིས་ཀྱི་མགུར་ལས་བོད་ཀྱི་དབུ་མནའི་ལམ་ལུགས་ནི་སྐབས་དེའི་བོད་ཀྱི་ཆབ་སྲིད་འཚོ་བའི་དགོས་མཁོ་དང་མཐུན་ལ། བོད་ཀྱི་རིག་གནས་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མཚོན་ཚུལ་གསུངས་ཡོད། མདོར་ན། ཁོང་གིས་བཙན་པོའི་སྐབས་ཀྱི་མགུར་གླུ་ནི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞི་ཞིག་ལ་བཟུང་ནས་ཐ་སྙད་དང་ས་མིང་ལ་ཞིབ་འཇུག་བགྱིས་པར་ལོ་རྒྱུས་རིག་པའི་དོན་སྙིང་ངེས་ཅན་ཐོན་ཡོད། ཡིན་ནའང་མགུར་གླུའི་ནང་དོན་ཐམས་ཅད་སྤྱི་ཚོགས་ལོ་རྒྱུས་དང་སྦྱར་བ་ལས། མགུར་ལ་མངའ་བའི་རྩོམ་རིག་གི་མཛེས་རྟོག་ཁྱད་ཆོས་སོགས་རྩ་བ་ནས་གླེང་མེད།   
       གཉིས། ཐ་སྙད་ཀྱི་འགྲེལ་པ་གཙོ་བོར་བྱས་པའི་དཔྱད་འབྲས།   
       《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》⑤ཞེས་པ་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་མགུར་གླུའི་ཐ་སྙད་ཀྱི་འགྲེལ་པ་གཙོ་བོར་བྱས་པའི་དཔྱད་འབྲས་ཀྱི་ཁྲོད་ལས་རྒྱལ་ནང་དུ་སྤེལ་བ་ཐོག་མ་དེ་ཡིན་ཞིང་། དེ་ནི་བོད་མིང་ལ་དབང་རྒྱལ་དང་བསོད་ནམས་སྐྱིད་ཞུ་བ་གཉིས་ཀྱིས་མཛད་པ་ཞིག་ཡིན། དེའི་ནང་བཙན་པོའི་སྐབས་ཀྱི་མགུར་གླུ་ཕལ་ཆེ་བ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་དང་། ཐ་སྙད་བརྡ་དོན་གོ་དཀའ་བའི་རིགས་ལ་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་འགྲེལ་པ་མཛད་ཡོད། དེའི་ཁྱད་ཆོས་གཙོ་བོ་ནི་བརྡ་དོན་གོ་དཀའ་བ་ལ་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་འགྲེལ་པ་མཛད་པ་དེ་ཡིན་མོད། དེ་ནི་གཅིག་ནས་ཏུན་ཧོང་བོད་ཡིག་ཡིག་རྙིང་ལ་ཞིབ་འཇུག་བྱས་པའི་འབྲས་བུ་སྔ་གྲས་ཤིག་ཡིན་པ་དང་། གཉིས་ནས་སྐབས་དེར་རྒྱལ་ནང་གི་ཏུན་ཧོང་ཡིག་རྙིང་གི་ཞིབ་འཇུག་རྒྱུ་ཆར་ཚད་བཀག་ཡོད་པ་བཅས་ཀྱི་རྒྱུ་རྐྱེན་ལ་བརྟེན། བརྡ་དོན་ཁ་ཤས་ཀྱི་འགྲེལ་པ་དང་འགྱུར་ལ་སྐྱོན་དང་གོ་ལོག་གི་རིགས་མངོན་གསལ་བྱུང་ཡོད་པ་དཔེར་ན། ལྷོ་རྔེགས་ལ་གསོལ་རས་ཞེས་དང་། བྲུན་ལ་འོག་ཏུ་མནན་པ་ཞེས་པ་⑥སོགས་ལྟ་བུ་ཡིན། དེ་ལྟར་ནའང་། ཞིབ་འཇུག་པ་ཁོང་རྣམ་གཉིས་ཀྱིས་ཏུན་ཧོང་བོད་ཡིག་ཡིག་རྙིང་ལ་ཞིབ་འཇུག་གནང་བའི་གལ་ཆེའི་དོན་སྙིང་ནི་ཏུན་ཧོང་བོད་ཀྱི་རིག་གནས་ཞིབ་འཇུག་གི་ཕྱོགས་སོ་སོ་ནས་མངོན་བཞིན་ཡོད་པས། རྗེས་རབས་པའི་ལུང་འདྲེན་དཔྱད་གཞིའི་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད། ཕྱིས་སུ་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་《བོད་ཀྱི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》⑦ཞེས་པ་དང་། གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་《བོད་ཀྱི་གནའ་རྩོམ་གཅེས་བསྡུས་》⑧ཞེས་པ། གོང་བ་ཀླུ་འབུམ་རྒྱལ་གྱིས་《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་བདམས་སྒྲིག་སློབ་གསར་སྟོང་གི་འཇུག་སྒོ་》⑨ཞེས་པ་སོགས་མཛད་ཅིང་། ཁོང་རྣམ་པས་བརྡ་རྙིང་ཡིག་ཆའི་ཁྲོད་དུ་བདམས་པའི་མགུར་གླུའི་ཐ་སྙད་མང་པོར་འགྲེལ་པ་མཛད་ཡོད། འོན་ཀྱང་ཐ་སྙད་ཁ་ཤས་ཀྱི་ནང་དོན་ད་དུང་གསལ་པོར་འགྲེལ་མ་ཐུབ་པར་རྩོད་གཞིར་གྱུར་ཡོད་པ་དང་། ཐ་སྙད་ཁ་ཤས་ཀྱི་ཐད་གོ་བ་ལེན་ཚུལ་མི་འདྲ་བ་ཡོད་པའི་གནས་ཚུལ་ཐག་གཅོད་བྱེད་རྒྱུར་ལུས་ཡོད་པ་སོགས། གང་ལྟར་མཁས་པ་དེ་དག་གིས་ཀྱང་རྩོམ་རིག་དང་འབྲེལ་བའི་ཆ་ནས་བཙན་པོའི་སྐབས་ཀྱི་མགུར་ལ་ཞིབ་འཇུག་གནང་མེད་པ་ནི་ཆེས་ཕངས་བའི་གནས་ཡིན། འདིར་མགུར་གྱི་ཐ་སྙད་ལ་འགྲེལ་པ་བྱས་པའི་གནས་ཚུལ་དཔེ་མཚོན་ཙམ་བཀོད་ན་འདི་ལྟ་སྟེ།

       གོང་ཞུས་དེ་དག་ནི་དཔེ་མཚོན་ཙམ་ཁོ་ན་སྟེ། དཔྱད་འབྲས་དེ་དག་ནི་གཅིག་ནས་ཡིག་ཚང་ལ་ཐོག་མར་འཇུག་པའི་ཆེད་དམ་དངོས་གཞིའི་སློབ་མའི་སློབ་གཉེར་གྱི་དགོས་མཁོ་ཁོ་ནར་དམིགས་ནས་མཛད་པ་ཞིག་ཡིན་པས། སྐབས་ཐོག་དེར་བརྡ་རྙིང་ལ་ཞིབ་འཇུག་དང་། ལྷག་པར་མགུར་ལ་ཞིབ་འཇུག་བྱེད་པའི་གཞི་འཛིན་ས་གཙོ་བོར་གྱུར་པའི་ཆ་ནས་དགེ་མཚན་དང་ཕན་ནུས་ཆེན་པོ་ཐོན་ཡོད་པ་ནི་སྨྲོས་ཅི་དགོས། མིག་སྔར་གཉའ་གོང་དཀོན་མཆོག་ཚེ་བརྟན་མཆོག་གི་《བོད་ཀྱི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》དང་གོ་ཤུལ་གྲགས་པ་འབྱུང་གནས་མཆོག་གི་《བོད་ཀྱི་གནའ་རྩོམ་གཅེས་བསྡུས་》གཉིས་ཀྱི་དཔར་གཞི་གསར་པར་སྔར་གསལ་ཁ་མ་བྱུང་བའི་མགུར་གྱི་ཐ་སྙད་འགའ་ཞིག་ལ་བསྐྱར་འགྲེལ་མཛད་པས། ད་ལྟའི་དུས་ཀྱི་གསར་སློབ་པ་དང་ཞིབ་འཇུག་པ་མང་པོའི་དཔྱད་གཞི་གཙོ་བོར་གྱུར་ཡོད།  
       གསུམ། རྩོམ་རིག་གི་ཁྱད་ཆོས་གཙོ་བོར་བྱས་པའི་དཔྱད་འབྲས།   
       《བོད་ཀྱི་མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་ལ་དཔྱད་པ་》⑩ཞེས་པ་ནི་དོན་གྲུབ་རྒྱལ་གྱིས་མཛད་པ་ཞིག་ཡིན་ཞིང་། དེའི་ནང་《སྙན་ངག་མེ་ལོང་》གི་ཚིག་རྒྱན་གྱི་སྦྱོར་བའི་ཁྱད་ཆོས་དང་བོད་ཀྱི་གྲུབ་མཐའ་སོ་སོའི་ཆོས་ཀྱི་ལྟ་མགུར་གྱི་ཁྱད་ཆོས་ལ་གཞིགས་ནས། བཙན་པོའི་དུས་སྐབས་ཀྱི་མགུར་ལ་མགུར་སྔ་དར་ཞེས་མགུར་གྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་གསུངས་ཡོད་པ་མ་ཟད། མགུར་བཅུ་བཞི་ཙམ་གྱི་ནང་དོན་གོ་བདེར་ཕབ་གནང་ཡོད་པ་དང་། དཔེར་བརྗོད་དང་སྦྲགས་ནས་སྔ་དར་མགུར་གླུའི་ལུས་དང་རྒྱན་གྱི་ཁྱད་ཆོས་ལ་དཔྱད་པ་མཛད་ཡོད། འོན་ཀྱང་མགུར་གླུ་གོ་བདེར་ཕབ་གནང་བའི་ཁྲོད་དུ་ད་དུང་ནང་དོན་མ་འཛོམས་པ་དང་ཟབ་པོ་མ་བྱུང་བའི་སྐྱོན་ཡོད་ཚུལ་ཕྱི་རབས་པས་སྨྲ་ལ། ལུས་རྒྱན་གྱི་ཁྱད་ཆོས་གསུངས་པའང་དཔེ་མཚོན་ཙམ་ལ་འགྲོ་ཐལ་ཆེ་བའི་སྐྱོན་དང་། ལྷག་པར་མགུར་གླུའི་བསམ་བློའི་ཕྱོགས་ནས་ཆེད་དུ་གླེང་བརྗོད་ཅི་ཡང་མཛད་མེད་ལ། མཛེས་རྟོག་རིག་གནས་ཤིག་གི་ཆ་ནས་སྐབས་དེའི་བོད་མིའི་མཛེས་རྟོག་ཁྱད་ཆོས་སོགས་ལའང་དཔྱད་པ་གནང་མེད་པས། བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་རྩོམ་རིག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བགྱིས་པའི་ཆེད་རྩོམ་མཚན་གཞིར་རུང་བ་ཞིག་ཏུ་གྱུར་མེད། ཡིན་ནའང་དེ་ནི་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ནས་སྔ་དར་མགུར་གླུ་ལ་ཞིབ་འཇུག་མཛད་པ་སྔ་གྲས་ཤིག་ཡིན་པས། སྐབས་དེའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་གནས་བབས་ལ་གསར་མཐོང་གི་རིག་སྒོ་འབྱེད་པའི་དོན་སྙིང་ལྡན་པ་ནི་གདོན་མི་ཟ།   
       ལོ་རབས་བརྒྱད་ཅུ་པའི་དུས་ནས་བཟུང་། རྩོམ་རིག་གི་ངོས་ནས་ཆེད་དུ་བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ལ་ཞིབ་འཇུག་བགྱིས་པའི་དཔྱད་རྩོམ་སྔར་ལས་མང་བ་བྱུང་ཞིང་། དེ་དག་ལས་འཇུ་སྐལ་བཟང་མཆོག་ནས་མཛད་པའི་《ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ་》⑾ཞེས་པ་ནི་སྐབས་དེར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་མགོ་ཁུངས་དང་རྒྱུན། བོད་ཀྱི་གནའ་བོའི་སྙན་ངག་གི་མཚོན་བྱེད་སོགས་ཀྱི་སྐོར་ལ་ལྟ་བ་མི་འདྲ་བ་ཡོད་པ་དག་ལ་དབྱེ་ཞིབ་ཀྱིས་མཛད་པ་ཞིག་ཡིན་ཞིང་། དཔྱད་རྩོམ་དེར་གནའ་བོའི་དུས་སུ་བོད་ཙམ་མ་ཟད། རྒྱ་ནག་དང་འཛམ་གླིང་གི་ཡུལ་གྲུ་གཞན་གྱི་སྙན་ངག་ཀྱང་ངག་ཐོག་ནས་ཡིག་ཐོག་ཏུ་འཕོས་པའི་བརྒྱུད་རིམ་ཡོད་ཚུལ་དང་། གཙོ་བོར་བཙན་པོའི་སྐབས་ཀྱི་མགུར་གླུ་ལ་《སྙན་ངག་མེ་ལོང་》གི་དཔེ་རྒྱན་དང་། བསྡུས་བརྗོད། ཉམས་ལྡན། འགོག་རྒྱན། ཕུལ་བྱུང་། སྒྲ་རྒྱན། གབ་ཚིག་སོགས་སྙན་གཞུང་གི་དངོས་བསྟན་རྒྱན་གྱིས་བཅིངས་ཡོད་ཚུལ། མགུར་གླུ་དེ་དག་ནི་དབྱངས་སུ་གྱེར་ཆོག་པ་དང་། བརྩེ་དུང་གིས་ཕྱུག་པ། ཚིག་རྒྱན་གྱིས་ལེགས་པར་སྤྲས་པ། ལྷག་པར་དཔེ་དང་བསྡུས་བརྗོད། སྣང་བརྙན་བཞེངས་ཚུལ་གྱི་ཐད་བོད་རང་གི་རྩམ་དྲི་བྲོ་བའི་ཁྱད་ཆོས་མངོན་གསལ་ཡོད་ཚུལ་སོགས་གསུངས་ཏེ། བོད་ཀྱི་གནའ་རབས་སྙན་ངག་གི་མཚོན་བྱེད་རྣལ་མ་ཞིག་དང་བོད་གནའ་རབས་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རིན་ཐང་དང་ལྡན་པ་ཞིག་ཡིན་པར་བསྟན་གནང་ཡོད། ཁོང་གིས།“ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཚིགས་སུ་བཅད་པ་ཚིག་སྙན་ཞིང་མཛེས་པ། རྒྱན་སྣ་ཚོགས་ཀྱིས་སྤུད་པ། སྡེབ་ལེགས་ཤིང་དབྱངས་སུ་གྱེར་ཆོག་པ་སོགས་སྐབས་དེའི་རྩོམ་རིག་ཁྱད་ཆོས་གྲ་ཟུར་མ་ཉམས་པ་འབོར་ཆེན་མཆིས་པ་འདི་སྐབས་དེའི་སྙན་ངག་ལ་བགྲང་ན་ཅིས་མི་རུང་”⑿ཞེས་པ་སོགས་གསུངས་ནས་བོད་ཀྱི་སྙན་ངག་ལོ་རྒྱུས་ཀྱི་རྒྱུན་རིང་དུ་བཏང་གནང་བ་དང་། བཙན་པོའི་སྐབས་ཀྱི་མགུར་གླུ་ལ་ཚིག་རྒྱན་སྙན་ངག་གི་ཐད་ནས་ཞིབ་འཇུག་མཛད་པར་ཁྱད་ཆོས་མངོན་གསལ་ཡོད་མོད། བོད་བཙན་པོའི་མགུར་གླུ་རང་སྟེང་དུ་མངའ་བའི་ཁྱད་ཆོས་གཤའ་མ་དག་གླེང་མེད་ལ། ལྷག་པར་མགུར་གྱི་ཁུངས་གླེང་སྐབས་གནའ་བོའི་གླུ་བྲོ་ལས་གྱེས་ཚུལ་སོགས་སྤྱི་མཚན་གྱི་ཁྱད་ཆོས་ཁ་ཤས་ཀྱིས་འཐུས་པར་བྱས་ཡོད། དེ་ལྟར་ནའང་སྐབས་དེའི་ལོ་རྒྱུས་དངོས་ཡོད་ཀྱི་ཞིབ་འཇུག་དང་སྲོལ་རྒྱུན་གྱི་ཚིག་རྒྱན་སྙན་ངག་གི་རྣམ་གཞག་གི་ངོས་ནས་དཔྱད་པ་གནང་བར་རིགས་ལམ་ཁ་གསལ་བ་དང་དཔེ་མཚོན་བཀོད་པ་མང་བས། རྒྱ་ཆེ་གཏིང་ཟབ་པའི་ཁྱད་ཆོས་མངོན་གསལ་ལྡན་ཡོད།   
       དེའི་རྗེས་ལྷག་པ་ཆོས་འཕེལ་གྱིས་《བོད་ཀྱི་གནའ་རབས་སྙན་རྩོམ་ལ་དཔྱད་པའི་ཐོག་མའི་ལྟ་ཚུལ་》⒀ཞེས་པ་མཛད་ཅིང་། དེ་ནི་བོད་ཀྱི་དམངས་ཁྲོད་ངག་རྩོམ་དང་བཙན་པོའི་སྐབས་ཀྱི་མགུར་གླུ་སྦྲགས་ནས་གནའ་རབས་སྙན་ངག་གི་འབྱུང་ཁུངས་དང་བསམ་བློའི་རང་བཞིན། སྒྱུ་རྩལ་གྱི་ཁྱད་ཆོས་བཅས་ལ་དཔྱད་པ་གནང་བ་ཞིག་ཡིན། དེར་བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ཁ་ཤས་མཚོན་བྱེད་དུ་བཀོད་པ་དང་། བོད་ས་མཐོའི་ལྗོངས་རྣམ་དང་བཙན་པོའི་ཆབ་སྲིད་ལོ་རྒྱུས། རྗེ་བློན་དབར་གྱི་དབང་རྩོད་སོགས་ཀྱི་སྐོར་བརྗོད་པ་ལ་བརྟེན་ནས་མགུར་གླུའི་བསམ་བློའི་དོན་སྙིང་བསྟན་གནང་བ་དང་། དཔེ་དོན་ཟུང་འབྲེལ། ཚིག་སྡུད་ཀྱི་ཁྱད་ཆོས། ཚིག་རྐང་མཉམ་དང་མི་མཉམ་པ་ཅི་རིགས་ཀྱི་ཁྱད་ཆོས་དཔེར་བཀོད་ནས་སྒྱུ་རྩལ་གྱི་ཁྱད་ཆོས་གླེང་བརྗོད་མཛད་ཡོད། ཁོང་གིས་གནའ་རབས་སྙན་ཚིག་ལ་ནང་དོན་དང་རྣམ་པ་གཉིས་ཐད་ནས་ཞིབ་འཇུག་མཛད་པ་ཡིན་པས། དེ་སྔོན་གྱི་ཞིབ་འཇུག་བྱེད་ཐབས་དང་བསྡུར་ན་ཕྱོགས་བསྡུས་རང་བཞིན་ལྷག་པར་ལྡན་ཡོད། འོན་ཀྱང་ཞིབ་ཚགས་པོ་དང་གཏིང་ཟབ་པོ་དེ་ཙམ་བྱུང་མེད་པའི་ཆའང་མཆིས། དེ་བཞིན་དགོན་ཆུང་རབ་བརྟན་གྱིས་《ཏུན་ཧོང་ཡིག་རྙིང་གི་ཚིག་རྒྱན་ཙམ་བརྗོད་པ་》⒁ཞེས་པའི་དཔྱད་རྩོམ་ཞིག་སྤེལ་གནང་ཞིང་། ཁོང་གིས་ཀྱང་བཙན་པོའི་མགུར་གླུའི་ཚིག་རྒྱན་གྱི་ཁྱད་ཆོས་ལ་《སྙན་ངག་མེ་ལོང་》གི་རྒྱན་གྱི་རྣམ་གཞག་དང་བསྟུན་ནས་དབྱེ་ཞིབ་མཛད་ཅིང་། དེར་རང་བཞིན་བརྗོད་པའི་རྒྱན་དང་གཟུགས་རྒྱན། གསལ་བྱེད་ཀྱི་རྒྱན། བསྐོར་བའི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཕུལ་བྱུང་གི་རྒྱན། རབ་རྟོག་གི་རྒྱན། རྒྱུའི་རྒྱན། རིམ་པ་ཅན་གྱི་རྒྱན། དགའ་བའི་རྒྱན། ཉམས་ལྡན་གྱི་རྒྱན། གཟི་བརྗིད་ཀྱི་རྒྱན། མཚུངས་སྦྱོར་གྱི་རྒྱན། འགལ་བའི་རྒྱན་⒂སོགས་དོན་རྒྱན་གྱི་ནང་གསེས་ཁག་ནས་དབྱེ་ཞིབ་གླེང་བརྗོད་མཛད་ཡོད་ལ། ཁོང་གིས་བོད་བཙན་པོའི་སྐབས་ཀྱི་མགུར་གླུར་ཚིག་རྒྱན་གྱི་རྣམ་གཞག་ཕུན་སུམ་ཚོགས་པོ་ཡོད་པས། བོད་ཀྱི་གནའ་རབས་རྩོམ་རིག་ལ་ཕྱོགས་ཡོངས་དང་གཏིང་ཟབ་ཀྱིས་ཞིབ་འཇུག་བརྒྱུད་ནས་རྩོམ་རིག་སྔ་མ་དང་ཕྱི་མའི་འབྲེལ་བ་གསལ་རྟོགས་ཡོང་བར་བྱ་དགོས་བའི་རེ་བ་བཏོན་གནང་ཡོད། ཡང་ཟླ་བ་ནས་《བོད་བཙན་པོའི་སྐབས་ཀྱི་རྩོམ་རིག་ལས་མགུར་མ་རྩོམ་རིག་རགས་ཙམ་གླེང་བ་》⒃ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཅིང་། དེར་མགུར་གྱི་ལུས་དང་བརྗོད་བྱ་རྗོད་བྱེད། རྒྱན་དང་སྐད་བརྡའི་ཆ་ནས་བོད་བཙན་པོའི་སྐབས་ཀྱི་མགུར་མ་རྩོམ་རིག་གི་སྐོར་ཧ་ཅང་བསྡུས་པོ་དང་སྟབས་བདེའི་ཐོག་ནས་གླེང་བས། དེ་ནི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་མིན། གཞན་ཡང་དཀོན་མཆོག་གིས་《བོད་ཀྱི་གླུ་གཞས་སྐོར་རོབ་ཙམ་གླེང་བ་》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བ་དེའི་ནང་།  བཙན་པོའི་སྐབས་ཀྱི་མགུར་གླུ་དག་དམངས་ཁྲོད་གླུའི་ཁོངས་སུ་བསྡུས་ནས་གླེང་བརྗོད་བྱས་ཤིང་། བཀྲ་ཤིས་སྒྲོལ་མའི་《བཙན་པོའི་སྐབས་ཀྱི་བྲོ་ཚིགས་རགས་བཤད་》⒄ཅེས་དང་སྟག་འབུམ་རྒྱལ་གྱི་《སྲོང་བཙན་རྗེས་ཀྱི་རྩོམ་རིག་འཕེལ་ཚུལ་གྱི་ཁྱད་པར་རགས་ཙམ་གླེང་བ་》⒅ཞེས་པ་སོགས་ཀྱང་གོང་གི་དཔྱད་རྩོམ་དེ་དག་དང་རྒྱུད་གཅིག་གི་ཚུལ་དུ་སྣང་། ནོར་བུ་རྒྱ་མཚོའི་《བོད་ཀྱི་གནའ་རྩོམ་ལས་བྱུང་བའི་རྗེས་ཁྲིད་ཀྱི་སྦྱོར་སྟངས་དང་དེའི་འཕེལ་རྒྱས་བཤད་པ་རང་བློའི་རི་མོ་》⒆ཞེས་པ་ནི་མགུར་ཚིག་གི་ནི་སྒྲ་དང་གནས་མཚུངས་རྗེས་ཁྲིད་ཉི་ཉེ་ཉིད། གནས་ཉེ་བའི་རྗེས་ཁྲིད། དབྱངས་འདྲ་བའི་རྗེས་ཁྲིད་སོགས་ཀྱི་སྒོ་ནས་བཙན་པོའི་མགུར་གླུའི་རྗེས་ཁྲིད་ཀྱི་ཁྱད་ཆོས་དང་། བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་རྗེས་ཁྲིད་ཀྱི་ཁྱད་ཆོས་ལ་དཔྱད་བརྗོད་བྱས་པ་ཞིག་ཡིན་པས། གསར་མཐོང་གི་ཁྱད་ཆོས་ལྡན་ཡོད། དེ་བཞིན་བསོད་ནམས་ཕུན་ཚོགས་ཀྱིས་བརྩམས་པའི་《བོད་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་ཁྱད་ཆོས》(21)ཞེས་པ་ནི་བོད་བཙན་པོའི་སྐབས་སུ་རྩོམ་རིག་དར་བའི་ལོ་རྒྱུས་གླེང་བ་དང་སྦྲགས། མགུར་གླུའི་ནང་དོན་ལ་བོན་གྱི་ལྟ་བའི་ཤན་ཞུགས་ཚུལ་དང་། འཚོ་བ་དངོས་ཀྱི་ཁྱད་ཆོས་ལྡན་ཡོད་ཚུལ། ལུས་དང་རྒྱན་གྱི་སྒྱུ་རྩལ་མཚོན་ཐབས་ལའང་ལོ་རྒྱུས་ཀྱི་ངོས་ནས་འཕེལ་འགྱུར་བྱུང་ཚུལ་སོགས་མདོར་བསྡུས་ཀྱིས་འཐུས་པར་བྱས་ཡོད། གང་ལྟར། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྐབས་སུ་མགུར་དང་འབྲེལ་བའི་ཞིབ་འཇུག་དཔྱད་རྩོམ་སོགས་བལྟོས་བཅས་ཀྱིས་མང་བ་བྱུང་ཡོད་མོད། གཙོ་བོ་ཚིག་རྒྱན་གྱི་རྣམ་གཞག་ཁྱད་ཆོས་གཞིར་བཟུང་ནས་དཔྱད་པ་དང་། ལོ་རྒྱུས་དང་མགུར་གྱི་ནང་དོན་གྱི་ངོས་ནས་རིགས་དབྱེ་དང་འགྲེལ་པ་བྱས་པ་ཤས་ཆེ་བས། སྤྱིའི་ཆ་ནས་རིག་ཚན་ཞིབ་འཇུག་གི་ཐོག་མའི་ཁྱད་ཆོས་མངོན་པ་ཤུགས་ཆེ་བ་ལས། རིག་གནས་དང་ལོ་རྒྱུས་ཀྱི་ནང་དོན་ཟབ་ས་ནས་ཞིབ་འཇུག་གི་འབྲས་བུ་ངོམ་དུ་རུང་བ་ཞིག་ལེན་ཐུབ་མེད།  
       དུས་རབས་ཉེར་གཅིག་པ་ཚེས་པ་དང་ལྷན་དུ་བོད་བཙན་པོའི་སྐབས་ཀྱི་མགུར་གྱི་ཞིབ་འཇུག་གི་ཁ་ཕྱོགས་ཞིབ་ཚགས་དང་བྱེ་བྲག་གི་ཕྱོགས་སུ་འགྱུར་འགོ་ཚུགས་ཤིང་། རྩོམ་རིག་སྒྱུ་རྩལ་དང་ལོ་རྒྱུས་རིག་པ་སོགས་གང་ཐད་ནས་ཀྱང་སྔོན་དང་མི་འདྲ་བའི་མངོན་གསལ་ཁྱད་ཆོས་མཆིས། བདུད་ལྷ་རྒྱལ་གྱི་《བཙན་པོའི་མགུར་གླུའི་མཛེས་རྟོག་རྩ་དོན་ལ་དཔྱད་པ་》(22)ཞེས་པའི་ནང་། མྱང་ཙེང་སྐུ་དང་ཁྲི་འདུས་སྲོང་སོགས་ཀྱིས་བླངས་པའི་མགུར་ཁ་ཤས་བཀོད་དེ། བཙན་པོའི་སྐབས་ཀྱི་མགུར་གླུའི་མཛེས་རྟོག་གི་རྩ་དོན་གླེང་བ་དང་། གཙོ་ཆེ་བ་མགུར་བཞེངས་མཁན་གྱི་ནང་སེམས་ཀྱི་འགྱུར་བ་དང་ཚོར་བ་བརྗོད་པའི་ཆ་ནས་མགུར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་། སྤྱི་ཚོགས་དངོས་ལ་དམིགས་པའི་ཕུགས་ཀྱི་རེ་འདུན། མི་ཚེའི་ཐོབ་ཤོར་དང་དཔའ་མཛངས་ཀྱི་ལ་རྒྱ་སོགས་ཀྱི་འགལ་འདུ་ཡིས་མགུར་གླུ་བཞེངས་མཁན་གྱི་སེམས་ཁམས་ཀྱི་རྨང་གཞི་གྲུབ་པར་འདོད་པ་དང་། ཆབ་སྲིད་ཀྱི་དོན་རྐྱེན་དང་མི་ཚེའི་ལོ་རྒྱུས་དངོས་ཀྱི་སྐྱིད་སྡུག་ཐོབ་ཤོར་ཀྱིས་མགུར་གླུ་བཞེངས་མཁན་གྱི་ཡིད་ཀྱི་འགྱུར་བ་དང་བསམ་བློ་གྲུབ་པར་འདོད་ནས། བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ནི་རྩོམ་རིག་རང་རྐྱ་འཕེར་བའི་རྣམ་པ་ཞིག་ཡིན་པར་དཔྱད་གླེང་བྱས་ཡོད་པས། དཔྱད་རྩོམ་གྱི་མཐོང་སྣེ་དང་དཔྱད་ཐབས་ལ་སེམས་ཁམས་རིག་པ་དང་མཛེས་རྟོག་རིག་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། དེ་ལྟའི་སེམས་ཁམས་རིག་པ་དང་མཛེས་རྟོག་རིག་པ། སྤྱི་ཚོགས་ལོ་རྒྱུས་ཀྱི་མཐོང་སྣེ་ཁག་ཕྱོགས་བསྡུས་ཀྱི་སྒོ་ནས་མགུར་ལ་དཔྱད་པ་བྱས་པའི་དཔྱད་རྩོམ་ཞིག་དེའི་སྔོན་ལ་བྱུང་མེད་ཚོད་དུ་སྣང་། འོན་ཀྱང་རྒྱས་པར་མ་བཀྲལ་བ་ནི་དངོས་གནས་ཕངས་དགོས་པ་ཞིག་རེད་ལ། དཔྱད་རྩོམ་དེའི་ཞན་ཆའང་ཡིན་པར་མངོན། དེ་རྗེས་སྟོབས་རྒྱས་ཀྱིས་《ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མགུར་གླུའི་རིག་གནས་རྒྱབ་ལྗོངས་དང་ཁྱད་ཆོས་ལ་དཔྱད་པ་》(23)ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ནི་བོན་གྱི་རིག་གནས་དར་ཆེ་བའི་སྤྱི་ཚོགས་རྒྱབ་ལྗོངས་ལས་བྱུང་བ་ཡིན་ཚུལ་དང་། མགུར་གླུའི་བརྗོད་དོན་རྣམས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཆབ་སྲིད་སོགས་གནས་ཚུལ་དངོས་དང་འབྲེལ་བ་ཡོད་ཚུལ། དེར་མི་རིགས་ཀྱི་ཁྱད་ཆོས་དང་། ལོ་རྒྱུས་ཀྱི་ཁྱད་ཆོས། མཐོ་སྒང་གི་ཁྱད་ཆོས། ཤགས་འགྱེད་ཀྱི་ཁྱད་ཆོས་སོགས་ཡོད་ཚུལ་གླེང་བརྗོད་དཔྱད་པ་བྱས་ཡོད། དཔྱད་རྩོམ་དེས་སྐབས་དེའི་ལོ་རྒྱུས་རིག་གནས་ཀྱི་རྩ་བ་ནས་མགོ་བཙུགས་ཤིང་། ཐུན་མིན་རིག་གནས་ཀྱི་ངོས་ནས་མགུར་གྱི་རིག་གནས་ཁྱད་ཆོས་ལ་དཔྱད་པ་བྱས་པས། དེ་སྔོན་གྱི་རྣམས་ལས་དམིགས་བསལ་ཅན་ཞིག་ཏུ་གྲུབ་འདུག དེ་འདྲའི་རིག་གནས་རིག་པའི་ལམ་ནས་མགུར་ལ་དཔྱད་པ་བྱས་པ་དེར་བོད་དང་བོད་མ་ཡིན་པའི་ཀློག་པ་པོ་ཀུན་ལ་ཤེས་བྱ་སློབ་པའི་རིན་ཐང་ཆེན་པོ་ལྡན་ཡོད། དེའི་རྗེས་ཆབ་འགག་རྟ་མགྲིན་གྱིས་《བོད་བཙན་པོའི་དུས་ཀྱི་རྩོམ་རིག་》(24)ཅེས་པ་ཞིག་རྩོམ་སྒྲིག་དཔེ་སྐྲུན་བྱས་ཤིང་། དེའི་ནང་མགུར་ཁ་ཤས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། མགུར་གྱི་ནང་དོན། མགུར་གྱི་རྣམ་གྲངས་དང་ལུས་རྒྱན་སོགས་ཅུང་མདོར་བསྡུར་གྱིས་གླེང་བརྗོད་བྱས་ཡོད་པས། དེ་ནི་དངོས་གཞིའི་སློབ་མའི་བསླབ་གཞིའི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། དེ་རྗེས་བསྟན་འཛིན་དོན་གྲུབ་ཀྱིས་《བོད་བཙན་པོའི་དུས་ཀྱི་མགུར་གླུ་དང་དེའི་གདོད་སྐྱེས་ངག་སྦྱོར་རིག་གནས་ཀྱི་ཁྱད་ཆོས་འགའ་ཞིག་ལ་རགས་ཙམ་དཔྱད་པ་》(25)ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཞིང་། དེའི་ནང་བོད་བཙན་པོའི་སྐབས་ཀྱི་མགུར་གླུ་དཔེར་བཀོད་ཅིང་། གདོད་སྐྱེས་ངག་སྦྱོར་རིག་གནས་ཀྱི་རིགས་ལམ་ཐོག་ནས་མགུར་གླུ་དང་ཡུལ་སྐད་ཁྲོད་ཀྱི་ནི་སྒྲ་དང་བཟློས་སྒྲ། བསྐོར་ཚིག་གི་ཁྱད་ཆོས་སོགས་ལ་དཔྱད་པ་བྱས་པས། དེར་གདོད་སྐྱེས་ངག་སྦྱོར་རིག་གནས་ཀྱི་ཁྱད་ཆོས་ཐོག་ནས་མགུར་ལ་ཞིབ་འཇུག་བགྱིས་བར་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་འདུག དེའི་རྗེས་ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱིས་《སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་དེའི་ཐ་སྙད་འགའི་འགྲེལ་ཚུལ་ལ་དཔྱད་པ་》(26)ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བ་དེས། མགུར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་ནང་དོན་གྱི་སྐོར་ལ་སྔོན་གྱི་མཁས་པའི་དཔྱད་འབྲས་ཀྱི་རྨང་གཞིའི་སྟེང་དབྱེ་ཞིབ་ཀྱིས་མགུར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེ་བཞིན་རིག་འཛིན་དང་ཚེ་དབྱངས་གཉིས་ཀྱིས་《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་མགུར་གླུའི་སྒྱུ་རྩལ་ཁྱད་ཆོས་ལ་རགས་ཙམ་དཔྱད་པ་》(27)ཞེས་པ་ཞིག་སྤེལ་བའི་ནང་། ཚིག་རྒྱན་གྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། བརྩེ་དུང་གི་རང་བཞིན། བརྗོད་བྱ་བརྗོད་གཞི སྐད་ཆའི་ཁྱད་ཆོས། དབྱངས་ཀྱི་རང་བཞིན་སོགས་ཕྱོགས་དྲུག་ནས་བཙན་པོའི་མགུར་གྱི་སྒྱུ་རྩལ་ཁྱད་ཆོས་ལ་ཕྱོགས་བསྡོམས་བྱས་ཡོད་ཅིང་། དེའི་དཔྱད་ཐབས་ཀྱི་ཐད་ལོ་རབས་བརྒྱད་ཅུ་དགུ་བཅུའི་ཤན་ཤུགས་ཡོད་ནའང་། སྔོན་གྱི་དཔྱད་རྩོམ་དབྱེ་ཞིབ་བྱེད་ཐབས་དང་རྒྱུ་ཆའི་བཀོལ་སྟངས་སོགས་ལས་ཞིབ་ཚགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། དེའི་འཕྲོ་ནས་འདིར་མི་གླེང་ཐབས་མེད་ཅིག་ཡོད་པ་ནི་བཀྲ་བྷ་ཡིས་བརྩམས་པའི་《ཁྲི་འདུས་སྲོང་གི་མགུར་ལ་དཔྱད་པ་》(28)ཞེས་པ་དེ་ཡིན། དེབ་དེར་ཁྲི་འདུས་སྲོང་གི་མགུར་གྱི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས། མགུར་ལས་འཕྲོས་པའི་ལོ་རྒྱུས་ཀྱི་གནད་དོན་འགའ། དེ་བཞིན་མགུར་གྱི་ནང་དོན་དང་ཐ་སྙད་ལོ་ཙཱ་བྱས་པའི་དོན་སྐྱོན་སྐོར་བཅས་དོན་ཚན་བཞིའི་སྟེང་ནས་མགུར་གླུར་ཞིབ་འཇུག་དཔྱད་པ་བྱས་ཡོད། དེ་ནི་ཞིབ་འཇུག་གི་ཁ་ཕྱོགས་མགུར་བྱེ་བྲག་པར་ཕྱོགས་ཤིང་། སྔོན་གྱི་རྨང་གཞིའི་སྟེང་གསར་གཏོད་རང་བཞིན་གྱིས་གྲུབ་པའི་མགུར་དང་འབྲེལ་བའི་ཞིབ་འཇུག་འབྲས་བུ་ཞིག་ཡིན་པས། མགུར་གྱི་བརྡ་དོན་བཀྲོལ་ཚུལ་གྱི་ཆ་དང་བསམ་བློའི་དགོངས་དོན་གྱི་དབྱེ་ཞིབ། སྒྱུ་རྩལ་ཁྱད་ཆོས་ཀྱི་གསལ་འདེབས་བཅས་ཀྱི་ཆ་ལ་མིག་དཔེར་རུང་བ་ཞིག་ཏུ་གྱུར་ཡོད། དེ་འདྲའི་ཞིབ་འཇུག་བྱེད་ཐབས་ལ་ད་གཟོད་འཕེལ་རྒྱས་ཀྱི་རིགས་ལམ་གྱིས་ཟིན་པར་ངོས་འཛིན་ཆོག་པ་ཡིན། འོན་ཀྱང་མགུར་དང་འབྲེལ་བའི་ལོ་རྒྱུས་གནད་དོན་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ད་དུང་ཕུན་སུམ་ཚོགས་སུ་གཏོང་འོས་ཀྱི་ཆ་མཆིས་པ་དང་། ཁྱད་པར་འོལ་ཚོད་ཀྱི་ཆ་འདྲེས་དྲགས་པས། ཀློག་པ་པོའི་ཡིད་ལྷག་པར་མགུ་བའི་ལུང་རིགས་ཀྱི་སྒྲུབ་བྱེད་ཉུང་དྲགས་པའི་ཆའང་མཆིས། དེའི་རྗེས་ནས་ཚེ་བརྟན་གྱིས་《བཙན་པོའི་སྐབས་ཀྱི་མགུར་གླུས་གེ་སར་སྒྲུང་གླུ་ལ་ཐེབས་པའི་ཤུགས་རྐྱེན་གླེང་བ་》(29)ཞེས་པ་ཞིག་སྤེལ་ཞིང་། དེའི་ནང་གེ་སར་སྒྲུང་གླུའི་སྤྱི་ཁོག་སྒྲིག་གཞི་དང་དབྱངས་རྟ། རྩོམ་ལུས་དང་ཚིག་རྒྱན་བཅས་ལ་བོད་བཙན་པོའི་དུས་སྐབས་ཀྱི་མགུར་མའི་རྩོམ་སྟངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཚུལ་བརྗོད་པ་ལ་བརྟེན་ནས། བོད་བཙན་པོའི་སྐབས་ཀྱི་མགུར་གླུ་ནི་གེ་སར་སྒྲུང་གླུ་གྲུབ་བྱེད་ཀྱི་གཤིན་ས་གལ་ཆེན་ཞིག་ཡིན་པར་བསྟན་ཡོད། དཔྱད་རྩོམ་དེ་ནི་བཙན་པོའི་སྐབས་ཀྱི་མགུར་གླུ་དང་ཕྱིས་ཀྱི་དམངས་ཁྲོད་རྩོམ་རིག་གེ་སར་སྒྲུང་དབར་གྱི་འབྲེལ་བ་གླེང་བ་ཞིག་ཡིན་པས། རྩོམ་རིག་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། དེར་སྔ་ཕྱིའི་རྩོམ་རིག་དབར་འབྲེལ་ཟམ་བཙུགས་པ་ལྟ་བུའི་དོན་སྙིང་ལྡན་ཡོད། དེ་རྗེས་པད་མ་ཚེ་རིང་གིས་《གསར་དུ་རྙེད་པའི་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་མགུར་གླུར་དཔྱད་པ་》(30)ཞེས་པ་ཞིག་སྤེལ་ཞིང་། དེའི་ནང་ཏུན་ཧོང་བོད་ཡིག་ཤོག་དྲིལP. T. 1196གི་ཁྲོད་ནས་རྙེད་པའི་མགུར་གླུ་ཡོངས་རྫོགས་བཀོད་དེ། མགུར་གླུའི་བརྡ་དོན་རྣམས་བཙན་པོའི་སྐབས་ཀྱི་རིག་གནས་ཁོར་ཡུག་ཆེན་པོ་དང་སྦྲེལ་ཏེ་རེ་རེ་བཞིན་མངོན་པར་ཕྱུང་བ་དང་། མགུར་གླུ་དེ་རིགས་ནི་དབས་སྣང་བཞེར་ཟླ་བཙན་གྱི་བུ་རྒྱུད་རྣམས་ཀྱིས་བླངས་པར་བསྒྲུབས་པ་མ་ཟད། མགུར་གླུའི་རྩོམ་རིག་ཁྱད་ཆོས་དང་རིན་ཐང་སྐོར་ལ་དཔྱད་པ་བྱས་ཡོད། དེ་བཞིན་ཁོང་གིས་《ཏུན་ཧོང་ཡིག་རྙིང་ལས་ཀྭ་ཅུ་བ་དང་ཤ་ཅུ་བ་རྣམས་ཀྱིས་བླངས་པའི་མགུར་གླུ་ལ་ཐོག་མར་དཔྱད་པ་》(31)ཞེས་པ་ཞིག་སྤེལ་ཞིང་། དེའི་ནང་ཏུན་ཧོང་བོད་ཡིག་ཤོག་དྲིལP. T.1133གྱི་ཁྲོད་ནས་རྙེད་ཅིང་། ཀྭ་ཅུ་བ་དང་ཤ་ཅུ་བ་རྣམས་ཀྱིས་བླངས་པའི་མགུར་ཚན་ཞིག་ལ་དཔྱད་པ་བྱས་ཡོད། དེ་ཡང་ཐོག་མར་མགུར་ཚན་དེའི་ལོ་རྒྱུས་རྒྱབ་ལྗོངས་ལ་ཉམས་ཞིབ་ཀྱིས་མགུར་ཚན་དེ་ནི་བཙན་པོའི་རྒྱལ་རབས་ཀྱི་རྗེས་སམ་ཡང་ན་ཏུན་ཧོང་བོད་ཀྱི་ཡིག་རྙིང་དུ་བྱུང་བའི་མགུར་གླུ་རྣམས་ལས་འཕྱི་ཤོས་ཀྱི་གྲས་ཤིག་ཡིན་པར་གླེང་བ་དང་། དེ་རྗེས་མགུར་གླུའི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་ལ་དཔྱད་པ་རགས་ཙམ་བྱས་ཡོད། མགུར་གླུ་ཚན་པ་དེ་གཉིས་ནི་རྩོམ་པ་པོས་ཏུན་ཧོང་ཡིག་རྙིང་ལ་ཉམས་ཞིབ་བྱེད་སྐབས་སུ་རྙེད་པ་ཞིག་ཡིན་པས། དེས་བཙན་པོའི་སྐབས་ཀྱི་མགུར་གྱི་ཁ་གྲངས་ཇེ་མང་དུ་བཏང་ཡོད་ལ། ཏུན་ཧོང་བོད་ཀྱི་ཤེས་རིག་ཉམས་ཞིབ་པ་རྣམས་ལ་རྒྱུན་དུ་ཞིབ་ཚགས་གཟབ་ནན་དགོས་པའི་སྐུལ་མ་བཏང་བའང་ཡིན་པས། དེ་འདྲའི་སྦྱོར་བ་ནི་མགུར་གླུའི་རྩོམ་རིག་ཞིབ་འཇུག་པ་རྣམས་ཀྱི་མིག་དཔེར་འོས་པ་ཞིག་ཡིན་ཟེར་ཆོག་པ་ཡིན།  
       བཞི། མཇུག་བསྡུ་བ།   
       ང་ཚོས་འདས་པའི་རིག་གཞུང་གི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་མ་འོངས་ཞིབ་འཇུག་གི་ཁ་ཕྱོགས་ལ་བསམ་གཞིག་བྱེད་སྐབས། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་ཞིབ་འཇུག་གི་བརྒྱུད་རིམ་ནི། ཐོག་མར་འགྲེལ་པ་དང་གོ་བདེར་འབེབས་པའི་ཕྱོགས་སུ་མངོན་ཆེ་བ་དང་། དེ་ནས་ཚིག་རྒྱན་རིག་པའི་སྟེང་ནས་མགུར་གྱི་མཛེས་རྟོག་ཁྱད་ཆོས་གཙོ་བོར་བཟུང་ནས་གླེང་བ། དེ་རྗེས་རྒྱལ་རབས་ལོ་རྒྱུས་དང་སྦྱར་ནས་གཙོ་བོར་མགུར་གྱི་ནང་དོན་ལ་ཞིབ་འཇུག་བགྱིས་པ། མཐའ་མར་རིག་གནས་དང་སེམས་ཁམས་རིག་པ། ནུབ་ཕྱོགས་སྒྱུ་རྩལ་གཞུང་ལུགས་ཀྱི་ངོས་ནས་མགུར་ལ་ཞིབ་འཇུག་བགྱིས་པ་བཅས་ཡིན་པ་མཐོང་ཐུབ། འོན་ཀྱང་དེ་དག་སོ་སོ་ནི་རིག་ཚན་གཅིག་ལ་ཟུར་དང་ཐབས་མི་འདྲ་བའི་སྒོ་ནས་དབྱེ་ཞིབ་ཞིབ་འཇུག་བགྱིས་པ་ཤ་སྟག་ཡིན་ལ། ཁྱད་པར་གྲུབ་ཟིན་གཞུང་ལུགས་ཚད་ལྡན་དག་གི་རྣམ་གཞག་གི་ཐད་ནས་མགུར་ལ་ཞིབ་འཇུག་བགྱིས་པ་ཤས་ཆེ། དེས་ན་རྣམ་གཞག་གཅིག་གམ་འགའ་ཤས་ཀྱི་ཐོག་ནས་མགུར་ལ་ཞིབ་འཇུག་བགྱིས་པར་རིན་ཐང་ཆེན་པོ་ཡོད་པ་ནི་སྨྲོས་མེད་ཡིན་མོད། མགུར་དང་མགུར་བཞེངས་མཁན་དབར། མགུར་དང་ཀློག་པ་པོའམ་ཉན་མཁན་དབར་གྱི་འབྲེལ་བ་ཇི་ལྟར་ཡིན་ཚུལ་ཐད་ད་དུང་ཞིབ་འཇུག་བྱ་རྒྱུར་ལུས་ཡོད་ཅིང་། ལྷག་པར་ངག་རྒྱུན་སྙན་ངག་རིག་པའི་ཐབས་ལམ་དང་རྩོམ་རིག་མི་རྒྱུད་རིག་པའི་ཐབས་ལམ་སོགས་ཀྱི་ཐད་ནས་མགུར་ལ་ཞིབ་འཇུག་བགྱིས་པའི་སྐོར་ཆེས་ཉུང་བས། ང་ཚོས་ཕྱོགས་གཅིག་ནས་མུ་མཐུད་དེ་མགུར་གླུའི་ཞིབ་འཇུག་བྱ་བ་རྒྱ་ཆེ་གཏིང་ཟབ་ངང་སྤེལ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དམངས་ཁྲོད་རིག་གནས་དང་གནའ་རབས་རིག་གནས་ཞིབ་འཇུག་གི་ཐབས་ལམ་བརྒྱུད་མགུར་གྱི་ཕྱོགས་སོ་སོའི་རིན་ཐང་ལ་དཔྱད་ཞིབ་བྱེད་དགོས་པ་ཡིན། ད་ལྟའི་ཐོབ་ཟིན་ཞིབ་འཇུག་འབྲས་བུས་བཙན་པོའི་དུས་སུ་མགུར་གྱིས་རིག་གནས་ཀྱི་གོ་བབ་ཇི་ལྟར་བཟུང་ཡོད་མེད་ཤེས་དཀའ་ལ། མགུར་ཉན་མཁན་གྱིས་མེས་པོའམ་བཙན་པོའི་ལོ་རྒྱུས་ཤེས་འདོད་ཀྱིས་ཉན་པའམ་ཡང་ན་མགུར་གྱི་སྒྱུ་རྩལ་རོལ་མྱོང་གི་ཆེད་དུ་ཉན་པ། བཞེངས་མཁན་གྱིས་ཀྱང་ལོ་རྒྱུས་བསྐྱར་མཚོན་གྱི་ཆེད་དུ་མགུར་བཞེངས་པའམ་སྒྱུ་རྩལ་བརྩམས་ཆོས་ཞིག་གི་ངོས་ནས་མགུར་བཞེངས་པ་ལྟ་བུའི་སྣང་ཚུལ་ཡོད་པས། དེ་དག་ལའང་རྒྱུན་དུ་དོ་སྣང་བྱེད་དགོས་པ་ལོས་ཡིན། ཁྱད་པར་ཏུན་ཧོང་གཏེར་ཡིག་ཁྲོད་བཞུགས་པའི་བཙན་པོ་དང་བློན་པོའི་རབས་ནི་ལྷུག་བརྗོད་དང་མགུར་གླུས་གྲུབ་པ་ཞིག་ཡིན་པ་དེ་ཉིད་གེ་སར་སྒྲུང་གི་ཐོག་མའི་རྣམ་པའི་ཚུལ་དུ་ཡོད་སྟབས། དེའི་ཕྱོགས་ལའང་ཞིབ་འཇུག་བྱ་རིན་ཆེན་པོ་འདུག་སྙམ། །
       ལུང་འདྲེན་དཔྱད་ཡིག
①དགེ་འདུན་ཆོས་འཕེལ་གྱིས་མཛད། 《དེབ་ཐེར་དཀར་པོ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༡༢ལོར་དཔར།
②ཆབ་སྤེལ་ཚེ་བརྟན་ཕུན་ཆོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་གཙོ་སྒྲིག་གནང་། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༩ལོར་བསྐྲུན།
③༢༠༡༣ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་གསུམ་པ། ཤ་༡༢
④༢༠༡༣ལོའི་《ཀྲུང་གོའི་བོད་རིག་པ་》 བོད་ཡིག་དུས་དེབ་བཞི་པ། ཤ་༦༧
⑤⑥ལྦང་ཡོ་དང་ཁྲེན་ཅན་གཉིས་ཀྱིས་མཛད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》 མི་རིགས་དཔེ་སྐྲུན་ཁང་ནས་༡༩༨༠ལོར་དཔར། ཤ་༡༨༤
⑦གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་མཛད། 《བོད་ཀྱི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༡ལོར་དཔར།
⑧གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་མཛད། 《བོད་ཀྱི་གནའ་རྩོམ་གཅེས་བསྡུས་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔར།
⑨གོང་བ་ཀླུ་འབུམ་རྒྱལ་གྱིས་མཛད། 《སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་བདམས་སྒྲིག་སློབ་གསར་སྟོང་གི་འཇུག་སྒོ་》 མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༦ལོར་བསྐྲུན།
⑩《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་》 པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༧ལོར་དཔར། ཤ་༣༦༡
⑾⑿༡༩༨༧ལོའི་《སྦྲང་ཆར་》 བོད་ཡིག་དུས་དེབ་དང་པོ་ལས་དྲངས་ཤིང་ཁ་སྐང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁྲོད་བཀོད་ཡོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ་༤༩༡ ༤༩༣
⒀༡༩༩༡ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་བཞི་པ། ཤ་༡༢༣
⒁⒂༡༩༩༢ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་གསུམ་པ། ཤ་༣༥ ༣༦ནས་༤༣
⒃༡༩༩༠ལོའི་《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ་》 བོད་ཡིག་དུས་དེབ་དང་པོ་ལས་དྲངས་ཤིང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁྲོད་བཀོད་ཡོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ་༥༢༧
⒄༡༩༩༢ལོའི་《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ་》 བོད་ཡིག་དུས་དེབ་གཉིས་པ་ལས་དྲངས་ཤིང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁྲོད་བཀོད་ཡོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ་༥༣༤
⒅༡༩༩༢ལོའི་《རྩེར་སྙེག》 བོད་ཡིག་དུས་དེབ་གསུམ་པ་ལས་དྲངས་ཤིང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁྲོད་བཀོད་ཡོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ་༥༧༣
⒆༡༩༩༧ལོའི་《རྩེར་སྙེག》 བོད་ཡིག་དུས་དེབ་དང་པོ་ལས་དྲངས་ཤིང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁྲོད་བཀོད་ཡོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ་༥༨༨
⒇༡༩༩༦ལོའི་《མཚོ་སྔོན་སློབ་གསོ》 བོད་ཡིག་དུས་དེབ་གསུམ་པ་ལས་དྲངས་ཤིང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་ཡིག་རྙིང་ཞིབ་འཇུག་》ཁྲོད་བཀོད་ཡོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོ། ཤ་༥༨༢
(21)༡༩༩༤ལོའི་《ཀྲུང་གོའི་བོད་རིག་པ་》 བོད་ཡིག་དུས་དེབ་བཞི་པ། ཤ་༢༤
(22)༢༠༠༨ལོའི་《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ་》 བོད་ཡིག་དུས་དེབ་གཉིས་པ། ཤ་༡༠
(23)༢༠༠༨ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་གསུམ་པ། ཤ་༡༠༦
(24)ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་གནང་། 《བོད་བཙན་པོའི་དུས་ཀྱི་རྩོམ་རིག་》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོར་དཔར། ཤ་༦ནས་༣༠བར།
(25)༢༠༡༡ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་དང་པོ། ཤ་༢༦
(26)༢༠༡༤ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་དང་པོ། ཤ་༡༨
(27)༢༠༡༣ལོའི་《བོད་ལྗོངས་ཞིབ་འཇུག་》 བོད་ཡིག་དུས་དེབ་བཞི་པ། ཤ༥༧
(28)བཀྲ་བྷས་བརྩམས། 《ཁྲི་འདུས་སྲོང་གི་མགུར་ལ་དཔྱད་པ་》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོར་དཔར།
(29)༢༠༡༥ལོའི་《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ་》 བོད་ཡིག་དུས་དེབ་དང་པོ། ཤ་༤༢
(30)༢༠༡༦ལོའི་《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ་》 བོད་ཡིག་དུས་དེབ་གསུམ་པ། ཤ་༡༦
(31)༢༠༡༦ལོའི་《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་དེབ་》 བོད་ཡིག་དུས་དེབ་གཉིས་པ། ཤ་༦༨
རྩོམ་པ་པོ། པད་མ་ཚེ་རིང་།