དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

རྒྱ་བོད་ཤན་སྦྱར་མིང་མཛོད་དང་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་རྩོམ་སྒྲིག་གི་སྐོར་གླེང་བ།

སྤེལ་དུས 2020-06-28 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། སངས་རྒྱས་སྐྱིད།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དེང་རབས་མིང་མཛོད་རིག་པར་གཞི་བཅོལ་ཏེ་རྒྱ་བོད་ཤན་སྦྱར་མིང་མཛོད་དང་ཁྱད་པར་དུ་དུས་རབས་ཉེར་གཅིག་པར་བྱུང་བའི་གསར་བྱུང་མིང་བརྡའི་མིང་མཛོད་སུམ་ཅུར་ཉེ་བ་དཔྱད་གཞིར་དྲངས་ནས། གསར་བྱུང་མིང་བརྡའི་མིང་མཛོད་ལ་ཕྱོགས་བསྡུས་མིང་མཛོད་དང་ཤེས་བྱའི་མིང་མཛོད་རིགས་གཉིས་སུ་ཕྱེས་ཤིང་། དེ་དག་ནི་སྐད་གཉིས་ནས་སྐད་མང་ཤན་སྦྱར་དུ་འཕེལ་བཞིན་པ་དང་འགྲེལ་སྟངས་ལའང་རིགས་སྣ་མང་བའི་ཁྱད་ཆོས་ལྡན་མོད། འོན་ཀྱང་རྩོམ་སྒྲིག་གི་ཐད་ནས་གསར་བྱུང་མིང་བརྡར་གོ་བ་མི་གསལ་བ་དང་། མིང་མཛོད་ལ་དུས་ལྟར་བཅོས་སྒྲིག་མེད་པ། ཞིབ་འགྲེལ་མི་རྒྱས་པ་དང་། དཔྱད་འབྲས་ཉུང་བ་བཅས་ཀྱི་གནད་དོན་མཆིས་པ་དག་དབྱེ་ཞིབ་ཀྱིས་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་རྩོམ་སྒྲིག་གི་ཕྱོགས་ནས་ཇེ་ལགས་དང་། འཐུས་ཚང་། ཚད་ལྡན་བཅས་སུ་གཏང་དགོས་པའི་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།]  རྒྱ་བོད་ཤན་སྦྱར་མིང་མཛོད། གསར་བྱུང་མིང་བརྡ། མིང་མཛོད་རྩོམ་སྒྲིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H061
[ཡིག་ཚང་མཚོན་བྱང་།]  A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-04-0156-l5
         སྤྱི་ཚོགས་འཕེལ་བའི་འགྲོས་དང་བསྟུན་དངོས་པོ་གསར་པ་དང་རིག་ཚན་གསར་པ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། དེ་དག་ལ་ཡོངས་གྲགས་ཀྱི་བརྡ་ཆད་ཚད་ལྡན་ཞིག་གདགས་པར་བ་བར་གཞིགས་ཏེ་གསར་བྱུང་མིང་བརྡའི་མིང་མཛོད་མང་པོ་བྱུང་འདུགམིང་མཛོད་དེ་དག་གིས་སྐད་ཆའི་འགྱུར་ལྡོག་གསར་པ་དུས་ལྟར་མཚོན་པར་བས་ནས།  གནས་བབ་གསར་པའི་འོག་མི་རྣམས་ཀྱི་འབྲེལ་འདྲིས་ལ་ཐེབས་པའི་སྐད་ཆའི་བཀག་རྒྱ་ཅི་ནུས་སྒོས་སེལ་ཡོད་པར་མ་ཟད།  བོད་ཀྱི་སྐད་ཡིག་འཕེལ་རྒྱས་དང་མིང་མཛོད་ཕུན་སུམ་ཚོགས་པར་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད། ད་ཡོད་བོད་ཀྱི་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་དང་ཁྱད་པར་དུས་རབས་ཉེར་གཅིག་པར་བྱུང་བའི་གསར་བྱུང་མིང་བརྡའི་མིང་མཛོད་ནི་ཕྱོགས་བསྡུས་མིང་མཛོད་ནས་ཤེས་བྱའི་མིང་མཛོད་ཅན་དང་། སྐད་གཉིས་ནས་སྐད་མང་ཅན་དང་།  མིང་འགྲེལ་ནས་ཞིབ་འགྲེལ་དང་དེ་ནས་རིས་འགྲེལ་འཁོད་པ་ཅན།  བོད་སྐད་ཀློག་པ་པོ་ལས་ད་དུང་རྒྱ་སྐད་དང་དབྱིན་སྐད་ཀྱི་ཀློག་པ་པོས་ཀྱང་སྤྱད་ཆོག་པའི་མིང་མཛོད་སྣ་མང་ཅན་སྒྲིག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། རིག་ཚན་སྣ་མང་གི་ཀློག་པ་པོའི་དཔེ་ཀློག་དང་ཞིབ་འཇུག ཡིག་སྒྱུར་སོགས་ཀྱི་དགོས་མཁོ་སྐོང་བཞིན་ཡོད།
དང་པོ། གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་རིགས་དབྱེ། 
         མིང་མཛོད་རིག་པའི་གཞུང་དུ་མིང་མཛོད་ལ་རིགས་ཆེན་པོ་གཉིས་དང་གསུམ་དུ་དབྱེ་བ་སོགས་མཆིས་ཀྱང་། སྐབས་བབ་ཀྱི་བརྗོད་བར་དམིགས་ཏེ་འདིར་རིགས་གསུམ་དུ་དབྱེ་བའི་རྗེས་སུ་འབྲངས་ཡོད་དེ།   དེ་ཡང་“མིང་མཛོད་ལ་སྐད་ཡིག་མིང་མཛོད་དང་།  ཤེས་བྱའི་མིང་མཛོད། ཕྱོགས་བསྡུས་མིང་མཛོད་བཅས་རིགས་གསུམ་དུ་དབྱེ་ཡོད་པ་ལ།  སྐད་ཡིག་མིང་མཛོད་ནི་སྤྱིར་བཏང་གི་མིང་བརྡ་གཙོར་བྱས་རིག་ཚན་མིང་བརྡ་ཉུང་ཤས་བསྡུ་སྒྲིག་བྱས་པ་ལ་གོ་ཞིང་། ཤེས་བྱའི་མིང་མཛོད་ནི་རིག་ཚན་གྱི་མིང་བརྡ་རྐྱང་པ་བསྡུ་བ་ཞིག་དང་།  ཕྱོགས་བསྡུས་མིང་མཛོད་ནི་སྤྱིར་བཏང་གི་མིང་བརྡ་དང་རིག་ཚན་གྱི་མིང་བརྡ་གཉིས་ཆ་བསྡུས་ཡོད་པ་ལ།  གྲངས་མང་ཉུང་གིས་སྐད་ཡིག་རང་བཞིན་གྱི་ཕྱོགས་བསྡུས་མིང་མཛོད་དང་། ཤེས་བྱ་རང་བཞིན་གྱི་ཕྱོགས་བསྡུས་མིང་མཛོད་དུ་དབྱེ་ཆོག་པ་རེད།”①ཅེས་པ་བཞིན།  སྐབས་བབ་གསར་བྱུང་མིང་བརྡའི་མིང་མཛོད་ནི་སྐད་ཡིག་རང་བཞིན་གྱི་མིང་མཛོད་ལ་ནང་གསེས་སུ་ཕྱོགས་བསྡུས་རང་བཞིན་དང་། སྤྱིར་བཏང་རང་བཞིན། ཆེད་དམིགས་རང་བཞིན་བཅས་རིགས་གསུམ་དུ་ཕྱེ་བའི་ཁྲོད་ཀྱི་ཆེད་དམིགས་རང་བཞིན་གྱི་ཁོངས་སུ་གཏོགས་ཤིང་།  དེ་ལ་ཡང་ཕྱོགས་བསྡུས་མིང་མཛོད་དང་། ཤེས་བྱའི་མིང་མཛོད་རིགས་གཉིས་སུ་ཕྱེས་ཆོག་པ་རེད།
         གཅིག  ཕྱོགས་བསྡུས་རང་བཞིན་གྱི་གསར་བྱུང་མིང་བརྡའི་མིང་མཛོད།  ཕྱོགས་བསྡུས་རང་བཞིན་གྱི་གསར་བྱུང་མིང་བརྡའི་མིང་མཛོད་ནི་དགྲོལ་བ་མིང་གསར་ཡིན་པའི་རྨང་གཞིའི་སྟེང་ནང་དོན་རིགས་སྣ་མང་བ་སྟེ།  《ཐ་སྙད་གསར་བསྒྲིགས་》དང་།  《རྒྱ་བོད་དབྱིན་གསུམ་རྒྱུན་བཀོལ་གསར་བྱུང་མིང་མཛོད》 《བོད་རྒྱ་དབྱིན་ཤན་སྦྱར་ཐ་སྙད་གསར་པའི་ཚིག་མཛོད་》བཅས་པ་ལྟ་བུ་ཡོད། དེ་དག་ལས་《ཐ་སྙད་གསར་བསྒྲིགས་》དང་པོ་དང་གཉིས་པ། གསུམ་པ།  བཞི་པ་བཅས་ནི་སྔ་ཕྱིར་1954ལོ་དང་། 1955ལོ།  1957ལོ་བཅས་ལོ་ངོ་གསུམ་གྱི་རིང་དུ་མི་རིགས་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་དང་པར་སྐྲུན་བྱས་ཤིང་། སྐབས་དེར་བྱུང་བའི་རྒྱ་ཡིག་གི་མིང་གསར་བོད་སྐད་ལ་བརྗོད་དུ་མེད་པ་རྣམས་བསྒྲིགས་ཡོད་ཅིང་། སྲིད་ཕྱོགས་ཀྱི་ནང་དོན་ཅུང་མང་བར་མངོན།  དེ་དག་ཕྱོགས་གཅིག་ཏུ་དྲིལ་ཏེ་བཟོ་བཅོས་དང་ཁ་སྣོན་ཐེངས་མང་བགྱིས་པ་ལས་1964ལོར་《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་》བསྒྲིགས་ལ། དེར་མིང་གསར་ཆིག་ཁྲི་སུམ་སྟོང་ལྷག་བསྡུས་ཡོད་པ་འདི་དག་ནི་དེང་རབས་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་ཁྲོད་དུ་ཐོག་མའི་གྲས་སུ་གཏོགས།
         རྒྱ་བོད་ཤན་སྦྱར་མིང་མཛོད་དང་གསར་བྱུང་མིང་བརྡའི་མིང་མཛོད་གླེང་བར་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》ནི་ངེས་པར་དུ་གླེང་དགོས་པ་ཞིག་སྟེ། དེས་ནི་དུས་རབས་ཉེར་གཅིག་པར་བྱུང་བའི་གསར་བྱུང་མིང་བརྡའི་མིང་མཛོད་རིགས་ལ་རྨང་གཞི་ལེགས་པོ་ཞིག་བསྐྲུན་འདུག མིང་མཛོད་འདི་ཉིད་ནི་ལྗོངས་ཞིང་ལྔའི་མི་རིགས་དཔེ་སྐྲུན་ཁང་ལྔ་ཡིས་ཐུན་མོང་གིས་རྩོམ་སྒྲིག་མཉམ་སྒྲུབ་བྱས་ཐོག《རྒྱ་བོད་ཤན་སྦྱར་ཚིག་མཛོད་》﹙1976ལོ﹚ལ་གཞིར་བྱས་སྔར་ཡོད་ཐ་སྙད་ཁག་ཅིག་ལ་བཟོ་བཅོས་དང་།  ད་དུང་སྔར་མེད་པ་ཁག་ཅིག་གསར་དུ་བསྣན་ནས་གཤིབ་བསྡུར་གཏན་འབེབས་གནང་ཞིང་།  རྩོམ་སྒྲིག་ཞུ་དག་སོགས་ཡང་ཡང་བགྱིས་ཏེ་1991ལོའི་ཟླ་llཔར་པར་གཞི་དང་པོ་བསྒྲིགས་ཏེ་མི་རིགས་དཔེ་སྐྲུན་ཁང་ནས་པར་འགྲེམས་བྱས། དེ་ནི་དེབ་ཚད་བཅུ་དྲུག་མའི་བདག་ཉིད་ཅན་ཞིག་དང་།  དེ་རུ་ཁྱོན་བསྡོམས་ཐ་སྙད་ཁྲི་8ལྷག་བསྡུས་ཡོད། 2002ལོའི་ཟླ་7པར་པར་གཞི་དང་པོར་བཟོ་བཅོས་ཅུང་ཟད་སྒོས་བསྐྱར་སྒྲིག་བྱས་ཤིང་དེབ་ཚད་སོ་གཉིས་མའི་བདག་ཉིད་ཅན་དུ་བསྒྱུར། མིང་མཛོད་འདི་ནི་ཕྱོགས་བསྡུས་མིང་མཛོད་ཀྱི་རིགས་སུ་གཏོགས་པ་དང་། ཐ་སྙད་གྲངས་མང་བའི་ཁར་དེ་རུ་རིག་ཚན་སོ་སོའི་གསར་བྱུང་མིང་བརྡ་འང་མང་པོ་བསྡུས་ཡོད་ཅིང་། ཟུར་བཀོད་དུ་རྒྱ་བོད་སྒྲ་སྒྱུར་བྱ་བའི་གཞི་འཛིན་རེའུ་མིག་སོགས་བཀོད་པར་བརྟེན་གཡར་མིང་གཅིག་གྱུར་དང་ཚད་ལྡན་ཡོང་ཡོད་པར་མ་ཟད།  རྗེས་བྱུང་གསར་བྱུང་མིང་བརྡའི་མིང་མཛོད་རིགས་ལའང་རྨང་གཞི་བཏིང་ཡོད་པ་རེད།
         དུས་རབས་ཉེར་གཅིག་པའི་ཚུན་དུ་གསར་བྱུང་མིང་མཛོད་འགའ་ཤས་བྱུང་ཡོད་པ་དག་ལས་ཤུགས་རྐྱེན་ཅུང་ཆེ་ཤོས་ནི་《རྒྱ་བོད་དབྱིན་གསུམ་རྒྱུན་བཀོལ་གསར་བྱུང་མིང་མཛོད་》②ཡིན་ཏེ། མིང་མཛོད་འདི་ནི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་པའི་འགན་ཁུར་ཏེ།  བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། པེ་ཅིན་སོགས་ཀྱི་ལོ་ཙཱ་བ་དང་ཆེད་མཁས་མང་པོས་རྩོམ་སྒྲིག་ཚོ་ཆུང་བཙུགས་ཏེ། ཐོག་མར་ཐ་སྙད་བསྡུས་ཏེ་མིང་ཇི་ལྟར་གདགས་ཚུལ་གྱི་རྩ་དོན་གཏན་འབེབས་གནང་ཞིང་། དེ་ནས་མདོ་དབུས་ཁམས་གསུམ་གྱི་ཡིག་སྒྱུར་ལས་ཁུངས་དང་མཁས་པ་སོ་སོའི་དགོངས་འཆར་བསྡུ་ལེན་དང་། མཐར་མིང་མཛོད་རྩོམ་སྒྲིག་པ་ཐམས་ཅད་མཉམ་འཛོམ་གྱིས་དཔྱད་བསྡུར་ཚོགས་འདུ་ཐེངས་མང་པོ་འཚོགས་ནས་ཐ་སྙད་རེ་རེ་བཞིན་ལེགས་པར་བརྟགས་ཐོག  ཡང་ཡང་བསྡུར་ནས་ཅི་ནུས་ཀྱིས་དོན་དུ་འབྱོར་ཞིང་བརྗོད་བདེ་བར་བྱས་པ་བརྒྱུད་ནས་གཏན་འབེབས་གནང་བའི་མིང་མཛོད་ཅིག་ཡིན།  དེར་ཐ་སྙད་ཁྲི་གཅིག་ལྷག་གི་རྒྱ་བོད་དབྱིན་གསུམ་གྱི་མིང་ཤན་སྦྱར་དུ་བཀོད་ཡོད་པར་མ་ཟད་ཞིབ་འགྲེལ་ཡང་བཀོད་འདུག  མིང་མཛོད་འདིའི་སྔ་རྗེས་སུ་ཡན་ལག་མིང་མཛོད་ཀྱི་ཚུལ་དུ་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》ཅེས་པ་ཁག་ཅིག་བསྒྲིགས་འདུག་ཅིང་།  དེ་ལས་རིས་འགྲེལ་མིང་མཛོད་དང་པོར་③བསྡོམས་པས་ཐ་སྙད་1900ཡོད་པ་དང་། པར་རིས་1390སྡེ་ཚན་མི་འདྲ་བ་35བཅས་ཡོད།  རིས་འགྲེལ་མིང་མཛོད་གཉིས་པར་④ཐ་སྙད་2545ཡོད་པ་དང་། པར་རིས་1991སྡེ་ཚན་མི་འདྲ་བ་56བཅས་ཡོད།  རིས་འགྲེལ་མིང་མཛོད་གསུམ་པར་⑤བསྡོམས་པས་ཐ་སྙད་2621ཡོད་པ་དང་།  པར་རིས་2435 སྡེ་ཚན་མི་འདྲ་བ་57བཅས་ཡོད། ཁ་སྐོང་གི་དེབ་⑥ཏུ་ཐ་སྙད་2000ལྷག་འཁོད་འདུག མིང་མཛོད་ཚོགས་པ་འདི་ལ་ནང་དོན་གྱི་ཆ་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཟས་གོས་ཡོ་བྱད་དང་བཅས་པའི་དངོས་པོ་ཕལ་མོ་ཆེའི་ཐ་སྙད་རྒྱུགས་ཆེ་བ་དག་གཙོར་བྱས་པ་ཞིག་ཡིན་པས་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་ལ།  རྣམ་པའི་ཆ་ནས་སྐད་གསུམ་ཤན་སྦྱར་དང་།  བོད་ཡིག་གི་འགྱུར་མིང་བོད་ཀྱི་སྤྱི་སྐད་ལ་སྦྱར་བས་ཀུན་གྱིས་གོ་བདེ་བ།  ཡན་ལག་རིས་འབྲེལ་མིང་མཛོད་དུ་ཐ་སྙད་རེ་རེ་བཞིན་ཚོན་ལྡན་པར་རིས་སྡེ་ཚན་དང་བཅས་ཏེ་གསལ་པོར་འཁོད་ཡོད་པས་བལྟས་པ་ཙམ་གྱིས་ངོ་འཕྲོད་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས།  བོད་ཡིག་གི་མིང་མཛོད་སྒྲིག་ལུགས་ཚད་ལྡན་ཅན་དུ་འགྲོ་བཞིན་པའི་དཔེ་མཚོན་ལྟ་བུར་གྱུར་ཡོད།  
         《རྒྱ་བོད་བརྡ་ཆད་གསར་པ་》⑦ནི་2010ལོར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གིས་ལོ་ངོ་དུ་མའི་རིང་དུ་འཚོལ་སྒྲིག་སྒྱུར་གསུམ་གྱིས་གཏན་ལ་ཕབ་པའི་མིང་བརྡ་གསར་པ་བཞི་སྟོང་ལྷག་ལ་པེ་ཅིན་དང་ལྗོངས་ཞིང་ལྔའི་ཆེད་མཁས་ཁག་ཅིག་གིས་གསབ་འཕྲི་འཆོས་གསུམ་གནང་ཞིང་།  ལོ་དེའི་ཟླ་9པར་ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ཚོགས་འདུ་བསྡུས་ཏེ་རྒྱུགས་ཆེ་བའི་རྒྱུན་སྤྱོད་ཀྱི་ཐ་སྙད་60ལྷག་གི་འགྱུར་མིང་གཏན་ལ་ཕབ་པ་གཞིར་བྱས་ཐོག དེ་དག་ལ་ཕྱོགས་བསྡོམས་དང་། དཔྱད་བསྡུར། འདོར་ལེན་བཅས་བྱས་ཏེ་གྲུབ་པ་ཞིག་རེད།
         《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས་》⑧ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་དང་།  བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་བཅས་ལས་ཁུངས་ཁག་གསུམ་གྱིས་1995ལོ་ནས་2011ལོའི་བར་ཆེད་མཁས་སྒྲིག་འཛུགས་ཐོག་བཀས་བཅད་བཏང་བའི་ཐ་སྙད་3000ལྷག་དང་།  ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཡུལ་སྐོར་གནས་མིང་263 སྲིད་འཛིན་གྲོང་ཚོ་ཨུ་ལྷན་ཡན་ཆོད་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ས་མིང་6200ལྷག་ཙམ་བསྡུ་སྒྲིག་བྱས་འདུག
         《རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད་》⑨ནི་ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱུགས་ཆེ་བའི་རྒྱུན་སྤྱོད་ཐ་སྙད་དག་འཚོལ་བསྡུ་ལེགས་འདེམས་བྱས་ཁར།  《རྒྱ་བོད་ཚིག་མཛོད་ཕྲེང་བསྒྲིགས་གསོ་རིག་སྨན་གཞུང་》དང་།  《རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་》ཟུང་ལ་ཟུར་ལྟ་བྱས་ཏེ་སྒྲིག་སྒྱུར་བྱས་པ་ཞིག་སྟེ། དེ་རུ་མིང་བརྡ་ཆིག་ཁྲིར་ཉེ་བ་བསྡུ་སྒྲིག་བྱས་ཡོད་པ་རེད།
         《གསར་བྱུང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་》⑩ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྱུར་སྒྲིག་བྱས་པ་ཞིག་ཡེན།  དེར་རྒྱུན་སྤྱོད་ཐ་སྙད་གསར་པ་2000ལྷག་ལ་རྒྱ་བོད་ཤན་སྦྱར་གྱི་པར་རིས་མིང་འགྲེལ་དང་བཅས་ཏེ་འཁོད་ཅིང་།  བོད་ཡིག་གི་འགྱུར་མང་ཆེ་བ་ཞིག་ནི་དམངས་གླུ་དང་གཏམ་དཔེ་སོགས་ལས་བཏུས་པས། སློབ་བདེ་ཞིང་ཡིད་ལ་འཛིན་སླ་བའི་ཁྱད་ཆོས་ལྡན།
         《བོད་རྒྱ་དབྱིན་ཤན་སྦྱར་ཐ་སྙད་གསར་པའི་ཚིག་མཛོད་》⑪ནི་ཀྲོའུ་ཝེ་དང་། བཀྲ་ཤིས་ཚེ་རིང་། ཉི་མ་སྒྲོལ་མ་བཅས་ཀྱིས་གཙོ་སྒྲིག་བྱས་ལ།  དེར་“རྒྱལ་ཡོངས་ཀྱི་བོད་སྐད་ཐ་སྙད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་”མ་བཙུགས་སྔོན་གྱི་ལོ་ངོ་བཅུའི་རིང་གི་ཐ་སྙད་གསར་པ་དང་ལྷག་པར་དུ་སྲིད་ཇུས་སྐོར་གྱི་ཐ་སྙད་བོད་འགྱུར་མ་རྣམས་ལ་སྔར་ཡོད་ཀྱི་མིང་མཛོད་དག་དཔྱད་གཞིར་བཟུང་ཐོག 《ཀྲུང་གོའི་ཉིན་རེའི་ཚགས་པར་》གྱིས་ལོ་ངོ་བཅུའི་ནང་དུ་ཕྱོགས་བསྡུས་དང་ཁྱབ་བསྒྲགས་བྱས་པའི་རྒྱ་ཡིག་གི་ཐ་སྙད་གསར་པ་བེད་སྤྱོད་ཚད་ཆེ་བ་རྣམས་བོ་ད་སྐད་དུ་བསྒྱུར་ཏེ་བསྒྲིགས་པ་ཞིག་སྟེ། དེ་རུ་བསྡོམས་པས་ཐ་སྙད་4800ལྷག་ཡོད་པར་ནང་དོན་གྱི་ཆ་ནས་གཅིག་ཏུ་སྣང་ནའང་དེ་རུ་སྒྲིག་རིམ་གྱི་ཆ་ནས་ཐོག་མར་བོད་རྒྱ་དབྱིན་དང་བར་དུ་རྒྱ་བོད་དབྱིན། མཐར་དབྱིན་བོད་རྒྱ་བཅས་ཡིག་རིགས་གསུམ་གྱི་ཤན་སྦྱར་སུམ་ཕྲེང་བསྒྲིགས་པ་ཞིག་ཡིན།  
         《རྒྱ་བོད་ཤན་སྦྱར་གྱི་གཞུང་ཡིག་ཚིག་མཛོད་》⑫ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གིས་སྒྲིག་སྒྱུར་བྱས་པ་དང་། ནང་དོན་གྱི་ཆ་ནས་གཞུང་ཡིག་བརྡ་ཆད་ཁོ་ན་ཙམ་མ་ཡིན་པར།  འདི་ནི་སྲིད་འབྱོར་རིག་གསུམ་གྱི་རྒྱུན་སྤྱོད་མིང་གསར་གཙོར་བྱས་ཏེ།  རིག་ཚན་སོ་སོའི་མིང་བརྡ་ཁྲི་བཞི་ལྷག་གི་བདག་ཉིད་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་མིང་མཛོད་ཅིག་ཏུ་མཐོང་ངོ་། །
         གཉིས།  ཤེས་བྱ་རང་བཞིན་གྱི་གསར་བྱུང་མིང་བརྡའི་མིང་མཛོད།  ཤེས་བྱ་རང་བཞིན་གྱི་གསར་བྱུང་མིང་བརྡའི་མིང་མཛོད་ནི་རིག་ཚན་གྱི་མིང་བརྡ་གསར་པ་ཁོ་ན་བསྡུ་བ་ཞིག་སྟེ།  དཔལ་འབྱོར་དང་དངུལ་རྩ།  ཁྲིམས་ལུགས། རྩིས་དངོས་རྫས་དང་སྐྱེ་དངོས་རིག་པ། ཆ་འཕྲིན་ལ་སོགས་པ་ནང་དུ་བསྡུས་པའི་མིང་མཛོད་ཀྱི་རིགས་ཡིན།
         1.དཔལ་འབྱོར་དང་དངུལ་རྩའི་སྐོར།  དུས་རབས་ཉེར་གཅིག་པའི་ཚུན་དུ་རྩོམ་སྒྲིག་མཛད་པའི་དཔལ་འབྱོར་དང་དངུལ་རྩའི་མིང་མཛོད་འགའ་ཤས་མཆིས་པ་ལས།《རྒྱ་བོད་དངུལ་རྩའི་ཚིག་མཛོད་》⑬ནི་གཡང་དྲུང་དབང་ཕྱུག་གིས་སྒྲིག་སྒྱུར་བྱས་ལ།  དེར་དངུལ་རྩའི་ཤེས་བྱ་དང་དངུལ་རྩའི་ལས་རིགས་དང་འབྲེལ་བའི་ཐ་སྙད་17900ལྷག་བསྡུས་ཡོད་ཅིང་།  དེ་རུ་སྔོན་དུ་ཐ་སྙད་དག་འཚོལ་བདེ་བའི་རེའུ་མིག་ཅིག་བཀོད་ཡོད་པར་མ་ཟད། ཐ་སྙད་ཁག་ཅིག་ལ་ཞིབ་འགྲེལ་ཡང་བྱས་འདུག   
         《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད་》⑭ནི་ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་བཙུགས་པ་ནས་ལོ་ངོ་20རིང་ལ་བསྡུ་ཉར་དང་སྒྲིག་སྒྱུར་བྱས་པའི་དངུལ་རྩའི་སྐོར་གྱི་རྒྱུན་སྤྱོད་ཐ་སྙད་5000ལྷག་བསྡུས་འདུག་ཅིང་། ཐ་སྙད་མང་ཆེ་བ་ཞིག་ནི་ལྗོངས་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་གནང་བའི་ཚད་ལྡན་ཅན་དང་། ཡོངས་ཁྱབ་ཅན། གོ་བདེ་ཅན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན།  ཟུར་བཀོད་དུ་ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཁོངས་གཏོགས་སྒྲིག་གཞིའི་མིང་འཁོད་འདུག  
         《རྒྱ་བོད་ཤན་སྦྱར་དཔལ་འབྱོར་རིག་པའི་ཚིག་མཛོད་》⑮ནི་དཀོན་མཆོག་ཚེ་བརྟན་གྱིས་གཙོ་སྒྲིག་བྱས་པ་སྟེ། དཔལ་འབྱོར་རིག་པའི་བརྡ་ཆད་རྣམས་རྒྱ་ཡིག་གི་པིར་རིས་གོ་རིམ་ལྟར་ཉུང་བ་ནས་མང་པོར་རྒྱ་བོད་སྐད་གཉིས་ཤན་སྦྱར་ཏེ་བསྒྲིགས་ཡོད་ལ།  སྔོན་ལ་རྒྱ་ཡིག་གི་ཐ་སྙད་ལ་ཞིབ་འགྲེལ་འཁོད་པ་དང་།  མཇུག་ཏུ་བོད་ཡིག་གི་འགྱུར་མིང་ལ་ཞིབ་འགྲེལ་འཁོད་འདུག   
         2.རྩིས་དངོས་རྫས་དང་སྐྱེ་དངོས་རིག་པའི་སྐོར། རྩིས་དངོས་རྫས་གསུམ་གྱི་ཆེད་ལས་མིང་མཛོད་ཅུང་སྔ་ཤོས་ནི་ལོ་རབས་དགུ་བཅུ་པར་བྱུང་བའི་རང་བྱུང་ཚན་རིག་གི་ཚིག་མཛོད་དེབ་ཕྲེང་དེ་ཡིན་ཞིང་། དེར་《བོད་རྒྱ་དབྱིན་སྐད་ཀྱི་དངོས་ལུགས་རིག་པའི་ཚིག་མཛོད་》དང་། 《བོད་རྒྱ་དབྱིན་སྐད་ཀྱི་རྫས་འགྱུར་རིག་པའི་ཚིག་མཛོད》《བོད་རྒྱ་དབྱིན་སྐད་ཀྱི་གྲངས་རིག་པའི་ཚིག་མཛོད་》སོགས་ཡོད།   
         དུས་རབས་ཉེར་གཅིག་པར་བྱུང་བའི་མིང་མཛོད་ལ་མཚོན་ན།  ཐོག་མར་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་སྒྲུབ་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་གཙོ་སྒྲིག་བྱས་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས་ཏེ། 《གྲངས་རིག་པ་》⑯དང་།《དངོས་ལུགས་རིག་པ》⑰《རྫས་འགྱུར་རིག་པ》⑱《རྩིས་འཁོར་རིག་པ་》⑲བཅས་ཡིན། རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རིག་གཞུང་ཚན་ཁག་སོ་སོའི་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་འགྲོ་བ། སློབ་གཞི་རྩོམ་སྒྱུར། སློབ་ཁྲིད། ཚན་རིག་ཞིབ་འཇུག་སོགས་ལ་ཚད་ལྡན་ཡོ་བྱད་ཅིག་འདོན་སྤྲོད་བྱ་ཆེད། ལྗོངས་ཞིང་ལྔའི་བོད་ཡིག་བསླབ་གཞི་རྩོམ་སྒྱུར་སྡེ་ཁག་དང་།  འབྲེལ་ཡོད་ཀྱི་སློབ་གྲྭ་ཆེ་འབྲིང་།  བོད་ཀྱི་སྐད་ཡིག་སློབ་ཁྲིད།  ཚན་རིག་ཞིབ་འཇུག ཡིག་སྒྱུར་སོགས་ལས་ཁུངས་ཀྱི་ཆེད་མཁས་མང་པོ་གདན་དྲངས་ཏེ་སྒྲིག་སྒྱུར་བྱས་པ་ཞིག་ཡིན།  མིང་མཛོད་དེབ་ཕྲེང་འདིའི་སྒྲིག་སྟངས་ཐད་རིག་ཚན་སོ་སོའི་མིང་གསར་རྣམས་རྒྱ་ཡིག་གི་དབྱངས་གསལ་གྱི་གོ་རིམ་བཞིན་རྒྱ་བོད་དབྱིན་གསུམ་གྱི་ཐ་སྙད་ཤན་སྦྱར་དུ་བྱས་ཡོད་ཅིང་།  དེ་རུ་རྫས་འགྱུར་རིག་པའི་ཐ་སྙད་21590དང་། གྲངས་རིག་པའི་ཐ་སྙད་28400དང་། དངོས་ལུགས་རིག་པའི་ཐ་སྙད་26000 རྩིས་འཁོར་རིག་པའི་ཐ་སྙད་32000བཅས་བསྡུས་ཡོད།
         《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ་》⑳དང་《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ་》﹙21﹚གཉིས་ནི་མགོན་པོ་རབ་བརྟན་གྱིས་མཐོ་རིམ་དངོས་ལུགས་རིག་པའི་སློབ་ཁྲིད་ཞིབ་འཇུག་གི་རྨང་གཞིའི་སྟེང་།  བོད་ཡིག་གི་དངོས་ལུགས་དགེ་རྒན་དང་།  ལོ་ཙཱ་བ།  བོད་ཀྱི་སྐད་བརྡའི་ཆེད་མཁས་པ་མང་པོའི་བསམ་འཆར་བསྡུ་ལེན་བྱས་ཐོག དངོས་ལུགས་རིག་པའི་ཐ་སྙད་ལ་ཞིབ་འཇུག་གཏན་འབེབས་ཀྱིས་སྔར་ཡོད་དངོས་ལུགས་རིག་པའི་བོད་ཡིག་མིང་བརྡ་ལེགས་སྒྲིག་དང་ཁ་གསབ་བྱས་ཏེ་བསྒྲིགས་པ་ཞིག་ཡིན།  《ཚིག་མཛོད་གཟི་ཡི་ཕྲེང་བ་》རུ་མིང་བརྡ་7550ལྷག་བོད་རྒྱ་དབྱིན་གསུམ་ཤན་སྦྱར་དུ་བྱས་ཤིང་།  བོད་ཡིག་གི་ཞིབ་འགྲེལ་འཁོད་ཡོད་ལ།  《མིང་མཛོད་གཟི་ཡི་ཕྲེང་བ་》རུ་བོད་རྒྱ་དབྱིན་གསུམ་དང་རྒྱ་བོད་དབྱིན་གསུམ།  དབྱིན་བོད་རྒྱ་གསུམ་བཅས་ཤན་སྦྱར་སུམ་ཕྲེང་གིས་མིང་བརྡ་11710བསྒྲིགས་ཡོད།  
         《རྒྱ་བོད་ཤན་སྦྱར་གྱི་སྐྱེ་དངོས་རིག་པའི་ཚིག་མཛོད་》﹙22﹚ནི་ཡོན་ཏན་རྒྱ་མཚོ་དང་གུ་རུ་འཚོས་སྔར་ཡོད་དཔྱད་འབྲས་ཀྱི་རྨང་གཞིའི་སྟེང་། ལོ་བཅུ་ཕྲག་ལྷག་གི་རིང་ལ་སྐྱེ་དངོས་རིག་པའི་གཞུང་ལུགས་ཀྱི་སྐོར་དང་།  སྲོག་ཆགས་དང་རྩི་ཤིང་སོགས་སྐྱེ་དངོས་ཀྱི་རྒྱུན་སྤྱོད་ཐ་སྙད་འཚོལ་བསྡུ་དང་ཕྱོགས་སྒྲིག ཡིག་སྒྱུར་བཅས་བྱས་ཏེ་བསྒྲིགས་པ་ཞིག་ཡིན།   
         《རྫས་འགྱུར་རིག་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚིག་མཛོད་》﹙23﹚ནི་གཙོ་སྒྲིག་པ་མཆོག་གསུམ་དང་གཙོ་སྒྲིག་གཞོན་པ་ཚེ་རིང་སྒྲོལ་མ་གཉིས་ཀྱིས་《སྐྱེ་མེད་རྫས་ཀྱི་མིང་འདོགས་ཐབས་ཀྱི་རྩ་དོན་》དང་།  《སྐྱེ་ལྡན་རྫས་ཀྱི་མིང་འདོགས་ཐབས་ཀྱི་རྩ་དོན》《རྫས་འགྱུར་ཐ་སྙད་》སོགས་ཐ་སྙད་ཚད་ལྡན་དུ་བཟོས་པའི་ཞིབ་འཇུག་གི་གྲུབ་འབྲས་ལ་ཟུར་ལྟ་བྱས་ཏེ་སྒྲིག་སྒྱུར་བྱས་ཤིང་།  བསྡོམས་པས་ཐ་སྙད་18450ལྷག་བསྡུས་འདུག
         3.ཁྲིམས་ལུགས་སྐོར་གྱི་མིང་མཛོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན། རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་འཛིན་གྱོད་ཞིབ་བྱེད་པའི་རེ་འདུན་ཡང་ཇེ་མཐོ་ཇེ་ཟབ་ཏུ་སོང་རྐྱེན།  ཁྲིམས་ལུགས་ཤན་སྦྱར་མིང་མཛོད་རེ་འགའ་རྩོམ་སྒྲིག་བས་ཡོད་པ་ལས།  
         《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་》﹙24﹚ནི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་མཐོ་རིམ་ཞིབ་དཔྱོད་དཔོན་ཚེ་རིང་དོན་གྲུབ་ཀྱིས་གཙོ་སྒྲིག་བྱས་ཤིང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དོན་བྱེད་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུད་ཀྱིས་སྒྲིག་འཛུགས་བྱས་པ་བརྒྱུད། ལོ་ཙཱ་བ་དང་མིང་མཛོད་རྩོམ་སྒྲིག་མཁས་དབང་གདན་ཞུ་གནང་སྟེ་འཕྲི་སྣོན་དང་བཟོ་བཅོས་གང་ལེགས་བྱས་ཐོག ཁྲིམས་ལུགས་ཐ་སྙད་ཁྲི་2ལྷག་རྒྱ་བོད་ཤན་སྦྱར་དང་།  རྒྱ་ཡིག་གི་སྒྲ་སྦྱོར་དབྱངས་གསལ་དང་སྒྲ་གདངས་ཀྱི་གོ་རིམ་བཞིན་བསྒྲིགས་ཡོད།  
         《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ་》﹙25﹚ནི་ཀྲང་ཕེའེ་ཀྲུང་གིས་གཙོ་སྒྲིག་བྱས་པ་དང་།  བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་རྩོམ་སྒྱུར་བྱས་ཏེ། རྒྱུན་སྤྱོད་ཀྱི་ཁྲིམས་ལུགས་མིང་བརྡ་གཙོར་བྱས་པ་བསྡོམས་ན་ཐ་སྙད་7662བསྡུས་ཡོད།  མིང་མཛོད་འདི་ནི་བོད་རིགས་ས་ཁུལ་ཡོངས་ལ་ཁྲིམས་འཛིན་གྱོད་ཞིབ་དང་། ཁྲིམས་ལུགས་དྲིལ་བསྒྲགས།  སློབ་ཁྲིད་ཞིབ་འཇུག དེ་བཞིན་ལས་ཁུངས་ཁག་དང་མང་ཚོགས་ཀྱིས་ཁྲིམས་ལུགས་བེད་སྤྱོད་དང་སློབ་སྦྱོང་བཅས་བྱེད་པར་རྒྱ་བོད་སྐད་གཉིས་བེད་སྤྱོད་པའི་དགོས་མཁོ་དང་རེ་འདུན་སྐོང་ཆེད་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན།  སྔ་ཕྱིར་མིང་བརྡ་འདེམས་སྒྲིག་དང་། གཏན་འབེབས། ཞུ་དག ཡིག་སྒྱུར། འགྱུར་ཞུས་བཅས་རིམ་པ་མང་པོ་བརྒྱུད་ཡོད་ཅིང་།  རིམ་པ་སོ་སོའི་འབྲེལ་ཡོད་ཆེད་མཁས་པ་དག་གདན་ཞུ་གནང་སྟེ་ཡང་དག་པ་དང་ཆ་ཚང་བ།  སྤྱོད་གོ་ཆོད་པ་བཅས་བྱས་ཡོད། 2017ལོའི་ཟླ་12པར་པར་གཞི་གཉིས་པ་བསྒྲིགས་ལ། དེར་སྔར་གྱི་འགྱུར་མ་དག་པ་འགའ་ཞིག་དོར་བ་དང་།  མིང་བརྡ་གསར་པ་ཁག་ཅིག་ཁར་གསབ་བྱས་པ། འགྱུར་མ་དག་པའི་འགྲེལ་བཤད་དང་མིང་བརྡ་ཁག་ལའང་བཟོ་བཅོས་བརྒྱབ་སྟེ།  དེར་མིང་བརྡ་7758བསྡུས་ཡོད་པ་རེད།  སྒྲིག་སྟངས་ཐད་རྒྱ་ཡིག་གི་སྒྲ་སྦྱོར་དབྱངས་གསལ་དང་སྒྲ་གདངས་ཀྱི་རིམ་པ་ལྟར་དང་། དབྱིན་ཡིག་གསལ་བྱེད་ལས་གྲུབ་པའི་གཡར་མིང་རིགས་དབྱིན་ཡིག་གསལ་བྱེད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད་ལ། ཐོག་མར་རྒྱ་ཡིག་མིང་བརྡ་ལ་འགྲེལ་བརྒྱབ་རྗེས།  བོད་ཡིག་གི་འགྱུར་མིང་ལ་ཞིབ་འགྲེལ་འཁོད་པ་ཞིག་ཡིན།   
         《རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད་》﹙26﹚ནི་སྙིང་བོ་རྒྱལ་དང་ཀུན་ཞོན་ཙུང་གཉིས་ཀྱིས་གཙོ་སྒྲིག་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྒྲིག་སྒྱུར་སྒྲིག་འཛུགས་བྱས་པ་ཞིག་ཡིན། འདི་ནི་རྒྱ་ཡིག་གི་ཡི་གེ་དང་པོའི་པིར་རིས་ཉུང་བ་ནས་མང་བའི་གོ་རིམ་ལྟར་ཁྲིམས་ལུགས་མིང་བརྡ་ལ་རྒྱ་བོད་སྐད་གཉིས་ཤན་སྦྱར་དུ་བཀོད་ཡོད་ལ།  བོད་ཡིག་གི་ཐ་སྙད་ནི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་ཞིག་ཡིན།   
         གསུམ། ཤེས་བྱ་རང་བཞིན་གྱི་མིང་མཛོད་གཞན་དག《བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད་》﹙27﹚ནི་རང་བྱུང་ཚན་རིག་གི་ཚིག་མཛོད་དེབ་ཕྲེང་གི་གྲས་སུ་གཏོགས་ཤིང་།  ཟླ་བ་བློ་གྲོས་ཀྱིས་གཙོ་སྒྲིག་བྱས།  མིང་མཛོད་འདིར་《ཚན་རྩལ་ལག་རྩལ་གྱི་བརྡ་འཕྲིན་བརྒྱུད་ཁོངས་ཀྱི་ཚད་གཞི་དང་བཀོལ་སྤྱོད་ཕྱོགས་སྟོན་》(བམ་པོ་གཉིས་པ)གྱི་རིགས་བཞི་པ་《གཞི་འཛིན་གྲངས་ཐག་གཅོད་ཀྱི་བརྡ་ཆད་》རྣམས་གཞིར་བཟུང་ནས་ཚད་གཞི་བདམས་ཤིང་།  རྒྱ་ཡིག་གི་བརྡ་ཆད་3500ལྷག་བོད་ཡིག་ཏུ་བསྒྱུར་ནས་བསྒྲིགས་པ་ཞིག་ཡིན་ལ།  བོད་རྒྱ་དབྱིན་གསུམ་གྱི་གོ་རིམ་བཞིན་ཆ་འཕྲིན་ཐ་སྙད་བསྒྲིགས་པར་བོད་རྒྱ་སྐད་གཉིས་ཀྱིས་ཞིབ་འགྲེལ་བཀོད་འདུག   
         《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད་》﹙28﹚ནི་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས་པ་སྟེ། 2005ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལྔོངས་ཞིང་ལྔའི་བོད་ཡིག་ཆ་འཕྲིན་ལག་རྩལ་དང་སྐད་བརྡའི་ཆེད་མཁས། ལོ་ཙཱ་བ་སོགས་གདན་ཞུ་གནང་སྟེ་ཞིབ་འཇུག་བྱ་གཞིའི་ཚོ་ཆུང་བཙུགས་ནས་མིང་བརྡ་བཞི་སྟོང་འདུས་པའི་《ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད་》ཅེས་པའི་ཞིབ་འཇུག་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། མིང་བརྡ་ཉིས་སྟོང་ལྷག་ཁར་བསྣན་ཏེ་མིང་བརྡ་དྲུག་སྟོང་ལྷག་འདུས་པའི་མིང་མཛོད་འདི་ཉིད་རྩོམ་སྒྲིག་བྱས་ཤིང་།  དེ་རུ་ཀློག་པ་པོ་སོ་སོའི་སྐད་རིགས་ཀྱི་དགོས་མཁོར་བསྟུན་ཆེད། བོད་རྒྱ་དབྱིན་དང་རྒྱ་བོད་དབྱིན།  དབྱིན་བོད་རྒྱ་བཅས་ཡིག་རིགས་གསུམ་གྱི་ཤན་སྦྱར་སུམ་ཕྲེང་བཀོད་འདུག   
         《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་》﹙29﹚ནི་འོད་ཚང་ཚོགས་ཆེན་གྱིས་གཙོ་སྒྲིག་བྱས་པ་སྟེ། འདི་ནི་དེང་རབས་གསོ་བ་རིག་པའི་བསླབ་གཞི་དང་མིང་མཛོད་ཁུངས་བཙུན་ལ་བརྟེན་ནས། དེང་རབས་གསོ་རིག་གི་ནད་ཐོག་རིག་ཚན་གྱི་མིང་བརྡ་རྣམས་གཙོར་བྱས་ཏེ་གསར་དར་གསོ་རིག་གི་མིང་བརྡ་40000ལྷག་བསྡུས་པ་ཞིག་ཡིན།
         《རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད་》(པར་གཞི་གསུམ་པ)﹙30﹚ནི་མིང་མཛོད་དེ་ཉིད་ཀྱི་སྒྱུར་སྒྲིག་ཨུ་ལྷན་གྱིས་1996ལོར་ཡོངས་བསྒྲགས་བྱས་པའི་《རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད་》ཀྱི་རྨང་གཞིའི་ཐོག་དག་བཅོས་དང་ཁ་སྐོང་བྱས་ཏེ་སྒྲིག་སྒྱུར་བྱས་ཤིང་། དེར་རླུང་ཁམས་ཆེན་པོ་དང་། གནམ་བྱད་རིག་པ། ནམ་ཟླ་རིག་པ། ཉེར་སྤྱོད་གནམ་བྱད་རིག་པ་སོགས་དང་འབྲེལ་བའི་ཐ་སྙད་2400ལྷག་དང་དེ་དག་གི་ཞིབ་འགྲེལ་འཁོད་འདུག  
         《རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་མིང་མཛོད་》﹙31﹚ནི་རིན་ཆེན་ཚེ་རིང་དང་བསོད་ནམས་བཀྲ་ཤིས་ཀྱིས་སྒྲིག་སྒྱུར་བྱས་པ་སྟེ། རྒྱ་ཡིག་གི་《གློག་བརྙན་སྒྱུ་རྩལ་གྱི་མིང་མཛོད་》དང་། 《དེང་རབས་གློག་བརྙན་བརྙན་འཕྲིན་ལག་རྩལ་མིང་མཛོད་》གཉིས་གཙོར་བཟུང་སྟེ་གློག་བརྙན་གཞུང་ལུགས་དང་། འཁྲབ་གཞུང་རྩོམ་སྒྲིག འཁྲབ་ཁྲིད། མཛེས་རྩལ། སྒྲིག་བཟོ། རྒྱུད་སྒྲོག་སོགས་སུ་ཚན་པ་བཀར་ཏེ། བརྡ་ཆད་རྒྱ་བོད་ཤན་སྦྱར་ལ་རྒྱ་ཡིག་གི་ཞིབ་འགྲེལ་འཁོད་པ་ཞིག་སྟེ། དེར་བསྡོམས་པས་ཐ་སྙད་1100ལྷག་བསྡུས་ཡོད།  
         《རྒྱ་བོད་ཤན་སྦྱར་ཕྱུགས་ལས་སྨན་བཅོས་ཚིག་མཛོད་》﹙32﹚ནི་བློ་བཟང་རྡོ་རྗེས་གཙོ་སྒྲིག་བྱས་པ་སྟེ།  དེར་ཕྱུགས་ལས་དང་།  སྨན་བཅོས།  རྩྭ་ཐང་ལ་སོགས་དང་འབྲེལ་བའི་མིང་བརྡ་32000ལྷག་བསྡུས་འདུག
         གོང་འཕྲོས་དག་ནི་མིང་མཛོད་རིག་པར་གཞི་བཅོལ་ཏེ་དུས་རབས་ཉེར་གཅིག་པར་བྱུང་བའི་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་ལ་རིགས་ཕྱེས་ནས་བཀོད་པ་ཞིག་ཡིན་ལ།  དེ་ཡང་གཅིག་ནས་ད་ཡོད་མིང་མཛོད་རྣམས་ཀློག་པ་པོར་ངོ་སྤྲོད་པའི་ཆེད་དང་།  གཉིས་ནས་མིང་མཛོད་འདི་དག་དཔྱད་གཞིར་དྲངས་ནས་དུས་རབས་ཉེར་གཅིག་པའི་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་རིགས་ལ་ཁྱད་ཆོས་ཅི་ཡོད་དང་།  གནད་དོན་གང་མཆིས་ལ་དབྱེ་ཞིབ་བས་པ་ལགས། 
གཉིས་པ། གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་ཁྱད་ཆོས།
         མིང་མཛོད་རིག་པའི་གཞུང་དུ་བམ་གྲངས་དང་། དེབ་ཚད་ཀྱི་ཆེ་ཆུང་།  ཤོག་གྲངས་ཀྱི་མང་ཉུང་།  མིང་གྲངས་ཀྱི་བསྡུ་ཚད་སོགས་མི་འདྲ་བས་མིང་མཛོད་ལ་ཆེ་འབྲིང་ཆུང་གསུམ་དུ་ཕྱེས་ཡོད་པ་ལ།  གོང་འཕྲོས་མིང་མཛོད་དག་ལས་《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་》ནི་འབྲིང་གྲས་སུ་བགྲངས་ཆོག་པ་ལས།  ཕལ་ཆེ་བ་ནི་བམ་པོ་གཅིག་དང་ཤོག་གྲངས་ཆིག་སྟོང་མན་ཆད།  མིང་གྲངས་ཁྲི་བཞི་ལས་ཉུང་བ་ནི་མིང་མཛོད་ཆུང་གྲས་སུ་གཏོགས་ཤིང་།  སྒྲིག་སྟངས་ལའང་ཐུན་མིན་གྱི་ཁྱད་ཆོས་རེ་འགའ་ལྡན་ཏེ།   
         གཅིག  སྐད་གཉིས་ནས་སྐད་མང་ཤན་སྦྱར་དུ་འཕེལ་བ།ཞིན་པ།  སྐད་ཡིག་གི་ཆ་ནས་མིང་མཛོད་ལ་སྐད་གཅིག་མིང་མཛོད་དང་སྐད་གཉིས་ཤན་སྦྱར་མིང་མཛོད།  སྐད་མང་ཤན་སྦྱར་མིང་མཛོད་བཅས་རིགས་གསུམ་དུ་ཕྱེ་ཆོག་ཅིང་། སྐབས་བབ་ཀྱི་བརྗོད་བྱ་གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་རིགས་ནི་སྐད་གཉིས་ཤན་སྦྱར་དང་སྐད་མང་ཤན་སྦྱར་མིང་མཛོད་ཀྱི་ཁོངས་སུ་གཏོགས། དམིགས་བྱའི་ཀློག་པ་པོ་མི་འདྲ་བས་སྐད་གཉིས་ཤན་སྦྱར་མིང་མཛོད་ལའང་བྱེ་བྲག་གི་དབྱེ་བ་གཉིས་ཡོད་དེ།    Aནི་ཕ་སྐད་དང་།    Bནི་གཞན་སྐད་ཡིན་པར་བྱས་ན།     A-Bཅན་དང་B-Aཅན་ཏེ།    A-Bཅན་ནི་མི་རིགས་གཞན་གྱི་ཀློག་པ་པོར་དམིགས་པ་ཡིན་ལ།     B-Aཅན་ནི་མི་རིགས་རང་གི་ཀློག་པ་པོར་དམིགས་པ་ཡིན།  དེ་ཡང་Aནི་བོད་སྐད་དང་།     Bནི་རྒྱ་སྐད་ཡིན་པར་བྱས་ན།     A-Bནི་བོད་རྒྱ་ཤན་སྦྱར་མིང་མཛོད་དང་།    B-Aནི་རྒྱ་བོད་ཤན་སྦྱར་མིང་མཛོད་ལ་བྱ་བ་ཡིན།  ཡང་སྐད་མང་ཤན་སྦྱར་མིང་མཛོད་ནི་སྐད་རིགས་གསུམ་མམ་ཡང་ན་སྐད་རིགས་གསུམ་ཡན་གྱི་མིང་རེ་རེ་ལྷན་དུ་སྡུད་པ་ཞིག་ལ་བྱ་སྟེ།  རྒྱ་བོད་དབྱིན་ཤན་སྦྱར་མིང་མཛོད་ནི་སྐད་མང་ཤན་སྦྱར་ཏེ།  དེ་ནི་B-A-Cཅན་གྱི་རྣམ་པ་ཅན་ནོ། །
         དུས་རབས་ཉེར་གཅིག་པར་བྱུང་བའི་གསར་བྱུང་མིང་བརྡའི་མིང་མཛོད་ལ་ནང་དོན་གྱི་ཆ་ནས་རྒྱུན་བཀོལ་གྱི་མིང་བརྡ་དང་། སྲིད་ཇུས། དཔལ་འབྱོར་།  དངུལ་རྩ། བརྙན་འཕྲིན།  རྩིས་དངོས་རྫས་གསུམ།  ཁྲིམས་ལུགས། གསོ་རིག ཆ་འཕྲིན། རླུང་ཁམས་སོགས་རིག་ཚན་སོ་སོར་ཁྱབ་ཡོད་པས་ནང་དོན་སྣ་མང་ཕུན་སུམ་ཚོགས་ཤིང་། རྣམ་པའི་ཆ་ནས་སྐད་གཉིས་ཤན་སྦྱར་དང་སྐད་གསུམ་ཤན་སྦྱར་ཏེ།  ཕལ་ཆེ་བ་B-Aདང་B-A-Cཅན་གྱི་རྣམ་པ་ཞིག་ཡིན། ཡང་《བོད་རྒྱ་དབྱིན་ཤན་སྦྱར་ཐ་སྙད་གསར་པའི་མིང་མཛོད་》དང་།  《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ་》བཅས་པ་ལྟ་བུར་མཚོན་ན།  འདི་ནི་བོད་རྒྱ་དབྱིན་དང་།  རྒྱ་བོད་དབྱིན།  དབྱིན་བོད་རྒྱ་བཅས་ཤན་སྦྱར་སུམ་ཕྲེང་ལས་འཁོད་ཡོད་པས། བོད་རིགས་དང་།  རྒྱ་རིགས།  དབྱིན་ཇི་པ་བཅས་ཀྱི་ཀློག་པ་པོ་གང་རུང་ལ་མཚོན་ནའང་ལྟ་ཀློག་ཐད་སྟབས་བདེ་བསྐྲུན་ཡོད་པས་ན།  མིང་མཛོད་ཀྱི་དམིགས་བའི་ཁྱབ་རྒྱ་ཇེ་ཆེ་དང་། བཀོལ་སྤྱོད་ཀྱི་རིན་ཐང་ཇེ་མཐོ་རུ་འགྲོ་བཞིན་པ་རྟོགས་ཐུབ།   
         གཉིས།  ཐབས་སྣ་མང་གིས་ཀློག་པ་པོར་གོ་བརྡ་སྤྲོད་པ། ཐོག་མར་དོན་གཅིག་མིང་གིས་འགྲེལ་བ་བཀོད་པ་དང་རིམ་བཞིན་ཞིབ་འགྲེལ་བཀོད་པ་ལ་བརྟེན་ནས་ཀློག་པ་པོའི་ལྟ་ཀློག་གི་དགོས་མཁོ་བསྐངས་ཡོད།  ད་ཆར་རིས་འགྲེལ་འགོད་པའི་བྱེད་ཐབས་སྤྱོད་པར་ཕྱོགས་ཡོད་དེ།  དཔེར་ན།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》དང་པོ་དང་གཉིས་པ།  གསུམ་པ་ལྟ་བུའོ། ། དངོས་པོའི་མིང་ལ་ལ་ཞིག་ལ་ཡི་གེའི་ཞིབ་འགྲེལ་འགོད་པ་ལས་པར་རིས་བཀོད་ན་ནི་ཀློག་པ་པོར་གོ་བརྡ་ལེགས་པོར་སྤྲོད་ཐུབ་སྟེ། འཇག་མ་ལ་ལོ་མང་སྐྱེ་བའི་རྩྭའི་རིགས་ཤིག་ཅེས་ཞིབ་འགྲེལ་བཀོད་ན། འཇག་མ་མཐོང་མ་མྱོང་བའི་ཀློག་པ་པོར་རྩྭ་ལྡུམ་དེ་ངོ་འཕྲོད་དཀལབ་དང་། ཡང་ཟོ་བ་ལ་དཔངས་མཐོ་ལ་ཁ་གཡེལ་བའི་ཆུ་སྣོད་ཀྱི་རིགས་ཤིག་གི་མིང་ཞེས་འགྲེལ་བའི་ཞེ ཟོ་བ་ཞེས་པ་ནི་སྤྱིར་བཏང་གི་ཁ་གཡེལ་བའི་སྣོད་ཅིག་དང་ཁྱད་མེད་པའི་ཚོར་བ་སྟེར། དེར་བརྟེན།  འདི་ལྟ་བུའི་བ་དངོས་ཀྱི་མིང་ལ་རིས་འགྲེལ་འགོད་པའི་ཐབས་སྤྱད་ན་ནི་ཀློག་པ་པོར་གོ་བརྡ་ལེགས་པོར་སྤྲོད་ཐུབ་པར་མ་ཟད། ད་དུང་མིང་མཛོད་རྩོམ་སྒྲིག་པ་ལའང་བསམ་བློ་བཞི་གསུམ་བཅུ་གཉིས་ཀྱིས་ཡི་གེའི་ཞིབ་འབྲི་དགོད་པའི་ལས་ཚེགས་ཀྱང་ཇེ་ཡང་དུ་གཏོང་ཐུབ་པས་སོ། །
         རིས་འགྲེལ་དགོད་པ་ལའང་རིགས་སྣ་མང་སྟེ། མཚོན་སྟངས་ཀྱི་ཆ་ནས་སྣ་གཅིག་ཅན་གྱི་རིས་འགྲེལ་དང་ཕྱོགས་བསྡུས་ཅན་གྱི་རིས་འགྲེལ་ཏེ།  འཇག་མ་དང་ཟོ་བ་ལ་སོ་སོའི་པར་རིས་བཀོད་པ་ལ་སྣ་གཅིག་ཅན་དང་།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་༣》དུ་“བཞིན་རས་”﹙33﹚ཀྱི་པར་རིས་ལས་སྨ་ར་དང་འགྲམ་པ།  མིག་ཀོང་།  གཉེར་མ།  མིག་ཟུར།  མིག་ལྕིབས། ཁ་ཟུར་སོགས་རེ་རེ་བཞིན་བསྟན་ཡོད་པ་ནི་ཕྱོགས་བསྡུས་ཅན་གྱི་རིས་འགྲེལ་དུ་གཏོགས།  མདོག་ལ་ཚོན་མདོག་ཅན་དང་སྐྱ་བོ་རིགས་གཉིས་དང་།  རྒྱུ་ཆའི་ཐད་ལ་བྲིས་མ་དང་འདྲ་པར་འཁོད་པ་རིགས་གཉིས་ཡོད་པ་ལས།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》དུ་བཀོད་པ་ནི་ཚོན་མདོག་ཅན་དང་འདྲ་པར་གྱི་རིས་འགྲེལ་ཡིན་ཞིང་།  《དག་ཡིག་གསར་བསྒྲིགས་》སུ་ཐགས་ཁྲིའི་རི་མོ་ཞིག་བཀོད་ཡོད་པ་ནི་མདོག་སྐྱ་བོ་དང་བྲིས་མའི་རིགས་སུ་གཏོགས་སོ། ། 
གསུམ་པ། གསར་བྱུང་མིང་བརྡའི་མིང་མཛོད་ལ་གནས་པའི་གནད་དོན།
         དུས་རབས་ཉེར་གཅིག་པར་བསྒྲིགས་པའི་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་རྣམས་ལ་དུས་རབས་དང་མཐུན་པའི་ཁྱད་ཆོས་དང་དགེ་མཚན་མི་དམན་པ་ཞིག་མཆིས་མོད།  འོན་ཀྱང་སྐད་ཡིག་གཞན་གྱི་ཚད་ལྡན་མིང་མཛོད་དང་བསྡུར་ན་ད་དུང་ལེགས་བཅོས་དང་ཁ་གསབ་བྱ་དགོས་པའི་གནས་ཀྱང་ཧ་ཅང་མང་སྟེ།
         གཅིག རྒྱ་བོད་ཤན་སྦྱར་མིང་མཛོད་དང་གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་ཁྱད་པར་མི་གསལ་བ།  མིང་གསར་གྱི་མཚན་བྱང་བཀོད་པའི་མིང་མཛོད་མང་པོ་ཞིག་པར་སྐྲུན་བྱས་ཡོད་པ་ལས། ལ་ལ་ཞིག་ནི་མིང་གསར་ཁོ་ན་བསྡུ་བ་ཙམ་མ་ཡིན་པར།  སྔར་ཡོད་ཀྱི་མིང་གིས་མིང་མཛོད་ཀྱི་བརྒྱ་ཆའི་མང་ཙམ་ཟིན་འདུག་པའམ།  ཡང་ན། མིང་མཛོད་དུ་བསྒྲིགས་པའི་མིང་མང་པོ་ཞིག་སྐད་ཆའི་ཁྱབ་ཁོངས་སུ་བེད་སྤྱོད་ཡུན་རིང་བ་དང་ཅུང་གཏན་ཆགས་ཡིན་པ།  ཀུན་གྱིས་སྤྱོད་གོམས་སུ་སོང་བའི་མིང་བསྡུས་ཡོད་པ་ཞིག་རེད།  དེ་ལྟ་བུའི་མིང་མཛོད་ནི་རྒྱ་བོད་ཤན་སྦྱར་མིང་མཛོད་དུ་བརྩི་བ་ལས། གསར་བྱུང་མིང་བརྡའི་མིང་མཛོད་དུ་བགྲངས་ཆོག་མིན་ནི་ད་དུང་དཔྱད་པར་བྱ་བའི་གནས་སུ་འཁུམས།  རྒྱ་བོད་ཤན་སྦྱར་མིང་མཛོད་དང་གསར་བྱུང་མིང་བརྡའི་མིང་མཛོད་ནི་སྤྱི་བྱེ་བྲག་གི་འབྲེལ་བ་ཡིན། དེར་བརྟེན།  མིང་མཛོད་རིགས་དེ་གཉིས་ཀྱི་ཁྱད་པར་གསལ་པོ་འབྱེད་པ་དང་གསར་བྱུང་མིང་བརྡའི་མིང་མཛོད་རྩོམ་སྒྲིག་བྱ་བར་ཐོག་མར་མིང་གསར་ཞེས་པ་ལ་གོ་བ་གསལ་པོ་ཞིག་ལོན་པར་བྱ་རྒྱུ་ནི་གནད་ཀྱི་དམ་པའོ། །
         འོ་ན་ཅི་ཞིག་ལ་མིང་གསར་ཟེར་ཞེ་ན།  དེ་ནི་གསར་དུ་བསྐྲུན་པའི་མིང་སྟེ། དེས་མཚོན་པའི་དངོས་པོ་དེ་གསར་དུ་བྱུང་བའམ་ཡང་ན་དེས་བསྟན་པའི་གོ་དོན་ཉིད་གསར་པ་ཡིན་པ་དང་།  དུས་མཚུངས་སུ་དེའི་རྣམ་པ་ཡང་གསར་པ་ཡིན་པ་ཞིག་ལ་གོ་བ་﹙34﹚ཞེས་དང་། ཡང་གསར་སྐྲུན་བྱས་པའམ་ཡང་ན་དེ་ནི་སྐད་རིགས་གཞན་པ་དང་། མི་རིགས་རང་གི་ཡུལ་སྐད་ག་གེ་མོ་ཞིག་གམ། བརྡ་རྙིང་ངམ། ལས་རིགས་ག་གེ་མོའི་མིང་བརྡའི་ཁྲོད་གསར་དུ་གཡར་ཏེ་ཐོན་པ་ཞིག་ལ་གོ་དགོས་པ་མ་ཟད།  གོ་དོན་གསར་པ་ཞིག་དང་སྤྱོད་སྒོ་གསར་པ་བྱུང་བའི་ཅུང་གཏན་འཇགས་རང་བཞིན་གྱི་མིང་ལ་གོ་བ་﹙35﹚ཞེས་པ།  ད་དུང་དེ་ནི་གསར་དུ་བྱུང་བ་དང་། མིང་ཡིན་པ། གློ་བུར་དུ་མ་བྱུང་བ། བསམ་བཞིན་གསར་དུ་མ་བཟོས་པ་ཞིག་ལ་གོ་བ་﹙36﹚ཞེས་པ་སོགས་མིང་གསར་ལ་གོ་དོན་འཇོག་སྟངས་སྣ་མང་ཞིག་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ན།  གཅིག་ནས་མིང་ཡིན་པའི་རྨང་གཞི་སྟེང་དུ་ངེས་པར་དུ་གསར་དུ་བྱུང་བ་ཞིག་ཡིན་དགོས་ལ་གསར་པ་ཞེས་པ་ནི་ལྟོས་བཅས་ཀྱི་གོ་དོན་ཞིག་ཡིན་པས་ན་དེ་ལ་དུས་བཀག་རང་བཞིན་ཡོད་ཅིང་། ཡོང་ཁུངས་ཀྱི་ཆ་ནས་གསར་དུ་བྱུང་བའི་དངོས་པོའམ་གོ་དོན་ཉིད་མཚོན་བྱེད་ཀྱི་མིང་གསར་པ་ཞིག་བསྐྲུན་པའམ་ཡང་ན་མིང་རྙིང་པ་ཞིག་གམ་ཡུལ་སྐད་ག་གེ་མོའི་ཁྲོད་ཀྱི་མཚོན་བྱེད་ཀྱི་ནུས་པ་འཇོན་པའི་མིང་གང་རུང་ཞིག་བསྡུ་ལེན་བྱས་ཏེ་དེ་ཉིད་མཚོན་པར་བྱ་བ་སྟེ།  དཔེར་ན།  འཕེལ་རྒྱས་ལྟ་བུ་ནི་གསར་དུ་བསྐྲུན་པ་དང་།  ཤེས་རམས་པ་ལྟ་བུ་སྔར་ཡོད་མིང་གིས་གོ་དོན་གསར་པ་མཚོན་པ།  པ་སེ་དང་མོ་ཊ་ལྟ་བུ་ནི་ཡུལ་སྐད་མིང་བརྡའི་དོན་མཚོན་པའོ། ། གཉིས་ནས་གློ་བུར་བ་ཞིག་མ་ཡིན་ཏེ་ཅུང་གཏན་འཇགས་ཡིན་དགོས། མིང་གསར་ལ་དུས་ཀྱི་འགྱུར་བ་དང་བསྟུན་ནས་གཏན་འཇགས་མིན་པའི་རང་བཞིན་ཡོད་ཀྱང་། འདིར་བརྗོད་པའི་གློ་བུར་བ་ཞེས་པ་ནི་དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གམ་ཡང་ན་སྐད་ཆའི་བརྗོད་པ་གཅིག་ལས་བེད་མི་སྤྱོད་པའམ་བརྗོད་པའི་གནས་བབ་ལ་གཞིགས་ནས་གོ་བ་ལེན་དགོས་པར་གོ་སྟེ། དཔེར་ན། “མོ་ཞི་མོ་ཞི་”ཞེས་པ་ནི་ཉི་ཧོང་སྐད་དུ་ཁ་པར་ལེན་པའི་སྐབས་སུ་ཕ་རོལ་པོར་བརྡ་གཏོང་བར་སྤྱོད་པ་ཡིན་ཀྱང་། སྐབས་འགར་བོད་སྐད་ཀྱི་ཁྲོད་དུ་ན་གཞོན་ཕན་ཚུན་བར་དང་ཡང་ན་གྲོགས་པོའི་བར་ཁ་པར་གཏོང་ལེན་བྱེད་དུས་མིང་དེ་སྤྱོད་ལ། ཡིན་ནའང་མིང་དེ་ནི་གསར་བྱུང་མིང་བརྡའི་མིང་མཛོད་དུ་མི་འཇུག་པ་ལྟ་བུ། གསུམ་ནས་བསམ་བཞིན་གསར་དུ་བཟོས་པ་ཞིག་མིན་པ་སྟེ། འདོད་མོས་བཞིན་གསར་དུ་བཟོས་པའམ་སྔར་ཡོད་པའི་མིང་གི་རྣམ་པ་ལ་འགྱུར་བ་བཏང་བ་﹙37﹚ཞིག་མ་ཡིན་ཏེ། གཞིས་ཀ་རྩེ་ལ་རི་ཁ་བརྩེ་དང་།  དཀར་མཛེས་ལ་ཀན་ཙི་རུ་འབྲི་བའི་རིགས་ནི་མ་ཡིན་ནོ། །
         གོང་འཕྲོས་ཆ་རྐྱེན་འདི་དག་འཛོམས་ན་ད་གཟོད་གསར་བྱུང་མིང་བརྡའི་མིང་མཛོད་དུ་བསྡུ་ཆོག་པ་ལས། མིང་གསར་རྙིང་གང་ཡིན་ཚང་མ་གསར་བྱུང་མིང་བརྡའི་མིང་མཛོད་དུ་བསྡུ་བ་ནི་ལས་ལྷག་ཅིག་ཡིན་པ་ལས་དོན་སྙིང་ཆེར་མེད་སྙམ་སྟེ། དཔེར་ན། 《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་》དུ་མིང་རྙིང་པ་ཤིན་ཏུ་མང་པོ་ཞིག་བསྡུས་ཡོད་པས། དེ་ནི་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》ནང་བཞིན་ཡིག་སྒྱུར་དང་ཡང་ན་སྐད་ཡིག་སྦྱོང་བར་མཁོ་བའི་མིང་མཛོད་ཅིག་ཏུ་བགྲང་རྒྱུ་ལས། མིང་དོན་མཚུངས་པའི་གསར་བྱུང་མིང་བརྡའི་མིང་མཛོད་དུ་བརྩི་མིན་ལ་དོགས་གཞི་ཆེན་པོ་གདའ།
         གཉིས། པར་གཞི་ལ་དུས་ལྟར་བཅོས་སྒྲིག་བྱས་མེད་པ།  མིང་མཛོད་གང་ཞིག་གིས་དུས་བབ་དང་བསྟུན་ནས་ཀློག་པ་པོའི་དགོས་མཁོ་སྐོང་བར། དུས་ལྟར་མིང་མཛོད་ལ་དག་བཅོས་དང་ཁ་གསབ་རྒྱག་དགོས་ཏེ། དེ་ནི་མིང་མཛོད་ཀྱི་ཚེ་སྲོག་གི་རྒྱུན་ཐག་སྲུང་སྐོར་ལྟ་བུ་རེད།  རྒྱ་ཡིག་གི་《新华字典》ནི་1953ལོར་པར་སྐྲུན་བྱས་པ་ནས་ད་ལྟའི་བར་པར་གཞི་llབྱུང་ཡོད་པ་དང་། དཔར་གྲངས་དུང་ཕྱུར་ལྔ་ལ་ཉེ་ཞིང་། རྒྱལ་ནང་གི་དཔར་གྲངས་ཆེས་མང་བའི་དཔེ་ཆའི་གྲས་སུ་ཚུད་ཡོད།  ཡང་ན་རྒྱ་ཡིག་གི་《现代汉语词典》ལྟ་བུ་ལ་མཚོན་ནའང་།  1978ལོར་པར་གཞི་དང་པོ་པར་སྐྲུན་བྱས་པ་ནས།  1983ལོར་པར་གཞི་གཉིས་པ་དང་། 1996ལོར་པར་གཞི་གསུམ་པ། 2002ལོར་པར་གཞི་བཞི་པ། 2005ལོར་པར་གཞི་ལྔ་པ།  2012ལོར་པར་གཞི་དྲུག་པ།  2016ལོར་པར་གཞི་བདུན་པ་བཅས་པར་སྐྲུན་བྱས་ཡོད་ལ། ཕལ་ཆེར་ལོ་བཞི་ནས་ལྔའི་ནང་དུ་པར་གཞི་དག་སྒྲིག་ཐེངས་གཅིག་བྱས་ཡོད།  དེ་ཡང་བོད་ཀྱི་མིང་མཛོད་རྣམས་ལ་མཚོན་ན་དག་བཅོས་དང་ཁ་གསབ་བྱས་པ་ཧ་ཅང་ཉུང་ཞིང་། ཐ་ན་རྒྱུགས་ཆེ་བའི་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》ལྟ་བུར་མཚོན་ནའང་1991ལོར་པར་གཞི་དང་པོ་བསྒྲིགས་པ་ནས་ད་ལྟའི་བར་ལོ་ངོ་སུམ་ཅུར་ཉེ་བ་ཞིག་ཕྱིན་ཡང་།  2002ལོར་བཟོ་བཅོས་ཐེངས་གཅིག་བྱས་པ་ལས་མེད་པ་རེད།  གཞན་གསར་བྱུང་མིང་བརྡའི་མིང་མཛོད་ལས་《རྒྱ་བོད་དབྱིན་གསུམ་རྒྱུན་བཀོལ་གསར་བྱུང་མིང་མཛོད་》ལ་2013ལོར་ཁ་སྐོང་གི་དེབ་གཅིག་བསྒྲིགས་པ་དང་།  《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ་》ལ་2017ལོར་པར་གཞི་གཉིས་པ་བྱུང་བ།  《རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད་》ནི་པར་གཞི་སྒྲིག་ཐེངས་སྔོན་མའི་རྨང་གཞིའི་སྟེང་པར་གཞི་གསུམ་པ་བྱུང་བ་ལས། མིང་མཛོད་མང་ཆེ་བར་བཟོ་བཅོས་དང་ཁ་སྣོན་བྱ་བར་དོ་སྣང་མི་བྱེད་པ་དང་།  ཁྱད་པར་དུ་མི་སྒེར་གྱིས་རྩོམ་སྒྲིག་བྱས་པའི་མིང་མཛོད་ཕལ་ཆེ་བ་ནི་པར་གཞི་ཐེངས་གཅིག་ལས་མེད་ཅིང་།  མུ་མཐུད་མིང་མཛོད་གང་དེར་སྔར་བཞིན་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་མེད་དང་།  དུས་བབ་དང་མཐུན་མིན་སོགས་ལ་སྣང་མེད་དུ་བཞག་པར་མངོན།
         མིང་མཛོད་ཅིག་རྩོམ་སྒྲིག་བྱེད་པར་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཡོད་པས།  སྤྱི་ཚོགས་ཁོར་ཡུག་གི་འགྱུར་བ་དང་བསྟུན་ནས་མིང་མཛོད་ལའང་བཟོ་བཅོས་དང་ཁ་གསབ་རྒྱག་དགོས་ཤིང་།  དེ་ལ་བརྟེན་ནས་མིང་མཛོད་ཀྱི་བཀོལ་སྤྱོད་རང་བཞིན་དང་རྒྱུན་རིང་བའི་རང་བཞིན་ཤུགས་ཆེར་གཏོང་དགོས་པས།﹙38﹚བོད་ཡིག་གི་མིང་མཛོད་དག་ལ་དུས་བབ་དང་བསྟུན་ནས་བཟོ་བཅོས་དང་ཁ་སྣོན་བྱས་ཏེ། དུས་རབས་དང་འཚམ་པར་བྱ་རྒྱུ་ནི་མིང་མཛོད་རྩོམ་སྒྲིག་པ་དང་དཔེ་སྐྲུན་ཁང་གིས་དོ་སྣང་བྱ་དགོས་པའི་གནད་ཅིག་དང་། ཁྱད་པར་གསར་བྱུང་མིང་བརྡའི་མིང་མཛོད་ལ་མཚོན་ན་དུས་བསྟུན་བཟོ་བཅོས་དང་ཁ་གསབ་བ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་སྟེ།  གཅིག་ནས་སྤྱི་ཚོགས་འཕེལ་བའི་འགྲོས་ཚད་ཧ་ཅང་མགྱོགས་པ་དང་། དངོས་པོ་གསར་པ་དང་རིག་ཚན་གསར་པ་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད་པས། དུས་བབ་དང་བསྟུན་ནས་མིང་གསར་བསྡུ་ལེན་བྱེད་དགོས། གཉིས་ནས་དུས་སྐབས་སོ་སོར་བྱུང་བའི་མིང་གསར་ལ་ལ་ཞིག་ནི་དུས་ཀྱི་འཁོར་འགྲོས་ཁྲོད་ཡུན་རིང་པོར་གནས་ཐུབ་པ་དང་།  མིང་མཛོད་ཕུན་ཚོགས་སུ་བཏང་ཡོད།  རྒྱུ་མཚན་ནི་དེས་མཚོན་པའི་དངོས་པོའམ་སྣང་ཚུལ་ནི་དུས་ཡུན་རིང་པོར་སྤྱི་ཚོགས་འཚོ་བའི་ཁྲོད་ནུས་པ་ཐོན་ཡོད་པས་ཡིན་ལ། ཡང་ན་དེས་བསྟན་པའི་གོ་དོན་དང་འདུ་ཤེས་ནི་མི་དམངས་མང་ཚོགས་ཀྱིས་དང་ལེན་བས་ཏེ་འབྲེལ་འདྲིས་ལ་མཁོ་བའི་ལག་ཆ་ལྟ་བུར་གྱུར་པས་ཡིན།  ཡིན་ནའང་མིང་གསར་ལ་ལ་ཞིག་ནི་དུས་ཡུན་རིང་པོ་མི་འགོར་བར་འཚོ་བའི་ཁྲོད་དུ་རིམ་གྱིས་མེད་པར་འགྱུར་འགྲོ་སྟེ། དེ་ནི་དེས་མཚོན་པའི་དངོས་པོའམ་དོན་གང་ཉིད་མེད་པར་གྱུར་པས་དང་། ཡང་ན་དེས་བསྟན་པའི་གོ་དོན་དང་འདུ་ཤེས་ཉིད་དངོས་ཡོད་སྤྱི་ཚོགས་དང་མི་འཚམ་པས་སོ།  །﹙39﹚དཔེར་ན་ཏང་ཤེད་ཅན་དང་།  རིག་ཤེད་ཅན།  མ་རྩར་འགྲོ་མཁན་དབང་འཛིན་པ། སྒྲ་སྐྱེལ་འཁོར་ལོ་སོགས་ལྟ་བུ་ད་ལྟའི་དུས་རབས་དང་མི་འཚམ་པ་ལྟ་བུ་རེད།  དེར་བརྟེན་དུས་ལྟར་མིང་མཛོད་ལས་ནོར་འཕྱུགས་བྱུང་བ་ལ་དག་བཅོས་དང་།  བཀོལ་སྤྱོད་ཀྱི་རིན་ཐང་བྲལ་བ་རྣམས་འདོར་བ།  དངོས་ཡོད་འཚོ་བར་མཁོ་བའི་མིང་གསར་རྣམས་བསྡུ་བ་བཅས་བྱས་ཏེ་མིང་མཛོད་དེ་ཉིད་དུས་རབས་དང་མཐུན་པར་བ་དགོས་པ་ནི་ཧ་ཅང་གལ་ཆེ་བའོ། 
         གསུམ།  ཞིབ་འགྲེལ་མི་གསལ་བ།  ཤན་སྦྱར་མིང་མཛོད་ལ་འགྲེལ་སྟངས་རིགས་གཉིས་ཡོད་དེ།  གཅིག་ནི་དོན་གཅིག་མིང་གིས་འགྲེལ་བ་སྟེ།  རྒྱ་ཡིག་གི་མིང་གང་ཞིག་ལ་དེ་དང་དོན་མཚུངས་པའི་བོད་ཡིག་གི་འགྱུར་མིང་ཞིག་འགོད་པ་དང་། གཉིས་ནི་ཞིབ་ཏུ་འགྲེལ་བ་སྟེ། མིང་གི་གོ་དོན་ཞིབ་ཏུ་འགྲེལ་བ་དེ་གཉིས་སོ། ། སྔ་མ་ནི་“电影”ལ་“གློག་བརྙན་”ཞེས་སུ་འགྲེལ་བ་དང་།  རྗེས་མ་ནི་“电影演员”ལ་“གློག་བརྙན་གྱི་བརྗོད་བྱའི་མི་སྣ་འཁྲབ་མཁན་གྱི་མིའོ་”ཞེས་པ་ལྟ་བུ།  མིག་སྔར་གསར་བྱུང་མིང་བརྡའི་མིང་མཛོད་མང་ཆེ་བ་ནི་དོན་གཅིག་མིང་གིས་འགྲེལ་བ་ཡིན་ཏེ།  《བོད་རྒྱ་དབྱིན་ཤན་སྦྱར་ཐ་སྙད་གསར་པའི་མིང་མཛོད་》དང་། 《རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད》《རྒྱ་བོད་ཤན་སྦྱར་གྱི་སྐྱེ་དངོས་རིག་པའི་ཚིག་མཛོད》 《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད་》སོགས་ལྟ་བུ་དང་། ཞིབ་འགྲེལ་དུ་འཁོད་པ་ནི་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་》དང་།  《རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད》 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ་》བཅས་པ་ལྟ་བུའོ། །
         མིང་གཅིག་འགྲེལ་དང་ཞིབ་འགྲེལ་ལ་སོ་སོའི་དགེ་སྐྱོན་ཡོད་དེ། དང་པོ་ལ་བདེ་གསལ་ཆེ་ཞིང་ཐད་ཀར་ཚིག་གི་སྦྱོར་བར་དྲངས་ཆོག་མོད། མཚམས་རེར་དོན་ཆ་ཚང་བ་དང་ཡང་དག་པར་མཚོན་ཐུབ་མེད་དེ།  དཔེར་ན་“学生”ལ་“སློབ་མ་”ཞེས་པའི་ཚེ། སྤྱིར་བཏང་སློབ་གྲྭའི་སློབ་མ་ཁོ་ནར་ངོས་བཟུང་བས་“学生”ཡི་ནང་དོན་ཇེ་དོག་ཏུ་ཕྱིན་ཡོད། ཡང་“学生”ལ་“ཤེས་བྱ་ག་གེ་མོར་སློབ་གཉེར་བྱེད་མཁན་ནམ་ལས་རིགས་གང་ཞིག་གི་ཆེད་དུ་སློབ་སྦྱོང་བྱེད་མཁན། ཡང་ན་སློབ་གྲྭ་གང་རུང་ཞིག་ནས་སློབ་གསོ་མྱོང་མཁན་”ཞེས་ཞིབ་འགྲེལ་བཀོད་ཚེ་“学生”ཡི་གོ་དོན་གསལ་ཞིང་ཆ་ཚང་བའི་སྒོ་ནས་ཀློག་པ་པོར་གོ་བ་སྟེར་ཐུབ་པས། སློབ་གྲྭའི་སློབ་མ་ཁོ་ནར་གོ་བའི་བཀག་རྒྱ་ལས་གྲོལ་ཏེ། “འཚེམ་བཟོ་སློབ་མ་”དང་“ལྷ་བཟོ་སློབ་མ།” ‘་ཤིང་ཕྲུག་”ལྟ་བུའི་ནང་དོན་སོགས་ཀྱང་གོ་ཐུབ་པས།  ཀློག་པ་པོས་མ་ཡིག་གི་ནང་དོན་ལ་གཞིགས་ནས་རང་ལ་མཁོ་ཞིང་འཚམ་པའི་མིང་བརྡ་འདེམས་ཆོག ཡང་“假月”ལ་“ཟླ་རྫུས་”ཞེས་འགྱུར་མིང་གཅིག་པུ་ལས་ཞིབ་འགྲེལ་མེད་ཚེ། རླུང་ཁམས་རིག་པའི་ཤེས་བྱ་ལ་རྒྱུས་མེད་པ་ཚོས་མིང་དེའི་བསྟན་བྱ་གང་ཡིན་རྟོགས་དཀའ་བས།  དེ་ལ་“ཟླ་བ་དང་མཐོ་ཚད་ཟུར་གཅིག་མཚུངས་ཡིན་པའི་ཐོག་ཏུ་གནས་ཡོད་པར་མ་ཟད། ཟླ་བའི་གཞུ་དབྱིབས་བརྒྱུད་འཁྱགས་ཟིལ་གྱི་ལྡོག་འཕྲོ་དང་འཁྱོག་འཕྲོའི་ནུས་པར་བརྟེན་ནས་ཆགས་པའི་འོད་ཀྱི་ཐིག་ལེ་ཉམས་ཞན་དེར་ཟེར་”ཞེས་པའི་ཚེ་ན་ཀློག་པ་པོ་རྣམས་ལ་གོ་བ་གསལ་པོ་ཞིག་སྟེར་ཐུབ་པས་སོ།  །དེ་བཞིན་མིང་མཛོད་ཀྱི་འགན་ནུས་གཙོ་བོ་ནི་མིང་བརྡའི་ནང་དོན་ཀློག་པ་པོར་གསལ་པོར་ངོ་འཕྲོད་པའི་ཆེད་དུ་ཡིན་པས། མིང་གཅིག་གི་དོན་དང་སྤྱོད་སྒོ་ལ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་ཅིག་རེད། ལྷག་པར་དུ་གསར་བྱུང་མིང་བརྡའི་མིང་མཛོད་མང་ཆེ་བ་ནི་ཆེད་དམིགས་རང་བཞིན་གྱི་ཤེས་བྱའི་མིང་མཛོད་ཡིན་པས།  རིག་ཚན་སོ་སོའི་ཆེད་ལས་མིང་བརྡ་ལ་ཞིབ་འགྲེལ་མེད་ཚེ། རིག་ཚན་གྱི་སྦྱོང་བ་ཞན་པའི་ཀློག་པ་པོ་ཞིག་ལ་ཕན་པ་ཆེར་མེད་ཅིང་། དེའི་བཀོལ་སྤྱོད་རིན་ཐང་ལའང་བཀག་རྒྱ་ཐེབས་བཞིན་པས། ཞིབ་འགྲེལ་ལ་བདེ་གསལ་རང་བཞིན་ཞན་ཡང་། དོན་ཆ་ཚང་དང་ཡང་དག་པར་གོ་བརྡ་སྤྲོད་ཐུབ་པས་ན། མིང་མཛོད་འདི་རིགས་ལ་ཞིབ་འགྲེལ་གསལ་པོ་དགོད་རྒྱུ་གལ་ཆེ་སྙམ།
         ཡང་“桌面”ཞེས་པ་དཔེར་བཞག་ན། 《རྒྱ་བོད་ཤན་སྦྱར་ཚིག་མཛོད་》དུ།  “桌面ཅོག་ངོས།  སྒྲོག་ཙེའི་ངོས། ཅོག་ཙེའི་ངོས།”﹙40﹚ཞེས་དང་།  《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་》དུ།  “桌面ཅོག་ངོས། desktop; tabletopརྩིས་འཕྲུལ་གྱི་འཆར་ཤེལ་གྱི་གཟུགས་རིས་འཆར་སའི་ངོས་སམ་གཞིའོ།  །”﹙41﹚ཞེས་འཁོད་ཡོད། རྒྱ་ཡིག་གི་《新世纪新词语大词典》ཞེས་པར་དེ་ལ་འདི་ལྟར་འཁོད་འདུག་སྟེ། “桌面zhuomian<名>指电脑用户屏幕上显示的背景。微软在桌面和PC服务器高端操作系统方面具有强大的优势; 高端服务器操作系统、 数据管理系统以及系统网络软件市场是国外占主导。 (经济参考报. 2003.7. l) 桌面视屏会议等工具可以将课堂带到农村地区; 网络计算机可以将偏远地区学校教师与世界各地的同行连接到一起。 (人民网. 2010.16) ” “桌面”ནི་མིང་རྙིང་པས་དོན་གསར་པ་སྟོན་པ་ཞིག་སྟེ། 《新世纪新词语大词典》ནང་“桌面”ཡི་གོ་དོན་གསར་པ་དང་།  མིང་གི་དབྱེ་བ། དཔེར་བརྗོད་བཅས་གསལ་པོར་འཁོད་འདུག་པས། མིང་མཛོད་གཞན་གཉིས་དང་བསྡུར་ན་དེ་བས་ཀྱང་ཀློག་པ་པོར་གོ་བ་གསལ་པོ་ཞིག་སྤྲོད་ཐུབ་ལ། ཡང་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་》དུ་“ཅོག་ངོས་”སུ་འགྲེལ་བ་ནི་གསར་བྱུང་མིང་བརྡའི་གྲས་སུ་མི་གཏོགས་ཤིང་། ཞིབ་འགྲེལ་དུ་“རྩིས་འཕྲུལ་གྱི་འཆར་ཤེལ་གྱི་གཟུགས་རིས་འཆར་སའི་ངོས་སམ་གཞིའོ་”ཞེས་གོ་དོན་གསར་པ་ཉིད་བསྟན་པ་ལས།  མིང་འགྲེལ་གོང་འོག་ལ་འབྲེལ་བ་མེད་པར་ཆགས་འདུག མིང་གང་གི་དོན་གསལ་པོར་རྟོགས་པར་དེ་ཉིད་ཀྱི་ནང་དོན་བཤད་པ་ཙམ་གྱིས་མི་ཆོག་པར་མིང་གི་དབྱེ་བ་དགོད་དགོས་པ་མ་ཟད། དོན་དང་མཐུན་པའི་དཔེར་བརྗོད་དགོད་རྒྱུ་ནི་ཧ་ཅང་གལ་ཆེ་ལ། དེ་ལྟར་བྱས་ཚེ་མིང་གཅིག་གི་དོན་དང་སྤྱོད་སྒོ་གཉིས་ཀ་བདེ་བླག་ཏུ་རྟོགས་ནུས། དེར་བརྟེན། བོད་སྐད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་དུ་ཞིབ་འགྲེལ་དང་དེ་མཐུན་གྱི་དཔེར་བརྗོད་དགོད་རྒྱུ་གལ་ཆེའོ། །
         བཞི།  མིང་མཛོད་ཞིབ་འཇུག་གི་གནས་བབ་ཉག་ཕྲ་བ།  མིང་མཛོད་ཞིབ་འཇུག་ནི་མིང་མཛོད་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ།  འདིས་ནི་མིང་མཛོད་ཚད་ལྡན་དུ་གཏོང་བར་ནུས་པ་མི་དམན་པ་འཐོན་བཞིན་ཡོད། ཡིན་ནའང་བོད་ཀྱི་མིང་མཛོད་ཞིབ་འཇུག་གི་གནས་བབ་ལ་དམིགས་ཚེ་དཔྱད་འབྲས་ཤིན་ཏུ་ཉུང་བར་མངོན།  ད་ལྟའི་བར་གྱི་དཔྱད་འབྲས་ལ།  མིང་མཛོད་ཀྱི་ལོ་རྒྱུས་བརྗོད་པ་མང་སྟེ།  《བོད་ཀྱི་མིང་མཛོད་འཕེལ་བའི་ལོ་རྒྱུས་མདོར་བསྡུས་》﹙42﹚དང་།  《བོད་ཀྱི་ཚིག་མཛོད་རགས་བཤད》﹙43﹚《ལོ་ངོ་བཞི་བཅུ་ལྷག་རིང་གི་བོད་ཀྱི་ཚིག་མཛོད་འཕེལ་རྒྱས་ཀྱི་གནས་བབ་གླེང་བ》﹙44﹚《དེང་རབས་བོད་ཀྱི་མིང་མཛོད་འཕེལ་རྒྱས》﹙45﹚《ལོ་ངོ་60རིང་གི་དེང་རབས་བོད་ཀྱི་མིང་མཛོད་འཕེལ་རྒྱས་ཀྱི་ལོ་རྒྱུས》﹙46﹚《བོད་ཀྱི་གནའ་རབས་མིང་མཛོད》﹙47﹚《བྱེ་བྲག་རྟོག་བྱེད་ཆེན་མོ་སྟེ་བོད་ཀྱི་སྐད་གཉིས་མིང་མཛོད་ཀྱི་འགོ་ཁུངས》﹙48﹚《བོད་ཀྱི་མིང་མཛོད་རྩོམ་སྒྲིག་གི་དབྱེ་མཚམས་དང་ཁྱད་ཆོས》﹙49﹚《བོད་ཀྱི་མིང་མཛོད་རྩོམ་སྒྲིག་གི་ལོ་རྒྱུས》﹙50﹚《བོད་ཀྱི་མིང་མཛོད་ཤན་སྦྱར་མའི་བྱུང་འཕེལ་ལ་རགས་ཙམ་དཔྱད་པ་》བཅས་སུ་མིང་མཛོད་འཕེལ་རྒྱས་ཀྱི་ལོ་རྒྱུས་གླེངས་ཡོད་ལ།  བྱེ་བྲག་ཏུ་སྔ་རབས་ཀྱི་མིང་མཛོད་གླེངས་པ་མང་ཞིང་།  དེང་རབས་ཀྱི་མིང་མཛོད་དང་ཤན་སྦྱར་མིང་མཛོད་ཀྱི་ལོ་རྒྱུས་གླེངས་པའང་རེ་གཉིས་ཙམ་འདུག མིང་མཛོད་དམིགས་སུ་བཀར་ནས་དེ་དག་གི་དགེ་སྐྱོན་གླེང་བའི་ཕྱོགས་ནས། 《བོད་ཀྱི་རིག་གནས་མངོན་པར་མཚོན་པའི་ཤེས་བྱ་ཀུན་བཏུས་མིང་མཛོད་དེ་དུང་དཀར་ཚིག་མཛོད་ཆེན་མོ་》﹙51﹚ཞེས་པར་《དུང་དཀར་ཚིག་མཛོད་ཆེན་མོ་》གླེངས་ཡོད་པ་དང་། 《གྲངས་རིག་པའི་མིང་མཛོད་གཉིས་ཀྱི་ཡིག་སྒྱུར་དང་ཆེད་དམིགས་མིང་མཛོད་རྩོམ་སྒྲིག་ཐད་ཀྱི་བསམ་ཚུལ་འགལ》﹙52﹚ཞེས་པར་《བོད་རྒྱ་དབྱིན་སྐད་ཀྱི་གྲངས་རིག་པའི་ཚིག་མཛོད་》དང་《གྲངས་རིག་པ་》གཉིས་གླེངས་པ། 《སྐད་ཆ་རིག་པའི་རིག་ཚན་ཡན་ལག་དང་བཅས་པའི་སྒོ་ནས་བོད་ཡིག་གི་མིང་མཛོད་ཤན་སྦྱར་མ་གཉིས་ལ་དཔྱད་པ་》﹙53﹚རུ་《བོད་རྒྱ་ཚིག་མཛོད་ཆེན་མོ་》དང་《རྒྱ་བོད་ཤན་སྦྱར་ཚིག་མཛོད་》གཉིས་གླེངས་ཡོད་པ། 《དུས་རབས་ཉེར་གཅིག་པའི་བོད་ཀྱི་མིང་མཛོད་འཕེལ་རྒྱས་ཀྱི་ཁྱད་ཆོས་》﹙54﹚ཞེས་པར་དུས་རབས་ཉེར་གཅིག་པར་བྱུང་བའི་མིང་མཛོད་ལ་དུས་མཚམས་ཕྱེས་ཏེ་བྱེ་བྲག་མིང་མཛོད་འགལརེ་ངོ་སྤྲོད་དང་དེ་དག་གི་ཁྱད་ཆོས་རགས་ཙམ་བརྗོད་འདུག་པ། 《མིང་མཛོད་རྩོམ་སྒྲིག་སྐོར་གྱི་བསམ་གཞིག་དུམ་བུ་འགའ་》﹙55﹚ཞེས་པར་ཚན་རིག་དང་མཐུན་ཞིང་། ཐ་སྙད་ཚད་ལྡན་དང་གཅིག་གྱུར་ཡིན་པའི་རིག་ཚན་སོ་སོའི་ཆེད་ལས་མིང་མཛོད་སྒྲིག་དགོས་པའི་བསམ་ཚུལ་བཏོན་པ།《བོད་ཡིག་གི་མིང་མཛོད་རིག་པ་གླེང་བ་》﹙56﹚ཞེས་པར་དེང་རབས་མིང་མཛོད་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ངོ་སྤྲོད་བྱེད་པ་བརྒྱུད་བོད་ཡིག་གི་མིང་མཛོད་ཁྲོད་ཀྱི་མིང་གི་འདོགས་སྟངས་དང་དབྱེ་བ། སྒྲིག་སྟངས་བཅས་ལ་བསམ་གཞིག་གནང་ནས་གླེངས་ཡོད་པ་རེད།
         གོང་འཕྲོས་དཔྱད་འབྲས་ལ་དག་ལས་གཞིགས་ཚེ། ད་ཡོད་བོད་ཀྱི་མིང་མཛོད་ཞིབ་འཇུག་ཉག་ཕྲ་བའི་ཁར་དེང་རབས་མིང་མཛོད་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་ཅིང་། མིང་མཛོད་རྩོམ་སྒྲིག་གི་གནས་བབ་བརྗོད་པ་དང་གནད་དོན་དབྱེ་ཞིབ་གནང་བ་སྤྱི་བམ་ཙམ་ཡིན་པ། ཇི་ལྟར་མིང་མཛོད་ཚད་ལྡན་དང་འཐུས་ཚང་དུ་གཏོང་བའི་ཐབས་ལམ་བརྗོད་པར་བྱེ་བྲག་གི་གཞི་འཛིན་ས་མེད་པ།  དེང་རབས་ཀྱི་རྒྱ་བོད་ཤན་སྦྱར་མིང་མཛོད་དང་གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་ཆ་ནས་གླེང་བ་ཉུང་ཞིང་གནད་དོན་དབྱེ་ཞིབ་བས་མེད་པ་བཅས་མིང་མཛོད་ཞིབ་འཇུག་ལ་གཞུང་ལུགས་ཀྱི་འདུ་ཤེས་དབེན་ཞིང་། ཞིབ་འཇུག་གི་ཐབས་ལམ་གཅིག་རྐྱང་ཡིན་པ་དང་།  དཔྱད་གཞི་འཐུས་ཚང་མིན་པ་སོགས་མདོར་ན་ད་ཡོད་ཀྱི་མིང་མཛོད་ཞིབ་འཇུག་གིས་ནི་བོད་ཡིག་མིང་མཛོད་ཀྱི་གནས་བབ་མཚོན་ཐུབ་མེད་ཅིང་། དཔྱད་འབྲས་ཆ་ཚང་དང་ཡང་དག་པ་ཅིག་ཡོང་མེད་པས། མིང་མཛོད་རྩོམ་སྒྲིག་ལ་དཔེ་སྟོན་རང་བཞིན་གྱི་མཛུབ་སྟོན་བྱ་ཐུབ་མེད་པ་བཅས་སོ། །
མཇུག་བསྡུ་བ།
         མདོར་ན་དུས་རབས་ཉེར་གཅིག་པར་རྒྱ་བོད་ཤན་སྦྱར་མིང་མཛོད་དང་ཁྱད་པར་དུ་བོད་ཀྱི་གསར་བྱུང་མིང་བརྡའི་མིང་མཛོད་ཀྱི་ཆ་ནས་འཕེལ་རྒྱས་མགྱོགས་ཤིང་། ཆེད་དམིགས་རང་བཞིན་གྱི་ཤེས་བྱའི་མིང་མཛོད་ཇེ་མང་དང་། མིང་མཛོད་དེ་དག་ཀྱང་ཚད་ལྡན་དང་།  འཐུས་ཚང་།  སྤྱོད་རྒྱ་ཆེ་བའི་ཕྱོགས་སུ་འཕེལ་བཞིན་ཡོད་པས། སྤྱིའི་ཆ་ནས་རིག་ཚན་སོ་སོའི་ཀློག་པ་པོའི་དཔེ་ཀློག་དང་ཞིབ་འཇུག ཡིག་སྒྱུར་བཅས་ཀྱི་དགོས་མཁོ་བསྐངས་ཡོད་ཅིང་།  ཆེད་ལས་བརྡ་ཆད་གཅིག་གྱུར་དང་ཚད་ལྡན། འཐུས་ཚང་བཅས་ཡོང་བར་ཡང་རྔོ་ཆེན་པོ་ཐོགས་ཡོད། ཡིན་ཡང་།  མིང་མཛོད་རྩོམ་སྒྲིག་གི་བྱེད་ཐབས་དང་གཞུང་ལུགས་ཞིབ་འཇུག་གི་ཆ་ནས་ཉག་ཕྲ་བས།  མིང་མཛོད་རྩོམ་སྒྲིག་ལ་མཛུབ་སྟོན་མེད་པ་དང་།  མིང་མཛོད་ལ་དུས་ལྟར་བཅོས་སྒྲིག་མ་བྱས་པ།  བཀོལ་སྤྱོད་ཀྱི་རིན་ཐང་ལྡན་མིན་སྣང་མེད་དུ་བཞག་པ། མིང་མཛོད་ཀྱི་གནས་བབ་ལ་དོ་སྣང་མེད་ཅིང་ཕན་ཚུན་ཟུར་ལྟ་མི་བྱེད་པ། མིང་བརྡ་ལ་འགྱུར་མང་ཞིང་གཅིག་གྱུར་བྱུང་མེད་པ་བཅས་གནད་དོན་གང་མང་ཞིག་གནས་པའི་རྐྱེན་པས་ཀུན་གྱིས་ཁས་ལེན་ཐོབ་པའི་མིང་མཛོད་ཅིག་བསྐྲུན་པར་ད་དུང་བར་ཐག་ངེས་ཅན་ཞིག་མཆིས། དེར་བརྟེན། མིང་མཛོད་རིག་པའི་གཞུང་ལུགས་ལ་ཁུངས་བཅོལ་ཏེ་དུས་ལྟར་གསར་བྱུང་མིང་བརྡའི་མིང་མཛོད་ལ་བཅོས་སྒྲིག་ཁ་གསབ་དང་། ད་ཡོད་ཀྱི་མིང་མཛོད་དག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་།  ཟུར་ལྟ་ལེབ་མཐོང་དང་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་བོད་ཡིག་གི་མིང་མཛོད་རྩོམ་སྒྲིག་དང་འཚམ་པའི་གཞུང་ལུགས་ཤིག་ཆགས་ཐུབ་པར་བས་ཏེ།  རྩོམ་སྒྲིག་ལ་ཞིབ་ཆ་ལྡན་པ་དང་།  པར་སྐྲུན་གྱི་སྤུས་ཀ་མཐོ་བ། བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བའི་མིང་མཛོད་ཅིག་བསྐྲུན་པར་འབད་པ་བྱ་དགོས་པ་བཅས་པའོ། །
         མཆན་འགྲེལ།
         ① 解海江、章黎平、王敏:  《汉语语文辞书的状况与发展研究》 [M], 北京: 商务印书馆,20l5年. 第23-24页。
         ② ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ།
         ③ ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007ལོ།
         ④ ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད། ༢》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
         ⑤ ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད། ༣》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018ལོ།
         ⑥ ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས།《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད(ཁ་སྐོང་གི་དེབ)》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
         ⑦ ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གིས་བསྒྲིགས།《རྒྱ་བོད་བརྡ་ཆད་གསར་པ》[z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང། 2011ལོ།
         ⑧ བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་བསྒྲིགས།《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》[z]ལྷ་ས། བོད་ལྔོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ།
         ⑨ ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྒྱུར་སྒྲིག་བྱས། 《རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད》[z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ།
         ⑩ གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྱུར་སྒྲིག་བྱས།《གསར་བྱུང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས》[z]ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
         ⑪ ཀྲོའུ་ཝེ་དང་།  བཀྲ་ཤིས་ཚེ་རིང་།  ཉི་མ་སྒྲོལ་མས་གཙོ་སྒྲིག་བྱས། 《བོད་རྒྱ་དབྱིན་ཤན་སྦྱར་ཐ་སྙད་གསར་པའི་ཚིག་མཛོད》[z] པེ་ཅིན།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ།
         ⑫ མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གིས་སྒྲིག་སྒྱུར་བྱས།  《རྒྱ་བོད་ཤན་སྦྱར་གྱི་གཞུང་ཡིག་ཚིག་མཛོད》[z] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།   
         ⑬ གཡང་དྲུང་དབང་ཕྱུག་གིས་སྒྲིག་སྒྱུར་བྱས། 《རྒྱ་བོད་དངུལ་རྩའི་ཚིག་མཛོད》[z] པེ་ཅིན། ཀྲུང་གོའི་དངུལ་རྩའི་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2010ལོ།
         ⑭ ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་བསྒྲིགས། 《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད》[z] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2016ལོ།
         ⑮ དཀོན་མཆོག་ཚེ་བརྟན་གྱིས་གཙོ་སྒྲིག་བྱས། 《རྒྱ་བོད་ཤན་སྦྱར་དཔལ་འབྱོར་རིག་པའི་ཚིག་མཛོད》[z]  པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2018ལོ།
         ⑯⑰⑱⑲ ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་སྒྲུབ་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་གཙོ་སྒྲིག་བྱས།《གྲངས་རིག་པ》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2000ལོ།
         ⑳﹙21﹚མགོན་པོ་རབ་བརྟན་གྱིས་གཙོ་སྒྲིག་བྱས། 《བོད་རྒྱ་དབྱིན་གསུམ་དངོས་ལུགས་རིག་པའི་ཚིག་མཛོད་གཟི་ཡི་ཕྲེང་བ》[z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ།
         ﹙22﹚ཡོན་ཏན་རྒྱ་མཚོ་དང་གུ་རུ་འཚོས་སྒྲིག་སྒྱུར་བྱས། 《རྒྱ་བོད་ཤན་སྦྱར་གྱི་སྐྱེ་དངོས་རིག་པའི་ཚིག་མཛོད》[z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ།
         ﹙23﹚མཆོག་གསུམ་དང་ཚེ་རིང་སྒྲོལ་མས་གཙོ་སྒྲིག་བྱས། 《རྫས་འགྱུར་རིག་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚིག་མཛོད》[z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2018ལོ།
         ﹙24﹚ཚེ་རིང་དོན་གྲུབ་ཀྱིས་གཙོ་སྒྲིག་བྱས། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད》[z] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2002ལོ།
         ﹙25﹚ཀྲང་ཕེའེ་ཀྲུང་གིས་གཙོ་སྒྲིག་བྱས། 《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》 [z] པེ་ཅིན། ཁྲིམས་ལུགས་དཔེ་སྐྲུན་ཁང་། 2011ལོ།
         ﹙26﹚སྙིང་བོ་རྒྱལ་དང་ཀུན་ཞོན་ཙུང་གིས་གཙོ་སྒྲིག་བྱས། 《རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད》[z] པེ་ཅིན། མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་། 2012ལོ།
         ﹙27﹚ཟླ་བ་བློ་གྲོས་ཀྱིས་གཙོ་སྒྲིག་བྱས། 《བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད》[z] ལན་ཀྲོའུ།  ཀན་སུའུ་མི་དམངས་མཛེས་རྩལ་དཔེ་སྐྲུན་ཁང་། 2000ལོ།
         ﹙28﹚བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། 《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》[z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ།
         ﹙29﹚འོད་ཚང་ཚོགས་ཆེན་གྱིས་གཙོ་སྒྲིག་བྱས། 《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》[z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2011ལོ།
         ﹙30﹚《རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད་》སྒྱུར་སྒྲིག་ཨུ་ལྷན་གྱིས་སྒྲིག་སྒྱུར་བྱས། 《རླུང་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད》(པར་གཞི་གསུམ་པ) [z] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ།
         ﹙31﹚རིན་ཆེན་ཚེ་རིང་དང་བསོད་ནམས་བཀྲ་ཤིས་ཀྱིས་སྒྲིག་སྒྱུར་བྱས། 《རྒྱ་བོད་གློག་བརྙན་དང་བརྙན་འཕྲིན་མིང་མཛོད》[z] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ།
         ﹙32﹚བློ་བཟང་རྡོ་རྗེས་གཙོ་སྒྲིག་བྱས།《རྒྱ་བོད་ཤན་སྦྱར་ཕྱུགས་ལས་སྨན་བཅོས་ཚིག་མཛོད》[z] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016ལོ།
         ﹙33﹚ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས། 《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད། ༣》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་167
         ﹙34﹚符淮青:《现代汉语词汇》[M], 北京:北京大学出版社,2004年,第l72页。
         ﹙35﹚王铁昆: 《新词语的判定标准与新词新语词典编纂的原则》[J],《语文应用文字》,l992年第4期, 第l6页。
         ﹙36﹚宗守云: 《新词语的立体透视—理论研究与个案分析》[M], 桂林: 广西师范大学出版社,2007年,第3页。
         ﹙37﹚符淮青: ﹙现代汉语词汇﹚[M], 北京: 北京大学出版,2004年,第l75页。
         ﹙38﹚解海江、章黎平、王鉀: 《汉语语文辞书的状况与发展研究》[M], 北京: 商务印书馆,20l5年,第2l3页。
         ﹙39﹚符淮青:《现代汉语词汇》[M] 北京:北京大学出版社,2004年,第174页。
         ﹙40﹚རྩོམ་སྒྲིག་མཉམ་སྒྲུབ་ཚོ་ཆུང་གིས་བསྒྲིགས། 《རྒྱ་བོད་ཤན་སྦྱར་ཚིག་མཛོད》[z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1646
         ﹙41﹚ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས། 《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོད་མིང་མཛོད》[z] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་683
         ﹙42﹚亢世勇、刘海润主编: 《新世纪新词语大词典》 [z], 上海:上海辞书出版社,2005年,第715页。
         ﹙43﹚ནོར་བུ་ཚེ་རིང་། 《བོད་ཀྱི་མིང་མཛོད་འཕེལ་བའི་ལོ་རྒྱུས་མདོར་བསྡུས》[J]《བོད་ལྗོངས་ཞིབ་འཇུག》1990ལོའི་དེབ་བཞི་པ། ཤོག་ངོས་18-26
         ﹙44﹚华侃: 《语辞书述略》[J], 《西藏研究》 l990年3期,第 l26-l32页。
         ﹙45﹚华侃: 《四十多年来藏语辞书的发展》[J], 《辞书研究》1997年4期, 第57-64页。
         ﹙46﹚当增扎西:《现代藏文辞书的发展》[J],《中国藏学》20l l年2期,第l49-l52页。
         ﹙47﹚当增扎西:《回顾藏文现代辞书60年发展历程》 [J],  《出版发行研究》2011年9期,第30-33页。
         ﹙48﹚当增扎西:《古代藏文辞书》[J],《辞书研究》2014年6期. 第73-77页。
         ﹙49﹚张运珍:《〈翻译名义大集〉—藏文双语辞书的发端》[J],《中国藏学》 2013年l期, 第177-179: 183页。
         ﹙50﹚尹伟先:《藏文辞书编纂史的分期与特点》[J], 《西南民族大学学报(哲学社会科学版)》1995年2期.,第23-27页。
         ﹙51﹚尹伟先: 《藏语文词书编纂简史》[J], 《中国藏学》l995年l期,第121-132页。
         ﹙52﹚华侃: 《一部展示藏文化的百科辞典—<东嘎藏学大辞典>评介》[J],《辞书研究》2007年3期,第108-112页。
         ﹙53﹚华侃、爱国:《对两部数学词典的翻译及专科词典编纂的几点看法》[J],《西北民族大学学报(哲学社会科学版) 》2006年4期,第87-9l页。
         ﹙54﹚རྟ་མགྲིན་རྒྱལ།《སྐད་ཆ་རིག་པའི་རིག་ཚན་ཡན་ལག་དང་བཅས་པའི་སྒོ་ནས་བོད་ཡིག་གི་མིང་མཛོད་ཤན་སྦྱར་མ་གཉིས་ལ་དཔྱད་པ》[D] ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། 2006ལོ།
         ﹙55﹚周炜:《21世纪藏文辞书发展的特征》[J], (青海民族研究》2015年4期, 第161-163页。
         ﹙56﹚གཉའ་བློ་གྲོས་རྒྱལ་མཚན། 《མིང་མཛོད་རྩོམ་སྒྲིག་སྐོར་གྱི་བསམ་གཞིག་དུམ་བུ་འགའ》《གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བསྡུས》པོད་གཉིས་པ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་77-106