དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

དབང་མཛད་ཅེས་པའི་ཐ་སྙད་དང་འབྲེལ་བའི་ལོ་རྒྱུས་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2020-02-15 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བག་མཁར་ངག་དབང་དཀོན་མཆོག
        རང་རེའི་རྒྱལ་རབས་ཆོས་འབྱུང་དག་ཏུ་གསལ་བ་ལྟར་ན།  གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་སོགས་ལ་དབང་མཛད་ཅེས་གྲགས་ཤིང་།  ལོ་རྒྱུས་ཀྱི་ཡི་གེ་ལ་ལར་མངའ་མཛད་དང་། ལ་ལར་དབང་བྱས། ཡང་ན་དབང་བྱེད་སོགས་འབྲི་ཚུལ་མི་འདྲ་བ་འགའ་མཐོང་བ་མ་ཟད།  དེའི་གོ་དོན་དང་གྲངས་ཀ་བཅས་ཀྱི་ཐད་ལའང་བཤད་ཚུལ་མི་མཐུན་པ་སྣ་ཚོགས་ཡོད།  
        གཅིག 《བཀའ་ཐང་སྡེ་ལྔ》ལས།  “བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།  །སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།།” ①ཞེས་གཉའ་ཁྲི་བཙན་པོའི་གོང་དུ་བོད་ལ་མངའ་མཛད་རིམ་པ་དྲུག་བྱུང་ཟེར་བ་དང་མངའ་མཛད་དྲུག་པོ་གང་དག་ཡིན་མིན་གསལ་པོར་འཁོད་ཡོད་པ་ཙམ་ལས། མངའ་མཛད་དེ་དག་མི་ཡིན་དང་མ་ཡིན་མཐའ་དཔྱོད་བྱས་མེད།  དེ་ནི་རྒྱལ་རབས་ཆོས་འབྱུང་གཞན་དང་མི་མཐུན་པའི་བཤད་ཚུལ་ཞིག་ཀྱང་རེད།  
        གཉིས།  ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》②ལས། བོད་འདིར་དང་ཐོག་གནོད་སྦྱིན་ལ་སོགས་པ་མངའ་མཛད་རིམ་པ་བདུན་དང་རྒྱལ་ཕྲན་སིལ་མ་རྣམས་བྱུང་ཟེར་ལ།  དེ་རྣམས་ཀྱང་སྤྲེའུ་ཡི་རྒྱུད་ལས་མཆེད་ཡོང་བ་ཡིན་ཟེར།  ཡིན་ནའང་མངའ་མཛད་རིམ་པ་བདུན་པོ་དེ་དག་གང་དང་གང་ཡིན་མིན་འཁོད་མི་འདུག གཞན་ཡང་ཆོས་འབྱུང་དེའི་མཇུག་ཏུ།  “སྤྱིར་ན་བོད་ཀྱི་རྒྱལ་ཁམས་ན།  དབང་བྱེད་རིག(རིམ)པ་བཅུ་གཉིས་ཀྱིས། ཐ་མ་རྒྱལ་ཕྲན་བཅུ་གཉིས་ཀྱིས། སིལ་མ་བཞི་བཅུ་རྩ་གཉིས་དང་།  རྒྱལ་ཕྲན་དྲུག་བཅུ་རྩ་བཞི་སོགས། དབྱེ་བ་མང་དུ་ཡོད་གྱུར་ཀྱང་། བཀའ་དྲིན་ཅན་གྱི་རྒྱལ་པོ་མེད། གློ་བུར་སྤུར་རྒྱལ་བཙད་པོ་ཡི།”③ཞེས་གསུངས་འདུག  
        གསུམ། 《ལྡེའུ་རྒྱ་བོད་ཆོས་འབྱུང་རྒྱས་པ》ལས།“དེ་ནས་གློ་བུར་རྒྱལ་པོའི་བྱོན་ལུགས་ནི།  །མཚན་ནི་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།  །མ་བྱོན་གོང་ནས་དབང་མཛད་བཅུ་གཉིས་རྣམས།  །རིམ་པར་བྱུང་བས་ཕྱོགས་བཞིའི་དགྲ་མ་ཐུལ། །” ④ཞེས་དབང་མཛད་རིམ་པ་བཅུ་གཉིས་བྱུང་བར་གསུངས་ལ། དེ་དག་གང་ཡིན་མིན་གསལ་པོར་འཁོད་ཡོད་པ་དང་དེ་དག་མི་ཡིན་མིན་གྱི་སྐོར་མཐའ་དཔྱོད་བྱས་མེད། 
        བཞི། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང་།  །དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར།  །གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། །” ⑤ཅེས་དབང་མཛད་རིམ་པ་བཅུ་བྱུང་བ་དང་དེ་རྣམས་ནི་མི་མ་ཡིན་ཤ་སྟག་ཡིན་ཟེར།  
        ལྔ། 《ལ་དྭགས་རྒྱལ་རབས》ལས། “ཡུལ་བོད་ཀ་གླིང་དྲུག  རི་མཐོ་ལ་ས་གཙང་བའི་གནས་འདི་ལ། དང་པོ་དབང་བྱེད་རིམ་པ་དགུ་བྱུང་ཞེས་གཏམ་རྒྱུད་རྣམས་ལས་བཤད།  ⑥ཅེས་དབང་མཛད་རིམ་པ་དགུ་བྱུང་ཟེར་བ་སོགས་མང་དུ་བྱུང་།   
གཅིག་གྱུར་མིན་པའི་བཤད་ཚུལ་སྣ་ཚོགས་དེ་དག་ཕལ་ཆེར་བར་སྐབས་སུ་མི་རྣམས་ཀྱི་བློས་བརྟག་རིག་བཅོས་བྱས་པའམ།  ཡང་ན་དངོས་འབྲེལ་ཡིད་རྟོན་འཕེར་བ་ཞིག་ཡིན་མིན་ཆ་མ་འཚལ་བས་རིམ་བཞིན་མཉམ་དུ་དཔྱད་ཞིབ་བྱ་རྒྱུའི་ཆེད་དྲངས་པ་ཡིན་ཅིང་། གནའ་རབས་ཀྱི་ཐ་སྙད་འདི་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཐད་རྟོག་ཞིབ་རགས་ཙམ་བྱས་ན། 
        དང་པོ།  དབང་མཛད་ཅེས་པའི་ཐ་སྙད་དེའི་གོ་དོན་གྱི་སྐོར།  
        དེ་ཡང་དབང་མཛད་དམ་ཡང་ན་མངའ་མཛད་ཅེས་པ་དེ་ཡང་སྙིང་དོན་ག་འདྲ་ཞིག་ལ་གོ་དགོས་ཤེ་ན། བོད་ཡིག་གི་ཚིག་མཛོད་དག་ཏུ་དེའི་གོ་དོན་གསལ་འགྲེལ་བྱས་ཡོད་པ་མཐོང་རྒྱུ་མེད། ཡིན་ནའང་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཅིག་ཏུ་དབང་བྱས་དང་དབང་བྱེད་ཅེས་འཁོད་པ་ལྟར་ན་ཧ་ལམ་དབང་བསྒྱུར་ཞེས་པ་དང་དོན་ཉེ་བ་ཞིག་ཡིན་བཟོ་འདུག  དེང་སྐབས་ཀྱི་མཁས་པ་འགས་མངའ་མཛད་ཅེས་པ་ནི་སྟོབས་དང་དབང་ཤུགས་ཆེ་བ་དག་གིས་དབང་ཤུགས་ཆུང་བ་དག་མངའ་འོག་ཏུ་བཅུག་ཅིང་གཡོག་ཏུ་བཀོལ་བར་མཛད་པའི་དོན་ཡིན་ཞེས་ཟེར་གྱི་འདུག་པས།  ⑦དེ་ལྟར་ན་བོད་ཀྱི་སྤྱི་ཚོགས་འདི་ཡང་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱུང་གོང་དུ་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་ཡོད་པ་ལྟ་བུ་ཞིག་ཏུ་མངོན།  
        ཡིན་ནའང་རྒྱལ་རབས་ཆོས་འབྱུང་ཁ་ཅིག་ཏུ་དབང་མཛད་དེ་དག་ནི་མི་མ་ཡིན་གྱི་ལོ་རྒྱུས་ཡིན་ཚུལ་བཤད་ཡོད་པས།   དཔེར་ན་《འབྲུག་པ་ཆོས་འབྱུང་》ལས།  “བོད་སྤྱི་འདི་དང་པོ་མི་མ་ཡིན་རྣམས་ཀྱིས་བཟུང་བས་མིང་ཡང་མི་འདྲ་སྟེ།  སྔོན་བདུད་ཀྱིས་བཟུང་བས་དེའི་ཚེ་བདུད་ཡུལ་ཁ་རག་མགོ་དགུ་ཞེས་ཐོགས་སྐད་པ་སོགས།  དེ་དག་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྲགས་ཏེ་རིག་པར་འོངས་པ་དེ་དག་ཐམས་ཅད་ནི་མི་མ་ཡིན་འབའ་ཞིག་གོ” ⑧ཞེས་དབང་མཛད་དེ་དག་ཐམས་ཅད་ནི་མི་མ་ཡིན་ཁོ་ན་ཡིན་ཟེར་བ་མ་ཟད། མི་མ་ཡིན་ཞེས་པའི་ཐ་སྙད་དེའི་གོ་དོན་ནི་གཟུགས་མེད་ཀྱི་ལྷ་འདྲེ་སོགས་ལ་ཟེར་གྱི་ཡོད་པ་རེད། དེ་ན་དབང་མཛད་ཅེས་པ་ནི་བོད་ཀྱི་ཡུལ་ལ་དབང་བསྒྱུར་མཁན་གྱི་མི་མ་ཡིན་འབའ་ཞིག་ལ་གོ་བ་ཡིན་ནམ་ཞེ་ན།  དེ་ཡང་མ་ཡིན་ཏེ། དེ་ལྟར་བརྗོད་མཁན་ནི་བོད་ཀྱི་སྔོན་བྱོན་ལོ་རྒྱུས་སྨྲ་བ་ཚོ་ཡིན་པ་དང་ཁོ་ཚོས་ལྷ་ཆོས་ཀྱི་ལོ་རྒྱུས་ལྟ་བ་ཁྱེར་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་བཤད་ཡོད་པ་རེད།   དེང་གི་ཆར་ང་ཚོའི་དཔྱད་གཞི་ཡིག་ཆར་གྱུར་པའི་དཔྱད་ཡིག་དེ་དག་གི་རྩོམ་པ་པོའང་ཕལ་ཆེར་ལྷ་ཆོས་ཀྱི་ལོ་རྒྱུས་ལྟ་བའི་འཆིང་ཐག་ལས་གྲོལ་ཐུབ་མེད་པ་རེད། དེར་བརྟེན་མི་མ་ཡིན་ཞེས་པའི་སྡོམ་ཚིག་དེའི་ནང་དུ་རྩོམ་པ་པོ་དེ་དག་གིས་སོ་སོའི་སྒེར་གྱི་བརྩེ་དུང་ཉིད་བེད་སྤྱོད་བཏང་ཡོད་པ་སྨོས་ཅི་དགོས།  རྩོམ་པ་པོ་དེ་དག་གིས་རང་སྒེར་གྱི་བརྩེ་དུང་དང་དད་པའི་རྨང་གཞིའི་ཐོག་ནས་སྤུ་རྒྱལ་གོང་དུ་བྱུང་བའི་དབང་མཛད་པ་དེ་དག་གི་ལོ་རྒྱུས་ལ་གདེང་འཇོག་བྱས་པ་ཙམ་ལས་སྐབས་དེ་དུས་འགྲོ་བ་མིའི་ལོ་རྒྱུས་དངོས་དང་སྤྱི་ཚོགས་ཀྱི་གནས་བབས་བཅས་ཡང་སྙིང་ག་འདྲ་ཞིག་ཡིན་མིན་གྱི་ཐད་གསལ་པོ་གླེང་ཐུབ་མེད།  ད་ལྟའི་ཆར་རང་རེ་རྣམས་ཀྱི་མཐོང་དུ་ཟད་པའི་དཔྱད་ཡིག་དེ་དག་གི་ཁྲོད་ནས་རྙེད་ཐུབ་པ་ནི་མི་མ་ཡིན་ཟེར་བ་དེ་ནི་ནང་ཆོས་ལ་དད་པ་མི་བྱེད་མཁན་གྱི་མི་རྣམས་དང་ཡང་ན་གདོད་མའི་དུས་སུ་མི་རྣམས་ཀྱིས་རུས་རྟགས་སུ་འཛིན་པའི་རི་དྭགས་ག་གེ་མོ་ཞིག  ཡང་ན་སྤྱོད་ཚུལ་མི་གཅིག་པའི་གདོད་མའི་ཚོ་པའམ་ཚོ་པའི་འགོ་དཔོན་སོགས་གཞན་ཞིག་ལ་གོ་དགོས་པ་ལས་ལྷ་འདྲེ་ཀླུ་སྲིན་ལ་སོགས་པའི་མི་མ་ཡིན་ཞིག་ལ་གོ་རྒྱུ་མེད།  དེའི་རྒྱུ་མཚན་ཡང་ང་ཚོས་རྒྱལ་རབས་ཆོས་འབྱུང་དེ་དག་བཀླགས་པ་ཙམ་གྱིས་རྟོགས་ཐུབ་པ་སྟེ། དཔེར་ན། 《དེབ་ཐེར་སྔོན་པོ》ལས། “མཁན་པོའི་ཞལ་ནས། ཁོ་བོ་བལ་པོར་འགྲོ། བོད་ཀྱི་མི་མ་ཡིན་རྣམས་མ་དགའ་བ་ཡིན།”  ⑨ཞེས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་མཁན་པོ་ཞི་བ་འཚོ་ཡིས“་བཙན་པོར་བོད་ཀྱི་མི་མ་ཡིན་རྣམས་ཀྱིས་སོ་སོར་མི་འདོད་པའི་གཏམ་བརྗོད་པར་གསུངས་འདུག་པས། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་(སྤྱི་ལོའི་དུས་རབས་བརྒྱད་པ)བོད་ལ་གནོད་སྦྱིན་དང་ལྷ་འདྲེ་ལ་སོགས་པའི་མི་མ་ཡིན་གྱིས་གང་སར་ཁྱབ་ཡོད་པ་ཞིག་ནི་ཡིན་ག་ལ་སྲིད།  འདིར་བརྗོད་པའི་མི་མ་ཡིན་ཞེས་པ་ནི་ནང་པའི་ཆོས་ལ་སྐྱབས་སུ་མི་འགྲོ་བའི་མི་དང་ཡང་ན་བོན་པོ་རྣམས་ལ་ཟེར་གྱི་ཡོད་པ་རེད་སྙམ།  དེ་མིན་ཡང་རྒྱལ་རབས་ཆོས་འབྱུང་དེ་དག་བྱུང་བའི་དུས་རབས་ཀྱི་ཐོག་ནས་བརྗོད་ན།  གོང་གསལ་གྱི《བཀའ་ཐང་སྡེ་ལྔ》དང་《ལྡེའུ་ཆོས་འབྱུང》 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལ་སོགས་པ་སྤྱི་ལོའི་དུས་རབས་བཅུ་གཉིས་ཙམ་དུ་བྱུང་བའི་དཔྱད་ཡིག་དག་ཏུ་མི་མ་ཡིན་ཞེས་པའི་ཐ་སྙད་དེ་མཐོང་རྒྱུ་མེད་ལ།《བཀའ་ཐང་སྡེ་ལྔ》ལས། “དེ་དུས་བོད་ཁམས་མི་ལ་རྗེ་མེད་པས། རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས། གོས་དང་ཁ་ཟས་བཙན་མཁར་ནོར་བུ་བཅུག རྒོལ་དུ་མི་ཐུབ་དམག་གྲངས་ཉུང་བའི་དུས།  རང་ལ་དབང་སོངས.རི་རྩེ་དགུའི་ལྗོངས་འདི་རུ།  སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།”  ⑩ཞེས་གདོད་མའི་བོད་མི་རྣམས་དཀའ་ཚེགས་ཆེ་བའི་གདོད་མའི་འཚོ་བ་ཡུན་རིང་བརྒྱུད་པའི་རྗེས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་ཁམས་ཉིད་ལ་དབང་བསྒྱུར་བའི་དབང་མཛད་རིམ་པ་དྲུག་བྱུང་བར་བརྗོད་པ་དེ་ཡང་དབང་མཛད་པ་དེ་དག་ནི་འགྲོ་བ་མིའི་ལོ་རྒྱུས་“ཡིན་པའི་རྒྱུ་མཚན་ཡང་རེད།  དེ་བཞིན་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས།  “དེའི་དུས་སུ་བོད་འདིར་སྤྲེའིའུ་རྒྱུད་རྣམས་བདུད་དང་གནོད་སྦྱིན་ལ་སོགས་མངའ་མཛད་རིམ་པ་བདུན་གྱི་ཐ་མ་ལ། རྒྱལ་སིལ་བུའམ་བཅུ་(གཉིས)རྒྱལ་ཕྲན་མོ་ངན་སོགས་པས་དབང་བྱས་ནས། གཅིག་ཟེར་ལ་གཅིག་མི་ཉན་ཏེ་མ་འཆམས་པས་དམངས་རྣམས་མནར་ནས་བརྡུངས(གདུངས)པ་ལ།” ⑾ཞེས་གསུངས་པ་དེ་ལ་བདེན་པའི་ཆ་འདྲ་འདུག་སྟེ་ཡོངས་གྲགས་སུ་བོད་མི་རྣམས་ནི་སྤྲ་དང་སྤྲེའུ་ལས་མཆེད་པར་གྲགས་ཤིང་། འདིར་བརྗོད་པའི་བདུད་དང་གནོད་སྦྱིན་ལ་སོགས་པ་ཡང་སྤྲ་དང་སྤྲེའུ་ལས་མཆེད་པའི་བོད་མིའི་དབང་མཛད་པའི་མིང་ཡིན་པ་རེད། དེ་ལྟར་དབང་མཛད་རིམ་པ་བདུན་བྱུང་བའི་རྗེས་སུ་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དང་རྒྱལ་ཕྲན་བཅུ་གཉིས་དེ་དག་ཀྱང་མཐར་གཅིག་ཟེར་གཅིག་གི་མི་ཉན་པས་རྒྱལ་ཕྲན་མོ་ངན་ཟེར་བ་ལ་སོགས་པའི་སིལ་མ་བཞི་བཅུའམ་ཞེ་གཉིས་སུ་ཐོར་ཡོད་པ་རེད། སྐབས་དེ་དུས་རྒྱལ་ཕྲན་ཕན་ཚུན་སོ་སོའི་ཁེ་ཕན་གྱི་ཆེད་དུ་རྟག་ཏུ་དམག་འཁྲུག་ལང་བཞིན་ཡོད་པའི་རྐྱེན་གྱིས་མངའ་འོག་འབངས་རྣམས་ཀྱི་འཚོ་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་བཞིན་དུ་གྱུར་ཡོད་པ་དེའང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དངོས་མཚོན་བྱེད་ཀྱི་དཔང་རྟགས་ཤིག་རེད་སྙམ། དེ་བཞིན་《ལྡེའུ་ཆོས་འབྱུང་》ལས། “དེ་ནས་གློ་བུར་རྒྱལ་པོའི་བྱོན་ལུགས་ནི།  མཚན་ནི་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།  མ་བྱོན་གོང་ནས་དབང་མཛད་བཅུ་གཉིས་རྣམས།  རིམ་པར་བྱུང་བས་ཕྱོགས་བཞིའི་དགྲ་མ་ཐུལ།”  ཞེས་གསུངས་པ་དེའི་ཐོག་ནས་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་གོང་རོལ་དུ་བོད་ཀྱི་ལོ་རྒྱུས་ཐོག་དབང་མཛད་བཅུ་གཉིས་རིམ་བཞིན་བྱུང་ཡོད་པ་མ་ཟད། དབང་མཛད་རིམ་པ་བཅུ་གཉིས་སུ་བརྗོད་པའི་ཚེ་དེའི་ནང་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ཡང་ཚུད་ཡོད་པ་དང་།  སྐབས་དེ་དུས་མཐའ་བཞིའི་རྒྱལ་ཕྲན་རྣམས་བཏུལ་ནས་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་བྱུང་མེད་པའང་ར་སྤྲོད་བྱེད་ཐུབ་པ་རྒྱུ་མཚན་དེ་དག་ལ་བསམ་ཚེ་དབང་མཛད་བཅུ་གཉིས་ཀྱི་ལོ་རྒྱུས་ནི་མི་མ་ཡིན་དང་འབྲེལ་བ་མེད་པ་ཞིག་རེད་སྙམ།  གཞན་ཡང་གནའ་རྫས་རྟོག་ཞིབ་རིག་པའི་ངོས་ནས་བརྗོད་ཚེ་བོད་ཀྱི་ཡུལ་འདིར་ཆེས་སྔ་མོ་ཞིག་ནས་འགྲོ་བ་མིའི་རིགས་བྱུང་ཡོད་པ་མ་ཟད།  ད་ཕན་མི་ལོ་བཞི་སྟོང་དང་ལྔ་སྟོང་གི་གོང་རོལ་དུ་ཞིང་འབྲོག་མཉམ་གཉེར་གྱི་གནའ་བོའི་མི་རིགས་ཤིག་འཚོ་སྡོད་བྱས་མྱོང་བ་དང་།  དེ་ནས་མི་རིང་བར་རང་རེའི་མེས་པོ་རྣམས་ཀྱིས་ཟངས་དང་ལྕགས་ཀྱི་ཐོན་སྐྱེད་ཀྱི་ལག་ཆ་བེད་སྤྱོད་བྱེད་ཤེས་ཀྱི་ཡོད་པ་ནི་ཁ་རུབ་དང་ཆུ་གོང་གི་གནའ་ཤུལ་གྱི་ཐོག་ནས་ར་སྤྲོད་བྱེད་ཐུབ་པས། དེ་ཡང་དབང་མཛད་བཅུ་གཉིས་དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཡིན་པའི་བདེན་དཔང་ཞིག་རེད། དེར་བརྟེན་《བུ་སྟོན་ཆོས་འབྱུང》ལས།  “བོད་འདི་དང་པོ་མི་མེད། མི་མ་ཡིན་གྱིས་གང་བ་ལ་སྲིད་པ་ཕྱྭའི་མཁན་རྗེས་དབང་བྱས།....ཀླུ་རྒྱལ་གང་པོ་རྣམས་ཀྱིས་དབང་བྱས། དེ་ནས་སྤྲེའུ་དང་བྲག་སྲིན་ལས་མི་རྣམས་བྱུང་། ” ⑿ཞེས་པ་ལྟ་བུ་དང་། 《མཁས་པའི་དགའ་སྟོན》ལས། “བོད་ཁམས་ཡུལ་དུ་རུང་བ་གྱུར་ནས་ཀྱང་། དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར།  གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད།” ཅེས་པ་ལྟ་བུའི་ལྐོག་གྱུར་རིང་ལུགས་ཀྱི་འགྲེལ་བཤད་དང་ཨུ་ཚུགས་འཁྱོག་བཤད་ཀྱི་ལྟ་བ་རྣམས་ནི་ཕྱིས་འབྱུང་གི་ལོ་རྒྱུས་རྩོམ་པ་པོ་སོ་སོའི་སྒེར་གྱི་ལྟ་བ་ལས་བྱུང་བ་ཞིག་ཡིན་པར་སེམས།  དེང་རབས་ཀྱི་མཁས་པ་དག་གིས་ཀྱང་དབངམཛད་དེ་དག་གི་ལོ་རྒྱུས་ལ་ཐུགས་སྣང་ཆེས་ཆེར་གནང་བཞིན་ཡོད་པས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལས།  “ང་ཚོས་མི་མ་ཡིན་ཞེས་ཐོས་མ་ཐག་དེ་ནི་དངོས་མེད་ལྷ་སྒྲུང་ཡིན་ཟེར་ནས་རྣ་བ་མི་བཟེད་པ་གཏན་ནས་བྱ་མི་རུང་།  མི་མ་ཡིན་གྱི་དབང་མཛད་བཅུ་བྱུང་ཞེས་པ་ནི་ས་མཐོའི་སྤྲ་མི་རྣམས་ད་དུང་གནའ་མི་མཚན་ཉིད་པ་ཞིག་ཏུ་མ་གྱུར་པའི་གོང་རོལ་གྱི་དོན་ཞིག་ཡིན་པ་གོ་དགོས།” ⒀ཞེས་གསུངས་པ་དང་། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག》ལས།  “གནོད་སྦྱིན་ནག་པོ་ལ་སོགས་པའི་དུས་རབས་དེ་དག་མི་ཡི་འགྲོ་བ་བྱུང་བའི་དུས་རབས་ཡིན་པ་ལ་ཐེ་ཚོམ་གཏན་ནས་མེད།” ⒁ཅེས་གསུངས་པ་དང་།《དུང་དཀར་ཚིག་མཛོད་ཆེན་མོ》ལས་ཀྱང་།  “སྐབས་རེ་བསྐལ་པ་ཡ་ཐོག་གི་མི་རྣམས་དེང་དུས་ཀྱི་མི་དང་མི་འདྲ་བར་ཤ་ཟ་སྲིན་པོ་དང་ཆ་འདྲ་བའི་སྤྱོད་ཚུལ་ལ་གནས་པར་བརྟེན་མི་མ་ཡིན་ཞེས་བཏགས་པ་ཡང་ཡོད” ⒂ཅེས་གསུངས་སོ།  དེ་མིན་ཡང་རྒྱལ་རབས་ཆོས་འབྱུང་དག་ཏུ་དབང་མཛད་བཅུ་དང་རྒྱལ་ཕྲན་སིལ་མ་རྣམས་མཉམ་དུ་བཀོད་ཡོད་པ་དང་རྒྱལ་ཕྲན་དེ་དག་གི་ལོ་རྒྱུས་རྣམས་ཏུན་ཧོང་གཏེར་ཡིག་ལས་བྱུང་ཡོད་པ་དང་དེང་གི་མཁས་པ་རྣམས་ཀྱིས་ཀྱང་དེ་དག་ལོ་རྒྱུས་དངོས་སུ་འཛིན་པ་ལས་ཀྱང་རང་རེའི་རྒྱལ་རབས་ཆོས་འབྱུང་དག་ལས་བྱུང་བའི་དབང་མཛད་དེ་དག་ནི་བོད་དཔྱད་གཞི་ཞིག་ཡིན་པ་རྟོགས་ཐུབ།  གང་ལྟར་ཡང་དབང་མཛད་དེ་དག་བྱུང་བའི་ལོ་རྒྱུས་ཀྱི་དུས་རིམ་དེ་ནི་རང་རེའི་སྤྱི་ཚོགས་ལོ་རྒྱུས་འཕེལ་རིམ་ཐོག་ཤིན་ཏུ་གལ་ཆེའི་དུས་རིམ་ཞིག་ཡིན་པ་དང་།  ལྷག་པར་དུ་རང་རེའི་ཤེས་རིག་དར་ཚུལ་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན་པར་སྙམ།  
        འོ་ན་དབང་མཛད་དེ་དག་གི་མིང་ལ་ལྷ་འདྲེ་ལ་སོགས་པའི་མི་མ་ཡིན་གྱི་ཐ་སྙད་སྦྱར་དགོས་དོན་གང་ཡིན་ཟེར་ན། དེ་ཡང་གདོད་མའི་ཚོ་པ་དང་ཡང་ན་ཚོ་པ་དེ་རྣམས་ཀྱི་འགོ་དཔོན་ནམ་དབང་མཛད་པའི་ཐུགས་རྒྱུད་དང་མོས་པ།  བྱེད་ལས་བཅས་ཀྱི་ཆ་ནས་བཏགས་པ་ཡིན་ཏེ། དཔེར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་ལྟ་བུའི་ནང་བསྟན་དར་སྤེལ་གྱི་ཆེད་དུ་མཛད་པ་ཆེས་ཆེར་འཇོག་མཁན་གྱི་བཙན་པོ་དག་ནི་ཕྱིས་བྱོན་ལོ་རྒྱུས་སྨྲ་བ་དག་གིས་ལྷ་ག་གེ་མོ་ཞིག་གི་སྤྲུལ་པར་བརྗོད་པ་དང་བོད་ཀྱི་བཙན་པོ་དར་མ་འུ་དུམ་བཙན་ལྟ་བུ་ནང་བསྟན་ལ་སྐྱབས་སུ་མི་འགྲོ་བའི་བཙན་པོ་དག་ནི་བདུད་ཀྱི་སྤྲུལ་པའམ་བདུད་དུ་བརྗོད་པ་དག་ཀྱང་ཕྱིས་བྱོན་གྱི་ལོ་རྒྱུས་སྨྲ་བ་ཚོས་སོ་སོ་སྒེར་གྱི་ལྟ་བ་དང་བརྩེ་དུང་གི་ཐོག་ནས་གདེང་འཇོག་བྱས་པ་ཙམ་ལས།  དོན་དམ་དུ་དེ་རྣམས་ནི་ཐུགས་རྒྱུད་དང་མོས་པ། སྤྱོད་ཚུལ་མི་གཅིག་པའི་བོད་ཀྱི་བཙན་པོ་ཡིན་པ་ལས་ལྷ་འདྲེ་ལ་སོགས་པ་གཞན་གང་ཡང་ཡིན་མི་སྲིད།  དེས་ན་དབང་མཛད་དེ་དག་མི་མ་ཡིན་དུ་བརྗོད་པའང་གདོད་མའི་ཚོ་པའམ་ཚོ་བའི་འགོ་དཔོན་དག་གི་ཐུགས་རྒྱུད་དང་མོས་པ། སྤྱོད་ཚུལ་བཅས་ཀྱི་ཆ་ནས་བཏགས་པ་ཡིན་ཏེ།  “ཐུགས་རྒྱུད་རྩུབ་ཅིང་སྡིག་པའི་ལས་ལ་དགའ་བ།  བདེན་རྫུན་གྱི་དབྱེ་བ་མི་འབྱེད་པ།  གཡོ་སྒྱུ་ཆེ་ཞིང་མདའ་གྲི་མདུང་གསུམ་དང་སྟ་རེ་དགྲ་སྟ། ཕུབ་ཆུང་སྒྱོགས་སོགས་མཚོན་ཆ་འབོར་ཆེན་གསར་སྐྲུན་བྱས་ནས་རྟག་པར་གཡུལ་འགྱེད་པ།  དྲག་པོའི་དཔུང་དང་བཙན་པོའི་ཁྲིམས་ལ་བརྟེན་ནས་རུས་རྒྱུད་ཚོ་ཁག་རྣམས་དབང་དུ་བསྡུས་ཤིང་གཉའ་གནོན་བྱེད་པ་བཅས་ལ་གནོད་སྦྱིན་ནག་པོ་དང་མགོ་གཡག་བདུད།  གཉའ་རིང་ཕྲག་མེད་སྲིན་པོ།  འདྲེ་སོགས་སུ་འབོད་ཅིང་།  དེ་དག་གི་མངའ་ཁོངས་ལའང་སོ་སོར་བཟང་ཡུལ་རྒྱན་མེད་དང་བདུད་ཡུལ་གླིང་དགུ། ནག་པོ་དགུ་ཡུལ། ལང་ཏང་ལིང་ཏང་།  ངམ་ཡུལ་ནག་པོ་བཅས་སུ་འབོད་ལ། ཐུགས་རྒྱུད་འཇམ་ཞིང་ཞི་བདེ་ལ་ཐུགས་མོས་ཆེ་བ། བླང་དོར་གྱི་རྣམ་གཞག་གསལ་ཞིང་འཇུག་ལྡོག་ལ་མཁྱེན་པ་ཡངས་པ།  ཉེ་རིང་ལ་ཕྱོགས་ཞེན་ཆུང་ཞིང་དྲང་བདེན་གྱིས་ཞལ་ལྕེ་གཅོད་པ། ཞི་བའི་ཐབས་ཀྱིས་མངའ་འབངས་སྐྱོང་ཞིང་དྲག་པོ་དཔུང་གིས་ཕྱི་དགྲ་འདུལ་བ་བཅས་བྱེད་པའི་ཚོ་ཁག་གམ་མི་ལ་ལྷ་ཀླུ་གཉན་གསུམ་སོགས་སུ་འབོད་ཅིང་། དེ་དག་གི་མངའ་ཁོངས་ལའང་ལྷ་ཡུལ་གུང་ཐང་དང་བོད་ཁམས་གཡང་དྲུག་གམ་བོད་ཁམས་གླིང་དགུ་བཅས་སུ་བཏགས་པ་རེད།”  ⒃གཞན་ཡང་གདོད་མའི་དུས་ཀྱི་རུས་རྟགས་སམ་སྐྱབས་གནས་སོགས་ཀྱི་མིང་དག་ཚོ་ཁག་གམ་དབང་མཛད་པའི་མིང་དུ་གྱུར་པའང་ཡིན་སྲིད་དེ། དཔེར་ན《ཆབ་མདོའི་ཁ་རུབ》 ⒄ཞེས་པའི་ནང་ཁ་རུབ་གནའ་ཤུལ་ནི་རྫ་ཆུའི་འཁྲིས་སུ་གནས་ཤིང་ཉ་ལས་གཉེར་བའི་ཆ་རྐྱེན་འཛོམས་ཡོད་མོད།  འོན་ཀྱང་ད་ཕན་ཁ་རུབ་ནས་རྙེད་པའི་གནའ་རྫས་ཀྱི་ཁྲོད་སེམས་ཅན་གྱི་རུས་པ་མང་ཡང་ཉའི་རུས་པ་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་ལས་གནའ་བོའི་ཁ་རུབ་མིས་ཉ་ལ་དད་པ་བྱས་ནས་ཉ་ཤ་མི་ཟ་བའི་ལུགས་སྲོལ་ཞིག་བྱུང་ཡོད་པ་ང་ཚོས་ཚོད་དཔག་བྱེད་ཐུབ།  དེར་མ་ཟད་ཆུ་གོང་གནའ་ཤུལ་ནས་རྙེད་པའི་རྫ་ཆས་ཀྱི་ཐོག་སྤྲེའུ་གདོང་བྲིས་ཡོད་པ་དེའི་ཐོག་ནས་ཆུ་གོང་གི་མི་རྣམས་ཀྱིས་སྤྲེའུ་ལ་དད་མོས་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་པ་མ་ཟད།  ⒅གནའ་རབས་བོད་ཀྱི་ལོ་རྒྱུས་ནང་རུས་རྒྱུད་མང་པོ་བྱུང་ཚུལ་བཤད་ཡོད་པ་ལས་རང་རེ་རྣམས་ཀྱིས་དེ་དག་གིས་སྤྲེའུ་ལ་སོགས་པའི་རི་དྭགས་ག་གེ་མོ་ཞིག་ལ་དད་པ་བྱེད་པའམ་རུས་རྟགས་སུ་འཛིན་སྲོལ་ཡོད་པ་དང་ཕྱིས་སུ་རུས་རྟགས་དེ་དག་གི་མིང་དབང་མཛད་པའི་མིང་དུ་གྱུར་བ་ཡིན་པ་རིགས་འདེད་བྱ་ཐུབ།  དེ་བཞིན་གནའ་བོའི་ཨེ་ཅིའི་(埃及)ལོ་རྒྱུས་ཐོག་རྒྱལ་ཕྲན་ཁག་སོ་སོར་སོ་སོའི་མིང་དང་སྲུང་མ་རེ་ཡོད་དེ་དཔེར་ན། ལྷ་བྱ་དང་ཕྱུགས་ལྷ། ཆུ་སྲིན་ལྷ་ཟེར་བ་སོགས་ཡོད་པ་དེ་དག་ནི་གདོད་མའི་རུས་རྟགས་ནས་རྒྱལ་ཕྲན་མིང་དུ་འཕེལ་འགྱུར་བྱུང་བ་ཞིག་ཡིན། གནའ་དུས་རྒྱ་གར་གྱི་ལོ་རྒྱུས་བཤད་སྲོལ་ལའང་གནོད་སྦྱིན་དང་སྲིན་པོ།  དྲི་ཟ། ཀླུ་སོགས་བྱུང་ཡོད་པ་མ་ཟད་དེ་དག་ཀྱང་མི་རིགས་དང་མི་རིགས་ནང་གསེས་ཀྱི་ཁྱད་པར་དུ་གྲགས།  དེ་དང་དེ་འདྲ་བའི་མཚན་གཞི“ལས་ཤེས་ཐུབ་པར་གདོད་མའི་མི་རྣམས་ཀྱིས་རི་དྭགས་ལ་སོགས་པ་ལ་དད་མོས་དང་རུས་རྟགས་སུ་འཛིན་པ་མ་ཟད།  ད་དུང་རུས་རྟགས་དེ་དག་གི་མིང་རྣམས་ཕྱིས་སུ་གདོད་མའི་ཚོ་པའི་མིང་དུ་གྱུར་པ་ནི་འཛམ་གླིང་མིའི་རིགས་ཀྱི་གདོད་མའི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པར་སྙམ། 
        གཉིས་པ།  དབང་མཛད་རིམ་པ་ག་ཚོད་བྱུང་ཡོད་མེད་ཀྱི་སྐོར།  
        དེ་ཡང་དབང་མཛད་ཀྱི་རིམ་པ་ག་ཚོད་བྱུང་ཡོད་མེད་ཀྱི་སྐོར་རགས་ཙམ་ཞིག་གླེང་ན།  འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རང་རེ་ཕྱི་རབས་པ་རྣམས་ཀྱིས་དུས་རིམ་དུ་མ་ཞིག་ཏུ་དབྱེ་བཞིན་ཡོད་པ་ལྟར།  རང་རེའི་སྔོན་བྱོན་རྒྱལ་རབས་ཆོས་འབྱུང་དག་གི་རྩོམ་པ་པོ་རྣམས་ཀྱིས་ཀྱང་སྤུར་རྒྱལ་གོང་དུ་བྱུང་བའི་དབང་མཛད་རིམ་པའི་ལོ་རྒྱུས་འཆད་སྐབས།  《བཀའ་ཐང་སྡེ་ལྔ》ལས་སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་ཟེར་བ་དང་།  《མཁས་པའི་དགའ་སྟོན》ལས་གནོད་སྦྱིན་ལ་སོགས་པ་དབང་མཛད་རིམ་པ་བཅུ་བྱུང་ཟེར་བ་དང་།   《ལྡེའུ་ཆོས་འབྱུང་》ལས་སྤུ་རྒྱལ་བཙན་པོ་མ་བྱོན་གོང་དུ་དབང་མཛད་རིམ་པ་བཅུ་གཉིས་བྱུང་ཟེར་བ་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས་བདུད་དང་གནོད་སྦྱིན་ལ་སོགས་མངའ་མཛད་རིམ་པ་བདུན་བྱུང་ཞེས་དང་། ཡང་དབང་བྱེད་རིམ་པ་བཅུ་གཉིས་ཀྱི་ཐ་མར་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུ་རྩ་གཉིས་དང་། རྒྱལ་ཕྲན་དྲུག་བཅུ་རྩ་བཞི་སོགས་མང་དུ་བྱུང་ཡོད་ཅེས་དང་། 《ལ་དྭགས་རྒྱལ་རབས》ལས་དང་པོ་དབང་བྱེད་རིམ་པ་དགུ་བྱུང་ཞེས་པ་སོགས་སྣ་ཚོགས་བྲིས་ཡོད་པས་དོན་དངོས་ཐོག་དབང་མཛད་རིམ་པ་ག་ཚོད་བྱུང་མིན་ནི་ཁ་ཚོན་གཅོད་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད་པ་རེད།  འོན་ཀྱང་ད་ལྟའི་ཆར་《བཀའ་ཐང་སྡེ་ལྔ》དང་《ལྡེའུ་ཆོས་འབྱུང་》 《མཁས་པའི་དགའ་སྟོན》གསུམ་མ་གཏོགས་དེ་མིན་གྱི་རྒྱལ་རབས་ཆོས་འབྱུང་དག་ཏུ་དབང་མཛད་ཀྱི་རིམ་པ་ག་ཚོད་ཡོད་པ་ཙམ་ལས་ཡང་སྙིང་དབང་མཛད་དེ་དག་གང་དང་གང་ཡིན་མིན་གྱི་སྐོར་གསལ་པོར་བཀོད་ཐུབ་མེད།  《བཀའ་ཐང་སྡེ་ལྔ》ནང་རིམ་པ་དྲུག་ཏུ་བརྗོད་ཀྱང་ཡོངས་གྲགས་ཀྱི་རྒྱལ་ཕྲན་སིལ་མ་བཞི་བཅུ་དེ་ཚུད་མེད་ལ།  བདུད་དང་སྲིན་གཉིས།  ཀླུ་དང་བཙན་གཉིས་ནི་དབང་མཛད་རིམ་པ་གཅིག་ལ་བརྩི་འདུག  ⒆《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས་རིམ་པ་བདུན་དུ་སྨྲ་ཡང་གང་དག་ཡིན་མིན་མ་བཀོད་ཕྱིན། ཧ་ལམ་བཀའ་ཐང་ནང་གི་དྲུག་གི་ཐོག་ཏུ་རྒྱལ་ཕྲན་སིལ་མ་བཞི་བཅུ་བསྡོམས་པ་ལས་བྱུང་བ་ཞིག་མིན་ནམ་སྙམ།  《མཁས་པའི་དགའ་སྟོན》ལས་དབང་མཛད་རིམ་བཅུ་བྱུང་བ་དེ་དག་ནི་མི་མ་ཡིན་འབའ་ཞིག་ཡིན་པ་དང་དེའི་རྗེས་སུ་སྤྲེའུ་དང་བྲག་སྲིན་འདུས་པ་ལས་མི་རྣམས་བྱུང་བས་རྒྱལ་ཕྲན་སིལ་མ་དག་བྱུང་ཟེར།  ཡིན་ནའང་དབང་མཛད་སྐོར་གྱི་ལོ་རྒྱུས་ནི《ལོ་རྒྱུས་ཆེན་མོ》ལས་དྲངས་པ་ཞིག་ཡིན་པ་དང་དེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བརྩམས་པ་ཞིག་ཡིན་པས།  《བཀའ་ཐང་སྡེ་ལྔ》དང་《ལྡེའུ་ཆོས་འབྱུང》 《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》སོགས་བརྩམས་དུས་ཅུང་སྔ་བའི་དཔྱད་ཡིག་དག་ལ་བརྟག་ཚེ《ལོ་རྒྱུས་ཆེན་མོ》ནང་མི་མ་ཡིན་ཞེས་པའི་ཐ་སྙད་དེ་ཡོད་མེད་ཀྱི་སྐོར་དོགས་སློང་བ་འོས་པ་ཞིག་རེད།  ཁོ་བོས་ལྟར་ན་《མཁས་པའི་དགའ་སྟོན》ནང་དཔའ་བོ་གཙུག་ལག་ཕྲེང་བས་སོ་སོ་རང་ཉིད་སྒེར་གྱི་ལྟ་བའི་ཐོག་ནས་དབང་མཛད་པའི་ལོ་རྒྱུས་ལ་དཔྱད་བརྗོད་བྱས་པ་བརྒྱུད་དབང་མཛད་ཐོག་མ་རིམ་པ་བཅུ་དེ་དག་མི་མ་ཡིན་དུ་བརྗོད་པ་ཞིག་ཡིན་བཟོ་འདུག ཡིན་ནའང་དབང་མཛད་པའི་གྲངས་ཀའི་ཐད་དབང་མཛད་རིམ་པ་བཅུ་དང་རྒྱལ་ཕྲན་སིལ་མ་ཞེས་ཁག་གཉིས་སུ་དབྱེ་བ་དེ་ནི་དཔའ་བོ་གཙུག་ལག་ཕྲེང་བའི་མཛད་རྗེས་ཤིག་ཡིན་པ་སྨོས་མེད་རེད། གང་ལགས་ཤེ་ན།  《ལྡེའུ་ཆོས་འབྱུང》ལས་དབང་མཛད་རིམ་པ་བཅུ་གཉིས་སུ་ངོས་འཛིན་ནའང་དབང་མཛད་ཀྱི་ཐ་མ་གཉིས་ནི་ཡོངས་གྲགས་ཀྱི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ཞེས་པ་དེ་གཉིས་ཡིན་པས།  དེ་གཉིས་ཀྱང་དབང་མཛད་རིམ་པའི་ཁོངས་སུ་འཇོག་ན་ཅུང་མི་འཐད་པ་ལྟ་བུ་ཞིག་ཏུ་མངོན་ཏེ།  གོང་གསལ་གྱི་དབང་མཛད་པ་ཞེས་པ་དེ་དག་ནི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ལས་གསལ་བ་ལྟར་ན་བོད་གནའ་བོའི་ལོ་རྒྱུས་ཐོག་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་བྱུང་བའི་ཅུང་གཅིག་གྱུར་ཀྱི་ཚོ་པ་མཉམ་འབྲེལ་གྱི་འགོ་དཔོན་ལྟ་བུ་ཞིག་ཏུ་མངོན་ལ། ཚོ་པ་དེ་དག་གི་ནང་དུ་མ་མཐར་ཡང་ཚོ་པ་ཆུང་གྲས་བཅུ་གྲངས་ཤིག་ཚུད་ཡོད་པ་ལྟ་བུ་ཞིག་མངོན། དེར་བརྟེན་དབང་མཛད་རིམ་པ་བཅུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་སིལ་མ་བཞི་བཅུ་རུ་སྨྲ་བ་དེ་ནི་ཅུང་དག་པ་འདྲ་ཡང་།  དབང་མཛད་དེ་དག་གཅིག་གྱུར་གྱི་ཚོ་པ་ཡིན་མིན་གྱི་སྐོར་ནི་མུ་མཐུད་དཔྱད་དགོས་པའི་གནས་ཤིག་རེད།
        གསུམ་པ།  རྒྱལ་རབས་ཆོས་འབྱུང་ཁག་ཅིག་ཏུ་དབང་མཛད་པའི་ལོ་རྒྱུས་མ་བཀོད་པའི་རྒྱུ་མཚན།  
        འཛམ་གླིང་དུ་མི་རིགས་གང་དང་གང་ཡིན་རུང་ཆེས་གནའ་བོའི་དུས་སུ་མེས་པོ་རྣམས་ཀྱི་ལོ་རྒྱུས་དག་ཐོག་མར་ངག་ཐོག་ནས་བརྒྱུད་པ་དང་དུས་ཕྱིས་སུ་ཡི་གེ་བྱུང་བ་ནས་ཡིག་ཐོག་ཏུ་བཀོད་པ་བཞིན།  རང་རེའི་བོད་ཀྱི་གནའ་བོའི་ལོ་རྒྱུས་རྣམས་ཀྱང་སྔ་དུས་སུ་ངག་ཐོག་ནས་བརྒྱུད་པ་དང་དུས་ཕྱིས་སུ་རྒྱལ་རབས་དེབ་ཐེར་དག་ཏུ་བཀོད་ཡོད་པ་སྨོས་མེད་ཡིན་མོད། འོན་ཀྱང་ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ།  དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་འཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་དེ་ལྟར་གྱུར། ⒇ད་ལྟ་རང་རེ་རྣམས་ཀྱི་དཔྱད་གཞི་ཡིག་རིགས་སུ་གྱུར་པའི་དེབ་ཐེར་དང་རྒྱལ་རབས། ཆོས་འབྱུང་རྣམས་སུ་བོད་དུ་ཆོས་ཇི་ལྟར་དར་བའི་ལོ་རྒྱུས་གཙོ་བོར་བཟུང་ནས་བྲིས་ཡོད་པ་དང་།  བོད་མིའི་ལོ་རྒྱུས་དངོས་ནི་བཙན་པོའི་རྒྱལ་རབས་ཙམ་ལས་བཀོད་ཐུབ་མེད་ལ།  བཙན་པོའི་གདུང་རབས་ཀྱི་ལོ་རྒྱུས་བཀོད་པ་དེའང་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་ཁྱིམ་རྒྱུད་གཅིག་གིས་བོད་ལ་དབང་བསྒྱུར་བ་དང་ཁྱིམ་རྒྱུད་དེའི་ནང་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ནང་བསྟན་དར་སྤེལ་གྱི་ཐད་མཛད་རྗེས་ཆེན་པོར་བཞག་མཁན་གྱི་བཙན་པོ་ཁག་ཅིག་བྱུང་ཡོད་པ་དེ་རྒྱུ་མཚན་དུ་བྱས་པ་ནི་སྨོས་ཅི་དགོས།  གལ་སྲིད་བཙན་པོའི་གདུང་རབས་དང་ནང་བསྟན་བར་འབྲེལ་བ་བྱུང་མེད་ཚེ།  ད་ལྟའི་ཆར་བཙན་པོ་རྣམས་ཀྱི་ལོ་རྒྱུས་དག་ཀྱང་རང་རེའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་ཁག་པོ་ཞིག་རེད།  བོད་བཙན་པོའི་གདུང་རབས་གོང་གི་དབང་མཛད་པ་དག་གི་ལོ་རྒྱུས་ནི་རྒྱལ་རབས་ཆོས་འབྱུང་དག་ཏུ་དེ་བས་ཀྱང་བཀོད་མེད། རྒྱུ་མཚན་ནི་《དེབ་ཐེར་སྔོན་པོ》ལས།“བོད་འདིའི་རྒྱལ་རབས་ནི།  སྔོན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ལ་སོགས་པ་བྱུང་ཟེར་ཡང་རྒྱལ་ཕྲན་ཉིད་དུ་ཟད་ཅིང་།  དེ་དག་གི་བརྒྱུད་པས་བསྟན་པ་ལ་བྱ་བ་བྱས་པའི་གཏམ་ཡང་ཡོད་མ་ཡིན་ནོ།” (21)ཞེས་དང་།《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས།“དེ་ཡང་རྒྱལ་ཕྲན་བསིལ་མ་མང་དུ་བྱུང་ཡང་འཕགས་པ་མཆོག་གིས་བྱིན་གྱིས་བརླབས་པ་མ་མཆིས།” (22)ཞེས་ས་བཅད་མ་སྟོང་ཙམ་ལས་བཀོད་མེད་པ་དང་མ་བཀོད་པའི་རྒྱུ་མཚན་ཡང་རང་རེའི་བསྟན་པའི་ཆེད་དུ་བྱ་བ་གང་ཡང་བྱས་མྱོང་མེད་པར་བཤད་པ་དག་ལས“གསལ་པོར་རྟོགས་ཐུབ།  
        ཡིན་ནའང་དུས་ཕྱིས་སུ་ལོ་རྒྱུས་དེ་དག་ཁག་ཅིག་དེབ་ཐེར་དུ་འཁོད་ཡོད་དེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།  “ལོ་རྒྱུས་ཆེན་མོ་སོགས་ལས།” (23)ཞེས་པར་བརྟག་ཚེ་དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་དེ་བརྩམས་དུས། “ཡོ་ག་(ཡི་གེ)ལྷ་གྱེས་ཅན། ཟངས་མ་གཞུག་རལ་ཅན། ལྟབ་མ་དགུ་བརྩེགས་ཅན། ཟིང་པོ་མགོ་སྔོན་ཅན། གསང་བ་ཕྱག་བརྒྱ་ཅན། དགེ་བཤེས་ཁུ་དང་རྒྱ་ལྷ་པོས་བརྩམས་པ་ལོ་རྒྱུས་ཆེན་མོའམ་ལོག་གནོན་ཆེན་པོ།” (23)ཞེས་པ་ལ་སོགས་པའི་ཅན་ལྔ་ལོག་དྲུག་ཏུ་གྲགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་རིགས་དག་ཏུ་དབང་མཛད་སྐོར་གྱི་ལོ་རྒྱུས་བཀོད་ཡོད་པ་རེད།  བློ་ཕམ་པ་ཞིག་ལ་དེང་གི་ཆར་དཔྱད་ཡིག་དེ་དག་རང་རེའི་འདྲེན་བྱེད་ཀྱི་ཡུལ་ལས་འདས་ཏེ་དབང་མཛད་པའི་མིང་ཙམ་དུ་མ་གཏོགས་མ་ལྷག་པ་དེ་ལྟར་གྱུར།  འོན་ཀྱང་ལོ་རྒྱུས་ཁག་ཅིག་ནི་དམངས་ཁྲོད་དུ་ངག་ཐོག་ནས་བརྒྱུད་དེ་མི་རིགས་གཞན་དང་མི་འདྲ་བའི་སོ་སོ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གེ་སར་རྒྱལ་པོའི་སྒྲུང་དེ་བྱུང་ཡོད་པའང་སྲིད། སྤྱིར་ན་འཛམ་གླིང་དུ་དར་བའི་སྒྲུང་གང་ཞིག་ཡིན་ཡང་སོ་སོའི་མི་རིགས་ཀྱི་ཆེས་གདོད་མའི་ལོ་རྒྱུས་མཚོན་གྱི་ཡོད་པ་དང་། བོད་ཀྱི་གེ་སར་རྒྱལ་པོའི་སྒྲུང་དེའང་བོད་གནའ་རབས་ཀྱི་དབང་མཛད་པ་དག་དང་རྒྱལ་ཕྲན་སིལ་མ་དག་གི་ལོ་རྒྱུས་རྣམས་དམངས་ཁྲོད་ནས་དར་བརྒྱུད་ཡོང་བ་ཞིག་ཡིན་སྲིད་ཀྱི་རེད།  དེས་ན་གེ་སར་སྒྲུང་ཡིག་དག་ལ་བོད་གནའ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པར་སེམས། 
        བཞི་པ། རྒྱལ་རབས་ཆོས་འབྱུང་དག་ལས་བྱུང་བའི་དབང་མཛད་བཅུའམ་བཅུ་གཉིས་གང་དག་ཡིན་མིན་གྱི་སྐོར།  
        དེ་ཡང་སྤུར་རྒྱལ་གོང་དུ་བྱུང་བའི་དབང་མཛད་བཅུའམ་བཅུ་གཉིས་ཀྱི་ལོ་རྒྱུས་ནི་སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་བརྗོད་སྤྲོ་བའི་ནང་དོན་ཞིག་མ་ཡིན་ནའང་།  གོང་ཞུས་ལྟར་སྔོན་དུས་སུ་དཔྱད་ཡིག་ཁག་ཅིག་ཏུ་བཀོད་ཡོད་པ་གོར་མ་ཆག  དེང་གི་ཆར་རང་རེ་རྣམས་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་བའི་རྒྱལ་རབས་ཆོས་འབྱུང་ཁག་ཏུའང་དེའི་སྐོར་རོབ་ཙམ་མཐོང་རྒྱུ་ཡོད། 《ལོ་རྒྱུས་ཆེན་མོ》ལས། “དང་པོར་གནོད་སྦྱིན་ནག་པོས་དབང་བྱས་སྟེ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱང་།  དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།   མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་། དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། སྲིན་མོ་རྐང་དང་རྒྱགས་གཉིས་ལག་ཆར་བྱུང་།  བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་སྟེ། ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་།  ད་འཕྲང་ཅང་འཕྲང་ལག་ཆར་ཞགས་པ་འཕེན།  དྲུག་པར་ཀྲོག་ཀྲོག་འདྲེས་ཡིས་དབང་བྱས་སྟེ། ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན།  བདུན་པ་མ་སངས་རུས་དགུས་དབང་བྱས་སྟེ།  ༡གཉའ་གཡའ་སྤང་སྐྱེས། ༢ གར་ཏིང་ནམ་ཚ། ༣ གླེ་ངན་ལམ་ཙང་སྐྱེས། ༤ རུ་ཐོག་གར་སྐྱེས། ༥ཤེ་དོ་ཀིར་ཏིང་ནས། ༦མེ་པད་སྐྱེས། ༧ གསད་གེ་འཕྲུལ་པོ་ཆེ། ༨ དྲང་བ་དྲངས་མ་མགུར། ༩ བཀོད་སྟོར་ནམ་ཚ། ཡུལ་མིང་ནི་བོད་ཁ་ཉ་དྲུག་ཟེར། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་།  བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུར་བཏགས།  དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ།  བཅུ་པ་འགོང་པོ་དབུན་དགུས་དབང་བྱས་ཏེ།  ཡུལ་གྱི་མིང་ཡང་སྟོད་སྡེ་བཅོ་བརྒྱད་ཟེར།” (25)ཞེས་བྱུང་ཡང་《ལྡེའུ་ཆོས་འབྱུང》(26)ལས་དང་པོར་གནོད་སྦྱིན་ནག་པོ་ཞིག་འཁོད་ཀྱང་ཡུལ་གྱི་མིང་ལ་བཟངས་ཡུལ་ཞེས་འཁོད།  (27)གཉིས་པར་རེ་སྡེ་མགོ་གཡག་བདུད་ཅེས་དང་ཡུལ་མིང་ལ་བདུད་ཡུལ་གླིང་དགུ་ཞེས་འཁོད།  གསུམ་པར་གཉའ་རིང་ཕྲག་མེད་སྲིན་ཞེས་དང་ཡུལ་མིང་ལ་ནག་པོ་དགུ་དུལ་ཞེས་འཁོད། བཞི་པའི་ལག་ཆར་ཁ་ཊམ་རྩེ་གསུམ་ཞེས་འཁོད།  (26)ལྔ་པར་ཀླུ་ཞེས་ཀྱང་ཡུལ་མིང་ལ་ངམ་བྲང་ཅང་བྲང། ལག་ཆར་མདུང་ཞེས་འཁོད། དྲུག་པའི་ལག་ཆར་རྒྱུག་པ་སྐྱོག་ཅན་ཞེས་འཁོད།  བདུན་པར་མ་སངས་རུ་དགུ་ཞེས་འཁོད།  ༡ གཉན་མ་སངས་གཡའ་སྤང་སྐྱེས།  ༢ གར་མ་སངས་གཙོ་གར་སྐྱེས་ཀྱི་སྡིག་ནམ་ཚད། ༣ གཉན་མ་སངས་ངན་ལམ་རྩང་སྐྱེས། ༤ ཏུབ་མ་སངས་ཐོ་གར་སྐྱེས།  ༥ཤེ་མ་སངས་ཐོད་དཀར་ནམ་ཚང།  ༦མེ་མ་སངས་པད་མ་སྐྱེས་ཀྱི་སྙིང་ནམ་ཚ། ༧མི་མ་སངས་རྒྱ་མཚོ་སྐྱེས་ཀྱི་དྲ་ང་འགུར།༨ཨོད་མ་སངས་སྟོན་ནམ་ཚ། ༩གཡུང་འབྲུམ་སི་ལེ་མ།(29)ཞེས་དང་ཡུལ་མིང་ལ་བོད་ཁམས་གཡང་དྲུག་ཅེས་འཁོད། (30)བརྒྱད་པར་ཀླུ་དང་། དགུ་པར་མི་མ་ཡིན་དང་ཡུལ་མིང་ལ་ངམ་ཡུལ་ནག་པོ་ཞེས་འཁོད།  བཅུ་པར་ཟ་རིད་སྤུན་དྲུག་ཅེས་འཁོད་པ་སོགས་ཅུང་མི་མཐུན་པ་འདུག  གཞན་ཡང་《ལྡེའུ་ཆོས་འབྱུང་》ནང་རྒྱལ་ཕྲན་བཅུ་གཉིས་དེ་དབང་མཛད་རིམ་པ་བཅུ་གཅིག་པར་གསུངས་པ་དང་སིལ་མ་བཞི་བཅུ་དེ་དག་ནི་རིམ་པ་བཅུ་གཉིས་པར་གསུངས་ལ་ཡུལ་གྱི་མིང་ཡང་བཟངས་ཡུལ་གྱད་ཅེས་གསུངས་སོ། །  
        《བཀའ་ཐང་སྡེ་ལྔ》ལས། “དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང་། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ། མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང་།  དེ་ནས་ཀླུ་དང་བཙན་གྱིས་དབང་བས་ཏེ།  ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས། སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།  སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་།  དེ་ནས་ཟ་རམས་སྐྱེས་དྲུག་དབང་བྱས་ཏེ། ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས།   སྔ་རྟགས་རྟ་ཞོན་རྣ་ཆ་འདོགས་པ་བྱུང་། དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས།  སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང་།” (31)ཞེས་གསལ་བ་ནི་གོང་གསལ་དང་མི་མཐུན”པའི་བཤད་སྲོལ་གཞན་ཞིག་ཏུ་ངེས།  གོང་གསལ་དཔྱད་ཡིག་དག་ལས་བྱུང་བའི་དབང་མཛད་ཀྱི་རིམ་པ་རྣམས་རེའུ་མིག་ཏུ་བཀོད་པ་གཤམ་གསལ།


        གཞན་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དབང་མཛད་དེ་དག་གི་ལོ་རྒྱུས་བཀོད་པའི་སྐབས་སུ། “ལོ་རྒྱུས་ཆེན་མོ་སོགས་ལས།” ཞེས་བྱུང་བ་ལྟར་ན་དཔའ་བོ་གཙུག་ལག་ཕྲེང་བས་《ལོ་རྒྱུས་ཆེན་མོ》ལ་སོགས་པའི་དཔྱད་ཡིག་གཞན་ལས་དྲངས་པ་ཡིན་པ་དང་དཔྱད་ཡིག་དེ་དག་གི་ཁྲོད་དུ《ལྡེའུ་ཆོས་འབྱུང》ཡང་ཚུད་ཡོད་པ་དེང་གི་མཁས་པས་བཞེད།  (32)གང་ལྟར་ཡང《ལྡེའུ་ཆོས་འབྱུང》དང་《མཁས་པའི་དགའ་སྟོན》གཉིས་ལས་བྱུང་བའི་དབང་མཛད་སྐོར་གྱི་ནང་དོན་ཕན་ཚུན་དཔྱད་བསྡུར་བྱས་ཚེ།  དཔྱད་གཞིའི་ཁུངས་གཅིག་ཡིན་པ་ལྟར་སྣང་། 
        ལྔ་པ།  དབང་མཛད་དེ་དག་བྱུང་བའི་དུས་སྐབས་ཀྱི་སྐོར།  
        དབང་མཛད་བཅུ་གཉིས་དེ་དག་བོད་ཀྱི་ལོ་རྒྱུས་ཐོག་དུས་སྐབས་གང་དུ་བྱུང་ཚུལ་སྐོར་ཅུང་ཟད་གླེང་ན། དེ་རྣམས་ནི་གཉའ་ཁྲི་བཙན་པོའི་གོང་རོལ་དུ་བྱུང་བ་ཡིན་ཏེ《བཀའ་ཐང་སྡེ་ལྔ》ལས།  “བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།  །སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།།” ཞེས་དང་། 《ལྡེའུ་ཆོས་འབྱུང》ལས།   “དེ་ནས་གློ་བུར་རྒྱལ་པོའི་བྱོན་ལུགས་ནི།མཚན་ནི་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།  མ་བྱོན་གོང་ནས་དབང་མཛད་བཅུ་གཉིས་རྣམས།  རིམ་པར་བྱུང་བས་ཕྱོགས་བཞིའི་དགྲ་མ་ཐུལ།” ཞེས་གསུངས་པ་དེས་དབང་མཛད་བཅུ་གཉིས་དེ་དག་ནི་གཉའ་ཁྲི་བཙན་པོའི་གོང་རོལ་དུ་བྱུང་ཡོད་པ་གསལ་པོར་བསྟན་ཡོད།   《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》བྱ་བ་ལས། “དེ་རྗེས་མི་ལས་གདོན་གྱུར་བདུད་ཀྱིས་བཟུང་། །རྩི་ཤིང་རྡོ་ཁང་བྲག་ལ་གནས་བཅས་ནས།། བོད་ཀྱི་ཆུ་བོ་བཞི་འདུས་འགོ་མཇུག་བཟུང་། །མི་དང་བསྡོངས་ཏེ་གཉེན་ལ་དོ་རུ་བསྡོ།  །བདུད་སྲིན་མི་དང་སྲིད་བསྡེབས་དམག་དཔུང་འདྲེན། །སྟོན་པ་བྱོན་ནས་ཐམས་ཅད་དབང་དུ་བསྡུས། །ལྷ་སྲིན་སྡེ་བརྒྱད་བཀའ་བསྒོས་དམ་ལ་བཞག །མི་ལ་ལྷ་གསོལ་བྱུར་ཕུད་བཀའ་ལུང་ཕོག” (33)ཅེས་དབང་མཛད་བཅུ་གཉིས་ཀྱི་གཉིས་པ་སྟེ་བདུད་ཀྱིས་དབང་མཛད་དུས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་པར་བསྟན་ཡོད་ལ་བོན་གྱི་སྟོན་པ་གཤེན་རབས་མི་བོ་ཆེ་དེ་ནི་ཞང་ཞུང་གི་ཡུལ་འོལ་མོ་ལུང་རིང་དུ་སྐུ་བལྟམས་པ་ནས་སྤྱི་ལོ་1991བར་དུ་ལོ་ངོ་སུམ་སྟོང་དགུ་བརྒྱ་ཙམ་ཕྱིན་ཡོད་ཅེས་མཁས་དབང་ནམ་མཁའི་ནོར་བུས་གསུངས།  (34)དེ་ལྟར་ན་དབང་མཛད་ཀྱི་གཉིས་པ་བདུད་དུ་འབོད་པའི་དུས་སྐབས་ནི་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་དགུ་བརྒྱ་ཙམ་དུ་ཡིན་པ་དང་དབང་མཛད་དང་པོ་བྱུང་བའི་དུས་སྐབས་ནི་དེ་ལས་ལོ་བརྒྱ་གྲངས་ཀྱིས་སྔ་བ་ཡིན་པ་ཤེས་ཐུབ། གཞན་ཡང་དབང་མཛད་བཅུ་གཉིས་ཀྱི་ཡ་གྱལ་མ་སངས་སྤུན་དགུས་དབང་བྱས་པའི་སྐབས་སྤུན་དགུ་པོ་དེ་དག་རིམ་བཞིན་བྱུང་ནས་བོད་ལ་དབང་བྱས་པ་ཞིག་ཡིན་པས། གལ་ཏེ་སྤུན་རེ་རེས་ལོ་ཉི་ཤུ་རྩ་ལྔ་རེ་དབང་སྒྱུར་བྱས་པའི་དབང་དུ་བཏང་ནའང་མ་སངས་སྤུན་དགུ་ཡིས་ཧ་ལམ་བོད་ལ་ཁྱོན་ལོ་ཉིས་བརྒྱ་ལྷག་ཙམ་དབང་སྒྱུར་བྱས་མྱོང་ཡོད་པ་རེད།  དེ་ལྟར་དབང་མཛད་རིམ་པ་བཅུ་གཉིས་ཀྱིས་བོད་ལ་དབང་བསྒྱུར་པའི་དུས་སྐབས་ནི་ལོ་ཉིས་སྟོང་ཙམ་འདས་ཟིན་པ་ང་ཚོས་རིགས་འདེད་བྱེད་ཐུབ།  གཞན་ཡང་སྐབས་དེ་དུས་ཀྱི་ཐོན་སྐྱེད་ལག་ཆའི་ཐོག་ནས་ཀྱང་དབང་མཛད་དེ་དག་བྱུང་བའི་དུས་རབས་རགས་ཙམ་ཞིག་ཤེས་ཐུབ་སྟེ།  དེང་སྐབས་ཀྱི་རིགས་གཅིག་མཁས་པས་བོད་ནས་རྙེད་པའི་གནའ་རྫས་དག་ལ་ཞིབ་འཇུག་བྱས་པ་བརྒྱུད་རང་རེའི་བོད་ཀྱི་སྤྱི་ཚོགས་དེར་ལྕགས་རིགས་ཀྱི་ཐོན་སྐྱེད་ལག་ཆ་དར་བའི་དུས་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ཙམ་དུ་ཡིན་ཞེས་སྡོམ་ཚིག་བྱུང་ཡོད་པ་རེད་ལ།(35)དེ་ཡང་རང་རེའི་དབང་མཛད་དེ་དག་གི་ལོ་རྒྱུས་དང་དུས་རབས་སྐོར་གྱི་ཡང་དག་པའི་དཔང་རྟགས་ཤིག་ཡིན་པར་སྙམ་སྟེ་དབང་མཛད་དེ་དག་གི་སྐབས་སུ་མདའ་གྲི་ལ་སོགས་པའི་མཚོན་ཆ་དུ་མ་བྱུང་ཡོད་པ་དང་དེ་དག་ནི་ལྕགས་རིགས་ལས་གྲུབ་པའི་མཚོན་ཆ་ཡིན་པ་མ་གཏོགས་རྡོ་ལས་གྲུབ་པ་ནི་ཡིན་མི་སྲིད་པའི་ཕྱིར།  དེས་ན་བོད་ཀྱི་ལོ་རྒྱུས་ཐོག་དབང་མཛད་བཅུ་གཉིས་བྱུང་བའི་དུས་རབས་ནི་ཕལ་ཆེར་ད་ཕན་མི་ལོ་བཞི་སྟོང་ཙམ་གྱི་སྔོན་ནས་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་བར་དུ་ཡིན་པར་སེམས། 
        སྐབས་དེར་དབང་མཛད་དེ་དག་དང་འབྲེལ་བའི་ཡུལ་མིང་གི་སྐོར་ལ་བསམ་ཚུལ་ཅུང་ཟད་གླེང་ན། གནའ་བོའི་དཔྱད་ཡིག་དག་ལས་བསམ་ཚུལ་ཅུང་ཟད་གླེང་ན། གནའ་བོའི་དཔྱད་ཡིག་དག་ལས་དབང་མཛད་དེ་དག་སྐབས་ཀྱི་ཡུལ་མིང་ཁག་ཅིག་བྱུང་བ་དཔེར་ན། བཟངས་ཡུལ་རྒྱན་མེད་དང་བདུད་ཡུལ་ཁ་རག་རོང་དགུ། ལྷ་ཡུལ་གུང་ཐང་ཞེས་པ་ལྟ་བུ། དེང་གི་ཆར་མཁས་པ་མང་པོས་དབང་མཛད་པའི་སྐོར་ལ་དཔྱད་རྩོམ་དུ་མ་ཞིག་སྤེལ་ཡོད་པའི་ནང་སྐབས་དེ་དུས་ཀྱི་ཡུལ་ཞེས་པ་དེ་ཡང་སྙིང་གང་ལ་ངོས་འཛིན་དགོས་མེད་ཀྱི་སྐོར་གསལ་པོར་གསུངས་མེད། དཔེར་ན། མཁས་པ་འགས་བཟངས་ཡུལ་རྒྱན་མེད་ནི་དེང་གི་བོད་ཀྱི་ས་ཆ་ག་གེ་མོ་ཞིག་ཡིན་སྲིད་ཅེས་གསུངས་ཀྱང་ཡང་སྙིང་ཡུལ་མིང་དེ་ནི་སྐབས་དེ་དུས་ཀྱི་བོད་ཀྱི་ཡུལ་སྤྱི་ལ་ཟེར་རམ་ཡང་ན་ཚོ་པ་དེ་དག་གི་རྒྱུན་དུ་འཚོ་བ་རོལ་བཞིན་པའི་ལྟེ་བའི་ས་ཆ་ལ་ཟེར་བ་ཡིན་མིན་གྱི་སྐོར་གསལ་པོར་གསུངས་མེད། ཆབ་འགག་རྟ་མགྲིན་གྱིས་རྒྱལ་ཕྲན་བཅུ་གཉིས་ཀྱིས་བཟུང་བའི་སའི་ཁོངས་ཀྱི་ཐོག་ནས་དབང་མཛད་པའི་མངའ་ཁོངས་ལ་དཔྱད་ཐབས་སྤྱད་ཡོད་པས་ཁོང་གིས་དབང་མཛད་དེ་དག་གཅིག་གྱུར་གྱི་ཚོ་པ་ཡིན་པར་ངོས་འཛིན་ནས“རྒྱལ་ཕྲན་བཅུ་གཉིས་གོང་བུ་གཅིག་ཏུ་གྱུར་པའི་དུས་ཏེ་དབང་མཛད་བཅུ་གཉིས་ཀྱི་དང་པོ་གནོད་སྦྱིན་ནག་པོ་ནས་བཅུ་པ་ཟ་རིད་སྤུན་དྲུག་བར་གྱི་དབང་སྒྱུར་མངའ་ཁོངས་ཀྱང་ཆེས་ཆེ་ནའང་དབུས་གཙང་རུ་བཞིའི་ཁྱོན་ལས་བརྒལ་མེད་པ་མངོན་དུ་གསལ་ཞེས་བརྗོད།” (36)ཡིན་ནའང་དབང་མཛད་དེ་དག་གཅིག་གྱུར་ཡིན་མིན་ད་དུང་མུ་མཐུད་དཔྱད་དགོས་པར་སེམས།  གང་ལགས་ཤེ་ན། རང་རེ་རྣམས་ཀྱིས་དབང་མཛད་དེ་དག་གཅིག་གྱུར་གྱི་ཚོ་པར་ངོས་འཛིན་པ་ནི་རང་རེའི་དཔྱད་གཞི་དག་ལས་བྱུང་བའི་འཁྲུལ་སྣང་ཞིག་ཡིན་ངེས། རྒྱུ་མཚན་ནི་དེང་དུས་དཔྱད་ཡིག་དག་གི་ནང་དབང་མཛད་དེ་དག་ཐམས་ཅད་ནི་མི་མ་ཡིན་དུ་སྨྲ་ཡོད་པ་དང་།  སྔོན་བྱོན་ལོ་རྒྱུས་སྨྲས་བ་ཚོས་མི་མ་ཡིན་དག་གིས་བོད་སྤྱི་ལ་དབང་བསྒྱུར་བ་ནི་ཡིན་སྲིད་པ་ཞིག་དང་དེ་ལྟར་ཡིན་ཤག་ཤག་གིས་བྲིས་ཡོད་པ་རེད། ཚོས་ཞིབ་འཇུག་བྱེད་སྐབས་སུ་ངེས་པར་དུ་དེའི་ཐོག་བསམ་གཞིགས་ནན་ཏན་བྱེད་དགོས་པར་སེམས།  ཁོ་བོས་ལྟར་ན་སྐབས་དེ་དུས་ཀྱི་ཡུལ་ཞེས་པ་དེ་ནི་གདོད་མའི་དུས་སུ་བོད་ཀྱི་དབང་མཛད་པ་དག་རྟག་ཏུ་འཚོ་བ་རོལ་བཞིན་པའི་ཡུལ་ཆུང་ཆུང་ཞིག་གི་མིང་ཡིན་པ་ལས་བོད་སྤྱིའི་མིང་མིན་པར་སེམས།      
        མཇུག་གི་གཏམ།  
        མདོར་ན་རང་རེའི་རྒྱལ་རབས་ཆོས་འབྱུང་དག་ལས་གསལ་བ་ལྟར་ན།  སྤུ་རྒྱལ་གོང་དུ་དབང་མཛད་དམ་མངའ་མཛད་ཅེས་བོད་ཀྱི་ཡུལ་འདིར་དབང་སྒྱུར་མཁན་གྱི་གདོད་མའི་ཚོ་དཔོན་ལྟ་བུ་རིམ་པ་བཅུའམ་བཅུ་གཉིས་བྱུང་མྱོང་ཡོད་པ་རེད་ལ། གནའ་དུས་སུ་ཅན་ལྔ་ལོག་དྲུག་ལ་སོགས་པའི་རྒྱལ་རབས་དེབ་ཐེར་མང་པོ་ཞིག་གི་ནང་དེ་དག་གི་ལོ་རྒྱུས་བཀོད་ཡོད་པར་མངོན། ཡིན་ནའང་དུས་སྐབས་དེ་དང་ནང་བསྟན་དབར་འབྲེལ་བ་མ་བྱུང་པ་སོགས་རྐྱེན་གྱིས་དུས་ཕྱིས་སུ་རྒྱལ་རབས་ཆོས་འབྱུང་ཕལ་ཆེ་བའི་ནང་དེའི་སྐོར་བཀོད་ཐུབ་མེད་པ་རེད།  དེང་གི་ཆར་《ལྡེའུ་ཆོས་འབྱུང་》གཙོས་པའི་རྒྱལ་རབས་ཆོས་འབྱུང་ཁག་ཅིག་ཏུ་དེའི་སྐོར་རོབ་ཙམ་བཀོད་པར་བརྟེན་ནས་འདིར་ལྟ་ཚུལ་རགས་ཙམ་ཞིག་གླེང་ཁུལ་བགྱིས་སོ། །
        མཆན་འགྲེལ།  
①《བཀའ་ཐང་སྡེ་ལྔ》  ཤོག་གྲངས་111ནས་113བར་གསལ། མི་རིགས་དཔེ་སྐྲུན་ཁང་གི་11986ལོའི་ཟླ་པའི་པར་གཞི།   
②《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》  ཤོག་གྲངས་159ལ་གསལ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་1988ལོའི་ཟླ་3པའི་པར་གཞི།   
③གོང་གི་②དང་མཚུངས། ཤོག་ངོས་496ལ་གསལ།   
④《ལྡེའུ་རྒྱ་བོད་ཆོས་འབྱུང་རྒྱས་པ》 ཤོག་གྲངས་223ནས་224བར་གསལ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་1987ལོའི་ཟླ་6པའི་པར་གཞི།   
⑤《ཆོས་འབྱུང་མཁས་པའི་དགའ་སྟོན》 ཤོག་གྲངས་151ནས་152བར་གསལ། མི་རིགས་དཔེ་སྐྲུན་ཁང་གི་1986ལོའི་ཟླ་6པའི་པར་གཞི།   
⑥《ལ་དྭགས་རྒྱལ་རབས》 ཤོག་གྲངས་25ལ་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་1986ལོའི་ཟླ་10པའི་དཔར་གཞི།  
⑦《བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག》སྟོད་ཆ།  ཤོག་གྲངས་3པར་གསལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   
⑧《འབྲུག་པའི་ཆོས་འབྱུང་》  ཤོག་ངོས་234ནང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་1992ལོའི་པར་གཞི།   
⑨《དེབ་ཐེར་སྔོན་པོ》  སྟོད་ཆ།  ཤོག་གྲངས་69ལ་གསལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་1984ལོའི་པར་གཞི།     
⑩《བཀའ་ཐང་སྡེ་ལྔ》 གོང་གི་①དང་མཚུངས།   
⑾《ཉང་ཆོས་འབྱུང་》 གོང་གི་②དང་མཚུངས།  
⑿དེ་ཡང་ཕྱྭ་ཞེས་པར་དེང་དུ་དོན་འགྲེལ་མི་གཅིག་པ་མང་ཡང་ཕལ་ཆེར་བོད་གདོད་མའི་སྐབས་ཀྱི་རུས་མིང་ཞིག་ཡིན་བཟོ་འདུག་ལ། ཆོས་འབྱུང་དེ་ལས་དབང་མཛད་ཀྱི་དང་པོར་སྲིད་པ་ཕྱྭ་མཁན་རྗེ་ཞེས་བཀོད་པ་ལྟར་ན་ཧ་ལམ་ཕྱ་ཞེས་པའི་རུས་རྒྱུད་དེ་དང་དབང་མཛད་དང་པོ་གནོད་སྦྱིན་ནག་པོའི་དབར་འབྲེལ་བ་ངེས་ཅན་ཞིག་མེད་དམ་སྙམ།  《བུ་སྟོན་ཆོས་འབྱུང་》གི་ཤོག་གྲངས་180ལ་གསལ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་1988ལོའི་པར་གཞི།   
⒀《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》སྟོད་ཆའི་ཤོག་ངོས་2ནས་3བར་གསལ།   
⒁《བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག》སྟོད་ཆའི་ཤོག་ངོས་43ལ་གསལ།  
⒂《དུང་དཀར་ཚིག་མཛོད་ཆེན་མོ》ཤོག་ངོས་1606ལ་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   
⒃ཆབ་འགག་རྟ་མགྲིན་གྱི་《བོད་ཀྱི་མངའ་བདག་སྔོན་མའི་རབས་དབང་མཛད་བཅུ་གཉིས་སྐོར་བཤད་པ》 ཀྲུང་གོའི་བོད་རིག་པ་1996ལོའི་དེབ་དུས་དང་པོར་གསལ།
⒄《 昌都卡若》第150至154页 .文物出版社1985年第一版。    
⒅《 西藏拉萨市曲贡新旧器时代遗址第一次发掘简报》.裁《考古》1991年第10期
⒆《བཀའ་ཐང་སྡེ་ལྔ》 གོང་གི་①དང་མཚུངས། 
⒇《དེབ་ཐེར་དཀར་པོ》  བྲིས་མ།  ཤོག་ངོས་3ལ་གསལ།  
﹙21﹚《དེབ་ཐེར་སྔོན་པོ》གོང་གི་⑧དང་མཚུངས། ཤོག་ངོས་49ལ་གསལ།
﹙22﹚《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབངས》ཤོག་གྲངས་11ལ་གསལ། མི་རིགས་དཔེ་སྐྲུན་ཁང་གི་1957ལོའི་པར་གཞི།  
﹙23﹚《མཁས་པའི་དགའ་སྟོན》 གོང་གི་⑤དང་མཚུངས།   
﹙24﹚《ལྡེའུ་ཆོས་འབྱུང་》 ཤོག་ངོས་227ལ་གསལ།
﹙25﹚《མཁས་པའི་དགའ་སྟོན》 གོང་གི་⑤དང་མཚུངས།  
﹙26﹚《ལྡེའུ་ཆོས་འབྱུང་》 ཤོག་གྲངས་24ལ་གསལ།
﹙27﹚《བཟངས་ཡུལ》  བོད་དབུས་གཙང་ཁུལ་གྱི་ཡུལ་ཞིག་གི་མིང་མིན་ནམ་སྙམ་སྟེ།  《བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག》ཤོག་ངོས་49ལས། ཡུལ་འདི་ནི་ཟངས་ཡུལ་ཡིན་པར་སེམས་ཏེ།  རང་རེའི་དཔེ་ཆ་རྙིང་པ་རྣམས་ལས། ཟངས་མདོག་དཔལ་རི་ཞེས་པ་དང་།  ཟངས་གླིང་ཞེས་པའི་ཡུལ་དང་ཕོ་བྲང་གི་མིང་དུ་བྱུང་ཡོད་པ་ལ་བརྟགས་ན་ཡུལ་འདིར་ཟངས་ཡུལ་ཞེས་པའི་ས་ཆ་གྲགས་ཆེན་ཞིག་བྱུང་ཡོད་པ་འདྲ།  ཞེས་འཁོད་ལ།  དེང་དུས་བོད་དུ་ཟངས་རི་ཞེས་པ་དང་ཟང་ཟང་ཞེས་པའི་ཡུལ་མིང་ཁག་ཅིག་ཡོད།
﹙28﹚ཁ་ཊམ་ནི་དབྱུག་ཏོའི་རྩེར་ཐོད་སྐམ་གསུམ་བརྩེགས་སྟེང་ལྕགས་ཀྱི་རྩེ་གསུམ་ཅན་གྱི་ཕྱག་མཚན་ཞིག་ཡིན་པ་བོད་རྒྱ་ཚིག་མཛོད་ཆེན་མོའི་ཤོག་ངོས་194ལ་གསལ།
﹙29﹚མ་སངས་ནི་བོན་གཞུང་དང་སྒྲུང་སོགས་ཀྱི་ནང་མི་དང་ལྷ་འདྲེ་འདུས་པ་ལས་བྱུང་བར་བཤད་ཀྱང་ཧ་ལམ་གནའ་བོའི་དུས་བོད་ཀྱི་རུས་རྒྱུད་ཅིག་གི་མིང་མིན་ནམ་སྙམ་སྟེ།《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ལས།  ཀླུ་ཚ་དེས་མོན་བཟའ་མཚོ་མོ་རྒྱལ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་གཡའ་དང་སྤང་མཚམས་སུ་སྐྱེས་ཤིང་།  འདི་འདྲ་རེ་རེ་ཙམ་ཡིན་ཞེས་གྲགས་པས་མཚན་ཡང་གཡའ་སྤང་སྐྱེས་གཅིག་ཏུ་བཏགས། ཞེས་ས་སྐྱ་འཁོན་གྱི་གདུང་རྒྱུད་དང་མ་སངས་དང་པོ་གཉན་གཡའ་སྤང་སྐྱེས་པའི་བར་གྱི་འབྲེལ་བ་ཞིག་བཀོད་འདུག་པས་གཅིག་བྱས་ན་འཁོན་གྱི་གདུང་རྒྱུད་ཀྱང་རུས་རྒྱུད་དེ་ལས་མཆེད་པ་ཞིག་ཡིན་ཡང་སྲིད། མི་རིགས་དཔེ་སྐྲུན་ཁང་གི་1986ལོའི་ཟླ་བ་གཉིས་པའི་པར་གཞིའི་ཤོག་ངོས་8ལ་གསལ།   
﹙30﹚གོང་གསལ་བོད་ཁམས་གཡང་དྲུག་གམ་བོད་ཁ་ཉ་དྲུག་ཅེས་པ་དག་ནི་ཡི་གེ་འབྲི་ཚུལ་ཅུང་མི་མཐུན་པ་ཙམ་ལས་བོད་ཀ་གཡག་དྲུག་དང་དོན་གཅིག་ཡིན་པར་སྙམ། གལ་སྲིད་དེ་ལྟར་ཡིན་ཚེ་ཡུལ་འདི་དང་ཡར་ལུང་ཚོ་པ་དབར་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད། ཡིན་ནའང་མཁས་པ་ཁ་ཅིག་གིས་མ་སངས་ཀྱི་སྡོད་ཡུལ་ནི་བོད་ཡུལ་དབུས་ཀྱི་ཤར་ངོས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁུལ་དུ་ཡོད་པར་བཞེད།  བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ།   བོད་ཡིག་1995ལོའི་འདོན་ཐེངས་གཉིས་པར་གསལ།
﹙31﹚《བཀའ་ཐང་སྡེ་ལྔ》 གོང་གི་①དང་མཚུངས།
﹙32﹚《(第吾教法史)法律和政府部分注释》(德国)海尔加•于伯赫 著,张云 译,裁《国外藏学研究译文集》第十五辑。
﹙33﹚《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་1988ལོའི་ཟླ་11པའི་པར་གཞི། ཤོག་གྲངས་30ལ་གསལ།   
﹙34﹚《ཞང་བོད་ལོ་རྒྱུས་ཏི་སིའི་འོད》  ཤོག་ངོས་69ལ་གསལ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་1996ལོའི་པར་གཞི།
﹙35﹚童恩正:《西藏考古综述》,裁《文物》1985年第9期14页
﹙36﹚གོང་གི་①དང་མཚུངས།