དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཏུན་ཧོང་ཡིག་ཚགས་ནས་གསར་དུ་རྙེད་པའི་བརྡ་སྤྲོད་བསྟན་བཅོས་ལ་ཐོག་མར་དཔྱད་པ།

སྤེལ་དུས 2020-06-10 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། མཐའ་བ་བཀྲ་ཤིས་དོན་གྲུབ།
གླེང་གཞི།
          དེ་ཡང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱི་དཔྱད་རྩོམ་《བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་》ཞེས་པ་ལས། “ཏུན་ཧོང་ས་ཕུག་ནས་ཐོན་པའི་གནའ་བོའི་བོད་ཡིག་གི་ཁྲོད་ནས་སློབ་དཔོན་ཐུ་མིའི་ལོ་རྒྱུས་དང་། བརྡ་སྤྲོད་གཞུང་ལུགས་ཀྱི་དུམ་ཛར་འདྲ་རྙེད་དུ་རེ་བའི་འདུན་པ་ནར་མར་བཅངས་ནའང་ད་ཕན་ནི་མཐོང་བ་ལྟ་ཅི། ཐོས་རྒྱུ་ཙམ་ཡང་མེད་པས་རེ་བ་དོན་དང་མི་ལྡན་པ་ནམ་མཁའི་མེ་ཏོག་གི་རྗེས་སུ་འཁུམས།”①ཞེས་བཤད་པས་དོན་དངོས་ནས་ཏུན་ཧོང་ཡིག་ཚགས་ཁྲོད་རང་རེའི་བརྡ་སྤྲོད་ཀྱི་དུམ་བུ་ཙམ་ཡང་མེད་པར་སྙམ་བྱུང་མོད། འོན་ཀྱང་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཕྱི་གླིང་དུ་འཁྱར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཕྱོགས་ཡོངས་ནས་ལེགས་སྒྲིག་པར་སྐྲུན་གྱི་བགྱི་བ་དོན་ལྡན་ལ་བརྟེན། སྔར་མཐོང་ལམ་དུ་མ་རེག་པའི་ཡིག་ཚགས་མང་པོ་རིམ་གྱིས་གསལ་ལེར་མངོན་བྱུང་པས་སྡོམ་ཚིག་སྔ་མ་རེ་འགའ་ལ་ཡང་བསྐྱར་བསམ་བློ་མི་གཏོང་ཐབས་མེད་དུ་གྱུར། འདིར་ནི་ཏུན་ཧོང་ཡིག་ཚགས་ལས་གསར་དུ་རྙེད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཏེ་འཇུག་པའི་སྒྲ་བརྒྱད་ཀྱི་ཚིག་ལེའུ་བྱས་པ་ཞེས་བྱ་བ་མཚམས་སྦྱོར་དང་བཅས་དེའི་འབྱུང་ཁུངས་དང་། བརྗོད་དོན། ཁྱད་ཆོས། རིན་ཐང་བཅས་རོབ་ཙམ་གླེང་བར་བྱ་བ་ལ།
          དང་པོ། བསྟན་བཅོས་ངོ་སྤྲོད།
          བསྟན་བཅོས་འདི་ནི་ཧྥ་རན་སིའི་པོ་ཞི་ཧུ་ཡིས་སྤྱི་ལོ་1908ལོར་ཏུན་ཧོང་ནས་འཁྱེར་བའི་ཡིག་ཆའི་གྲོས་ཏེ། ད་ལྟ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ལ་ཡིག་ཚགས་ཨང་རྟགས་P. T.783 པ་ཡིན། ཡིག་ཚགས་འདི་ནི་ཤོག་དྲིལ་གཅིག་གི་སྟེང་དུ་བྲིས་ཡོད་ལ་རྣམ་པའི་ཆ་ནས་ཚིག་རྐང་བཅོ་བརྒྱད་ཐིག་ཕྲེང་བཅུའི་བདག་ཉིད་ཅན་ཏེ་ཁ་ཚང་དུ་སྣང་ཞིང་། མཚན་བྱང་ལ་འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ་ཞེས་གསལ། སྒྲིག་གཞིའི་ཆ་ནས་མཚན་བྱང་དང་འགྱུར་ཕྱག གཞུང་དངོས་བཅས་ཡན་ལག་གསུམ་གྱིས་གྲུབ་ཡོད། རྗོད་བྱེད་ཀྱི་ཆ་ནས་ཡིག་མགོར་དབུ་ཁྱུད་དང་། ཚིག་བར་ལ་ཉིས་ཤད། ཚིག་མཐའ་ལ་རྫོགས་ཚིག་བཅས་བཀོད་ཡོད་པར་མ་ཟད། གུག་གུ་ཅན་གྱི་ཡི་གེ་སོ་གསུམ་ཡོད་པ་ལས་བཅུ་དགུ་གུག་གུ་ཕྱིར་ལོག་ཏུ་བྲིས་ཡོད་པ་དང་རྗེས་འཇུག་འ་དངོས་སུ་བྲིས་པ་བཅས་གནའ་ཡིག་གི་ཁྱད་ཆོས་མངོན་པར་ལྡན། བརྗོད་བྱའི་ཆ་ནས་ལྗོན་ཤིང་གཅིག་པུ་དཔེ་རུ་བཟུང་ནས་རིམ་པ་བཞིན་དུ་རྣམ་དབྱེ་བརྒྱད་དང་དེ་དག་གི་མཚན་གཞིའི་དཔེར་བརྗོད་ཞིབ་རྒྱས་སུ་བསྟན་འདུག དཔྱད་གཞིའི་རིན་ཐང་བྲལ་བའི་ཡིག་ཆ་འདི་ལ་དཔྱོད་ལྡན་དག་འཇུག་བདེ་བའི་ཕྱིར་དུ་ཡིག་ཚགས་ཇི་བཞིན་ཡོངས་སུ་བཤུ་འབྲི་བྱས་ན།
          འཇུག་པ་འྀ་སྒྲ་བརྒྱད་བསྟན་པ་འ་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད། །ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད། །ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག། །ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས། །ཤིང་གྀ་ཡལ་ག་རབ་དུ་ལྡེམ། །ལྗོན་པའྀ་ཤིང་ལ་བྱ་ཚང་བཅས། །ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས།དང་པོ་དངོས་པོ་བསྟན་པ་ཡྀན། །གཉིས་པ་ལས་སུ་ཤེས་པར་བྱའ།གསུམ་པ་བྱད་པ་བྱེད་པོ་ཡྀན། །བཞྀ་པ་གང་ཕྱིར་སྦྱན་བའ་ཡིན། །ལྔ་བ་གང་ལས་འོང་པ་ཡིན། །དྲུག་པ་ལྷག་པའྀ་དབང་དུ་བྱས། །བདུན་པ་གནས་གཞྀ་བསྟན་པ་སྟེ། །བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། ། 
          གཉིས་པ། བསྟན་བཅོས་ཀྱི་ཁུངས་བཤད་པ།
          དཔྱད་གཞིའི་རིན་ཐང་བྲལ་བའི་བསྟན་བཅོས་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་ནས་ཧྥ་རན་སིར་འཁྱར་བའི་ཏུན་ཧོང་ཡིག་ཚགས་རྣམས་ལེགས་སྒྲིག་པར་སྐྲུན་གྱི་ལས་དོན་གཉེར་སྐབས་ལག་སོན་བྱུང་བ་ཡིན་ལ། དེ་ནས་2008ལོའི་ཟླ་11པར་ལན་ཀྲོའུ་གྲོང་ཁྱེར་ནས་འཚོགས་པའི་ཀྲུང་གོ་ཐུ་ལུ་ཧྥན་རིག་གཞུང་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་གཉེར་ཨུ་ཡོན་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་དང་འབྲེལ་བའི་རིག་གཞུང་གྲོས་ཚོགས་ཐོག ཁོ་བོས་བསྟན་བཅོས་འདི་ངོ་སྤྲོད་དང་བཅས་དཔྱད་པ་ཕྲན་བུ་བགྲོ་གླེང་བྱས་པ་ལ། གྲོས་ཚོགས་སུ་ཞུགས་པའི་མཁས་པ་མང་པོའི་དང་བ་དྲངས་ནས། ཡིག་ཚགས་འདི་ནི་གལ་ཆེན་ཡིན་ཚུལ་དང་བོད་རང་གི་བསྟན་བཅོས་ཡིན་མིན། ཐ་ན་ཐོན་མི་ཉིད་ནས་མཛད་པ་མིན་ནམ་ཞེས་པ་སོགས་དྲི་བ་དང་བསླབ་སྟོན་གང་མང་གནང་བྱུང་། དེ་བས་རང་ཉིད་ནས་མུ་མཐུད་དུ་བསྟན་བཅོས་འདིའི་འབྱུང་ཁུངས་སྐོར་ལ་བསམ་གཞིགས་དང་རྩད་གཅོད་བྱས་པར། དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ནའང་བསྟན་བཅོས་འདིའི་རིགས་ཡོད་པ་ཤེས་ནས་འབད་པས་བཙལ་བ་ན། མཚན་བྱང་ལ་འཇུག་པའི་སྒྲ་བརྒྱད་བསྟན་པ་ཚྀག་ལེའུར་བྱས་པ་ཞེས་བསྟན་བཅོས་འདི་དང་ཡོངས་སུ་མཚུངས་པའི་ཡིག་ཚགས་རྙེད་བྱུང་། དགའ་འོས་པ་ཞིག་ལ་ཡིག་ཚགས་འདིའི་མཇུག་བྱང་དུ། “༄། : །ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙ་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའྀ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།།”①ཞེས་བསྟན་བཅོས་འདིའི་འབྱུང་ཁུངས་དང་སྒྱུར་པ་བོ་གསལ་བོར་བསྟན་འདུག དེ་བས་བསྟན་བཅོས་འདིའི་སྒྱུར་པ་པོ་ནི་བོད་གནའ་རབས་ཀྱི་ཞུ་ཆེན་ལོ་ཙཱ་བ་འགོས་ཆོས་གྲུབ་ཡིན་པ་ཤེས་ལ་བསྒྱུར་གཞི་རྒྱ་ནས་ཡིན་པའང་ཤེས་བྱུང་། དེ་ནས་སྐབས་འདིའི་རྒྱ་ནི་རྒྱ་གར་དང་རྒྱ་ནག་གཉིས་ལས་གང་ལ་གོ་དགོས་པར་བསམ་བློ་རེ་བཏང་ན། འགོས་ཆོས་གྲུབ་ནི་འཕགས་བོད་རྒྱ་གསུམ་གྱི་སྐད་ལ་བྱང་བའི་ལོ་ཙཱ་བ་ཆེན་པོ་ཡིན་ཡང་། སྐུ་ཚེའི་སྨད་དུ་བོད་ཐང་གཉིས་ཀྱི་ས་མཚམས་ཤ་ཅུའི་ཕྱོགས་སུ་ཡུན་རིང་བཞུགས་ནས་ལང་ཀར་གཤེགས་པའི་མདོ་དང་མཛངས་བླུན་གྱི་མདོ་སོགས་བསྟན་བཅོས་མང་པོ་རྒྱ་ནས་བོད་ལ་བསྒྱུར་བ་དང་། ཁྱད་པར་དུ་ཏུན་ཧོང་ཡིག་ཚགས་ཨང་རྟགས་P. t. 770 པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིག་ལེའུར་བྱས་པ་སུམ་ཅུ་བའི་རྣམ་བཤད་ཀྱི་མཇུག་བྱང་དུའང་། “ཞུ་ཆེན་གྱྀ་མཁན་པོ། ལོ་ཙ་པ། བཅོན་ལྡན་འདས་རིང་ལུགས། བན་དེ་ཆོས་གྲུབ་ཀྱིས་རྒྱ་འྀ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།”ཞེས་བཀོད་ཡོད་པ་ལས་རྒྱ་ཞེས་པ་ནི་རྒྱ་ནག་ལ་གོ་དགོས་པ་ར་སྤྲད། དེས་ན་རྣམ་དབྱེ་བརྒྱད་ཀྱི་བསྟན་བཅོས་དེ་རྒྱ་ནག་གི་ཡིན་ནམ་རྒྱ་ནག་ལ་འགྱུར་པ་ཞིག་ཡིན་ཞེས་དྲི་བ་མི་འདོན་རང་དབང་མེད་པས། དེའི་རྒྱུན་མཐུད་ནས་རྩད་ཞིབ་བྱས་པ་ན། ཧྥ་རན་སིར་ཉར་བའི་ཏུན་ཧོང་རྒྱ་ནག་ཡིག་ཚགས་ཨང་རྟགས་Pel.chin. 3950 ནས་ལན་གསལ་བོར་རྙེད་བྱུང་། རྒྱ་ཡིག་ཡིག་ཚགས་དེ་ནི་ནང་དོན་ཁག་གཉིས་ཀྱི་གྲུབ་ལ་ཁག་ཐོག་མ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་བ་རྒྱ་འགྱུར་མ་དང་ཁག་གཉིས་པ་ནི་རྩོམ་ཐུང་འདིའི་བརྗོད་གཞིའི་བསྟན་བཅོས་ཀྱི་བསྒྱུར་གཞི་འཇུག་པའི་སྒྲ་བརྒྱད་བསྟན་པ་ཚིག་ལེའུར་བྱས་པ་རྒྱ་ནག་ཡི་གེས་བྲིས་པ་ཞིག་རེད། ཡིག་ཚགས་འདི་ནི་ཤིན་ཏུ་གལ་ཆེན་དུ་སྣང་བས་སྐབས་འདིར་ཡོངས་སུ་དྲངས་ན། 
          八转声颂 
          国大德三藏法师法成译
          盛华林有树,其树披风飖,以树推象到,为树故放水,人树华盛友,是材枝甚低,于树鸟作巢,咄咄树端严。第一显本事,第二知是业,第三作作者,第四为何施,第五从何来、第六由曾上、第七示住处,第八是呼词。八转声颂一卷。
          ཏུན་ཧོང་གི་རྒྱ་ནག་ཡིག་ཚགས་འདི་ལས་རྒྱ་ཡིག་མ་འདིའང་འགྱུར་མ་ཡིན་པ་དང་། སྒྱུར་མཁན་འགོས་ཆོས་གྲུབ་ཉིད་ཡིན་པ་གསལ་བོར་ཤེས་པ་མ་ཟད། བསྟན་བཅོས་འདི་ནི་མ་གཞིར་རྒྱ་གར་གྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་པ་དང་། དེ་ནས་རྒྱ་ནག་ལ་བསྒྱུར་པ། དེ་ནས་བོད་ལ་བསྒྱུར་བའི་བརྒྱུད་རིམ་ཡང་ཤེས་བྱུང་། གཞན་ཡང་། རྒྱ་གར་གྱི་སློབ་དཔོན་ཤྲཱིདྷ་རས་མཛད་ལ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་སྒྲའི་རྣམ་པར་དབྱེ་པ་བསྟན་པ་རུ་དྲངས་པ་“ཤིང་བཟངས་རི་ལ་གནས་པར་གྱུར་པ་སྟེ། ཤིང་ལ་འབད་དེ་ཁྱོད་ཀྱིས་ལྟ་བར་གྱིས།། ལྷུང་བའི་ཤིང་གིས་གླང་རྒོད་བསད་པར་བྱས།། བསླངས་ཏེ་ཤིང་ལ་ཆུ་ནི་སྦྱིན་པར་གྱིས།། མེ་ཏོག་ལྡན་པས་ཤིང་ལས་ཡལ་ག་འོ།། ཤིང་གི་ཡལ་ག་ཤིན་ཏུ་རིང་བར་འདུག ། ཤིང་ལ་ཁུ་བྱུག་དག་གི་ཚང་བཅས་པ།། ཤིང་ཀྱེ་ཅིའི་ཕྱིར་ཁྱོད་འདར་བར་བྱེད།།”②ཅེས་པ་འདི་དང་གོང་བརྗོད་འཇུག་པའི་སྒྲ་བརྒྱད་བསྟན་པ་ཚིག་ལེའུར་བྱས་པ་རྒྱ་ནག་མ་གཉིས་དོན་མཚུངས་སུ་སོང་བ་བརྟག་སླ་བས། བསྟན་བཅོས་འདི་ཉིད་ཀྱི་རྩོམ་པ་པོ་ནི་རྒྱ་གར་གྱི་སློབ་དཔོན་ཤྲཱིདྷ་ར་ཡིན་པ་དང་། བོད་རང་ལའང་རྒྱ་ནག་ནས་བསྒྱུར་པ་ཞིག་དང་རྒྱ་གར་ནས་བསྒྱུར་པ་ཞིག་བཅས་འགྱུར་གཉིས་ཡོད་པར་སྙམ་བྱུང་མོད། ད་དུང་མུ་མཐུད་དུ་དཔྱད་འོས།
          གཞན་ཡང་། བསྟན་བཅོས་འདི་ཉིད་འགོས་ཆོས་གྲུབ་མཆོག་ནས་དུས་ནམ་ཞིག་ལ་བོད་དུ་བསྒྱུར་བ་ཡིན་ནམ་ཞེ་ནའང་དཔྱད་ཐུབ་སྟེ། རྒྱ་ཡིག་མ་འདི་ནི་བོད་ཡིག་མའི་བསྒྱུར་གཞི་ཡིན་པ་ཤེས་རྗེས། སྒྱུར་པ་པོའི་མཚན་འགོད་ཚུལ་“国大德三藏法师法成译”ཞེས་པ་ལ་དབྱེ་ཞིབ་བྱས་ན། སྤྱི་ལོ་848ཡར་སྔོན་དེ་བོད་བཙན་པོས་ཏུན་ཧོང་ལ་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བཞིན་པའི་དུས་སུ་འགོས་ཆོས་གྲུབ་མཆོག་ནས་རྒྱ་ནག་ལ་བསྒྱུར་བའི་བསྟན་བཅོས་སུ་སྒྱུར་པ་པོའི་མིང་འགོད་དུས་“大蕃大德三藏法师法成”ཞེས་བྲིས་ཡོད་དེ། དཔེར་ན་ཧྥ་རན་སིར་ཉར་བའི་ཏུན་ཧོང་རྒྱ་ཡིག་ཡིག་ཚགས་ཨང་རྟགས་P. T. 2794 པ་དང་P. T. 2073པ་ལྟ་བུའོ།། དེ་ནས་ཏུན་ཧོང་ཕྱོགས་ཀྱི་ཆབ་སྲིད་ལ་འགྱུར་པ་ཆེན་པོ་བྱུང་སྟེ་སྤྱི་ལོ་848 ལོར་ཀྲང་དབྱི་ཁྲོས་འགོ་བཟུང་སྟེ་འོས་ལངས་བྱས་ནས་ཐང་ལ་མགོ་བཏེགས་པའི་རྗེས་སུ། འགོས་ཆོས་གྲུབ་ཉིད་ནས་མུ་མཐུད་དུ་དམ་ཆོས་བོད་རྒྱ་གཉིས་སུ་བསྒྱུར་རྒྱུའི་ལས་ལ་བར་ཆད་མ་བྱུང་མོད། སྒྱུར་པ་པོའི་མིང་འགོད་དུས་ཁྱད་པར་ཆེན་པོ་ཕྱེ་བྱུང་། ས་གནས་དེ་བོད་བཙན་པོའི་མངའ་ཁོངས་ནས་ཤོར་ཟིན་ཕྱིར་མཚན་གྱི་དབུའི་“大吐་”ཞེས་པ་མ་“国”རུ་བསྒྱུར་པ་རེད། དཔེར་ན་ཧྥ་རན་སིར་ཉར་བའི་ཏུན་ཧོང་རྒྱ་ཡིག་ཡིག་ཚགས་ཨང་རྟགས་P. T. 2136 པ་དང་P. T. 2886 པ་ལྟ་བུའོ།། དེ་བས་བསྒྱུར་གཞི་དེ་ཉིད་རྒྱ་ནག་ལ་འགྱུར་པའི་དུས་ཚོད་ནི་སྤྱི་ལོ་848 ཀྱི་རྗེས་ཡིན་པ་ར་སྤྲད་ཕྱིར་དེ་ལས་བསྒྱུར་པའི་བོད་ཡིག་མ་ནི་དེའི་རྗེས་སུ་བྱུང་བ་རིགས་པས་གྲུབ།
          མདོར་ན། འཇུག་པའི་སྒྲ་བརྒྱད་ཀྱི་ཚིག་ལེའུར་བྱས་པ་ཞེས་པའི་བརྡ་སྤྲོད་པའི་བསྟན་བཅོས་འདི་ནི་སྤྱི་ལོ་དུས་རབས་དགུ་བའི་དུས་དཀྱིལ་ཙམ་ལ་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་འགོས་ཆོས་གྲུབ་མཆོག་ནས་ཉིད་ཀྱིས་རྒྱ་ནག་ལ་བསྒྱུར་བ་གཞིར་བཟུང་ནས་བོད་ཀྱི་ཡི་གེར་བསྒྱུར་བའོ།།
          གསུམ་པ། དཔྱད་བརྗོད་ཕྲན་བུ།
          1. འགྱུར་ཕྱག་བཤད་པ། བསྟན་བཅོས་འདིའི་དབུར་བཀོད་པའི་“འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ”ཞེས་པ་ནི་འགྱུར་ཕྱག་འཁྲུལ་མེད་ཡིན་ལ། དེ་ཡང་ཐོན་མི་སམྦྷོ་ཊས་མཛད་པར་གྲགས་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་རྩ་བར་གསུངས་པའི་འགྱུར་ཕྱག་དང་ཤིན་ཏུ་འདྲ་ཏེ། དཔེར་ན། བསྟན་འགྱུར་དཔེ་བསྡུར་མ་དང་གསེར་ཏོག་སུམ་རྟགས་སུ་བཀོད་པའི་སུམ་ཅུའི་རྩ་བར་མ་སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།”③ཞེས་བཀོད་པ་དང་། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་དུ་“ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།”ཞེས་པ།④པྲ་ཏིའི་སུམ་རྟགས་སུ་“སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ།།”⑤ཞེས་པ་སོགས་ཚིག་ཟིན་ལ་མི་འདྲ་བའི་ཁྱད་པར་ཕྲན་བུ་སྣང་ནའང་དོན་ལ་ནི་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་བཀུར་བ་ཡིན་མོད། འོན་ཀྱང་། ཕྱག་འཚལ་བའི་ཚིག་དེ་ལ་མཁས་པ་སྔ་མ་རྣམས་ནས་དངོས་འཛིན་ཚུལ་མི་འདྲ་སྟེ། སི་ཏུ་པཎ་ཆེན་དང་པྲ་ཏི་དགེ་བཤེས་སོགས་ཀྱིས་འགྱུར་ཕྱག་ཏུ་འདོད་ཀྱང་གསེར་ཏོག་རིན་པོ་ཆེ་དང་ཨ་ལ་ཤ་ལྷ་རམས་པ་སོགས་ཀྱིས་འགྱུར་ཕྱག་ཏུ་མི་འདོད། གང་ལྟར་འདིར་མཉམ་འཇོག་བྱེད་དགོས་པ་ཞིག་ནི་སུམ་ཅུ་པའི་དབུར་གསུངས་པའི་འགྱུར་ཕྱག་གམ་མཆོད་བརྗོད་དེ་དང་རྣམ་དབྱེའི་བསྟན་བཅོས་འདིའི་དབུར་བཀོད་པའི་འགྱུར་ཕྱག་འདི་ནི་ཤིན་ཏུ་འདྲ་བས་བསམ་བློ་གཏོང་ནས་དཔྱད་ཞིབ་བ་གྱི་འོས་སྙམ། ཡིག་ཚགས་འདིར་བཀོད་པ་ནི་འགྱུར་ཕྱག་འཁྲུལ་མེད་ཡིན་ཞེས་པ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཡིག་ཚགས་འདིའི་བསྒྱུར་གཞི་འགོས་ཆོས་གྲུབ་ཉིད་ནས་རྒྱ་ཡིག་ཏུ་བསྒྱུར་པ་དེ་ན་མི་སྣང་བས་སོ།། “ དེ་ཡང་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱི་དུས་སུ། འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་། མདོ་སྡེའི་སྡེ་སྣོད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་། མངོན་པའི་སྡེ་སྣོད་ཀྱི་དབུར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་བསྒྱུར་བྱའི་གཞུང་དེ་སྡེ་སྣོད་གསུམ་གྱི་གང་ཡིན་ཤེས་ཕྱིར་དེ་ལྟར་སྦྱོར་དགོས་པའི་བཀས་བཅད་པ་མཛད་དོ།།”⑥ཞེས་གསུངས་པ་བཞིན་ལོ་ཙཱ་བ་ཉིད་ཀྱིས་གཞུང་འདི་བསྒྱུར་བ་ལ་བར་ཆད་སོགས་མི་འདོད་པའི་རྐྱེན་མི་འབྱུང་པར་བགྱི་བ་བདེ་ལེགས་ངང་མཐར་ཕྱིན་པའི་ཆེད་དུ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་དང་ཆབས་ཅིག   བསྒྱུར་བྱའི་གཞི་དེ་ནི་སྡེ་སྣོད་གསུམ་ལས་མངོན་པ་ལ་གཏོགས་པ་གསལ་པོར་བསྟན་པ་ཡིན།
          2. བརྗོད་བྱའི་དོན་གྱི་ཆ་ནས་བཤད་པ། བསྟན་བཅོས་འདིའི་ནང་དོན་འདི་ནི་ཤིན་ཏུ་གོ་སླ་བ་སྟེ་ལྗོན་ཤིང་མཚན་གཞིར་དྲངས་ནས་རྣམ་དབྱེ་བརྒྱད་པོ་དཔེ་བརྗོད་དང་བཅས་ཀྱིས་བསྟན་པ་ཞིག་རེད། དེས་ན་སྐབས་འདིར་ལྗོན་ཤིང་མཚན་གཞིར་འཛིན་པའི་རྒྱུ་མཚན་དང་། དེ་དང་སཾསྐྲྀཏའི་བརྡ་སྤྲོད་གཞུང་ལུགས་བར་གྱི་འབྲེལ་བ། བོད་བཙན་པོའི་སྐབས་ཀྱི་བསྟན་བཅོས་གཞན་དག་དང་མངོན་གབ་གང་རུང་གི་འབྲེལ་བ་ཡོད་མེད་བཅས་རོབ་ཙམ་གླེང་ན། རང་རེའི་ཡི་གེ་དང་བརྡ་སྤྲོད་གཞུང་ལུགས་ནི་འཕགས་ཡུལ་གྱི་ཡི་གེ་གཞུང་ལུགས་ལ་བརྟེན་ནས་བྱུང་བ་ཀུན་གྱི་མཁྱེན་གསལ་ལྟར་ལགས་ལ། ལྗོན་ཤིང་དཔེ་རུ་བཞག་ནས་རྣམ་དབྱེ་སྟོན་པ་ནི་འཕགས་ཡུལ་བྱཱ་ཀ་ར་ཎའི་གཞུང་གི་དཔེ་སྟོན་ཁྱད་ཆོས་ཞིག་ཡིན་ཏེ། འཕགས་ཡུལ་གྱི་བྲམ་ཟེ་གྲགས་འབྱོར་གྱིས་མཛད་ལ་ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་བའི་ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ་⑦དང་། དུརྒ་སིདྷས་མཛད་ལ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་བའི་སྒྲའི་བསྟན་བཅོས་ཆ་བསགས་ཀྱི་མདོའི་འགྲེལ་བ་⑧སོགས་སུ་བྲྀཀྵཱཡ། ཤིང་གི་ཆེད་དུ། བྲྀཀྵཱ་ཊྲ། ཤིང་ལས། བྲྀཀྵཱ་སྱ། ཤིང་གི་ལྟ་བུ་དཔེ་རུ་བཞག་པ་ཤིན་ཏུ་མང་། ཁྱད་པར་དུ་འཕགས་ཡུལ་གྱི་འཕྲོག་བྱེད་བཟང་པོའི་མཛད་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་⑨ཞེས་བྱ་བར། བྲྀཀྵཱཿ ཤིང་། བྲྀཀྵཽ། ཤིང་དག བྲྀཀྵཿ ཤིང་རྣམས། ཞེས་པ་ནས་ཧེབྲྀཀྵཱཿ ཀྱེ་ཤིང་། ཧེབྲྀཀྵཽ། ཀྱེ་ཤིང་དག ཧེབྲྀཀྵཱཿ ཀྱེ་ཤིང་རྣམས། ཞེས་རྣམ་དབྱེ་དང་པོ་ནས་བརྒྱད་པའི་བར་གྱི་རྐྱེན་ཉེར་བཞིའི་དཔེ་བརྗོད་ལྗོན་ཤིང་མཚན་གཞིར་བཟུང་ནས་དྲངས་ཡོད། དེ་བས་བསྟན་བཅོས་འདིའི་ནང་དོན་དང་སྦྱར་ནས་བཤད་ན་སྤྱི་ལོ་དུས་རབས་བཅུ་གཅིག་པའི་སྔ་རོལ་ནས་བོད་ཀྱི་མཁས་པ་ཚོས་ལེགས་སྦྱར་གྱི་བརྡ་སྤྲོད་གཞུང་ལུགས་ལ་སྤང་བླང་གིས་བོད་རང་ལ་མི་མཁོ་བའི་རྣམ་དབྱེ་གཅིག་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་བཅས་ཚིག་གསུམ་དུ་འབྱེད་པའི་ཆ་དོར་ནས་བོད་རང་སྐད་དང་མཐུན་པའི་བརྡ་སྤྲོད་ཀྱི་མ་ལག་འཐུས་ཚང་དུ་འགྱུར་བར་འབད་བརྩོན་བྱེད་བཞིན་པ་གསལ་བོར་མངོན་བྱུང་། གཞན་ཡང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ལེགས་པར་བསྒྲིགས་པའི་བྱེ་བྲག་རྟོགས་བྱེད་ཆེན་མོའི་རྣམ་པར་དབྱེ་བའི་ཚིག་བདུན་གྱི་མིང་⑩ཞེས་པར། བྲྀཀྵཿ། བྲྀཀྵཽ། བྲྀཀྵཱཿ ཤིང་། ཤིང་དག ཤིང་རྣམས་སོགས་རྣམ་དབྱེ་བདུན་གྱི་དཔེ་བོད་ལ་ལེགས་སྦྱར་བཞིན་གཅིག་ཚིག་གཉིས་ཚིག མང་ཚིག་གི་རྣམ་པར་བསྒྱུར་ཡོད་པར་མ་ཟད། ལྕེ་ཁྱི་འབྲུག་གིས་མཛད་པའི་སྒྲའི་རྣམ་པར་དབྱེ་བ་བསྟན་པ་ལས། “གནས་བརྒྱད་ནི། དང་པོ་གང་ཡང་རུང་བའི་ས། གཉིས་པ་ལས་ཀྱི་ས། གསུམ་པ་བྱེད་པའི་ས། བཞི་པ་ཆེད་ཀྱི་ས། ལྔ་པ་འབྱུང་ཁུངས་ཀྱི་ས། དྲུག་པ་འབྲེལ་པའི་ས་། བདུན་པ་གནས་གཞིའི་ས། བརྒྱད་པ་བོད་པའི་སྒྲ་སྟེ་བརྒྱད་དོ།།”⑪ཞེས་རྣམ་དབྱེ་བརྒྱད་པོ་གསལ་པོར་བསྟན་པ་སོགས་སྔ་དར་སྐབས་སུ་བོད་མིས་བསྒྲིགས་པའམ་མཛད་པའི་བསྟན་བཅོས་ལས་རྣམ་དབྱེ་བརྒྱད་གསལ་པོར་གསུངས་ཡོད་པ་ལ་གཞིགས་ན། མ་མཐའ་ཡང་བཙན་པོ་རལ་བ་ཅན་སྤུན་མཆེད་ཀྱི་སྐུ་རིང་དུ་འཕགས་ཡུལ་གྱི་བརྡ་སྤྲོད་གཞུང་ལུགས་ལ་གདམ་གསེས་ཀྱིས་བོད་རང་སྐད་དང་མཐུན་པའི་རྣམ་དབྱེའི་དབྱེ་སྟངས་དང་བཀོལ་ཐབས་ཀྱི་གཞུང་ལུགས་ཆ་ཚང་བ་ཆགས་བཞིན་ཡོད་པར་འདོད་པ་མ་ཟད། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལས་གཞན་ཆེད་དུ་རྣམ་དབྱེའི་གཞུང་ལུགས་བརྗོད་པའི་བསྟན་བཅོས་ཤིག་ཀྱང་ཡོད་སྙམ།
          གཞན་ཡང་། རྗོད་བྱེད་ཀྱི་རྣམ་པའི་ཆ་ནས། “དང་པོ་དངོས་པོ་བསྟན་པ་ཡྀན།། གཉིས་པ་ལས་སུ་ཤེས་པར་བྱའ།། གསུམ་པ་བྱད་པ་བྱེད་པོ་ཡྀན།། བཞྀ་པ་གང་ཕྱིར་སྦྱན་བའ་ཡིན།།”ཞེས་པ་དང་སུམ་ཅུ་བའི་རྩ་བར་“ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི།། བཞི་བཞི་དག་ཏུ་དབྱེ་བ་ལས།། དང་པོ་གསུམ་པ་བཞི་པ་ལ།། མས་གཉིས་དྲུག་པའི་གསུམ་པ་དང་།། བདུན་པ་ལ་ནི་ཤ་མ་གཏོགས།”་ཞེས་པ་སོགས་བརྗོད་གཞིའི་ཐ་སྙད་བསྐྱར་ཟློས་སུ་འབྱུང་བ་སྤོང་ཆེད་རིམ་པ་ལྟར་བགྲངས་བའི་གྲངས་གནས་བཀོལ་སྤྱོད་ཀྱིས་རྗོད་ཐབས་ལག་ལེན་བྱས་པ་ཤིན་ཏུ་འདྲ་སྟེ། རྗོད་ཐབས་འདི་རིགས་ནི་གནའ་བོའི་རྒྱ་གར་གྱི་རྩོམ་སྟངས་ཡིན་པར་གོར་མ་ཆག་པས། ཡིག་ཚགས་འདིའི་རྗོད་བྱེད་ཀྱི་ཆ་ཁོ་ནས་ཀྱང་སུམ་རྟགས་གཉིས་ཀྱི་རྩ་གཞུང་གི་བྱུང་རིམ་ལ་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པར་སེམས།
          3. སྦྱོར་ཚུལ་བརྡ་སྤྲོད་ཀྱི་ཆ་ནས་བཤད་པ། ཡིག་ཚགས་འདི་ལ་ནི་ཚིག་གི་སྡེབ་སྦྱོར་ཕུན་སུམ་ཚོགས་པས་ངག་ལ་བདེ་ཞིང་རྣ་བར་སྙན་ལ་གོ་སླ་བ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་ཕྱིར་བོད་སྔ་རབས་ཀྱི་འགྱུར་ཡིག་ལས་ལེགས་པར་གྲུབ་པའི་དཔེ་མཚོན་ཀྱི་རང་བཞིན་ལྡན་ཞེས་ན་མི་འོས་པ་མེད་པར་སྣང་། ཡིག་ཚགས་འདི་རུ་བཀོལ་བའི་ཕྲད་གཞན་དབང་ཅན་གྱི་འཇུག་ཚུལ་ལ་དབྱེ་ཞིབ་ཙམ་བྱེད་ན། འབྲེལ་སྒྲའི་ཕྲད་འི་དང་གི་གཉིས་འཇུག་པ་ལ། འཇུག་པའྀ་ཞེས་པ་དང་། ཤིང་གི  ལྗོན་པའི། ལྷག་པའི། འབོད་པའི་ཞེས་པ་བཅས་ཐེངས་ལྔར་བྱུང་བ་དང་། རླུང་གིས་དང་ལྗོན་ཤིང་གིས་ཞེས་བྱེད་སྒྲ་ཐེངས་གཉིས་ལ་བྱུང་བ་ཚང་མའི་སྦྱོར་ལུགས་ནི་སུམ་ཅུ་བའི་རྩ་བར་“དང་པོ་ཉིད་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམས་ལ་གྱ་སྦྱར་བ།།”ཞེས་གསུངས་པའི་མིང་མཐའི་ཕྲད་འདྲེན་ཚུལ་དང་ཡོངས་སུ་མཐུན། ལ་དོན་ལས་ཕྲད་གཞན་དབང་ཅན་ར་དང་སུ་དང་དུ་བཅས་ཐེངས་ལྔ་བྱུང་ལ། དེ་དག་ཀྱང་ལེའུར་བྱས་པ།( མོ་ཡིས་མོ) གཞོ་ནུར་གྱུར།( མོ་ཡིས་མོ)རབ་དུ་ལྡེམ།(ཕོ་ཡིས་མོ) ལས་སུ་ཤེས།( ཕོ་ཡིས་མོ) དབང་དུ་(མོ་ཡིས་མོ)བྱས་བཅས་སུ་བྱུང་བ་ནི་སུམ་ཅུ་བར་“རྗེས་འཇུག་ཡི་གེ་བཅུ་བོ་ལས།། གང་མིང་མཐའ་ན་བཅུ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། གང་མིང་མཐའ་ན་བརྒྱད་པ་གནས།། དེ་ལ་གཉིས་པ་ཨུ་ཡང་སྦྱར།། གང་མིང་མཐའ་ན་གསུམ་པ་གནས།། དེ་ལ་ཨཱ་ལི་གཉིས་པ་སྦྱར།། བཞི་པ་དགུ་པ་དངོས་ཀྱང་སྟེ།། ལས་དང་ཆེད་དང་རྟེན་གནས་དང་།།དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།།”ཞེས་པ་དང་། རྟགས་འཇུག་ཏུ་“ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། མོ་ཡིས་མོ་ཡི་མིང་མཐའ་དྲང་། མ་ནིང་གིས་ནི་མ་ནིང་ངོ་།། མིང་མཐའ་དེ་དག་ཉིད་ཀྱིས་ནི།། དེ་ཉིད་རང་གི་སྒྲ་མཐུན་པའི།།”ཞེས་སོགས་རྟགས་མཚུངས་དང་སྒྲ་མཚུངས་འདྲེན་པའི་ལུགས་དང་མཐུན་ལ། ཁྱད་པར་དུ། རབ་དུ་ལྡེམ་ཞེས་པ་ལ་ཕྲད་དུ་ལས་ཏུ་མ་སྦྱར་པ་ལས་སུམ་ཅུ་བའི་རྩ་བར་ཏུ་མ་གསུངས་པ་དང་ཐུགས་མཐུན་དུ་སྣང་། གནས་གཞྀ་བསྟན་པ་སྟེ་ཞེས་ལྷག་བཅས་ཀྱི་ཕྲད་བྱུང་བ་དེ་ཡང་སུམ་ཅུ་བར་“ལ་དོན་སུ་ལ་ཨུ་ཕྱིས་ནས།། དེ་ལ་གསུམ་པའི་དང་པོ་སྦྱར།། དེ་ལ་ཨཱ་ལི་གསུམ་པ་སྦྱར།། དེ་ནི་ལྷག་མ་དང་བཅས་པའོ། །”ཞེས་གསུངས་པ་དང་གཉིས་སུ་མེད། མཇུག་བསྡུ་བའི་རྫོགས་ཚིག་རྗེས་འཇུག་ནའི་རྗེས་སུ་ནོ་སྦྱར་བ་ནི་རྩ་བའི་“རྗེས་འཇུག་ཡི་གེ་བཅུ་བོ་ནི།། མིང་གང་གི་ནི་མཐར་སྦྱར་བ།། དེ་ལ་ཨཱ་ལི་བཞི་པ་སྦྱར།། སླར་བསྡུ་བར་ནི་ཤེས་པར་བྱ་”ཞེས་པ་དང་མཐུན། འབོད་སྒྲ་ཀྱེ་སྦྱར་བའང་རྩ་བར་“གང་མིང་བརྗོད་པའི་དང་པོ་རུ།། ཀྱེ་སྦྱར་བ་ནི་བོད་པ་ཡིན” ཞེས་པ་དང་ཀུན་ནས་མཚུངས། གཞན་ཡང་ཡིག་ཚགས་འདིའི་སྔོན་འཇུག་གི་འཇུག་ཚུལ་དུ་ཕོ་ཡིག་མ་ནིང་ལ་འཇུག་པ་སོགས་མེད་པར། “ཕོ་ནི་ཕོ་དང་མོ་ལ་འཇུག། མོ་ནི་མོ་དང་མ་ནིང་ལ། མ་ནིང་ཡང་ནི་ཕོ་མོ་ལའོ།། ཤིན་ཏུ་མོ་ནི་མ་ནིང་།། མོ་དང་ཤིན་ཏུ་མོ་ཉིད་ལའོ་”ཞེས་རྟགས་འཇུག་ཏུ་གསུངས་པ་དང་ཡོངས་སུ་མཐུན་ནོ།།
          མདོར་ན་ཡིག་ཚགས་འདིར་གུག་གུ་ཕྱིར་ལོག་མིན་དབྱེར་མེད་དུ་སྤྱོད་པ་དང་། རྗེས་འཇུག་འ་མངོན་དུ་འབྲི་བ། ཡང་འཇུག་མ་བསྡུས་པ་བཅས་གནའ་བོའི་ཡི་གེའི་ཁྱད་ཆོས་འབུར་དུ་ཐོན་མོད། འོན་ཀྱང་གོང་ནས་གླེང་ཟིན་ལྟར་ཚིག་ཕྲད་གཞན་དབང་ཅན་གྱི་སྦྱོར་ཚུལ་དང་། སྔོན་འཇུག་གི་འཇུག་ཚུལ་བཅས་ཡི་གེ་སྦྱོར་བའི་ཕྱོགས་ཡོངས་ལ་ཞིབ་ཏུ་བརྟག་ན། སུམ་རྟགས་ཀྱི་རྩ་བ་དང་མི་མཐུན་པའི་ཆ་ཙམ་མཐོང་རྒྱུ་མེད་པས་ཡིག་ཚགས་འདི་ནི་སུམ་ཅུ་བ་དང་རྟགས་འཇུག་སོགས་བརྡ་སྤྲོད་གཞུང་ལུགས་ཀྱི་སྤྱི་འགྲོས་ལ་བརྟེན་ནས་འགྱུར་བར་བསྙོན་དོན་མེད་སྙམ། 
          བཞི་པ། རིན་ཐང་གལ་ཆེན།
          ཡིག་ཚགས་འདི་ནི་ཏུན་ཧོང་ཡིག་ཚགས་ཀྱི་གྲས་ཡིན་ཕྱིར་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ཡན་གྱི་ཡིག་ཆ་ཡིན་པར་བསྙོན་དུ་མེད། དེ་བས་ཡིག་ཚགས་འདི་ལ་ལོ་རྒྱུས་དང་གཞུང་ལུགས་སོགས་ཕྱོགས་མང་པོ་ནས་རིན་ཐང་གལ་ཆེན་ལྡན་ཏེ། མདོར་ན།
          1. བརྡ་སྤྲོད་གཞུང་ལུགས་ཀྱི་རིན་ཐང་། རིན་ཐང་འདི་ནི་ཡིག་ཚགས་ཀྱི་བརྗོད་བྱའི་དོན་གྱི་ཆ་ནས་བཤད་པ་ཡིན་ཏེ། དེ་ཡང་གནས་བརྒྱད་ཆེན་པོའི་རྩ་བ་རུ་“སྐད་ནི་གནས་བརྒྱད་དེ། བྱེད་པའི་གནས་དང་། བསྡུ་བའི་གནས་དང་། སྒྱུར་བའི་གནས་དང་། དྲང་བའི་གནས་དང་། འཇུག་པའི་གནས་དང་། རྣམ་པར་དབྱེ་བའི་གནས་དང་། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་སོ་”⑫ཞེས་གསུངས་པ་བཞིན་རྣམ་དབྱེ་ནི་བརྡ་སྤྲོད་པའི་གཞུང་ལུགས་ལས་གནས་བརྒྱད་ཀྱི་ནང་གསེས་སུ་འདུ་བ་ཡིན་ལ། བརྡ་སྤྲོད་པའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའང་སྨོས་མེད་རེད། ཡིག་ཚགས་འདིར་“འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ” ཞེས་པའི་མཚན་བྱང་དང་། དེ་ནས་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་བ། མཐའ་མའི་རྫོགས་ཚིག་བཀོད་པ་བཅས་མགོ་མཇུག་ཆ་ཚང་བའི་ཁྱད་ཆོས་གཞིར་བཟུང་ན། འདི་ནི་བསྟན་བཅོས་ཆེན་པོ་ཞིག་གི་ནང་ཚན་ལེའུ་བྱས་པའམ་ཡང་ན་གཞུང་ལུགས་ཆ་ཚང་ཞིག་གི་མ་ལག་རང་རྐྱ་ཐུབ་པ་ཞིག་ཡིན་འདུག དེས་ན་བོད་བཙན་པོའི་སྐབས་སུ་ལོ་ཙཱ་བ་ཆེན་པོ་འགོས་ཆོས་གྲུབ་དང་ལྕེ་ཁྱི་འབྲུག་ལ་སོགས་པས་འཕགས་ཡུལ་གྱི་བརྡ་སྤྲོད་གཞུང་ལུགས་ནང་འདྲེན་བྱས་ནས་རང་རེའི་བརྡ་སྤྲོད་གཞུང་ལུགས་འཐུས་ཚང་དང་ཕུན་ཚོགས་སུ་བཏང་བ་རེད་མོད། འོན་ཀྱང་ཡི་གེའི་གནས་བརྒྱད་དང་འཇུག་པའི་སྒྲ་བརྒྱད་བཅས་ཚིག་ཏུ་གྲུབ་བྱེད་རྣམ་དབྱེ་གཙོ་བོར་བརྗོད་པའི་བསྟན་བཅོས་ལས་མིང་གྲུབ་བྱེད་ཀྱི་ཡི་གེའི་སྦྱོར་བ་གནད་དུ་མ་བཟུང་བར་རྒྱུ་མཚན་ཡོད་དམ་ཞེ་ན། ཡོད་པར་འདོད་དེ། སྐབས་དེ་དག་ཏུ་ཡི་གེའི་སྦྱོར་བ་སྟོན་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཡོད་པ་གཞིར་བྱས་ནས། ཚིག་གི་སྦྱོར་བའི་བསྟན་བཅོས་བསྒྱུར་ནས་གཞུང་ལུགས་ནང་འདྲེན་གྱིས་རང་རིགས་ཀྱི་རིག་གཞུང་འཐུས་ཚང་དུ་བཏང་བ་རེད། དེ་ཡང་ཕྱིར་ཕྱོགས་ནས་དཔྱད་ན། རྩ་བ་གཉིས་སུ་རྣམ་དབྱེ་སོགས་ཡི་གེའི་གནས་བརྒྱད་གསལ་བོར་མ་གསུངས་པའི་རྐྱེན་གྱིས་རེད་སྙམ། དེ་ནས་རིམ་གྱིས་རང་རེའི་བརྡ་སྤྲོད་པའི་གཞུང་ལུགས་འཐུས་ཚང་དུ་སོང་ནས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཡོད་པར་གྲགས་པའང་དོན་ལ་་གནས་པར་སྣང་། གང་ལྟར་ཡང་། རྣམ་དབྱེའི་རིག་གཞུང་ནི་བརྡ་སྤྲོད་གཞུང་ལུགས་ཀྱི་ནང་ཚན་གལ་ཆེན་ཞིག་ཡིན་ལ། རང་རེ་ནས་ཀྱང་སྔ་མོ་ནས་ནང་འདྲེན་དང་དང་ལེན་བྱས་པ་ཤིན་ཏུ་གསལ།
          2. ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་། ཡིག་ཚགས་འདི་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་རིན་ཐང་གལ་ཆེན་ལྡན་ཏེ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་ཏུན་ཧོང་བོད་ཡིག་ཡིག་ཚགས་དང་ས་སྐྱ་པཎ་ཆེན་གྱི་ཡི་གེའི་སྦྱོར་བ་གཞིར་བཟུང་ནས། རྩ་བ་གཉིས་ནི་ས་སྐྱ་པཎ་ཆེན་གྱི་སྐུ་རིང་དུ་བྱུང་བར་འདོད་པ་⑬ཡིན་མོད། འོན་ཀྱང་། ཏུན་ཧོང་ཡིག་ཚགས་བྱ་བ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ལ་ཡིག་ཆའི་གྲངས་འབོར་མང་པོའི་ཡིག་ཚགས་ཁྱད་པར་ཅན་ཁག་ཅིག་ལ་ཞེས་པ་ཡིན་པས། ཡིག་ཚགས་ཁག་ལ་དུས་སྔ་ཕྱིའི་ཁྱད་པར་དང་། འཕེལ་འགྱུར་གྱི་ཆོས་ཉིད་ལྡན་པར་མཐོང་ཆེན་མི་བྱེད་ཀ་མེད་རེད། དེ་ལྟ་མ་ཡིན་པར་བྱེ་བྲག་པའི་ཡི་གེའི་སྦྱོར་ཚུལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་དེ་ཏུན་ཧོང་ཡིག་ཚགས་སྤྱིའི་ཁྱད་ཆོས་སུ་འདོད་པ་ནི་ཤིན་ཏུ་ནས་མི་འཚམ་པས་སྤོང་འོས། ཏུན་ཧོང་ཡིག་ཚགས་ལས་བྱུང་དུས་ཅུང་སྔ་བའི་ཡིག་ཚགས P. T. 0016 དང་P. T. 1287 P. T. 1288ལྟ་བུ་སོགས་སུ་རྩ་བ་གཉིས་དང་མི་མཐུན་པའི་སྔོན་འཇུག་གི་འཇུག་ཚུལ་ཡོད་པས་སྐབས་དེ་དག་ཏུ་རྩ་བ་གཉིས་བྱུང་ཡོད་མེད་ལ་བསམ་བློ་བཏང་ན་མི་ཆོག་པ་མེད་ཀྱང་། ཡིག་ཚགས་P. T.783 དང་P. T. 0509 ལྟ་བུའི་བྱུང་དུས་ནི་ཅུང་འཕྱི་བས་བརྡ་སྤྲོད་ཀྱི་སྦྱོར་ལུགས་རྩ་བ་གཉིས་དང་ཡོངས་སུ་མཐུན། ཁྱད་པར་དུ་འགོས་ཆོས་གྲུབ་མཆོག་ནས་བསྒྱུར་ལ་ད་ལྟ་ཏུན་ཧོང་ཡིག་ཚགས་ཁྲོད་བཞུགས་པའི་P. T. 783དང་།Ρ. Τ. 770 Ρ. Τ. 0501 Ρ. Τ. 0507 Ρ. Τ. 0509 P. T. 0511 སོགས་སུ་ཚིག་ཕྲད་ཀྱི་ཐོབ་ཐང་མི་མཐུན་པ་རེ་གཉིས་ལས་གཞན་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་སུམ་རྟགས་ཀྱི་རྩ་བ་དང་ཡོངས་སུ་མཐུན་ཏེ། དེ་བས་བརྡ་སྤྲོད་ཀྱི་བསྟན་བཅོས་འདི་ལ་རྗོད་བྱེད་ཕུང་པོ་ཤིན་ཏུ་ཆུང་བས་གསལ་བྱེད་ཀྱི་རིན་ཐང་ཞན་པར་འདོད་པ་བཟློག་ཆེད། འདིར་ནི་ཆེད་དུ་ཡིག་ཚགས་ཀྱི་ཕུང་པོ་འབོར་ཆེ་བ་མཛངས་བླུན་ཞེས་བྱ་བའི་མདོ་ལ་དབྱེ་ཞིབ་མདོར་ཙམ་བྱེད་ན། ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཨང་རྟགས་P. T. 943 པ་ནི་མཛངས་བླུན་ཞེས་བྱ་བའི་མདོ་ལས་ལེའུ་སོ་བརྒྱད་ནས་ཞེ་དགུའི་བར་གྱི་དུམ་ཚན་ཏེ། ཤོག་བུ་སྣ་རིང་གི་སྟེང་དུ་བྲིས་འདུག་ལ་ཁྱོན་སྡོམ་ཤོག་ངོས་དོན་དྲུག་ཡོད་ལ་ཤོག་ངོས་རེར་ཐིག་ཕྲེང་དྲུག་རེ་དང་ཐིག་ཕྲེང་རེར་ཆ་སྙོམ་གྱི་ཚེག་བར་ཞེ་ལྔ་རེ་ཡོད་པའི་ཡིག་ཚགས་ཅུང་རིང་པོ་ཞིག་རེད། ཡིག་ཚགས་དེ་རུ་རྗེས་འཇུག་འ་དངོས་སུ་སྣང་བ་དང་གུག་གུ་ཕྱིར་ལོག སྐུང་ཡིག་བཅས་སྤྱད་ཡོད་པར་མ་ཟད། ལ་སོགས་ལ་སྩོགས་དང་། དབང་ཐང་ལ་དབང་ཏང་། བྱང་ཆུབ་ལ་བྱང་ཅུབ་ཏུ་བྲིས་པ་སོགས་གནའ་ཡིག་གི་ཁྱད་ཆོས་མངོན་པར་ལྡན་མོད། འོན་ཀྱང་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་ལུགས་ཀྱིས་ཞིབ་ཏུ་ཀློག་ཅིང་དཔྱད་ན། ཡིག་ཚགས་དེའི་ཐིག་ཕྲེང་103པར་སྤྲེའུ་ཞིག་གིས་བཅོམ་ལྡན་འདས་མཐོང་ནས་དགའ་སྤྲོའི་རྣམ་པ་ཞིབ་འབྲི་བྱེད་སྐབས། “དགའ་སྟེ་མཅྀངས”ཞེས་རྟགས་འཇུག་གི་དགོངས་དོན་དང་མི་མཐུན་པའི་སྔོན་འཇུག་མ་སྟེ་མོ་ཡི་ཡི་གེ་ནི་རྨང་གཞི་ཅ་སྟེ་ཕོ་ཡི་ཡི་གེ་ལ་འཇུག་པའི་ཡིག་འབྲི་གཅིག་མཆིས་པ་མ་གཏོགས་གཞན་ཐམས་ཅད་སུམ་རྟགས་གཉིས་ཀྱི་ཡི་གེའི་སྦྱོར་ཚུལ་དང་ཡོངས་སུ་མཐུན། སྐབས་དེར་“དགའ་སྟེ་མཅྀངས”ཞེས་པའི་“མཅྀངས”ཀྱི་ནང་དོན་དང་བསྟན་བྱ་ཅི་ཡིན་བརྗོད་དཀའ་ཡང་།  དེ་ནས་ཡིག་ཚགས་དེའི་ཐིག་ཕྲེང་115ན་ཡང་བསྐྱར་སྤྲེའུ་ཡི་རྣམ་འགྱུར་དེ་ཕྱིར་དྲན་བྱེད་སྐབས་“དགའ་ནས་མཆོངས”ཞེས་བྲིས་ཡོད་པས་ཐ་སྙད་དེའི་གོ་བ་ཡང་དག་པར་ལེན་ཐུབ་སྟེ། “མཅྀངས”ཀྱི་བསྟན་དོན་“མཆོངས་” ཡིན་པ་ཤེས་པར་མ་ཟད། “མཅྀངས”ནི་མ་མཆོངས”ཀྱི་བྲིས་ནོར་ཡིན་པའང་གསལ་བོར་ཤེས། ཡིག་ཚགས་དེ་ནི་ལག་བྲིས་ཡིན་གཤིས་སྒྲ་མི་སྙན་ལ་སྒྲ་སྙན་དང་། རྔོན་པ་ལ་རྔོད་པ། ཚད་མྱེད་པ་ལ་ཆེད་མྱེད་པ། མགྱོགས་ལ་བགྱོགས་སོགས་ཡིག་མཁན་གྱིས་བྲིས་ནོར་མང་དག་ཅིག་འདུག་པས་ཀྱང་ར་སྤྲད། མདོར་ན། དུས་རབས་དགུ་བའི་དཀྱིལ་ཙམ་དུ་རང་རེའི་ཡིག་གེར་འགྱུར་བའི་བརྡ་སྤྲོད་པའི་བསྟན་བཅོས་འདི་ལས། སྐབས་དེའི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་རྩོམ་འབྲིའི་ཆུ་ཚད་མངོན་པར་མཚོན་ཐུབ་པར་མ་ཟད། རང་རེའི་བརྡ་སྤྲོད་གཞུང་ལུགས་ཀྱི་འཕེལ་རིམ་ཞིག་ཀྱང་གསལ་བཤད་བྱས་བྱུང་ངོ་།།
          3. ད་ལྟར་མཇུབ་སྟོན་དང་དཔེ་ལྟའི་རིན་ཐང་། ཡིག་ཚགས་འདི་ནི་ད་བར་དུ་ཏུན་ཧོང་ཡིག་ཚགས་ཁག་མང་པོ་ལེགས་སྒྲིག་བྱས་པ་ལས་མཐོང་བའི་བརྡ་སྤྲོད་གཞུང་ལུགས་དངོས་བསྟན་གྱི་ཡིག་ཆའི་ཐོག་མ་ཡིན་གཤིས། གཞུང་ལུགས་དང་ལོ་རྒྱུས་ཀྱི་རིན་ཐང་ལས་གཞན་ད་ལྟའང་ད་དུང་རང་རེའི་བརྡ་སྤྲོད་ལ་མཛུབ་སྟོན་གྱི་རིན་ཐང་གལ་ཆེན་ལྡན་སྙམ། གཅིག་ཏུ་རྣམ་དབྱེ་ནི་བརྡ་སྤྲོད་རྣམ་གཞག་གི་གྲུབ་ཆ་གཙོ་གྲས་ཡིན་ཕྱིར་གནའ་ནས་ད་བར་དུ་བྱོན་པའི་བརྡ་སྤྲོད་སྨྲ་བ་མང་པོས་ཞིབ་དཔྱད་གནང་ཡོད་མོད། འོན་ཀྱང་རྣམ་དབྱེ་གཉིས་པ་དང་བཞི་པའི་ཁྱད་པར་ཐད་སྔོན་བྱོན་མཁས་པས་ལྟ་ཚུལ་མི་མཐུན་པ་གླེང་བས་གཅིག་གཅོད་བྱ་དཀའ་ཡང་། ཡིག་ཚགས་འདི་བཞིན་དགོས་ཆེད་སྟོན་པའི་སྒྲ་“ཕྱིར་” དངོས་སུ་བསྟན་ན་བཞི་པ་ཡིན་མིན་ལ་ཐེ་ཚོམ་མེད། དེ་བས་“ཆེད་དུ་”དང་“ཕྱིར་དུ།”“དོན་དུ་”ལྟ་བུ་དགོས་ཆེད་ཀྱི་སྒྲ་སྦྱར་བ་རྣམས་ནི་བཞི་པ་དང་གཞན་རྣམས་ནི་གཉིས་པར་བཞག་ན་མི་འགྲིག་པ་མེད་སྙམ་སྟེ། བྱཱ་ཀ་ར་ཎའི་གཞུང་ཀཱ་ཙན་དབྱངས་གསུམ་དུ་བཞི་པའི་དཔེ་ལ་ལྷའི་ཆེད་དུ། ལྷ་དག་གི་ཆེད་དུ། ལྷ་རྣམས་ཀྱི་ཆེད་དུ་ཞེས་དགོས་ཆེད་གསལ་བྱེད་ཀྱི་སྒྲ་དངོས་སུ་བསྟན་ཡོད་པས་སོ།། གཉིས་སུ་བོད་བཙན་པོའི་སྐབས་སམ་སིལ་བུར་ཐོར་བའི་དུས་སྐབས་དེ་དག་ཏུ་ལོ་པཎ་མཁས་བཙུན་མང་པོས་རང་རེའི་བརྡ་སྤྲོད་ཀྱི་གཞུང་འདིའི་ཆ་ཡོངས་སུ་རྫོགས་ཆེད། འཕགས་ཡུལ་གྱི་བརྡ་སྤྲོད་པའི་རྣམ་གཞག་གི་ཚུལ་ལ་གཞིགས་ནས་བླང་དོར་ཅི་རིགས་ཀྱི་སྒོ་ནས་སྐབས་དེའི་སྐད་ཆ་དང་འཚམ་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཞིབ་ཚགས་གཏན་ལ་ཕབ་པ་རེད། དེས་ན་ད་ལྟ་ང་ཚོས་མི་ལོ་ཆིག་སྟོང་སྔོན་གྱི་བརྡ་སྤྲོད་ཀྱི་ཡིག་ཆ་འདི་ལ་བལྟས་ན་སྐབས་དེར་ལོ་པཎ་རྣམ་པས་དཀའ་ངལ་ཁྱད་དུ་བསད་པའི་སྤོབས་པ་དང་རྣམ་གཞག་གཏན་ལ་ཕབ་པའི་ལྷག་བསམ་སོགས་མིག་ལམ་དུ་གསལ་ལེར་འཆར་ཐུབ་པ་མ་ཟད། དཔེ་སྟོན་དེ་ལས་དེང་སང་བོད་ཀྱི་སྐད་ཆ་ཡུལ་སྐད་ཆེན་པོ་གསུམ་དང་བྱེ་བྲག་དུ་མར་གྱེས་བ་དང་། སྐད་ཆ་དང་བརྡ་སྤྲོད་གཞུང་ལུགས་ཀྱི་བར་ཐག་ཇེ་ཆེར་འགྲོ་བཞིན་པའི་སྣང་ཚུལ་ལ་བསམ་གཞིགས་བཅོས་བསྒྱུར་གྱི་ལྷག་བསམ་དང་། སྙིགས་དོར་བཅུད་ལེན་གྱི་བློ་སྟོབས། ཁ་ཚ་དགོས་གཏུགས་ཀྱི་སྐུལ་འདེད་བཅས་རིན་ཐང་གལ་ཆེན་ལྡན་པར་སྙམ།
          མཇུག་བྱང་། 
          འགོས་ཆོས་གྲུབ་མཆོག་ནས་འགྱུར་བའི་བསྟན་བཅོས་འདིའི་བརྗོད་བྱ་དང་། རྗོད་བྱེད། རྗོད་ཚུལ་བཅས་ཕྱོགས་གང་ནས་བརྟག་ཀྱང་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པར་མ་ཟད། སུམ་རྟགས་གཉིས་ཀྱི་རྩ་གཞུང་བྱུང་བའི་དུས་རིམ་མཚོན་བྱེད་ཀྱི་ཡིག་ཚགས་གལ་ཆེན་ཞིག་ཀྱང་ཡིན། སྔ་དུས་སུ་ནི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཆ་ཚང་ལ་མཇལ་བའི་གོ་སྐབས་དབེན་ཕྱིར་ཕྱོགས་ཡོངས་ནས་དཔྱད་པ་གཏོང་རྒྱུའང་ནམ་མཁའི་མེ་ཏོག་རྗེས་སུ་འཁུམ་མོད། འོན་ཀྱང་། དེང་སང་གནའ་རབས་ཀྱི་ཡིག་ཚགས་དེ་དག་ལ་དཔྱད་ཞིབ་ཀྱི་གོ་སྐབས་ཡངས་པོ་ཀུན་ལ་ཐོབ་པས། ཡིག་ཚགས་དེ་དག་ལ་བལྟས་ན་སྤྱི་ལོ་དུས་རབས་བརྒྱད་པ་ནས་བཅུ་གཅིག་བར་དུ་བྲིས་པ་ཤ་སྟག་ཡིན་པས་བྱུང་དུས་ཀྱི་ཆ་ནས་སྔ་ཕྱི་འབྱེད་འོས་ཏེ། དཔེར་ན། P. T. 1287དང་། P. T. 1288ཞིན་ཅང་ནས་ཐོན་པའི་ཁྲམ་ཤིང་⑭ཁག་བཅས་ཀྱི་བྱུང་དུས་ཅུང་སྔ་བས། སྔོན་འཇུག་གི་འཇུག་ཚུལ་མི་མཐུན་པའི་ཁྱད་ཆོས་ལྡན་ཡང་། བཙན་པོ་རལ་པ་ཅན་གྱི་སྐུ་དུས་ཀྱི་དབོན་ཞང་རྡོ་རིང་དང་འགོས་ཆོས་གྲུབ་ཀྱིས་འགྱུར་མ་སོགས་ལ་དབྱེ་ཞིབ་བགྱིས་ན་བརྡ་སྤྲོད་ཀྱི་ཁྱད་ཆོས་རྩ་བ་གཉིས་དང་ཐུགས་མཐུན་དུ་སྣང་ངོ་།།
          མཆན་འགྲེལ།
①《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་10 པར་བསྐྲུན། ཤོག་ངོས་197 ན།
②དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ལས་སི་ཐན་དབྱིན་གྱི་ཨང་རྟགས་Ch. 0003པ།
③བསྟན་འགྱུར་དཔེ་བསྡུར་མའི་པོད115ཡི་ཤོག་ངོས་443ན། 2004 ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
④གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《གསེར་ཏོག་སུམ་རྟགས་》ཀྱི་ཤོག་ངོས་1 ན། 1995ལོའི་ཟླ་10 པར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑤གཙུག་ལག་ཆོས་ཀྱི་སྣང་བ།   《སུམ་རྟགས་འགྲེལ་ཆེན་》གྱི་ཤོག་ངོས་1 ན། 2005ལོའི་ཟླ་9 པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑥པྲ་ཏི་རིན་ཆེན་དོན་འགྲུབ། 《སུམ་རྟགས་དགོངས་འགྲེལ་》གྱི་ཤོག་ངོས་4ན། 1987ལོའི་ཟླ་6 པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑦ཚེ་བརྟན་ཞབས་དྲུང་།  《ཐོན་མིའི་ཞལ་ལུང་》  གི་ཤོག་ངོས་59ན། 1980ལོའི་ཟླ་11པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑧བསྟན་འགྱུར་དཔེ་བསྡུར་མ། པོད་109 པའི་ཤོག་ངོས་298ན། 2005ལོའི་ཟླ་1པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑨བསྟན་འགྱུར་དཔེ་བསྡུར་མ། པོད་109ཡི་ཤོག་ངོས་100དང་། 2005ལོའི་ཟླ་1པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑩བསྟན་འགྱུར་དཔེ་བསྡུར་པོད་108ཡི་ཤོག་ངོས་1041དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་བསྒྱུར།2005ལོའི་ཟླ་1 པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑪བསྟན་འགྱུར་དཔེ་བསྡུར་མ་པོད་115བའི་ཤོག་ངོས་74ནས་75ན། 2004 ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑫བསྟན་འགྱུར་དཔེ་བསྡུར་མའི་པོད་115་ཡི་ཤོག་ངོས་443ན། 2004 ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑬བསྟན་འགྱུར་དཔེ་བསྡུར་མ། པོད་115བའི་ཤོག་ངོས་407ན། 2004 ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑭《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》ལས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ། 2007ལོའི་ཟླ་10 པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།
⑮ བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་སྒྱུར་འགྲེལ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》 2003ལོའི་ཟླ་12 པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།