དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ལོ་ཙཱའི་བྱ་བ་ལས་མིང་བརྡའི་སྒྲ་སྒྱུར་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2020-06-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། ཕྱུག་མཚོ་སྐྱིད།
          སྒྲ་སྒྱུར་ནི་ལོ་ཙཱའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དེང་སྐབས་རྒྱལ་ཁབ་བར་དང་མི་རིགས་བར་གྱི་འབྲེལ་བ་ཇེ་ཟབ་ཇེ་མང་དུ་སོང་བ་དང་། བོད་རིགས་མང་ཚོགས་ཀྱི་འཛམ་གླིང་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས། ད་ལྟའི་ཆབ་སྲིད་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཀྱི་གནས་ཚུལ། ལྷག་པར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལམ་ཕྱོགས་སོགས་ལ་རྒྱུས་ལོན་བྱེད་པའི་འདུན་པ་ཇེ་ཆེར་སོང་བར་བརྟེན། བོད་ཀྱི་ལོ་ཙཱའི་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་ལ་འབྲས་བུའང་མི་དམན་པ་བླངས་ཡོད། འཇིག་རྟེན་གྱི་འཕེལ་འགྱུར་ཇེ་མགྱོགས་སུ་སོང་ཞིང་། བྱ་དངོས་གསར་པ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་བ་དང་། དེ་དག་ལས་མཆེད་པའི་མིང་བརྡ་མང་པོ་ཞིག་གང་ལས་བྱུང་བའི་སྒྲ་དེ་རང་སོར་མ་བཞག་པར་བསྒྱུར་ན་གོ་སླ་བར་མི་འགྱུར་བ་དང་འགངས་མི་ཆེ་བས། མིང་བརྡའི་ལོ་ཙཱའི་བྱ་བའི་ཁྲོད་སྒྲ་སྒྱུར་གྱི་སྤྱོད་ཡུལ་སྔར་ལས་རྒྱ་ཇེ་ཆེར་སོང་དང་འགྲོ་བཞིན་ཡོད། དེ་བས་བོད་ཀྱི་མིང་བརྡའི་སྒྲ་སྒྱུར་གྱི་ལོ་ཙཱའི་ཐབས་ལམ་སོགས་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ཀུན་ལ་གསལ་བ་ལྟར་རེད། མིང་བརྡའི་སྒྲ་སྒྱུར་གྱི་ལོ་ཙཱའི་བྱ་བའི་ཁྲོད་མིང་བརྡ་ལ་ལའི་སྒྲ་སྒྱུར་གྱི་མིང་དེ་བོད་ལ་མི་བདེ་བ་དང་། ལ་ལ་གཅིག་གྱུར་ཚད་ལྡན་མིན་པ། ལ་ལ་མིང་བརྡ་དེ་དང་འབྲེལ་མེད་ཀྱི་དོན་དང་ལྡན་པར་བསྒྱུར་བ་སོགས་ཀྱི་གནད་དོན་བདོག་སྟེ། ང་ཚོས་གནད་དོན་དེ་དག་ལ་དོ་སྣང་དང་མཉམ་འཇོག་བྱས་ཏེ་བོད་ཀྱི་ལོ་ཙཱའི་བྱ་བ་དང་སྒོས་སུ་སྒྲ་སྒྱུར་གྱི་སྤུས་ཚད་ཇེ་ལེགས་སུ་བཏང་ནས་བོད་སྐད་ཡིག་གི་མིང་བརྡ་ཕུན་སུམ་ཚོགས་པོ་ཡོང་བ་དང་དུས་བསྟུན་འཕེལ་རྒྱས་སུ་འགྲོ་བར་ནུས་པ་བཟང་པོ་འདོན་དགོས།
          དང་པོ། མིང་བརྡའི་སྒྲ་སྒྱུར་ཁྲོད་གནས་པའི་གནད་དོན།
          1.སྒྲ་སྒྱུར་གྱི་མིང་བརྡ་དེ་བོད་ལ་ཀློག་མི་བདེ་བ།
          སྒྲ་སྦྱོར་བམ་གཉིས་ལས་དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་བཀས་བཅད་མཛད་པར་ལྟར། ལོ་ཙཱའི་གཞུང་ལུགས་སུ་མིང་དང་ཚིག་གི་ལོ་ཙཱ་དེ་མ་ཡིག་གི་དོན་ཇི་བཞིན་དུ་བསྒྱུར་དགོས་པར་མ་ཟད། བསྒྱུར་བའི་མིང་དང་ཚིག་དེ་ཡང་གང་ལ་བསྒྱུར་བའི་སྐད་དང་ཡི་གེར་ཀློག་བདེ་བར་བྱེད་པ་དེ་ཡང་ཧ་ཅང་གལ་ཆེ་བར་བྱེད་པ་ཡིན། སྒྲ་སྒྱུར་བྱས་པའི་མིང་བརྡ་དེ་ཡང་སྒྲ་ཇི་བཞིན་དུའམ་སྒྲ་འདྲ་བར་(སྐད་ཡིག་གཅིག་གི་སྐད་ཆའི་གདངས་དང་ཡི་གེའི་སྒྲ་རྣམས་ནི་སྐད་ཡིག་གཞན་པར་ཡོད་པའི་ངེས་པ་མེད་པས་མིང་བརྡ་སྒྲ་སྒྱུར་བྱེད་དུས་ཀྱང་ལ་ལ་ཞིག་སྒྲ་འདྲ་བ་ཙམ་དུ་སྒྱུར་བ་ལས་ཐབས་མེད)ཡོང་བ་ལ་འབད་དགོས་ཤིང་། དེ་ཡང་ཀློག་བདེ་མིན་ལའང་ངེས་པར་བསམ་བློ་གཏོང་དགོས། མིང་བརྡ་ལ་ལ་ཞིག་བོད་སྐད་ལ་མི་བདེ་བ་དང་། ལྷག་པར་ཕྱི་ཡིག་གི་མིང་བརྡ་སྒྲ་སྒྱུར་བྱེད་དུས་ལོ་ཙཱ་བ་ལ་ལ་བརྩེགས་མ་དང་མཐུག་པའི་ཡི་གེ། ལོག་པའི་ཡི་གེ་སོགས་བཀོལ་བར་དགའ་བས་བསྒྱུར་བའི་མིང་གི་ཡི་གེ་ཡི་ཟོར་མི་ཡང་བ་དང་ཀློག་མི་བདེ་བས་མིང་བརྡ་གསར་པ་དེ་དག་སྤྱི་ཚོགས་སུ་ཁྱབ་བརྡལ་བྱེད་པ་ལ་ཚད་བཀག་ངེས་ཅན་ཞིག་ཐེབས་བཞིན་ཡོད། དཔེར་ན། སྤྱི་ལོ་སྔོན་གྱི327ལོར་རྒྱ་གར་གྱི་ནུབ་བྱང་ས་ཁུལ་དུ་བཙན་འཛུལ་བྱས་པའི་ཀེ་རི་སེའི་རྒྱལ་པོ“Alexander,亚历山大”ལ་དགེ་འདུན་ཆོས་འཕེལ་གྱིས“ཨེ་ལེག་ཟན་དར”རམ“ཨེ་ལེག་ཟན་རྡར”ཞེས་བསྒྱུར་ཡོད་པ①དང་། ཐུབ་བསྟན་མཆོག་སྒྲུབ་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་རུ“ཨེལེཀྫེནྜར”ཞེས་བསྒྱུར་ཡོད་པས་ཀློག་དཀའ་བ་ཀློག་མི་བདེ་བ་ལྟ་བུ་རེད། རྒྱ་དང་ཧུའེ་རིགས་སོགས་ཀྱི་རུས“马”བོད་ཡིག་ཏུ་བསྒྱུར་དུས་མ་ཡིག་གི་ཞབས་ལ་འ་ཆུང་བཏགས་ནས་མཱ་ཞེས་འབྲི་བ་ལྟ་བུ་དང་། དེ་ནི་རྒྱ་བོད་ལོ་ཙཱའི་བྱ་བའི་གཞི་འཛིན་ས་གཙོ་བོ་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཁྲོད་ཀྱི“རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག”ལྟར་ན་ཡང“མ”ཞེས་བསྒྱུར་དགོས་མོད། དུས་དེབ་དང་དྲ་ངོས་སུ“མཱ”ཞེས་བསྒྱུར་པ་ཧ་ཅང་མང་། དེ་བཞིན་དབྱི་ཐ་ལིའི་རྒྱལ་ས“Rome”ཞེས་པ་ཡང་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལྟར་ན“རོ་མ”ཞེས་སྒྲ་སྒྱུར་བྱས་ན་འགྲིག་མོད། དཔེ་ཆ་ལ་ལ་དང་དྲ་བ་ལ་ལ་རུ“རཱོ་མ”ཞེས་རོ་ལ་འ་ཆུང་བཏགས་ཡོད།
          2.སྒྲ་སྒྱུར་མིང་དེ་ཚད་ལྡན་གཅིག་གྱུར་མིན་པ།
          རྒྱ་བོད་སྒྲ་སྒྱུར་གྱི་མིང་ཚད་ལྡན་གཅིག་གྱུར་མིན་པ་དེ་ཡི་རྒྱུ་མཚན་གཙོ་བོ་ནི། གཅིག་ནི་ཀུན་གྱིས་ཤེས་གསལ་ལྟར་དབུས་གཙང་དང་ཁམས་ཕྱོགས་ཨ་མདོའི་བོད་ཡིག་ཀློག་སྟངས་ལ་ཁྱད་ཅུང་ཙམ་ཡོད་པས་ལོ་ཙཱ་བ་ལ་ལས་རང་རང་གི་ས་ཆ་ཆུང་ངུའི་སྒྲ་འབྱིན་སྟངས་ལྟར་བསྒྱུར་བ་ལས་དེང་སྐབས་རྒྱ་བོད་ལོ་ཙཱ་བ་མང་པོས་མིང་བརྡའི་གཅིག་གྱུར་ཚད་ལྡན་ལ་དམིགས་ནས་བརྩི་སྲུང་བྱེད་བཞིན་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་གི་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལྟར་དུ་མ་བསྒྱུར་པས་ཡིན། དཔེར་ན། རང་རེའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི“习近平”གྱི་བོད་ཡིག་གི་མཚན་ཡང་བོད་ཁུལ་དུ་གཅིག་གྱུར་བྱུང་མེད་དེ། ཀྲུང་གོ་བོད་ཀྱི་དྲ་བ(མཚོ་སྔོན)དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ་རུ་ཞི་ཅིན་ཕིང་དང་ཞི་ཅིན་ཕིན་གཉིས་ཀ་བཀོལ་བཞིན་ཡོད་པ་དང་། མཚོ་སྔོན་གྱི་ཚགས་པར་ལ་ལ་རུ་ཞི་ཅིན་ཕིན་ཞེས་བཀོལ་བཞིན་ཡོད། དབུས་གཙང་དང་ཁམས་ཀྱི་ཚགས་པར་དང་དྲ་བ་རུ་ཕལ་ཆེར་ཞི་ཅིན་ཕིང་ཞེས་བསྒྱུར་འདུག་པ་ལྟ་བུ་རེད།
          གཞན་ཡང་། རྒྱལ་ས“北京”ལ་ཨ་མདོ་བས“པེ་ཅིན”དང་དབུས་གཙང་པས“པེ་ཅིང”ཞེས་སྒྲ་སྒྱུར་བྱེད་པ་དང་། རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་གི་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལྟར་ན་པེ་ཅིང་ཞེས་བསྒྱུར་དགོས་པ་ཡིན་མོད། འོན་ཀྱང་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་ཚིག་མཛོད་དངོས་སུ“北京”ལ“པེ་ཅིན”ཞེས་བསྒྱུར་ཡོད་པས་རྙོག་དྲ་བཟོས་པ་རེད། བོད་ཡིག་ཀློག་པའི་སྒྲ་ཅང་མ་འདྲ་བས་བོད་མིའི་མིང“ཚེ་རིང”ཞེས་པ་དབུས་གཙང་པས“次仁”ཞེས་སྒྲ་སྒྱུར་བྱེད་པ་མང་བ་དང་། ཁམས་པས“泽仁”ཞེས་དང། ཨ་མདོ་བས“才让”ཞེས་སྒྲ་སྒྱུར་བྱེད་པ་མང་བ་ལྟ་བུ་རེད།
          3.སྒྲ་སྒྱུར་གྱི་མིང་བརྡ་ལ་ལར་མིང་བརྡ་དེ་དང་འབྲེལ་མེད་ཀྱི་དོན་དང་ལྡན་པར་བསྒྱུར་བས་རྙོག་དྲ་བཟོ་བ།
          མིང་བརྡ་སྒྲ་སྒྱུར་བྱེད་དུས་སྒྲ་སྒྱུར་གྱི་ཡི་གེར་མིང་བརྡ་དེ་དང་འབྲེལ་མེད་ཀྱི་དོན་དང་ལྡན་པར་མི་བྱེད་པ་ནི་མིང་བརྡ་སྒྲ་སྒྱུར་བྱེད་དུས་ངེས་པར་མཉམ་འཇོག་བྱེད་དགོས་པ་ཞིག་ཡིན་མོད། འོན་ཀྱང་བོད་ཀྱི་ལོ་ཙཱའི་བྱ་བའི་ཁྲོད་ལྷག་པར་བོད་རྒྱ་ལོ་ཙཱའི་བྱ་བའི་ཁྲོད་གནད་དོན་དེ་ཅུང་མང་སྟེ། ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་གྱི་ལྗོངས་བཀོད་སོགས་ལྟད་མོར་ལྟ་སའི་སྟག་སྡེར་རི་བོ་ཞེས་པ་རྒྱ་ཡིག་དུ“当代山”ཞེས་བསྒྱུར་པ་དང་འཛམ་གླིང་དུ་སྐད་གྲགས་ཆེ་བའི་རྒྱ་ནག་མ་ཎི་ཡོད་སའི་སེང་ཟེ་སྡེ་བའི་མིང་རྒྱ་ཡིག་ཏུ“新寨”ཞེས་བསྒྱུར་པ་ལྟ་བུ། སྒྲ་སྒྱུར་གྱི་མིང“当代山”དང“新寨”ཞེས་པའི་དོན“དེང་རབས་རི་བོ”དང“སྡེ་བ་གསར་པ”ཞེས་པ་ཡིན་ལ། དེ་ནི་བོད་ཡིག་གི་སྟག་སྡེར་དང་སེང་ཟེ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་ཀུན་གསལ་ལྟར་རོ། །བོད་མིའི་མིང་མཁའ་འགྲོ་འཚོ་ཞེས་པ་རྒྱ་ཡིག་ཏུ“看着错”དང་། རིག་ལྡན་ལ“肉蛋”སོགས་སུ་བྲིས་པའི་སྒྲ་སྒྱུར་ཡི་གེ་ལ་བོད་ཡིག་གི་དོན་དང་འབྲེལ་བ་མེད་ཁར་དོན་མི་ཡག་པར་བསྒྱུར་པ་མི་ལེགས་པ་ལྟར་རོ། །
          གཉིས་པ། མིང་བརྡའི་སྒྲ་སྒྱུར་ཇེ་བཟང་ཇེ་ལེགས་སུ་གཏོང་བ་ལ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་འགའ།
          1.མིང་བརྡ་སྒྲ་སྒྱུར་བྱེད་པ་ལ་མ་ཡིག་གི་སྒྲ་ཇི་བཞིན་དུ་ཐོན་པ་ལ་འབད་དགོས་མོད། འོན་ཀྱང་བོད་ལ་ཀློག་བདེ་བར་བྱེད་པ་ལ་ཡང་མཉམ་འཇོག་དགོས།
          སྔོན་ཆད་ལེགས་སྦྱར་སྐད་བོད་སྐད་ལ་བསྒྱུར་པའི་ལོ་རྒྱུས་སུའང་སྒྲ་རང་སོར་བཞག་བྱས་པའི་མིང་བརྡ་སྐོར་ཞིག་བོད་ཀྱི་ཁ་ལ་བདེ་ཆེད་ཡིག་གཟུགས་ཅུང་ཟད་འགྱུར་དུ་བཅུག་པ་ཡོད་དེ། དཔེར་ན། ཛམྦུ་དཱི་བ་ཞེས་པ་འཛམ་བུའི་གླིང་ཞེས་དཱི་བ་གླིང་དུ་བསྒྱུར་པ་དོན་བསྒྱུར་དང་ཛམྦུ་ཁ་ལ་བདེ་ཆེད་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ལ་བདེ་ཆེད་འཛམ་བུའི་གླིང་ཞེས་གྲུབ་པ་ལྟ་བུ་དང་། དེ་བཞིན་དུ་ཀངྐུམ་ཞེས་པ་གུར་ཀུམ་དུ་འགྱུར་བ་དང་། པུསྟི་ཀ་ཞེས་པ་པོ་ཏི་རུ་འགྱུར་བ་ལྟ་བུ་ཡིན་པས། དེང་སྐབས་ཀྱི་མིང་བརྡའི་སྒྲ་སྒྱུར་ཁྲོད་ཀྱང་བོད་ཀྱི་ཁ་ལ་བདེ་བར་བྱེད་པ་དེའང་ལོ་ཙཱ་བ་ཚོས་མཉམ་འཇོག་བྱེད་དགོས། སྤྱིར་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཁྲོད་ཀྱི་སྒྲ་སྒྱུར་སོགས་ཐམས་ཅད་ང་ཚོས་བཀས་བཅད་བཞིན་དུ་བརྩི་སྲུང་བྱེད་དགོས་མོད། འོན་ཀྱང་དེའི་ཁྲོད་ཀྱི་སྒྲ་སྒྱུར་ལ་ལ་ཡང་བོད་ལ་ཅུང་མ་བདེ་བས་ཕྱིས་སུ་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དུ་ཇེ་བདེར་བཏང་ཡོད་དེ། དཔེར་ན། རྒྱལ་ཁབ“Sweden,瑞典”ལ་རྒྱ་བོད་ཤན་སྦྱར་ཚིག་མཛོད་དུ“སུའེ་ཏེན”ཞེས་བསྒྱུར་ཡོད་པ་དང་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དུ“སི་ཝེས་དན”ཞེས་བཅོས་ནས་ཇེ་བདེར་བཏང་ཡོད་པ་དང་།
          2.སྒྲ་སྒྱུར་གྱི་མིང་བརྡ་གཅིག་གྱུར་ཚད་ལྡན་དུ་ཡོང་བར་མཉམ་འཇོག་བྱེད་དགོས།    
          དེ་བཞིན་དུ“Switzerland,瑞士”དང“Portugal,葡萄牙”ལ་ཡང“སུའེ་ཙེར”དང“ཕོར་ཐིའུ་ཀལ”ཞེས་བསྒྱུར་ཡོད་པ“སི་ཝེས་ཙེར”དང“ཕོར་ཐུ་གལ”ཞེས་པར་བཅོས་ནས་བོད་ལ་ཇེ་བདེར་བཏང་ཡོད་ནའང“སི་ཝེས་དན”དང“སི་ཝེས་ཙེར”དང“ཕོར་ཐུ་གལ”སོགས་ཀྱང“སི་ཝི་ཏན”དང“སི་ཝི་ཙེར”དང“ཕོར་ཐུ་ཀལ”ལྟ་བུར་བཅོས་པ་ཡིན་ན་རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་གི་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལྟར་གྱི་སྒྲ་འདོགས་སྟངས་དང་ཡང་མཐུན་པས་ཤིན་ཏུ་ལེགས་སྙམ།
          ཕྱི་རྒྱལ་གྱི་ས་མིང་ཆུ་མིང་དང་མིའི་རུས་མིང་སོགས་སྒྲ་སྒྱུར་བྱེད་དུས་ཀྱང་བོད་རང་གི་དབྱངས་གསལ་སོ་བཞིས་སྒྲ་སྒྱུར་བྱེད་པ་ལས་བརྩེགས་མ་དང་མཐུག་པའི་ཡི་གེ། ལོག་པའི་ཡི་གེ་སོགས་ལེགས་སྦྱར་གྱི་ཡི་གེ་མ་བཀོལ་ན་བཟང་བར་འདོད།
          བོད་ཀྱི་ས་ཆ་སོ་སོ་སྟེ་གཙོ་བོ་དབུས་གཙང་དང་ཁམས། ཨ་མདོ་བཅས་ཀྱི་ཡི་གེ་ཀློག་སྟངས་ཅུང་མི་འདྲ་བས་རྒྱ་ཡིག་གི་མིང་ཚིག་གཅིག་ལ་མདོ་དབུས་ཁམས་གསུམ་གྱི་སྒྲ་སྒྱུར་བྱེད་ཚུལ་མི་འདྲ་བ་བྱུང་སྟེ། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས།“དེས་ན་མིང་ཚིག་ཐོག་མར་གཅིག་མཐུན་ཡོང་བའི་ཐབས་དེ་གང་ཡིན་ཞེ་ན། རྩོམ་སྒྱུར་བ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུག་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། མིང་ཚིག་གསར་པ་ཞིག་བསྒྱུར་དགོས་པ་བྱུང་ཚེ་འདི་ལྟར་བསྒྱུར་ན་སྟོད་མངའ་རིས་ནས་བཟུང་ཨ་མདོ་ཤར་མཐའི་བར་གྱི་རོང་འབྲོག་ཚང་མའི་གོ་ཐུབ་བམ་མི་ཐུབ་ལ་བསམ་བློ་མཐའ་ཆོད་པའི་སྒོ་ནས་གྲོས་བསྡུར་གྱིས་ཐག་གཅོད་དགོས། དེ་དུས་མཉམ་འཇོག་བྱེད་རྒྱུའི་གནད་འགག་ནི། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་མཐའ་དག་ལྟ་ཅི། ཤན(རྫོང)ཁག་གཅིག་གི་ལུང་པ་ཕ་རི་ཚུ་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་སླ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།”②ཞེས་པ་ལྟར་ཡིན་ལ། གཙོ་བོ་ལོ་ཙཱ་བ་རྣམས་ཀྱིས་བོད་ཀྱི་སྒྲ་སྒྱུར་གྱི་མིང་བརྡ་རྣམས་གཅིག་གྱུར་ཚད་ལྡན་དུ་ཡོང་བ་དང་བོད་སྐད་ཡིག་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་དམིགས་ནས། ལོ་ཙཱའི་བྱ་བའི་ཁྲོད་མིང་བརྡ་སྒྲ་སྒྱུར་བྱེད་དུས། གཅིག་ནས་བོད་ཆོལ་ཁ་གསུམ་པའི་ཡི་གེ་ཀློག་སྟངས་ཀྱི་ཁྱད་པར་ལས་བྱུང་བའི་མིང་བརྡ་གཅིག་གི་སྒྲ་སྒྱུར་གྱི་ཡི་གེ་ལ་ཁྱད་པར་བྱུང་ནས་གཅིག་གྱུར་འབྱུང་དཀའ་བའི་དོན་དངོས་ལ་གཞིགས་ནས། རྒྱ་ཡིག་གི་མིང་བརྡ་གསར་པ་བོད་ཡིག་ཏུ་སྒྲ་བསྒྱུར་བྱེད་དུས་སྤྱིར་བཏང་དུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་མཛད་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་གི་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལྟར་དུ་བསྒྱུར་བ་དང་། དེ་བཞིན་དུ་རང་རྒྱལ་གྱི་རྒྱལ་རབས་སོ་སོའི་མིང་དང་མི་རིགས་སོ་སོའི་མིང་། འཛམ་གླིང་གི་གླིང་ཆེན་སོ་སོ་དང་རྒྱལ་ཁབ་དང་ས་གནས་སོ་སོའི་མིང་སོགས་ཀྱང་རྒྱ་བོད་ཚིག་མཛོད་ཆེན་མོའི་རང་རྒྱལ་ལོ་རྒྱུས་གསལ་བའི་རེའུ་མིག་མདོར་བསྡུས། རང་རྒྱལ་གྱི་མི་རིགས་ཀྱི་རེའུ་མིག་མདོར་བསྡུས། འཛམ་གླིང་གི་རྒྱལ་ཁབ་ས་ཁུལ་ཁག་གི་རྒྱ་ཁྱོན་དང་། མི་གྲངས། རྒྱལ་ས་ལྟེ་གནས། རང་རྒྱལ་དང་འབྲེལ་བ་བཙུགས་པའི་དུས་སྐབས་སྐོར་གྱི་རེའུ་མིག་མདོར་བསྡུས་ཞེས་པ་སོགས་ལ་བསྟུན་ནས་བསྒྱུར་ན་ད་གཟོད་སྒྲ་སྒྱུར་གྱི་མིང་བརྡ་མང་པོ་ཞིག་གཅིག་གྱུར་ཚད་ལྡན་དུ་ཡོང་ཐུབ་པར་འདོད། དཔེར་ན། རྒྱའི་རུས་མིང“王”ཞེས་པ་བོད་ཡིག་ཏུ་བསྒྱུར་དུ། མིང་བརྡའི་གཅིག་གྱུར་ཚད་ལྡན་དང་བོད་ཁམས་ཡོངས་ཀྱི་གོ་བ་ལ་དམིགས་ནས“ཝང”ཞེས་བསྒྱུར་པ་ལས་བང་ཞེས་མི་བསྒྱུར་བ་དང་། “清朝”ཞེས་པ་བོད་དུ་བསྒྱུར་དུས་ཀྱང“ཆིན་རྒྱལ་རབས”ཞེས་མི་བསྒྱུར་བར་ཆིང་རྒྱལ་རབས་ཞེས་བསྒྱུར་ན་དགེ་མཚན་ལྡན་པ་ལྟར་རོ། །གཞན་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་དུ་བསྒྱུར་བའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་བྱས་ཏེ། ཕྱི་ཡིག(གཙོ་བོ་དབྱིན་ཡིག)དང་བོད་ཡིག་སྒྲ་སྒྱུར་བྱེད་པ་ལ་ཉེ་བར་མཁོ་བའི་ཕྱི་ཡིག་དང་བོད་ཡིག་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ཅིག་གཏན་འབེབས་བྱས་པ་ན་ཕྱི་ཡིག་ནས་ཐད་ཀར་བོད་ཡིག་ཏུ་སྒྲ་སྒྱུར་བྱེད་ཚུལ་གཅིག་གྱུར་ཚད་ལྡན་དུ་འགྲོ་བ་ལ་ཕན་ཡོན་ཆེན་པོ་ལྡན་པར་འདོད་དོ། །
          གཉིས་ནས་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་སྒྲ་སྒྱུར་བྱས་ཤིང་སྤྱི་ཚོགས་སུ་རྒྱུན་འབྱམས་སུ་སོང་ཞིང་ཁས་ལེན་ཐོབ་པ་རྣམས་དགོས་མཁོ་ཆེན་པོ་མེད་ན་སྤྱིར་བཏང་དུ་སྔོན་གྱི་སྒྱུར་ཚུལ་ལྟར་བསྒྱུར་དགོས། དཔེར་ན། རྒྱ་ཡིག་གི“中国”ཞེས་པ་རྒྱ་བོད་ཤན་སྦྱར་ཚིག་མཛོད་ནང་གི་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལྟར་ན“ཀྲུང་ཀུའོ”ཞེས་བསྒྱུར་དགོས་མོད། འོན་ཀྱང་ཀྲུང་གོ་ཞེས་བསྒྱུར་ནས་སྤྱི་ཚོགས་སུ་དར་ཁྱབ་བྱུང་ཡོད་པས་དེ་ལྟར་བསྒྱུར་བ་ལས“ཀྲུང་ཀུའོ”ཞེས་གསར་དུ་བསྒྱུར་དགོས་དོན་མེད། དེ་བཞིན་དུ་དབྱིན་ཇི་དབྱིན་ཡིག་ཅེས་བོད་སྤྱི་ཚོགས་སུ་དར་ཁྱབ་བྱུང་ཡོད་པས་ཨིན་ཡིག་ཅེས་བསྒྱུར་བ་དང་། ཡེ་ཤུ་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་མ་ཤི་ཀ“‘Jesus’‘耶稣’”ཞེས་པ་བོད་དུ“ཡེ་ཤུ”ཞེས་བསྒྱུར་ནས་དར་ཁྱབ་བྱུང་ཡོད་པས“ཡི་ཤུ”སོགས་སུ་བསྒྱུར་ནས་རྙོག་དྲ་བཟོ་དགོས་དོན་མེད་པར་འདོད། །
          ① དགེ་ཆོས་གསུམ་རྩོམ་པོད་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོའི་པར་གཞིའི་ཤོག་ངོས208པར་གསལ།
          ② ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས《མིང་ཚིག་གསར་བ་རྩོམ་སྒྱུར་ལ་ཉེ་བར་མཁོ་བའི་བསམ་འཆར་འགའ་ཞིག》《ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ(གླེགས་བམ་དྲུག་པ)》གྱི་ཤོག་ངོས156ནས158པར་གསལ།