དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ནད་བཅོས་ལག་ལེན་དངོས་ལས་ཁྲག་མཐོའི་ནད་གསོ་བཅོས་བྱས་པའི་མྱོང་ཚོར་ཅུང་ཟད་གླེང་བ།

སྤེལ་དུས 2020-02-26 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བཤད་སྒྲུབ་རྒྱ་མཚོ།
[ནང་དོན་གནད་བསྡུས།]  ཁྲག་མཐོའི་ནད་འདི་ནི་དུས་ཀྱི་དབང་གིས་ན་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་།  ནད་ཀྱི་མཚན་ཉིད་ཀྱང་རྙོག་འཛིང་ཇེ་ཆེ་དང་། ན་མཁན་གྱི་ལོ་ཚད་ཀྱང་དེ་བཞིན་དུ་ཇེ་ཆུང་དུ་འགྲོ་མུས་མཆིས་ལ། དེའི་རྒྱུ་རྐྱེན་གཙོ་བོ་ཁྲག་དང་རླུང་གཉིས་ཀྱི་བྱེད་ལས་འཁྲུགས་པའམ་རྒྱུ་བ་མ་མཉམ་པའི་རྐྱེན་གྱིས་གསོ་བའི་སྙིང་ཀླད་ལ་ཡང་མངོན་གསལ་གྱི་གནོད་སྐྱོན་ཐེབས་པ་དེའོ།།   དེར་བརྟེན་རྩོམ་ཐུང་འདིས་བོད་ཀྱི་གསོ་བཅོས་ལས་ཁྲག་མཐོའི་ནད་དམ་ཁྲག་རླུང་ནད་གསོ་བཅོས་བྱས་པའི་ལག་ལེན་མྱོང་ཚོར་དང་།   རང་ཉིད་ཀྱིས་ལོ་དུ་མའི་ནང་གསོ་བཅོས་དངོས་སུ་བསྟར་བའི་མྱོང་བ་ལས་ནད་དེའི་གྱུར་ཚུལ་དང་། རྒྱུ་རྐྱེན། གསོ་ཐབས་བཅས་ཀྱི་ལྟ་བ་དང་བཅོས་ཚུལ་བཅས་ལ་རང་གི་རིག་པས་བསྒྲུབ་གང་ཐུབ་བགྱིས་པ་ལགས།
[བརྡ་ཆད་གཙོ་བོ།] ནད་བཅོས་ལག་ལེན་དངོས།  ཁྲག་མཐོའི་ནད། གསོ་བཅོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   R29“214”
[ཡིག་ཚང་མཚན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]    1002-9060(2013)04- 0178- 06  
          རང་ཅག་གངས་ཅན་པའི་སྨན་ལྗོངས་འདི་ནི་འཛམ་གླིང་ཡུལ་གྲུ་ཡོངས་ལས་ཁྱད་པར་ཏུ་མཐོ་བའི་ས་གནས་ཤིག་ཡིན་ལ། རང་བྱུང་ཁོར་ཡུག་གི་ཁྱད་པ་ལས་ས་གཤིས་དང་གནམ་གཤིས། གནས་དེར་བསྟེན་ནས་འཚལ་ལོངས་བྱུང་བའི་སྐྱེ་དངོས་དང་།    མིའི་ཁམས་དབང་གི་རང་གཤིས་ཀྱང་གནས་དམའ་ས་གཞན་ལས་ཧེ་བག་ཡོད་པ་དང་། ནད་ཀྱི་རིགས་དང་། ནད་དེ་ལས་བྱུང་བའི་རྟགས་ཀྱང་ས་བབ་དབང་གིས་ནད་རྒྱུ་འདྲ་མཚུངས་སུ་ཡིན་ཡང་མངོན་ཚུལ་འདྲ་མིན་སྣ་ཚོགས་སུ་འབྱུང་བར་མཐོང་། དེར་བརྟེན་སྔ་རབས་གདོད་མའི་དུས་ནས་རང་ཅག་མེས་པོ་འཚོ་བྱེད་པ་རིམ་བྱོན་གྱིས་ལྗོངས་འདིའི་ས་བབ་དང་མིའི་ཁམས་དབང་གི་རང་བྱུང་ཆོས་ཉིད་ལ་ཉེ་བར་འཚམ་ཞིང་ཉེར་མཁོའི་གསོ་བཅོས་ཐབས་ཚུལ་མང་དག་གསར་གཏོད་བྱས་ཡོད་པ་ནི་ཀུན་གྱིས་དགོངས་བཞིན་པ་དེ་ལྟར་ལགས། དེ་ནི་དེང་རབས་ཀྱི་དུས་འདིར་བོད་རིག་པ་ཞིབ་འཇུག་དང་ནད་ཐོག་གསོ་བཅོས་དངོས་ལ་རྣམ་པར་མཐོ་བའི་རིན་ཐང་གྱི་དོན་སྙིང་དང་ཞིབ་དཔྱོད་ཀྱི་གཞིར་གྱུར་ཡོད། 
དང་པོ། ཁྲག་མཐོའི་ནད་ཀྱི་ངོ་བོ་དང་གྱུར་ཚུལ་བརྗོད་པ།  
          དེ་ཡང་ཁྲག་རླུང་ནད་ཟེར་བ་དེའི་རྒྱུ་གང་འདྲ་ཞིག་ལ་ངེས་དགོས་ཤེ་ན། གཞུང་འགྲེལ་ལས་ཇི་སྐད་དུ། “ཁྲག་ནི་མི་ལུས་གྲུབ་ཆ་གཙོ་བོའམ་ཟུངས་བདུན་གྱི་ཡ་གྱལ་ངོ་བོ་རླན་ཞིང་གཤེར་ལ་རང་མདོག་དམར་བ།  ལུས་སྲོག་འཚོ་བའི་བྱ་བ་གཙོ་བོར་བྱེད་མཁན་དང་རྟེན་དུ་གྱུར་ཅིང་། དེའི་ལྡང་ཚད་ནི་རང་རང་གི་སྙིམ་པ་བདུན་རེའི་ཚད་ཡོད་ལ། ལུས་ཡོངས་སུ་གནས་ཤིང་ཁྱབ་པར་རྒྱུ་སྟེ། ངོ་བོ་རླན་ཞིང་གཤེར་བའི་མཚན་ཉིད་འཛིན་པར་ཁྲག་”ཞེས་བྱ་བ་དང་།  “རླུང་ནི་སྙིང་དང་ཀླད་པ་སོགས་སྲོག་རྩ་དཀར་ནག་ལ་གཙོ་ཆེར་གནས་ཤིང་། ཡུལ་ལྔའི་རྣམ་ཤེས་བདག་ཏུ་འཛིན་པར་བྱེད་ཅིང་།  དེའི་ལྡང་ཚད་ནི་རང་རང་གི་ལྒང་ཕུག་གང་ཡིན་”①ཞེས་གསུངས།   དེ་ལྟར་མི་ལུས་རང་བཞིན་ཐ་མལ་དུ་གནས་ཤིང་རྣམ་པར་མ་གྱུར་པའི་ཁྲག་དང་རླུང་གཉིས་ལ་རྐྱེན་དུས་གདོན་ཟས་སྤྱོད་གང་རུང་ཞིག་གིས་མ་འཚམ་པས་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ནས་ཁྲག་དང་རླུང་གང་ཤས་ཆེ་ཆུང་ལས་ཚ་གྲང་གང་རུང་འགྱུར་བས་ན་ནང་ཁྲག་རྩའི་གནོན་ཤུགས་མཐོར་ཕྱིན་ནས་ཕྱིར་མགོ་ན་ཞིང་མགོ་ཡུ་འཁོར་བ་དང་། སྙིང་ཁམས་མི་བདེ་བ་སོགས་ཁྲག་རླུང་ནད་ཀྱི་རྟགས་དངོས་སུ་མངོན་ཞིང་གསལ་བ་ལ།   ནད་འདིས་ཡུན་དུ་མནར་བའི་སྐྱོན་ཆ་ནི་མཐར་སྙིང་དང་ཀླད་པའི་ཁྲག་རྩ་སོགས་རྩ་དཀར་ནག་ལ་ནད་འགྱུར་བཟོས་པ་སྟེ་བླ་གཉན་གྱི་ནད་ཀྱང་མང་དག་སློང་གི་ཡོད་དོ།།  དེང་རབས་གསོ་རིག་གི་ལྟ་བ་སྤྱི་བཏང་དུ་སྙིང་དང་ཁྲག་རྩའི་མ་ལག་དང་རྩ་དཀར་གྱི་ལུས་གཤེར་འཁྲུགས་པའི་རྐྱེན་གྱིས་ཁྲག་མཐོར་ཕྱིན་པའམ་ཁྲག་འཁོར་རྒྱུགས་ཀྱི་རྩ་ནག་དང་རླུང་རྒྱུའི་གནས་རྩ་དཀར་ལ་གཞན་རྐྱེན་གྱིས་འཁྲུགས་ནས་ཁྲག་ཤེད་མཐོར་ཕྱིན་པ་ཞེས་འདོད་ཚུལ་དང་། སློང་རྐྱེན་ཕལ་ཆེར་ནི་མྱ་ངན་དང་སེམས་ལས་ཆེ་བ།  སྣུམ་བཅུད་རིགས་དང་ལན་ཚྭ་ཆེ་བའི་ཟས་སྐོམ་རིགས་ཡུན་དུ་བསྟེན་དྲགས་པ།   མ་ཟད་རིགས་རྒྱུད་ལས་བརྒྱུད་པའམ་ལྷན་སྐྱེས་སུ་གནས་པའི་ཁྲག་ཤུགས་ཀྱི་གཞི་ཚད་མཐོ་བ་བཅས་དང་འབྲེལ་བ་དམ་ཟབ་ཡོད་ཅེས་པའི་འདོད་ཚུལ་ནི་སྤྱིར་བཏང་རང་ལུགས་དང་ལྟ་བ་མཐུན་ནོ།།    
གཉིས་པ། དབྱེ་བ་བཤད་པ།  
          སྤྱིར་བཏང་ཁྲག་རླུང་ནད་ལ་ཉེས་གསུམ་གཙོ་འགྱུར་བླ་གཉན་ནད་གང་ཤས་ཆེ་བའམ་གང་དང་གང་སྡང་བ་ལས་དབྱེ་བ་མང་ཙམ་འབྱེད་རྒྱུ་ཡོད་ཀྱང་།  འདིར་གཙོ་བོར་མཁན་རིན་པོ་ཆེའི་དགོངས་བཞེད་ལྟར་ན།   རླུང་འཕེལ་ནས་ཁྲག་གི་འདེད་ཤུགས་ཆེ་དྲགས་པའི་ཁྲག་རླུང་ནད་དང་།   ཁྲག་འཕེལ་ནས་ཁྲག་ཤུགས་ཆེ་དྲགས་པའི་ཁྲག་རླུང་ནད།  རླུང་ཁྲག་འཐབ་ནས་ཕན་ཚུན་འཁྲུགས་པའི་ཁྲག་རླུང་སྟོད་འཚངས་ཀྱི་ཁྲག་རླུང་ནད།  རླུང་ནད་བླ་གཉན་བཅས་བཞིར་དབྱེ་ཡོད་པ་ལས།   འདིར་ནང་གསེས་སུ་རླུང་ཤས་ཆེ་བའི་ཁྲག་རླུང་ནད་དང་།   ཁྲག་ཤས་ཆེ་བའི་ཁྲག་རླུང་ནད་གཉིས་རྒྱུན་མཐོང་ནད་ཡིན་པའི་སྟབས།  གཙོ་བོར་གླེང་བྱ་ལ།   《ལྷན་ཐབས་》ལས།“དབྱེ་བ་ཁྲག་རླུང་གཉིས་པོ་ཤས་ཆེ་ཆུང་།”②    ཞེས་གསུངས་པའི་ཚ་གྲང་གཉིས་སུ་བསྡུས་ཡོད་པས་ན་དེ་ལྟར་རྣམ་པ་གཉིས་སུ་ཕྱེ་ནས་འཆད་པར་བྱའོ།།    
གསུམ་པ། རྒྱུ་རྐྱེན་བཤད་པ།   
          《ལྷན་ཐབས་》ལས།   “རྒྱུ་ནི་ཐ་མལ་ལུས་འདིའི་རླུང་དང་ཁྲག།   དེ་རྐྱེན་ལྟོ་དང་གཉིད་ཆག་བསེར་བུས་བུས།  མང་དུ་སྨྲས་དང་ཡིད་མི་དགའ་བའི་ཚིག།   མྱ་ངན་སེམས་ལས་ཆེ་དང་ཆུ་ཀླུང་སྒྲས།།  ཕྱི་ཡུལ་ཆར་རླུང་གྲང་བ་ཁ་ཐལ་བ།།  ཇ་སོགས་བསིལ་བའི་རྐྱེན་གྱིས་སློང་བ་སྟེ།།”③ ཞེས་གསུངས་པ་ལྟར། སྤྱིར་བཏང་དུ་བཤད་ན་རྒྱུན་དུ་ནད་ཐོག་ལག་ལེན་དངོས་ནང་ཡང་མཐོང་མང་ཆེ་བ་ནི་གསོ་བ་ཕལ་ཆེ་ལ་ལན་ཚྭ་དང་སྣུམ་བག་ཅན། ནུས་པ་རྣོ་ཞིང་ཚ་བ་དང་། མིན་ན་སྐྱ་ཟས་རིགས་ཡུན་དུ་བརྟེན་དྲགས་པའམ་དགའ་ཞེན་ཆེ་བ། གསོ་བ་ལོ་ན་སོའི་ཁྱད་པར་ལས་ཚ་གྲང་གཉིས་སུ་འགྱུར་བ་དང་།  སྒོས་སུ་སློང་རྐྱེན་གཙོ་བོ་ནི་ལུས་ངག་ཡིད་ཀྱི་བྱ་བ་ཐར་དྲགས་པའམ་དྲག་ཤུལ་བྱས་པ་དང་།  ག་ཆད་ངུ་བ་དང་།  མྱ་ངན་སེམས་ལས་དང་ཁ་ལས་ཆེས་བ། བསམ་པ་གུ་དོག་པོ་ཆག་པ། སྣ་ཐུང་སྤུ་སུད་བྱེད་པ། མྱ་ངན་གྱིས་བཏབ་པ། ལུས་སེམས་གཉིས་ཀར་ངལ་བས་རྒྱུན་རིང་དུ་མནར་ཅིང་དུབ་པ་བཅས་ལ་ངེས་པར་ཏུ་སློང་བར་མཐོང་ལ།  ཁྲག་དང་རླུང་གི་འདུ་བ་འཁྲུགས་པའི་ཟས་སྤྱོད་སྨན་སོགས་དུས་རྣམ་པ་ཀུན་ཏུ་བསྟེན་ཞིང་གོམས་གཤིས་ཆགས་ཡོད་པའི་མི་ལ།  ཁྲག་དང་རླུང་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ཅིང་ཆ་མི་སྙོམས་པས་བྱེད་ལས་ལུགས་ལྡོག་ཏུ་གྱུར་ནས་ཁྲག་རླུང་ནད་དུ་འགྱུར་ཅིང་།  ཡང་དེང་རབས་གསོ་རིག་གི་འདོད་ཚུལ་ཞིག་ནི་འཕར་རྩ་ནང་ཁྲག་གི་རྒྱུ་ནུས་ཆེས་དྲགས་པས་ཁྲག་རྩའི་རྩ་བུག་ལོགས་སུ་གནོན་ཤུགས་ཐེབས་ནས་ཁྲག་མཐོར་ཕྱིན་པ་ཡིན་(动脉管内血液对血管壁的侧压所致)ཞེས་འདོད་དོ།།    
བཞི་པ། རྟགས་བཤད་པ།   
          《ལྷན་ཐབས་》ལས།  “དབྱེ་བ་ཁྲག་རླུང་གཉིས་པོ་ཤས་ཆེ་ཆུང་།་ ཞེས་ནད་ཀྱི་ངོ་བོ་དང་རྟགས་ལས་ཚ་གྲང་གཉིས་སུ་ཕྱེ་ཡོད་པ་དང་།  དེའི་རྟགས་ལས་ཀྱང་།  “ཇི་སྐད་དུ།  རླུང་ཤས་ཆེ་ན་འཚང་ཤས་ཆེ་བ་དང་།  ཁྲག་ཤས་ཆེ་ན་གཟེར་ཤས་ཆེ་བ།”④  ཞེས་གང་ཤས་ཆེ་བ་སོ་སོའི་མཚན་ཉིད་མངོན་ཚུལ་ལས་དབྱེ་དགོས་པ་ནི་ལྷན་ཐབས་སོགས་གཞུང་སྤྱི་དང་ལག་ལེན་དངོས་གཉིས་ཡོངས་སུ་མཐུན་པ་ཡིན་ནོ།།  ཡང་ཕྱི་ལུགས་ཁྲག་གནོན་འཇལ་ཆས་(血压器)དང་རང་ལུགས་ཁྲག་རླུང་ནད་ཀྱི་མཚན་ཉིད་གཉིས་བསྡུར་ནས་ཆེ་ལོང་ཙམ་ཞིབ་དཔྱོད་བྱས་ན།   རང་གི་མྱོང་ཚོར་ལས་ཁྲག་གནོན་འཇལ་ཆས་ནད་ཐོག་དངོས་སུ་སྤྱོད་དུས་སྙིང་ཁ་འཛུམ་པའི་འཕར་རྩའི་ཁྲག་ཤུགས་མཐོ་གནོན་བརྒྱ་དང་བཞི་བཅུ་ཡན་གྱི་ཚད་འཛིན་ལས་བརྒལ་ཡོད་ན་ཕལ་ཆེར་རླུང་གི་ནད་རྟགས་མང་ཞིང་།  དེ་ཡང་ཕལ་ཆེར་ལོ་ན་རྒན་གྲས་དང་ཟུངས་ངན་ཁྲག་རླུང་བླ་གཉན་ཅན་ལ་མང་ཆེར་འབྱུང་བ་སྟེ། [(高压)收缩压超过 L4O毫米汞柱,(低压)舒张压在90以毫米汞柱]ཟུངས་ངན་རླུང་གིས་བུས་པ་དང་།  རྒས་པོ་རང་བཞིན་རླུང་ཁམས་ཆེ་བ་ན་རླུང་ནད་ངོ་བོ་རྩུབ་ཅན་ཡིན་ཡང་ཁྲག་གནོན་ཤུགས་40ཡན་བརྒལ་ཡོད་ཀྱང་ཉེན་ཁ་དེ་ཙམ་ཆེར་མ་མཐོང་སྟེ།  ནད་ཐོག་སྨན་བཅོས་བྱེད་སྐབས་190བར་ཟིན་ཡོད་པའི་གསོ་བ་གྲངས་ལས་འདས་པ་མང་པོ་མཐོང་བ། དེ་ཡང་གསོ་བ་དེ་རྣམས་ཀྱི་དམའ་གནོན་ནི་ཕལ་ཆེར་རྒྱུན་ལྡན་ནམ་80ནས90བར་ཏུ་གནས་འདུག ཡང་གོང་གསལ་བཞིན་སྙིང་རྩ་འབྱེད་པའི་འཕར་རྩའི་ཁྲག་ཤེད་90ཡན་ཏེ་100ནས་120བརྒལ་ན་ཕལ་ཆེར་ཁྲག་གམ་ངོ་བོ་ཚ་ཁམས་དང་དེའི་ནད་རྟགས་གཙོ་བོར་སྟོན་ཞིང་།   ཉེན་ཁ་ཡང་ཅུང་ཆེ་ཞིང་།   ནད་པའི་ལུས་ལ་ཡང་ཧ་ཅང་མི་བདེ་བའི་སྣང་ཚུལ་དངོས་སུ་འཆར་བར་སྣང་སྟེ།   དེ་ནི་གཙོ་བོ་ལོ་ན་དར་མ་དང་ཟུངས་སྟོབས་རྒྱས་པའི་ཁྲག་མཁྲིས་རང་བཞིན་ཅན་གྱི་མི་ལ་ན་བ་མང་ཙམ་མཐོང་ངོ་།།  དེ་ཡང་གོང་ལས་ལྡོག་པ་ཁྲག་དང་རླུང་ཤས་གང་ཆེ་བ་ལ་འབྱེད་པའམ་དམའ་གནོན་ལ་རླུང་དང་འཛུམ་པའམ་མཐོ་གནོན་ལ་ཁྲག་ཏུ་འཛིན་པ་ཆེད་རྩོམ་འགའ་ལས་བཀོད་ཡོད་ཀྱང་།  དེ་ནི་གཙོ་བོ་རྒྱ་ཡིག་གི་མཐོ་དང་དམའི་ཡིག་འབྲུའི་དོན་ལ་གོ་བ་ལེན་པ་འདྲ་བ་ལས་གཞན་མཐོ་ན་ཁྲག་དང་དམའ་ན་རླུང་དུ་སྒྲུབ་བྱེད་གང་ཡང་མེད་པར་སེམས་སོ།།  ཡང་རང་ཉིད་ཀྱི་ཞིབ་དཔྱོད་ལྟར་ན།  ཁྲག་མཐོའི་ནད་ནི་གཙོ་བོ་རྣམ་པ་མ་གྱུར་པ་རླུང་ལྔའི་ནང་གསེས་ལུས་ཀྱི་ཕྱི་ནང་བར་གསུམ་ཆ་ཤས་ཀུན་ཏུ་རྒྱུ་བའི་ཁྱབ་བྱེད་གཙོས་དང་སྲོག་འཛིན་གྱི་རླུང་གཉིས་ཡིན་ལ། དེའི་བྱེད་ལས་འཕེལ་ཟད་འཁྲུགས་གསུམ་སྟེ་ཆ་སྙོམས་ཡིན་མིན་ལ་རག་ལས་པ་སྟེ། གོང་སྨན་པས་ཀྱང་། “སྙིང་ལ་གནས་པའི་ཁྱབ་བྱེད་ཀྱིས།།  ལས་རྣམས་སྤྱི་དང་ཁྱད་པར་དུ།།  སྙིང་གི་བུ་ག་འབྱེད་ཟུམ་བྱེད།།  ཇི་ལྟར་སྦུད་པའི་རླུང་འབུད་ལྟར།།   ཁྲག་རྣམས་བུ་གར་འདྲེན་ཞིང་གཏོར།།  དེ་ཚེ་ལུས་ཀྱི་ཆ་ཤས་ཀྱི།།  རྩ་ཡང་ལྷན་ཅིག་འཕར་བར་བྱེད །།” ཅེས་རྒྱུ་གཙོ་བོ་ཁྱབ་བྱེད་རླུང་ཡིན་པ་དང་།  ཤུགས་ལས་དེ་འཁྲུགས་པས་ན་ཁྲག་ཤུགས་མཐོན་པོར་འགྱུར་བ་ནི་དུས་རབས་དེ་ནས་གསལ་པོར་བསྟན་ཡོད་དོ།། ཡང་རང་ཉིད་ཀྱི་ནད་ཐོག་ཉམས་མྱོང་ལས་བྱུང་བར་རིགས་གཉིས་ཏེ།   གཅིག་ནི་ཕྱིའི་མངོན་ཚུལ་གང་ཡང་མེད་པ་སྟེ།  དཔེར་ན་ཁྲག་རླུང་ཀྱི་རྟགས་སུ་མགོ་ན་བ་དང་མགོ་ཡུ་འཁོར་བ།  རོ་སྟོད་གཟེར་བ་སོགས་དང་། ནང་རྩ་ཆུ་ལ་ཡང་དེ་བཞིན་ཁྲག་རླུང་གི་རྟགས་མངོན་གསལ་དོད་པོ་མ་བྱུང་རུང་། ཁྲག་གནོན་འཇལ་ཆས་ཀྱིས་བརྟག་སྐབས་དངུལ་ཆུའི་སྡོང་པོ་དམའ་གནོན་90དང་། མཐོ་གནོན་140ལས་ཚད་བརྒལ་བ།   ཕྱི་ལུགས་ཀྱི་ཁྲག་གནོན་ཚད་གའི་གཏན་འབེབས་ལྟར་ན་ནད་ཅན་གྱི་ཚད་དུ་སླེབས་ཡོད་པ་ཡིན། ཡང་གཅིག་ཤོས་ནི་དེ་ལས་ལྡོག་པ་དངུལ་ཆུའི་སྡོང་པོ་ཚད་དུ་གནས་ཤིང་140/90ལས་བརྒལ་མེད་ཀྱང་གསོ་བའི་ལུས་ཁམས་མི་བདེ་བ། མགོ་ཡུ་འཁོར་བ། རོ་སྟོད་གཟེར་བ། འཚང་ཤིང་སེམས་མི་བདེ་བ་སོགས་ཁྲག་རླུང་ནད་ཀྱི་རྟགས་གསལ་པོར་མངོན་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཡིན།  དེར་བརྟེན་གོང་གསལ་གྱི་དཔེར་མཚོན་རིགས་གཉིས་ལས་ཅིག་ཤོས་རྟགས་ཡོད་ཀྱང་ཁྲག་གནོན་ཤུགས་ཚད་ལས་བརྒལ་མེད།    དེ་ཕྱི་ལུགས་ཀྱི་བཞེད་ཚུལ་ལྟར་ན་ཁྲག་ཤེད་མཐོ་བའི་ནད་དུ་མི་བརྩི།   ཅིག་ཤོས་ནི་མགོ་ན་བ་སོགས་ཁྲག་རླུང་ནད་གསལ་པོ་ཡོད་ཀྱང་ཁྲག་གནོན་ཤུགས་ཚད་ལས་བརྒལ། འདིའི་གྲས་ལ་རང་ལུགས་བཞེད་པའི་ཁྲག་རླུང་ནད་ཀྱི་མཚན་ཉིད་དང་ཉེར་མཐུན་ཡིན་ཡང་ཕྱི་ལུགས་ཀྱིས་ཁྲག་མཐོའི་ནད་དུ་མི་འཛིན།   དེ་བས་ན་སོ་སོའི་ནད་ཀྱི་རྒྱུ་རྐྱེན་ལ་ལྟ་བ་དང་།   དེ་ལ་གང་འཚམ་གྱི་བཅོས་ཐབས་བཅས་ལ་གཞིགས་ནས་ཁ་དམར་བདག་དགོས་པ་ལས། མཐའ་གཅིག་ཏུ་ཁྲག་གནོན་འཇལ་ཆས་རྟགས་འབྲས་ཁོ་ནར་རྗེས་འབྲངས་ནས་སྨན་བཅོས་བྱེད་པ་ནི་རི་བོང་ཅལ་འདྲོག་ཀྱི་དཔེ་ལས་མ་འདས།   ཡང་ཁྲག་རླུང་ནད་ཁྲག་གནོན་འཇལ་ཆས་ཁོ་ནར་བསྟེན་ནས་རང་ལུགས་ནད་ཀྱི་མཚན་ཉིད་དང་བརྟག་དཔྱད་རིག་པ་ལས་བསྟན་པའི་ཁྲག་རླུང་ནད་དུ་ཨུ་ཚུགས་སུ་བཟུང་ན་རྩོད་སྒྲུབ་རིག་པའི་སྒྲུབ་བྱེད་ཀྱི་ནུས་པ་ཇེ་ཞན་དང་།   དངོས་པོ་གསོ་བཅོས་ཐོག་ལ་ཡང་སྐྱོན་དུ་མ་བྱུང་བ་སྙམ་སྟེ།  དེ་གང་ཞེ་ན། 《རྩ་མདོ་》ལས། “རྟེན་གྱི་རྩ་རྒྱུད་རྣམ་གསུམ་ནི་”ཞེས་དང་། “ཕོ་ཡི་རྩ་ནི་སྦོམ་ལ་རགས་པར་ཕར། མོ་ཡི་རྩ་ནི་ཕྲ་ལ་མྱུར་བ་སྟེ།    བྱང་ཆུབ་སེམས་རྩ་རྒྱུད་རིང་འཇམ་ལ་མཉེན།”⑤  ཞེས་རང་ཆས་སུ་གནས་པའི་རྟེན་གྱི་རྩ་རྒྱུད་ཀྱང་ལུས་ཀྱི་འབྱུང་ཁམས་ཀྱི་དབང་གི་འཕར་སྟངས་དྲགས་དལ་དང་། སྒྲིམ་ཁྲུངས་སྲ་སྙི་སོགས་ཡོད་པ་ལས། མི་ཀུན་ལ་གཅིག་མཚུངས་སུ་ཆགས་པ་མ་ཡིན། དེ་བཞིན་སྙིང་རྩའི་བྱེད་འཛུམ་ལ་རག་ལས་པའི་ཁྲག་གི་གནོན་ཤུགས་ལ་ཡང་གོང་གསལ་གྱི་དཔེ་བཞིན་མི་སོ་སོར་འབྱུང་ཁམས་དབང་གིས་གནོན་ཤུགས་ལ་ཁྱད་པར་མེད་མི་སྲིད་པ་སྟེ་འཁྲུལ་སོ་འབྱུང་སྲིད་པའི་ཕྱིར་ན་རང་གི་རྨོངས་བློ་ལས་བསམ་ཚུལ་དེ་ལྟར་སྙམ།   ཡང་ཕྱི་ལུགས་ཀྱིས་སྤྱིར་བཏང་རིགས་གཉིས་སུ་ཕྱེ་ཡོད་དེ།  ནད་རྟགས་མངོན་གསལ་ལྡན་པའི་ཁྲག་ཤེད་མཐོན་པོའི་ནད་དེ། གཞན་དབང་རྐྱེན་གྱིས་སློང་བའི་རྗེས་བྱུང་རང་བཞིན་ཅན་(继发性高血压)གྱི་ཁྲག་མཐོའི་ནད་དང་། རྟགས་སྣ་ཚོགས་མངོན་གསལ་དོད་པོ་མེད་པ་སྟེ། རང་རྒྱུད་རྐྱེན་གྱིས་སློང་བའི་ཐོག་མ་ནས་བྱུང་བའི་ཁྲག་མཐོན་པོའི་ནད།(原发性高血压)  ཡང་ཀླད་ཆེན་སྤྱི་རིམ་གྱི་བྱེད་ལས་འཁྲུགས་པས་སློང་བ་ཞེས་སྤྱིར་བཏང་འདིའི་རྒྱུ་རྐྱེན་ལས་བྱུང་བའི་ཁྲག་ཤེད་མཐོན་པོའི་ནད་དུ་འཛིན་བཞིན་ཡོད། ཁྲག་རླུང་ནད་ཀྱི་རྟགས་སྤྱིར་བཏང་རྒྱུད་གཞུང་ལྷན་ཐབས་སོགས་ལས་གསུངས་པ་ལས་མ་འདས་ཤིང་།  རྒྱུན་དུ་ནད་བཅོས་བྱེད་སྐབས་མཐོང་མང་བ་ནི་མགོ་ཡུ་ཁོར་བ།  མིག་རབ་རིབ་བྱེད་པ།  དབུགས་འབྱིན་དཀའ་བ། མེ་ཉི་སོགས་དྲོད་ལ་དགའ་བ། གཉིད་ཡེར་བ། སེམས་མི་སྐྱིད་པ།   གཞོག་ཕྱེད་མིན་ན་ཡན་ལག་སོགས་སྦྲིད་པའི་མངོན་ཚུལ་བྱུང་བ་དང་། རྩ་ཅུང་མགྱོགས་ལ་སྟོང་ཤས་ཆེ་བ། ཆུ་དཀར་ལ་ལྦུ་བ་ཆེ་བ་ནི་རླུང་ཤས་ཆེ་བར་མངོན་པ། མགོ་བོ་གཟེར་ལ་འཁོར་བ་དང་།   རོ་སྟོད་གཟེར་ཞིང་བརྒྱངས་པ།  ཁ་ལྕེ་སྐམ་པ།  ཡན་ལག་སྦྲིད་ཅིང་གདོང་དམར་པོར་ཆགས་པ་མིག་རྩ་རྒྱས་ཤིང་དམར་བ། རྩ་རྒྱུད་བུལ་ལ་དྲིལ་ཞིང་གྲིམས་ལ་དྲགས་པར་འཕར་བ།    ཆུ་མདོག་དམར་སེར་ལྦུ་བ་ཆེ་ལ་ཚག་སྒྲ་ཅན་སོགས་ནི་ཁྲག་ཤས་ཆེ་བའི་མངོན་ཚུལ་ཡིན།   གཞན་ཡང་རྒྱབ་ཚིགས་དང་པོ་དང་དྲུག་བདུན་རྣམས་སུ་གནོན་གཟེར་ཡོད་ན་སྙིང་རླུང་ལྡང་བའི་ཁྲག་རླུང་གི་མི་འགྱུར་བའི་རྟགས་ཡིན་ནོ།།    དེ་ལྟར་རང་ལུགས་བཅོས་ཐབས་རིག་པ་གཞིར་བཟུང་ནས་ཕྱི་ལུགས་ཁྲག་གནོན་འཇལ་ཆས་སོགས་དཔྱད་གཞིར་བརྟེན་ནས་ཟུང་འབྲེལ་གྱི་ཚུལ་དུ་བརྟག་དཔྱད་བགྱིས་ཏེ་ནད་ཀྱི་ལྕི་ཡང་ཚ་གྲང་དང་། སྨན་དཔྱད་ཟས་སྤྱོད་ཀྱི་འཇུག་ལྡོག་ལེགས་ཉེན་གང་ལ་གདེང་ཚོད་ཐོབ་ངེས་ཀྱིས་གསོ་བཅོས་བྱུང་ན་ཅི་བསམ་བཞིན་དུ་བཅོས་བསྐྱེད་བྱུང་བ་དང་འབྱུང་ཡང་སྲིད་མོད།   འོན་ཀྱང་ཕྱི་ལུགས་འཇལ་ཆས་ཁོ་ནའི་ཁྲག་རྩའི་གནོན་ཤུགས་ལ་བརྟེན་ནས་རང་ལུགས་ངོས་འཛིན་གྱི་ཁྲག་རླུང་ནད་དུ་ཁ་ཚོན་བཅད་ན་ཅུང་མི་ལེགས་པའི་གནས་ཚུལ་ཞིག་ཡོད་སྙམ་སྟེ། གང་ཞེ་ན། ཁྲག་གནོན་འཇལ་ཆས་སྙིང་རྩ་བྱེད་འཛུམ་གྱི་གནོན་ཤུགས་ཙམ་ལས་ཁྲག་དང་རླུང་གཉིས་ཀྱི་བྱེད་ལས་ལ་བརྟག་དཔྱད་ཀྱི་ནུས་པ་བྲལ་བའི་ཕྱིར་རོ།། དེང་དུས་བོད་ལུགས་སྨན་པ་མང་ཤོས་ཀྱིས་བོད་ཀྱི་གསོ་རིག་བརྟག་ཐབས་ཀྱི་རྩོད་སྒྲུབ་རིག་པ་རྒྱབ་ཏུ་བསྐྱུར་བའམ་སྣང་ཆུང་བྱས་ནས་འཕྲུལ་ཆས་ཀྱི་རྟགས་ཐབས་ངོ་མཚར་ཚད་ལྡན་དུ་བཟུང་ནས་དེ་ཁོ་ནའི་རྗེས་སུ་ཡི་རང་བ་མང་ཙམ་མཐོང་།  དེ་ནི་གཙོ་བོ་བོད་ལུགས་གསོ་རིག་གི་གཞུང་དོན་ལ་ཐོས་བསམ་དང་དངོས་སུ་ཉམས་ལེན་མི་ལྡངས་པའི་སྟབས་དང་།   སྒོས་སུ་སློབ་དཔོན་དམ་པའི་ལག་ལེན་མཛུབ་ཁྲིད་ཞལ་ཤེས་དང་མཐོང་རྒྱུད་ཀྱི་རྒྱུ་ཆས་ཕོངས་པས་ལན།  ཡིན་ན་ཡང་རང་གིས་མཐའ་གཅིག་ཏུ་སྔོན་ཐོན་འཕྲུལ་ཆས་ཀྱི་བརྟག་ཐབས་ལ་ཡིད་ཆེས་དང་དང་ལེན་མེད་པ་ནི་གཏན་ནས་མ་ཡིན།   དེ་ནི་ནད་ལ་ཞིབ་དཔྱད་བྱ་བའི་གཞོགས་འདེགས་ཙམ་གྱི་འཕྲུལ་ཆས་ཡིན་སྟབས་མཐའ་གཅིག་ཏུ་ནོར་བ་མེད་པ་ནི་མི་སྲིད་པའི་ཕྱིར་རོ།།   
ལྔ་པ། བཅོས་ཐབས་བསྟན་པ།  
          གཅིག   ཁྲག་ཤས་ཆེ་བའི་ཁྲག་རླུང་གི་བཅོས་ཐབས།  ཟས་སྤྱོད།  ཁྲག་ཤས་ཆེ་བའི་ཁྲག་རླུང་ལ་དྲོད་བཅུད་ལྡན་པའི་ཟས་དང་།   ཤིན་ཏུ་ཚ་དྲོད་ལྡན་པའི་གནས་དང་།  ཉི་གུང་ཚ་བ་ཆེ་དུས་གཉིད་ལོག་པ་སོགས་ལོག་པའི་ཟས་དང་སྤྱོད་ལམ་སྤོང་བ་དང་། འབྲས་ཐུག་སྔོ་ཚོད་སྐྱ་བོ་དང་།  བ་མཛོའི་ཞོ་དར་དང་།  གླང་གི་ཤ་གསར་བ་སོགས་ངོ་བོ་སླ་བསིལ་གྱི་ཟས་སྐམ་རིགས་དང་། བསིལ་དྲོད་སྙོམས་པའི་གནས་སུ་ཡིད་འོང་སྙན་པའི་གཏམ་དང་གྲོགས་ལ་བསྟེན་ཅིང་། དེ་ལས་ལྡོག་པའི་སྤྱོད་ལམ་སྟེ་ཞེ་སྡང་དང་འཁྲུག་ལས་ཡིད་མི་སྡུག་པའི་གནས་དང་།  སེམས་ལས་ཆེ་བ་སོགས་དུས་རྣམ་པ་ཀུན་ཏུ་སྤང་བར་བྱའོ།།   
          སྨན། དང་པོ་མཛོ་ཤིང་ལྔ་ཐང་སྟེ། མཛོ་ཤིང་150gརེ་སྐོན་པ་100g  བ་ཤ་ཀ100g  སེང་ལྡེང་100g  ཧོང་ལེན་100gབཅས་ལྔ་ལ་རྣོ་འདོན་སྨན་སྐྱུ་རུ་ར་ཁེ་130ཡི་བསྡུས་ཐང་དྲོ་འཇམ་གྱིས་ནད་མགོ་བཅག་ནས།  རྒྱུན་དུ་རྩ་ཆུ་སོགས་ཀྱི་རྟགས་དང་ནད་ཁམས་ཤས་གང་ཆེར་གཞིགས་ནས་ཁྲག་རླུང་སྨན་ཀོ་བྱི་13། ཁྲག་སྨན་7་པ། སྐྱུ་རུ་25དང་ཡང་ན་སྐྱུ་རུ་25འཕྲུལ་འཁོར་ཅན།  ཁྲག་ནད་ཀུན་སེལ།   བྱུ་དམར25སོགས་ནད་གཞིའི་མཚན་ཉིད་དང་གང་འཚམ་ལ་བསྟུན་ནས་འཕྲུལ་མཁས་པར་བྱའོ།།   
          དཔྱད། འབྲས་བུ་སུམ་ཐང་ཉིན་གསུམ་ནས་ལྔ་བར་བཏང་རྗེས་སྒང་རྩ་དང་།  རུ་ཐུང་།  གློ་སྙིང་འདོམ་རྩ་གསུམ་པོ་གང་རུང་ནས་འོས་འཚམ་ཞིག་གཏར་བར་བྱའོ།།   
          གཉིས།   རླུང་ཤས་ཆེ་བའི་ཁྲག་རླུང་ནད་ཀྱི་བཅོས་ཐབས།  ཟས་སྤྱོད། རླུང་ཤས་ཆེ་བའི་ཁྲག་རླུང་ལ་བསིལ་དྲོད་སྙོམས་པའི་ཟས་སྐོམ་དང་།  དེ་བཞིན་དྲོ་གྲང་སྙོམས་པའི་གནས་སུ་ཡིད་འོང་སྙན་པའི་གཏམ་དང་གྲོགས་ལ་བསྟེན་ཅིང་།  དེ་ལས་ལྡོག་པའི་སྤྱོད་ལམ་སྟེ་ཞེ་སྡང་དང་འཁྲུག་ལས་ཡིད་མི་སྡུག་པ་སོགས་དུས་རྣམ་པར་ཀུན་ཏུ་སྤང་བར་བྱའོ།།   
          སྨན། དང་པོ་མ་ནུ་བཞི་ཐང་སྟེ། མ་ནུ་100g ཀཎྡ་ཀ་རི་30g སླེ་ཏྲེས་100g སྒ་སྐྱ་25gབཅས་བསྡུས་ཐང་དྲོ་འཇམ་གྱིས་ནད་མགོ་བཅག་ནས་རླུང་ཤས་ཆེ་བ་ལ་རྒྱུན་དུ་རླུང་སྨན་གཙོས་གྱུར་ཏེ་ཨ་གར་8པ། ཨ་གར་20། ཨ་གར་35།   ཨ་གར་བླ་མེད་སོགས་རླུང་སྨན་རིགས་དང་། ཁྲག་སྨན་ནུས་པ་ཅུང་འཇམ་པོ་ཅན། ཁྲག་སྨན་7པ། སྐྱུ་རུ་25འཕྲུལ་འཁོར་ཅན།  ཙན་དན་18བཅས་གང་འཚམ་ནད་ཀྱི་འགྱུར་ལྡོག་དང་བསྟུན་ནས་རིག་འཕྲུལ་མཁས་པར་བྱའོ།།  
           དཔྱད། ཚིགས་པ་དང་པོ་དང་། དྲུག་པ། བདུན་པ། སྤྱི་གཙུག་ལ་ཧོར་མེ་དང་སྤྲ་མེ་གང་རུང་འཇོག་དགོས།   
དྲུག་པ། དཔེར་མཚོན་བསྟན་པ།  
          གསོ་བྱ། བཀྲ་ཤིས། ཕོ། ལོ། 73ཁྲག་རླུང་ནད་ཀྱི་རྟགས་མངོན་གསལ་དོད་པོ་མེད་ཀྱང་ཁྲག་གནོན་འཇལ་ཆས་རྟགས་སྐབས་180/120ནས་200/130བར་ཟིན་ཡོད། དེ་ལ་ཟླ་བ་གཅིག་ཙམ་སྨན་བཅོས་བྱས་རྗེས་50/100བར་མར་བཅག་ཡོད།   
          གསོ་བྱ།  ཐང་ཡང་།  མོ།  ལོ།  53དུས་རྒྱུན་མགོ་གཟེར་མགོ་ཡུ་འཁོར་བ།  དབུགས་རྒོད་པ།  ངོ་མདོག་ཅུང་དམར་སྨུག་ཆགས་པ།  ཡན་ལག་སྦྲིད་པ།  ཁྲག་གནོན་180/110ཡོད་པ།   སྨན་བསྟེན་ནས་ཉིན་གསུམ་རྗེས་སུ་140/90བར་བཅག་ཡོད་དོ།།     སླར་སྨྲས་པ། གཞན་དཔེ་རིས་སུ་ལད་མོས་བཤུས་པ་མིན།།  རང་གི་ཨུ་ཚུགས་བློ་བཟོ་མཁས་རློམ་མིན།།   གཞན་ཉམས་ལེགས་བླངས་ལུང་རིགས་ཚད་མ་དང་།།  རང་མྱོང་ཟུང་འབྲེལ་འདི་རུ་ཞུ་བ་ལགས།།
          མཆན་འགྲེལ།  
          ①ཁྲོ་རུ་ཚེ་རྣམ།   《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》P.168 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  
          ②③④སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《མན་ངག་ལྷན་ཐབས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  P.27  P.27  P.27  
          ⑤གཡུ་ཐོག་ཡོན་ཏན་མགོན་པོ།  《དཔལ་ལྡན་རྒྱུད་བཞི》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  P.560