དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་བརྒྱུད་ནང་བསྟན་གྱིས་བོད་ཀྱི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ཅུང་ཟད་གླེང་བ།

སྤེལ་དུས 2020-06-16 ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། རྩོམ་པ་པོ། མཁའ་འགྲོ་བདེ་སྐྱིད།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་ནང་བསྟན་བོད་ལ་དར་རྗེས་བོད་ཀྱི་རྩོམ་རིག་སྟེ་སྙན་ངག་དང་རྟོགས་བརྗོད།  དམངས་རྩོམ།  ཆོས་འབྱུང་ལོ་རྒྱུས་སོགས་ལ་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བར་ཤུགས་རྐྱེན་ཐེབས་ཡོད་ལ།  ལྷག་པར་དུ་ནང་བསྟན་བོད་ལ་དར་རྗེས་བོད་ཀྱི་གནའ་རབས་བརྩམས་སྒྲུང་དང་སྙན་ངག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པའི་སྐོར་ལ་དཔྱད་པ་ཅུང་ཟད་བཏང་ཡོད། 
[གནད་ཚིག]  ནང་བསྟན་ཆོས་ལུགས།  གནའ་རབས་བརྩམས་སྒྲུང་། སྙན་ངག  ཤུགས་རྐྱེན།
གླེང་གཞི།
          མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད།  རང་རེའི་བོད་མི་རིགས་འདི་འཛམ་གླིང་གི་མི་རིགས་གཞན་པ་དང་བསྡུར་ཚེ།  སྲིད་འབྱོར་རིག་གསུམ་དང་ཡུལ་སྲོལ་གོམས་གཤིས།  ས་རྒྱུས་ཁོར་ཡུག་སོགས་ཕྱོགས་གང་ཐད་ནས་དེ་དག་དང་ཁྱད་པར་མངོན་གསལ་ཡོད་ལ།  ཁྱད་པར་དུ་དེ་དག་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་ཡུན་རིང་མོའི་ནང་བོད་མི་རིགས་རང་གི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་འཚོ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་སོང་ཡོད་སྟབས། སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པའི་བོད་ཀྱི་གནའ་རབས་རྩོམ་རིག་ལ་མཚོན་ནའང་།  དེ་ལ་བཤོལ་ཐབས་མེད་པའི་སྒོ་ནས་རང་མི་རིགས་ཀྱི་ཁྱད་རྟགས་བསུབ་ཏུ་མེད་པ་ཞིག་བཏབ་ཡོད་པ་མངོན་སུམ་གྱི་ཆོས་སུ་སྣང་།  རང་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་ནི་འཛམ་གླིང་གི་རྩོམ་རིག་སྒྱུ་རྩལ་གྱི་བང་མཛོད་ནང་གི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་དང་།  ཡུན་རིང་ལ་ངལ་རྩོལ་བྱས་པའི་བརྒྱུད་རིམ་ཁྲོད་རིམ་བཞིན་གསར་བཏོད་དང་འཕེལ་རྒྱས་བྱུང་བའི་ཕུལ་བྱུང་རྩོམ་རིག་ཉག་ཅིག་ཏུ་གྲུབ་ཡོད་ཙ་ན།  དེས་འཛམ་གླིང་རྩོམ་རིག་སྒྱུ་རྩལ་དོ་རའི་ནང་གལ་ཆེའི་གོ་གནས་བཟུང་ཡོད་པ་སྨོས་ཅི་དགོས།  དཔེར་ན།  བོད་མི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ《གེ་སར་རྒྱལ་པོའི་སྒྲུང》གིས་འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་གྱི་གོ་གནས་བཟུང་ཡོད་པར་མ་ཟད། ཤར་ཕྱོགས་ཀྱི་དབྱི་ལི་ཡ་ཐེ་སོགས་དང་འདྲ་བའི་མཚན་སྙན་ཡང་བླངས་ཡོད། གཞན་ཡང་བོད་ཀྱི་ཤེས་རིག་གི་བང་མཛོད་དུ་གྲགས་པའི《བཀའ་འགྱུར》 པོད108དང་།  《བསྟན་འགྱུར》པོད225ཡོད་པ་དེ་དག་ནང་ཆུང་སར་སྒྲུང་དང་སྙན་ངག ལེགས་བཤད་སོགས་རྩོམ་རིག་འདུས་ཡོད་ལ་ཆེ་སར་རིག་གནས་ཆེ་ཆུང་བཅུ་འདུས་ཡོད།    དེ་དག་གིས་ང་ཚོའི་མེས་པོ་རྣམས་ལ་བློ་གྲོས་དང་གསར་གཏོད་ཀྱི་འཇོན་ཐང་མངའ་བ་ར་སྤྲོད་བྱས་ཡོད།   དཔྱད་རྩོམ་འདིར་ཡང་བོད་ཀྱི་རྩོམ་རིག་སྤྱི་དང་སྒོས་སུ་བོད་ཀྱི་གནའ་རབས་བརྩམས་སྒྲུང་དང་སྙན་ངག་ལ་ནང་བསྟན་གྱིས་ཤན་ཞུགས་པའི་སྐོར་ལ་དཔྱད་པ་ཉུང་ངུ་ཙམ་གཏོང་རྒྱུ་ཡིན།
          དང་པོ།  ནང་བསྟན་གྱིས་བོད་ཀྱི་གནའ་རབས་བརྩམས་སྒྲུང་ལ་ཐེབས་པའི་ཤུགས་རྐྱེན་བཤད་པ།
          སྤྱིར་བརྩམས་སྒྲུང་གང་དང་གང་ཞིག་ཡིན་རུང་མི་སྣ་ཕན་ཚུན་བར་གྱི་འགལ་འདུ་དང་།  རྙོག་འཛིང་ཆེ་ལ་འཕེལ་རིམ་ཡོད་པའི་བྱུང་རིམ།  བརྩམས་སྒྲུང་ནང་གི་མི་སྣ་དེ་དག་འཚར་ལོངས་འབྱུང་སའི་སྤྱི་ཚོགས་སམ་རང་བྱུང་གི་ཁོར་ཡུག་སོགས་ནི་མེད་དུ་མི་རུང་བ་ཞིག་ཡིན།  འོན་ཀྱང་བོད་ཀྱི་བརྩམས་སྒྲུང་ལ་མཚོན་ན་གནའ་རབས་བརྩམས་སྒྲུང་དང་དེང་རབས་བརྩམས་སྒྲུང་གཉིས་སུ་དབྱེ་ཡོད་པ་སྟེ།  གནའ་དེང་གི་བརྩམས་སྒྲུང་ཕྱོགས་གཉིས་ཀྱི་དབྱེ་བ་ནི་གཙོ་བོ་ནང་དོན་ནམ་བརྗོད་བྱའི་ཆ་དང་དུས་ཀྱི་སྔ་ཕྱིའི་ཆ་ནས་དབྱེ་བ་ནི་གོར་མ་ཆག འོ་ན་དེ་གཉིས་ཀྱི་དུས་ཀྱི་ཐད་ནས་མི་འདྲ་ས་ནི་གང་ཡིན་ཞེ་ན།  《དུས་རབས་གསར་པའི་བོད་ཀྱི་སྒྲུང་གཏམ་ལ་དཔྱད་པ་བློ་གསལ་དགྱེས་པའི་དགའ་སྟོན》ལས། དུས་རབས་གསར་པའི་བོད་ཀྱི་སྒྲུང་གཏམ་ཐུང་གྲས་ནི་ལོ་རབས་བདུན་ཅུའི་མཇུག་ཙམ་དུ་དོན་གྲུབ་རྒྱལ་གྱི《པད་མཚོ》དང《འབྲུག་མཚོ》 སོགས་ཀྱིས་མཚོན་པའི་སྒྲུང་གཏམ་ཐུང་ངུ་ཁག་ཅིག 《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་པ་ནས་བཟུང་མགོ་བརྩམས་ཞེས་པ་ལ་བལྟས་ན་བོད་ཀྱི་དེང་རབས་བརྩམས་སྒྲུང་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་ནང་དོན་གྲུབ་རྒྱལ་སོགས་ཀྱིས་མཚོན་བྱེད་རང་བཞིན་ལྡན་པའི་སྒྲུང་ཐུང་དག་བྱུང་བ་ནས་མགོ་བརྩམས་པ་ཡིན་འདུག་སྙམ།  སྐབས་དེའི་སྒྲུང་ཐུང་དག་གི་བརྗོད་བྱའི་ཐད་ནས་དུས་རབས་ཀྱི་སྙིང་སྟོབས་དང་གནའ་དེང་གི་འཚོ་བའི་ཁྱད་པར།   མང་ཚོགས་ཀྱི་སེམས་ཁོང་གི་འབོད་སྒྲ་དང་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གནད་དོན་སོགས་མཚོན་གང་ཐུབ་བྱས་ཡོད་པ་དང་།  དེ་དག་གི་ནང་དུ་དཔལ་འབྱོར་སྒྲིག་གཞི་ལེགས་བཅོས་བྱུང་རྗེས་ཀྱི་རྣམ་པ་གསར་པ་དང་།  ཆང་རག་གི་འདུ་འཛིར་གཡེང་ནས་ལས་ལ་མི་བརྩོན་མཁན་ལ་ཁ་རྡུང་། ཤེས་བྱའི་གནས་ལ་འབད་དེ་ཤེས་ལྡན་མི་སྣར་གྱུར་པ་ལ་བསྔགས་བརྗོད། རིག་གསར་གྱི་གོད་ཆག་དང་དེང་སྐབས་སྤྱི་ཚོགས་ཐོག་གི་རུལ་སུངས་སོགས་ཚུལ་མིན་གྱི་སྤྱོད་ལམ་ལ་ཐེར་འདོན་བྱས་ཡོད། གནའ་རབས་བརྩམས་སྒྲུང་ལ་མཚོན་ན་དུས་ཀྱི་ཐད་ནས《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་བཙན་པོ་སྤུ་དེ་གོང་རྒྱལ་གྱི་སྐབས་སུ་མདོ་སྡེ་འབྱུང་བའི་ཆེད་དུ་སྒྲུང་རྣམས་དར།  《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》དང་། 《མ་སངས་ཀྱི་སྒྲུང》 《མཆིལ་བའི་སྒྲུང》སོགས་ཉན་བཤད་དང་ཞེས་བཀོད་ཡོད་པ་ལ་གཞིགས་ན་བོད་ཀྱི་གནའ་རབས་བརྩམས་སྒྲུང་ནི་སྟོད་ཀྱི་སྟེང་གཉིས་ཀྱི་དུས་ནས་བཟུང་ད་ལྟའི་འདི་འདྲའི་ཆ་ཚང་དང་འཕེལ་རྒྱས་སུ་སོང་མེད་རུང་ས་བོན་ཙམ་ཞིག་བྱུང་ཡོད་པར་འདོད།  བརྗོད་བྱའི་ནང་དོན་གྱི་ཆ་ནས་ཆེས་མཚོན་བྱེད་རང་བཞིན་ལྡན་པ་ནི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཡིན་ལ།  དེའི་ནང་རྩོམ་པ་པོས་མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་དང་ཡིད་འོང་མ།  དེ་མིན་ལྷ་ལས་ཕུལ་བྱུང་སོགས་ཀྱི་བྱ་སྤྱོད་ལ་སོགས་པ་བྲིས་པར་མ་ཟད།  གཞོན་ནུ་ཟླ་མེད་དང་ཡིད་འོང་མའི་བར་ལ་བརྩེ་སེམས་བྱུང་ཚུལ།  གཞོན་ནུ་ཟླ་མེད་དང་ལྷ་ལས་ཕུལ་བྱུང་བར་གྱི་འཐབ་རྩོད།  དེ་མིན་གཏམ་རྒྱུད་དེ་བྱུང་བའི་དུས་ཚོད་དང་གནས་ཡུན།  རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཕན་ཚུན་བར་དུ་དམག་འཁྲུག་བྱུང་ཚུལ།  མཐར་གཞོན་ནུ་ཟླ་མེད་ཆོས་སྒོར་ཞུགས་ཚུལ་སོགས་བྲིས་པ་ལས་གསལ་བཤད་བྱས་པའི་གནས་ལུགས་ནི།  འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོར་ངེས་པ་དང་ཆོས་སྒོར་ཞུགས་པ་ནི་ཐར་པའི་ལམ་ཉག་ཅིག་ཡིན་ཞེས་པ་དེ་རེད།  དེ་ནི་བརྩམས་སྒྲུང་འདི་མཛད་པའི་དམིགས་ཡུལ་ཡང་ཡིན།  དེ་བཞིན་གྲལ་རིམ་ཕན་ཚུན་བར་གྱི་འགལ་ཟླ་དང་འགལ་ཟླ་དེ་ལས་བྱུང་བའི་དྲང་ལྡོག་གི་དབྱེ་བ་སོགས་བརྗོད་ཡོད།  དེ་དག་ལས་བོད་ཀྱི་གནའ་རབས་བརྩམས་སྒྲུང་གི་རྣམ་པའི་ཆ་ནས་ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་གང་རུང་གི་རྣམ་པའི་སྒོ་ནས་བྲིས་ཆོག་ལ།  ནང་དོན་གྱི་ཆ་ནས་དུས་སྐབས་སོ་སོའི་གྲལ་རིམ་གྱི་འགལ་བ་དང་སྤྱི་ཚོགས་སྟེང་གི་ཚུལ་མིན་གྱི་གནད་དོན་སོགས་ལ་སུན་འབྱིན་དང་ཁ་རྡུང་བཏང་བ་བརྒྱུད་ནས་ཆོས་ལུགས་ཀྱི་དགོངས་དོན་གཙོ་བོ་ཁྱབ་བསྒྲགས་བྱས་ཡོད།
          བསྟན་པ་ཕྱི་དར་གྱི་དུས་སུ་ཕྱོགས་གཅིག་ནས་སྔར་ལས་གཞི་ཁྱོན་ཆེ་བའི་སྒོ་ནས་རྒྱ་གར་གྱི་གཏམ་རྒྱུད་དང་སྐྱེས་རབས་མང་པོ་བོད་སྐད་དུ་བསྒྱུར་ཅིང་།  ཕྱོགས་གཞན་ཞིག་ནས་དེ་འདྲའི་བསྟན་བཅོས་མང་པོ་རྩོམ་པའི་མགོ་བཙུགས།    སྐབས་དེར་དཔེར་ན།  《དཔག་བསམ་འཁྲི་ཤིང》དང་།  《སྐྱེས་པའི་རབས་ཀྱི་རྒྱུད》 《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ》སོགས་དང་།  ཇོ་འབྲོམ་ཡབ་སྲས་ཀྱི《བཀའ་གདམས་གླེགས་བམ》དང་།  དགེ་བཤེས་པོ་ཏོ་བའི《དཔེ་ཆོས་རིན་ཆེན་སྤུངས་པ》ཀརྨ་རང་བྱུང་རྡོ་རྗེའི《སྐྱེས་རབས་བརྒྱ་པ》བཙུན་པ་རིན་ཆེན་དཔལ་གྱི《ས་སྐྱ་ལེགས་བཤད་གྱི་འགྲེལ་བ》དབྱངས་ཅན་དགའ་བའི་བློ་གྲོས་ཀྱི《དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ》སོགས་རྒྱ་གར་དང་བོད་རང་གི་སྐྱེས་རབས་དང་གཏམ་རྒྱུད་མང་པོ་སྐད་བསྒྱུར་དང་། གསར་རྩོམ། འཚོལ་སྡུད། བསྒྱུར་སྒྲིག་བཅས་བྱས་ཤིང་།  དེ་དག་གིས་བོད་ལ་བརྩམས་སྒྲུང་འབྱུང་བར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན།  དུས་རབས་བཅོ་བརྒྱད་པའི་ནང་བོད་ལ་ཐེངས་དང་པོར་མིང་དོན་མཚུངས་པའི་གཏམ་རྒྱུད་རིང་པོ་སྟེ།  མདོ་མཁར་ཚེ་རིང་དབང་རྒྱལ་གྱི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སྒེག་ཉམས་དང་བཅས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྟེང་བཞེངས་པ་དེས་བརྩམས་སྒྲུང་ཞེས་པའི་རྩོམ་ལུས་ཀྱིས་བོད་ཀྱི་རྩོམ་རིག་ཁྲོད་དུ་གཞི་ནས་རང་གི་གོ་ས་ཟིན་པ་མཚོན་ཡོད། བརྩམས་སྒྲུང་དེ་ནི་ཚིག་སྦྱོར་སྤེལ་སྟངས་དང་། མི་སྣའི་མཚོན་སྟངས། དོན་གྱི་བྱུང་རིམ། འཚོ་བའི་ནང་དོན། བསྟན་བྱ་གཙོ་བོ་སོགས་ཕྱོགས་གང་ཐད་ནས་ཅུང་ཟད་ཕུན་སུམ་ཚོགས་པ་ཞིག་འདུག གཞན་ཡང་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི 《བྱ་མགྲིན་སྔོན་ཟླ་བ》ཞེས་པའང་ཕུལ་དུ་བྱུང་བའི་བརྩམས་སྒྲུང་རིང་པོ་ཞིག་ཡིན་ལ།  སྒྲུང་རིང་དེ་གཉིས་ཀྱི་འཕྲོར《ཆོས་རྒྱལ་ནོར་བཟང》དང་།  《དྲི་མེད་ཀུན་ལྡན》སོགས་བརྩམས་སྒྲུང་རིང་ཐུང་སྣ་ཚོགས་དང་།  ད་དུང《བྱ་སྤྲེལ་གཏམ་རྒྱུད》དང《བཙུན་པ་དང་བྱ་རོག་གི་གཏམ་རྒྱུད》 《རྫ་ཙིག་གི་གཏམ་རྒྱུད》སོགས་མི་སྣ་ཉུང་ཞིང་ཚིག་ཟུར་རྣོ་བའི་རབ་བཏགས་ཀྱི་བརྩམས་སྒྲུང་ཡང་མང་པོ་ཞིག་བྱུང་ངོ་།  །མདོར་ན་བོད་ཀྱི་བརྩམས་སྒྲུང་ནི་དེ་ལྟར་བསྟན་པ་མ་དར་སྔོན་གྱི་སྒྲུང་དང་།  བསྟན་པ་སྔ་དར་དང་ཕྱི་དར་ཐོག་མའི་དུས་ཀྱི་གཏམ་རྒྱུད་དང་སྐྱེས་རབས་ནས་དུས་རབས་བཅོ་བརྒྱད་པ་དང་དེའི་རྗེས་ཀྱི་མིང་དོན་མཐུན་པའི་བརྩམས་སྒྲུང་བྱུང་སྟེ།  གཞི་ནས་རང་རྐྱ་འཕེར་བའི་རྩོམ་ལུས་ཤིག་ཏུ་གྱུར།
          ཚང་མས་ཤེས་གསལ་ལྟར་བོད་ཀྱི་གནའ་རབས་རྩོམ་རིག་དང་ནང་བསྟན་ཆོས་ལུགས་བར་ལ་འབྲལ་དུ་མེད་པའི་འབྲེལ་བ་དམ་ཟབ་ཅིག་ཡོད་པ་དེ་ནི་གཙོ་བོ་བོད་ཀྱི་གནའ་རབས་རྩོམ་རིག་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོ་དག་གི་རང་སྟེང་གི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ།  གསར་རྩོམ་གྱི་བསམ་བློ་དང་བསམ་བློའི་ནང་དོན།  ད་དུང་དེ་ལས་མངོན་པའི་ཀུན་སྤྱོད་ལྟ་ཚུལ་སོགས་ལ་རག་ལས་ཡོད།  བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་རྩོམ་རིག་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་ནང་བསྟན་ཆོས་ལུགས་དེ་བོད་དུ་དར་བར་ལོ་ངོ་ཆིག་སྟོང་བཞི་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་ཅིང་།  སྲོལ་རྒྱུན་གྱི་བཤད་ཚུལ་ལྟར་ན་ནང་བསྟན་ཆོས་ལུགས་བོད་དུ་ཐེངས་གཉིས་ལ་དར་བ་ལ་ཡོངས་གྲགས་སུ་བསྟན་པ་སྔ་དར་དང་བསྟན་པ་ཕྱི་དར་ཞེས་འབོད།  དེ་ཡང་བཙན་པོ་སྲོང་བཙན་སྒམ་པོས་ཉེ་འཁོར་གྱི་རྒྱལ་ཕྲན་ཁག་དབང་དུ་བསྡུས་ནས་མངའ་ཁོངས་རྒྱ་བསྐྱེད་པ་དང་ཐོན་མི་སོགས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་སྟེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཆོས་གཞུང་མང་པོ་བོད་དུ་བསྒྱུར།  དེའི་རྗེས་རྒྱལ་པོ་ཁྲི་སྲོང་སྡེ་བཙན་ཡབ་སྲས་ཀྱི་རིང་ལ་ལྷ་ཁང་དང་གཙུག་ལག་ཁང་གསར་བཞེངས་བྱས་ནས་སད་མི་མི་བདུན་རབ་ཏུ་བྱུང་བ་དང་།  སྒྲ་བསྒྱུར་གླིང་བཙུགས་ཤིང་སྔར་ལས་ལྷག་པའི་སྒོ་ནས་ཆོས་གཞུང་མང་པོ་བོད་དུ་བསྒྱུར་པས་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་བྱུང་།
          ཡིན་ནའང་ནང་བསྟན་ཆོས་ལུགས་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་བོད་ཀྱི་སྔར་ཡོད་ཆོས་ལུགས་བོན་ཆོས་དང་འགལ་བ་ཛ་དྲག་ཏུ་གྱུར་ནས་དུས་ཡུན་རིང་པོ་ཞིག་ལ་གཉིས་ཀ་འཐབ་རྩོད་དང་འགལ་ཟླའི་རྣམ་པར་གནས་པས་རྒྱ་ཆེའི་མང་ཚོགས་ཀྱིས་ནང་ཆོས་དེ་དང་ལེན་བྱེད་དཀའ་བར་གྱུར་ནས་སློབ་པའི་གོ་སྐབས་མ་བྱུང་།  དོན་དངོས་སུ་སྐབས་དེའི་རིང་ལ་ནང་ཆོས་དེ་གཙོ་བོ་རྒྱལ་པོ་དང་ཕོ་བྲང་ནང་ཁུལ་ལམ་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་མ་གཏོགས་བོད་ཁམས་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་མེད།  དེར་བརྟེན་བསྟན་པ་སྔ་དར་གྱིས་བོད་ཀྱི་གནའ་རབས་རྩོམ་རིག་གི་བྱུང་འཕེལ་ལ་ཆེས་ཐོག་མའི་རྨང་གཞི་ཙམ་མ་གཏོགས་ཤུགས་རྐྱེན་དེ་འདྲ་ཆེན་པོ་བསྐྱེད་མ་ཐུབ་པར་སྙམ།
          དུས་རབས་བཅུ་པའི་དུས་དཀྱིལ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་འགྱུར་བ་བྱུང་བ་དང་བསྟུན་ནས།  ས་ཁུལ་སོ་སོའི་གྲལ་རིམ་བདག་པོས་རང་གི་མངའ་འོག་གི་ས་ཞིང་དང་འབངས་མིར་སྔར་ལས་བདག་འཛིན་དང་དེར་དབང་བསྒྱུར་བྱེད་པ་སྲ་བརྟན།  སྟོབས་ཤུགས་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བའི་ཐབས་སུ་ཆོས་ལུགས་བེད་སྤྱོད་ཆེད།   རྒྱ་གར་དང་བལ་ཡུལ་སོགས་སུ་མི་མངགས་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དང་དེ་དག་གིས་ཀྱང་དམ་པའི་གསུང་རབ་དག་བོད་དུ་བསྒྱུར་བའི་རླབས་རྒྱུན་ཞིག་འཕྱུར་བ་མ་ཟད། སྐབས་དེའི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་རེ་བ་བཅོལ་སའི་ཆོས་ལུགས་དེ་སྤྱི་ཚོགས་ཐོག་ཡོངས་ཁྱབ་ཀྱི་ངང་ནས་དར་རྒྱས་བྱུང་།  བཙན་པོའི་དུས་སྐབས་ཀྱི་ཡིག་བསྒྱུར་རྨང་གཞིའི་སྟེང་ཡང་བསྐྱར་གསུང་རབ་འབོར་ཆེན་བོད་དུ་བསྒྱུར་པ་དང་དག་སྒྲིག་བྱས་རྐྱེན།  དུས་རབས་བཅུ་བཞི་པར་སླེབས་དུས་ཚལ་བ་ཀུན་དགའ་རྡོ་རྗེ་དང་བུ་སྟོན་རིན་ཆེན་གྲུབ་གཉིས་ཀྱིས《བཀའ་འགྱུར》དང《བསྟན་འགྱུར》ཕྱོགས་སྒྲིག་མཛད་པ་དང་།  དེ་གཉིས་སུ་ཆོས་ལུགས་ཀྱི་ནང་དོན་ལས་གཞན་ཚད་མ་རིག་པ་དང་སྐར་རྩིས་རིག་པ།  གསོ་བ་རིག་པ་དང་བཟོ་རིག་པ།  རྩོམ་རིག་སྒྱུ་རྩལ་སོགས་རིག་གནས་ཆེ་ཆུང་བཅུའི་ནང་དོན་འདུས་ལ། དེ་དག་ལོ་ཙཱ་དང་ཁྱབ་བསྒྲགས་བྱས་པ་དེས་རྩོམ་རིག་ཁོངས་སུ་གཏོགས་པའི་བོད་ཀྱི་རིག་གནས་སྤྱི་ལ་འཕེལ་རྒྱས་བླ་ལྷག་བྱུང་།  ནང་བསྟན་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནང་མཁས་པ་སོ་སོའི་ཁྲིད་རྒྱུན་དང་ལྟ་བ།  ཕྱག་ལེན་སོགས་མི་འདྲ་བའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་སྐབས་སུ་ནང་བསྟན་ཆོས་ལུགས་ལ་སྔ་ཕྱིར་གྲུབ་མཐའ་མི་འདྲ་བ་སྣ་མང་བྱུང་བ་སྟེ།  གཙོ་བོ་ས་དགེ་བཀའ་རྙིང་སོགས་བྱུང་ལ་སོ་སོས་རང་རང་གི་སྙན་གྲགས་དང་སྟོབས་ཤུགས་རྒྱ་བསྐྱེད་པའི་ཆེད་དུ་ཤུགས་ཆེ་བའི་སྒོ་ནས་རང་གི་གྲུབ་མཐའི་ལྟ་བ་དྲིལ་སྒྲོག་དང་རྩོད་པ་སྤེལ་ནས་མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཞིག་མངོན་ཡོད།  འགྲན་གླེང་གི་བརྒྱུད་རིམ་ཁྲོད་ཆོས་བྱེད་མི་སྣ་མི་ཉུང་བས་རྩོམ་རིག་གི་ལམ་ནས་བརྒྱུད་སྒྲོག་དང་རྩོད་པ་བྱས་ནས་རྩོམ་རིག་སྣ་མང་དུ་གྱུར།  དེ་ནས་བཟུང་བོད་ཀྱི་རྩོམ་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་བས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་གི་ཁ་གྲངས་དང་བསྡུར་ན་ཆེས་ཆེར་འཕེལ།  མདོར་ན་བསྟན་པ་ཕྱི་དར་སྐབས་སུ་ནང་བསྟན་ཆོས་ལུགས་ལ་འཕེལ་རྒྱས་བྱུང་བ་ཡིས་བོད་ཀྱི་གནའ་རབས་རྩོམ་རིག་གི་བྱུང་འཕེལ་ལ་ཁོར་ཡུག་གསར་པ་ཞིག་གསར་དུ་བསྐྲུན་པར་མ་ཟད། རྩོམ་འབྲིའི་ལམ་བུ་ཞིག་ཀྱང་གསར་དུ་གཏོད་ནས་རྩོམ་རིག་འཕེལ་རྒྱས་ཡོང་བར་ཆེས་ཆེ་བའི་ལམ་ཁ་ཕྱེས་ཡོད།  དེར་བརྟེན་བསྟན་པ་ཕྱི་དར་ནི་བོད་ཀྱི་གནའ་རབས་རྩོམ་རིག་བྱུང་འཕེལ་གྱི་ལམ་སྣ་འདྲེན་པའི་དེད་དཔོན་ལྟ་བུར་བརྗོད་ན་མི་འགྲིག་པ་མེད་སྙམ།
          གཉིས་པ།  བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་ནང་བསྟན་གྱིས་ཐེབས་པའི་ཤུགས་རྐྱེན་སྐོར་བཤད་པ།
          དངོས་ཡོད་སྤྱི་ཚོགས་ནི་ཆོས་ལུགས་གཅིག་པུས་གྲུབ་པ་ཞིག་མ་ཡིན་པར། དེ་ནི་ཕོ་མོ་རྒན་གཞོན་དང་། མི་དང་མིའི་བར་གྱི་འགལ་འབྲེལ། མི་དང་རང་བྱུང་ཁམས་ཀྱི་འགལ་འབྲེལ་སོགས་ཕྱོགས་མང་པོས་གྲུབ་པའི་སྣ་འདུས་ཤིག་ཡིན་པས། སྙན་ངག་ཀྱང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འགྲོགས་ཏེ་འཕེལ་ཞིང་སྤྱི་ཚོགས་ཀྱི་ངོས་ཡོངས་ལ་ནུས་པ་འདོན་དགོས་མོད། འོན་ཀྱང་ང་ཚོས་མཐོང་གསལ་དུ་ཡོད་པའི་སྲོལ་རྒྱུན་སྙན་ངག་དག་གིས་སྤྱི་ཚོགས་ཀྱི་ངོས་གཅིག་གམ་གྲུ་ཟུར་ཙམ་ཚུར་སྣང་བྱེད་པ་དང་ཆོས་ལུགས་ཀྱི་ཕྱོགས་གཙོ་བོར་བཟུང་བ་ལས་སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཞིག་འདོན་ཐུབ་མེད་པ་ལྟར་སྣང་། བོད་ཀྱི་གདོད་མའི་སྙན་ངག 《སྲིད་པའི་བ་ཆུང་བཤའ་གླུ》དང་སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་སོགས་ནང་བསྟན་མ་དར་བའི་སྔོན་གྱི་སྙན་རྩོམ་དག་གིས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་རང་སེམས་ཀྱི་རེ་སྨོན་དང་དགའ་སྐྱོ་ཆགས་སྡང་སོགས་མཚོན་པ་དང་།  《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ》དང《སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ལྷའི་གླུ་དབྱངས》སོགས་ནང་ཆོས་བོད་དུ་དར་བའི་རྗེས་ཀྱི་སྙན་ངག་དག་གི་བསམ་བློའི་མཚོན་དོན་སངས་རྒྱས་ཆོས་ལུགས་དང་འབྲེལ་ནས་ཡོད་པ་གསལ་པོར་མཐོང་ཐུབ།
          འོ་ན་སངས་རྒྱས་ཆོས་ལུགས་དར་བ་དང་མ་དར་བའི་སྔོན་གྱི་སྙན་ངག་གི་བསམ་བློར་ཁྱད་པར་འདི་འདྲ་ཞིག་ཅིའི་ཕྱིར་བྱུང་བ་ཡིན་ཞེ་ན།  ང་ཚོས་སྔོན་རབས་ལོ་རྒྱུས་དག་ལས་ཤེས་གསལ་ལྟར་བོད་ཀྱི་སྤྱི་ཚོགས་ནི་མཐོ་བ་བཙན་པོ་ནས་དམའ་བ་མི་སེར་གྱི་བར་དུ་ཆོས་ལ་དད་པ་དང་།  ཡོད་ཚད་ཀྱིས་བརྩོན་པ་དང་རྒྱུ་འབྱོར་བ་སོགས་ཆོས་ཕྱོགས་སུ་གཏོང་བ་དང།  ཁྲིམས་ལུགས་སུའང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གཙོ་བོར་འཛིན། གཞན་ད་དུང་རབ་བྱུང་བ་གཅིག་ལ་མི་ཁྱིམ་བདུན་གྱིས་འཚོ་བ་སྦྱོར་བ་སོགས་གཏན་ལ་ཕབ་སྟེ་ནང་ཆོས་དར་སྤེལ་དང་དེའི་དགོངས་པ་ལ་བརྩོན་པར་སྐུལ་མ་བཏང་འདུག བོད་སིལ་བུར་འཐོར་བའི་དུས་སྐབས་སུ་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་བྱུང་བ་དང་། དེ་ནི་ནང་ཆོས་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་སྲོག་ཏུ་ཞུགས་པའི་མཐུན་རྐྱེན་དུ་གྱུར་ཏོ། །
          བོད་ཁམས་སིལ་བུར་ཐོར་ནས་སྤྱི་ཚོགས་སུ་འགལ་བ་སྣ་ཚོགས་བྱུང་སྐབས། ཡུལ་དཔོན་ཁག་གིས་རང་གི་ཆབ་སྲིད་དབང་ཆ་ཟིན་ཐུབ་པའི་ཆེད་དུ་ངེས་པར་དུ་སྲིད་དབང་དང་འཚམ་པའི་བསམ་བློའི་རྟེན་གཞི་ཞིག་དགོས་སྟབས་ཆོས་ལུགས་གྲུབ་མཐའ་གང་རུང་ཞིག་ལ་སྐྱབས་སུ་རེ་དགོས་བྱུང་། དེས་ན་གྲུབ་མཐའི་འཕེལ་འགྲུབ་ནི་རང་གི་དབང་ཆ་དང་ཐད་ཀར་འབྲེལ་བས་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་གྱི་ཆ་ལ་འཆད་རྩོད་རྩོམ་གསུམ་གྱི་ཡོ་ལང་རྣམ་པར་རྒྱས་པར་གྱུར།  དེ་ལྟར་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ཞིང་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་སྤྱད་ནས་སོ་སོའི་ཆོས་ལུགས་ཀྱི་ལྟ་བ་དྲིལ་སྒྲོག་དང་གྲུབ་མཐའ་འཛིན་པའི་བླ་ཆེན་དག་གི་རྣམ་ཐར་རྒྱ་ཆེར་སྤེལ། ལྷག་པར་དུ་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཙུགས་པ་ནས་དུས་ད་ལྟའི་བར་དུ་ཆོས་བྱེད་མཁན་ཚོར་བོད་སྤྱི་ཚོགས་ཁྲོད་གོང་བཀུར་བླ་ན་མེད་པ་ཐོབ་ཡོད་ལ།  ནམ་རྒྱུན་བྱ་བ་ཆེ་ཆུང་གང་འདྲ་ཞིག་བསྒྲུབ་ཀྱང་ཆོས་ལུགས་དང་ཁ་འབྲལ་བ་ཤིན་ཏུ་ཉུང་ཞིང་། ཆེས་མཐོ་བའི་དབང་བསྒྱུར་མཁན་གྱིས་ནང་ཆོས་དར་སྤེལ་དང་དྲིལ་སྒྲོག་བྱས་པ་དེས་ཆོས་ལུགས་ཀྱི་གོ་གནས་སྔར་ལས་བརྟན་པོར་བཏང་། ཉིན་རྒྱུན་སྨན་ཆུའི་ནང་སྦངས་པའི་གྱོན་པ་ལ་སྨན་དྲི་མི་ཐུལ་བའི་དཔེ་མི་སྲིད་པ་བཞིན་དུ་སངས་རྒྱས་ཆོས་ལུགས་ནི་བོད་ཀྱི་སྤྱི་ཚོགས་ལ་གོས་སྣུམ་གྱིས་ཟིན་པ་བཞིན་སྤྱི་ཚོགས་ཀྱི་རིམ་པ་སོ་སོར་འདྲེས་ཡོད་ལ། བོད་མིའི་ཀུན་སྤྱོད་ཀྱི་ཚད་གཞི་དང་སེམས་ཁམས།  གཞན་ད་དུང་འཚོ་བའི་གོམས་གཤིས་སོགས་ཡོད་ཚད་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཟབ་མོ་ཡོད་པས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པའི་སྙན་ངག་བརྩམས་ཆོས་ལ་མཚོན་ན། ཤུགས་རྐྱེན་ཅུང་ཟད་ཐེབས་པ་ཙམ་མ་ཡིན་པར་སྙན་ངག་གི་བསམ་བློའ་ིནང་དོན་དང་མི་སྣ་བཞེངས་སྐྲུན།  དོན་གྱི་བྱུང་རིམ་སོགས་ཕྱོགས་ཡོངས་ལ་ཆོས་ལུགས་ཀྱི་ཚོན་མདངས་ཀྱིས་ཕྱུག་ཡོད།  རང་རེའི་ཁ་བ་ཅན་གྱི་ལྗོངས་སུ་ཐེག་པ་ཆེན་པོའི་ལྟ་བ་དར་ཁྱབ་ཆེ་ལ།  ཐེག་ཆེན་ལ་རྗེས་སུ་འཇུག་པའི་སྐྱེས་བུ་ཚོས་ཐེག་ཆེན་གྱི་ལྟ་བ་ནི་ཆེས་བླ་ན་མེད་པ་ཡིན་པར་བསམ་ཡོད།  དེ་ནི་ཁོ་ཚོའི་བསམ་པར་སྐྱེ་འགྲོ་ཐམས་ཅད་ཐར་པའི་ལམ་དུ་འདྲེན་ནུས་པར་ཡིད་ཆེས་བརྟན་པོ་ཡོད་པའི་རྐྱེན་ཡིན།  དེར་བརྟེན་རྩོམ་པ་པོས་གཞན་ཕན་གྱི་བསམ་བློ་དང་།  རང་ཉིད་ཀྱི་ཕུགས་བསམ་དང་རེ་སྙེག་སོགས་སྐྱབས་ཞུ་དང་རེ་སྨོན་གྱི་ཚུལ་དུ་ཚིག་གི་རྒྱན་ལ་བརྟེན་ནས་སྙན་རྩོམ་གྱི་ལམ་དུ་མངོན་པར་བྱས་ཡོད།
          ང་ཚོས་ལོ་རྒྱུས་མང་པོ་ལས་ཤེས་ཐུབ་པར་སྤྱི་ཚོགས་ཀྱི་གནས་སྐབས་སོ་སོ་ན་དེ་དང་འབྲེལ་བའི་གྲལ་རིམ་གྱི་འཐབ་རྩོད་མཐོང་རྒྱུ་འདུག་ལ།  འཐབ་རྩོད་དེའི་ཁྲོད་དུ་མིའི་རིགས་ལ་ཕུགས་བསམ་དང་རེ་སྙེག་མང་པོ་འབྱུང་སྲིད། དེར་མ་ཟད་ཕུགས་བསམ་དང་རེ་སྙེག་དེའི་མཐའ་ནི་ཅི་ཡང་མེད་པའི་སྟོང་ཆ་ཞིག་མ་ཡིན་པར་སེམས་ཀྱི་གཞི་མ་བྱས་ཆོག་པའི་དཔལ་ཡོན་གྱིས་རྫོགས་པའི་ཤམ་བྷ་ལའི་ཞིང་ཁམས་ཡིན་ངེས།  དེ་དང་འདྲ་བར་བོད་རང་གི་སྔ་རབས་མཁས་པ་དག་ཀྱང་ཛ་དྲག་ཆེ་བའི་གྲལ་རིམ་འཐབ་རྩོད་དང་།  རྙོག་འཛིང་ཆེ་བའི་མི་དང་མིའི་བར་གྱི་འབྲེལ་བའི་ཁྲོད་ནས་གོམ་པ་སྤོས་ཏེ་ཡོང་བས།  ཁོ་ཚོ་ལའང་ཐར་པའི་ལམ་དུ་བགྲོད་ནས་ཐར་པ་ཐོབ་འདོད་ཀྱི་ཕུགས་བསམ་རེ་སྙེག་མོད་པོ་ཞིག་ཡོད་ངེས་ལ།  ཕུགས་བསམ་དང་རེ་སྙེག་དེ་མངོན་དུ་འགྱུར་བའི་ལམ་བུ་དེ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དུ་མཆིས་ལ།  སྟོན་པའི་སྐྱེས་རབས་དང་ནང་བསྟན་གྱི་ལྟ་བས་ཁོ་ཚོའི་ཡིད་སེམས་དབང་མེད་དུ་འགུགས་པར་བྱེད་པ་གདོན་མི་ཟ་སྟེ།  ཐར་པའི་ལམ་སྣ་ཟིན་པའི་གཏམ་རྒྱུད་ངོ་མཚར་ཅན་ཡོད་ལ་རང་བློས་ཆ་མི་འཚལ་བའི་དྲི་བའི་ལན་རྙེད་པའི་ལྡེ་མིག་ཀྱང་ཡོད།  དེ་བས་ཁོ་ཚོ་སྙན་རྩོམ་ལ་འཇུག་པའི་སྐབས་སུ་ནང་བསྟན་གྱི་དགོངས་པ་དྲིལ་སྒྲོག་བྱས་ནས།  སྐྱེ་འགྲོ་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་སྙེག་པར་སྐུལ་པ་དང་།  ཡིད་ཆེས་དང་དད་པའི་དབང་གིས་ནམ་ཡང་བསྟན་འཛིན་གྱི་སྐྱེས་བུའི་མཛད་རྗེས་ལ་བསྟོད་བསྔགས་དང་ཡི་རང་བྱེད་ངེས།  དུས་རྒྱུན་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་ཞུགས་ཏེ་སྐྱེ་བ་ཕྱི་མའི་བདེ་བར་བརྩོན་གྱི་ཡོད།  འདི་དག་རྐྱེན་བྱས་ཏེ་སྲོལ་རྒྱུན་སྙན་ངག་ནི་ཚིག་སྦྱོར་ཤིན་ཏུ་མཛེས་པའི་ལམ་ནས་ནང་བསྟན་གྱི་ལྟ་བ་དྲིལ་སྒྲོག་བྱེད་པའི་སྒྱུ་རྩལ་བླ་ན་མེད་པ་ཞིག་ཏུ་གྱུར་འདུག    ལྷག་པར་དུ་མིའི་འགྲོ་འདུག་སྤྱོད་གསུམ་དང་བག་ལ་ཉལ་བའི་འདུ་ཤེས་ཀྱིས་ཁ་ལོ་བསྒྱུར་བའང་ཤིན་ཏུ་མང་སྟེ།  དཔེར་ན།  ཉི་མ་ཤིན་ཏུ་ཚ་བའི་དབྱར་གྱི་གཞུང་ལ་ཆུ་ལ་རྐྱལ་བའི་འདུ་ཤེས་ཤིན་ཏུ་དྲག་མོད།  འོན་ཀྱང་ཉིན་འགའི་སྔོན་མི་ཞིག་ཆུར་རྐྱལ་ནས་ཤི་བའི་བག་ཆགས་དེའི་དབང་གིས་ཆུར་མ་རྐྱལ་བ་བཞིན།  དེ་དང་མཐུན་པར་ལན་རེར་བོད་ཀྱི་སྔོན་བྱོན་མཁས་པ་དག་སྙན་རྩོམ་ལ་འཇུག་པའི་གནས་སྐབས་སུའང་གསར་གཏོད་དང་ཐོད་བརྒལ་གྱི་བསམ་བློ་སྐྱེ་སྲིད་པར་ཡིད་ཆེས་བྱས་ཆོག འོན་ཀྱང་ནང་བསྟན་གྱི་ལྟ་བའི་བག་ཆགས་ཟབ་པའི་དབང་གིས་ཐོད་བརྒལ་དང་གསར་གཏོད་ཀྱི་མེ་སྟག་ཕྲ་མོ་བག་ལ་ཞ་བའི་ཚུལ་དུ་གནས།  རྗེས་རབས་པ་དག་གིས་ཀྱང་སྔོན་རབས་པ་རྣམས་ཀྱིས་སྙན་ངག་གིས་བཞག་པའི་སྙན་ངག་གི་མཁའ་དབུགས་དང་བག་ཆགས་ཟབ་མོ་དེའི་རྗེས་བསྙེགས་པར་བརྟེན། བསམ་བློའ་ིཆ་ནས་རླབས་རྒྱུན་གསར་པ་ཞིག་བསྐྲུན་མ་ནུས།  དུས་མཚུངས་སུ་སློབ་གསོ་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ནང་བསྟན་གྱི་ལྟ་བ་དང་སྔོན་རབས་པ་རྣམས་ཀྱིས་བཞག་པའི་བག་ཆགས་ཟབ་མོ་དེ་མྱུར་བར་འདོར་མི་ཐུབ་པས།  འདིའང་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་བསམ་བློར་ནང་བསྟན་གྱི་ལྟ་བ་ཤུགས་ཆེ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད་སྙམ་མོ།  །
          མཇུག་སྡུད་པ།
          སྤྱིར་ན་བོད་བརྒྱུད་ནང་བསྟན་གྱིས་བོད་ཀྱི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་ནི་བརྗོད་གཞི་ཧ་ཅང་རྒྱ་ཆེ་ལ་སྐད་ཆ་ཚིག་འགས་གླེང་ཚར་བ་ཞིག་མ་ཡིན་མོད།  ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དེ་ལ་ཞིབ་འཇུག་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་རེད།  དཔྱད་རྩོམ་འདི་ལ་མཚོན་ན། གཅིག་ནས་རང་ཉིད་ཀྱིས་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་ཉམས་མྱོང་མང་པོ་མེད་པ་དང་།  གཉིས་ནས་རང་ཉིད་ཀྱི་སྦྱངས་སྟོབས་ཞན་ལ་དཔྱད་གཞིའི་ཡིག་ཆའང་མང་པོ་ལྟ་ཀློག་བྱེད་མ་ཐུབ་པ་དང་།  གསུམ་ནས་དཔྱད་རྩོམ་འདིར་ནང་བསྟན་གྱིས་བོད་ཀྱི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་སྐོར་བཤད་པ་རྒྱ་ཆུང་སར་ལུས་པ་སོགས་སྐྱོན་གང་མང་ཡོད་པས་མཁྱེན་དཔྱོད་ལྡན་པ་དག་གིས་སྐྱོན་བརྗོད་བྱེད་པར་མཁྱེན།  །
          ཟུར་བལྟའི་དཔྱད་གཞི། 
[1] བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། [G]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988 
[2] དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་རྩོམ་སྒྲིག་བྱས། བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999 
[3] རིན་ཆེན་རྡོ་རྗེས་བསྒྲིགས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། [Z] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005 
[4] དུང་དཀར་བློ་བཟང་ཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982 
[5] རྒྱལ་མོ་འབྲུག་པ།  བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།[M] མི་རིགས་དཔེ་སྐྲུན་ཁང་། 2006 
[6] བསོད་ནམས་དབང་ལྡན་དང་བུ་བཞི། རྩོམ་རིག་རྣམ་བཤད་བློ་གསལ་འཇུག་ངོགས། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996
[7] གཅོད་པ་དོན་གྲུབ་དང་རྣམ་སྲས། བོད་ཀྱི་རྩོམ་རིག་ལོ་རྒྱུས། དེབ་གཉིས་པ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009 
[8] ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985 
[9] མདོ་མཁར་བ་ཞབས་དྲུང་ཚེ་རིང་དབང་རྒྱལ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987 
[10] ས་སྐྱ་བསོད་ནམས་རྒྱལ་མཚན།  རྒྱལ་རབས་གསལ་བའི་མེ་ལོང་། [M]མི་རིགས་དཔེ་སྐྲུན་ཁང་། 1988 
[11] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [Z]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002 
[12] བསདོ་ནམས་རྒྱལ་མཚན། བོད་ཀྱི་ཉེ་རབས་རྩོམ་རིག་གི་སྤྱི་ཁོག་འཆར་བའི་མེ་ལོང་། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2007