དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་བསྡུར་ཞུས་རིག་པའི་སྐོར་ཅུང་ཟད་གླེང་བ།

སྤེལ་དུས 2020-08-24 ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། རྩོམ་པ་པོ། བསོད་ནམས་སྐྱིད།
[ནང་དོན་གནད་བསྡུས།] འདིར་བོད་ཀྱི་བསྡུར་ཞུས་རིག་པའི་གོ་དོན་དང་བསྡུར་ཞུས་བྱེད་སྟངས། བསྡུར་ཞུས་ཀྱི་གཞི་འཛིན་ས། དོ་སྣང་བྱ་ཡུལ་གང་དག་ཡིན་པ་སོགས་རགས་ཙམ་བརྗོད་ཡོད།
[གནད་ཚིག] བསྡུར་ཞུས་རིག་པ། བསྡུར་ཞུས་ཀྱི་དོ་སྣང་བྱ་ཡུལ།
    དང་པོ། བསྡུར་ཞུས་ཀྱི་གོ་དོན། 
        བསྡུར་ཞུས་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་དོན་གཉིས་ཡོད་ལ། སྒྲ་ཡངས་འཇུག་ལྟར་ན་བསྡུར་ཞུས་ཞེས་པ་ནི་གནའ་དཔེ་ཡི་བདེན་རྫུན་གྱི་དབྱེ་བ་འབྱེད་པ་དང་ཁ་ཐོར་བ་རྣམས་ཕྱོགས་གཅིག་ཏུ་སྒྲིག་པ། དཔེ་ཆའི་དཀར་ཆག་སྒྲིག་པ་སོགས་བྱས་ཏེ་ཀློག་པ་པོ་ལ་ནང་དོན་ཆ་ཚང་བ་ཞིག་དང་དཔྱད་གཞི་རིན་ཐང་ལྡན་པ་ཞིག་འདོན་སྤྲོད་བྱེད་པ་ལ་ཟེར། འདིར་བརྗོད་པའི་གནའ་དཔེ་བདེན་རྫུན་གྱི་དབྱེ་བ་འབྱེད་པ་ནི་གཙོ་བོ་གནའ་དཔེ་དེ་ཁུངས་དག་ཡིན་མིན་དང་། དེའི་ཁྲོད་དུ་རྗེས་སུ་བྱུང་བའི་མཁས་པ་དང་ལོ་རྒྱུས་མི་སྣའི་ལྟ་བ་འདྲེས་ཡོད་མིན། རྩོམ་སྟངས་ཀྱི་ཁྱད་ཆོས་དང་རྩོམ་པ་པོའི་དགོངས་གཞི་སོགས་སྐབས་དེ་དང་མཐུན་མིན་སོགས་ཀྱི་སྟེང་ནས་དབྱེ་བ་འབྱེད་པ་ཞིག་ཡིན། དཔེར་ན“《རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ》ཞེས་པའི་ནང་དུ་ལོ་རྒྱུས་ཁ་ཤས་ནི་དོན་དངོས་དང་ཡེ་ནས་མི་མཐུན་པ། འགའ་ཤས་ནི་དེང་རབས་ཀྱི་མིས་བྲིས་པའི་ལོ་རྒྱུས་དཔེ་ཆ་ལས་ཚིག་རིས་གཅིག་ཀྱང་ཆད་ལྷག་མེད་པར་ཇི་བཞིན་དུ་བཤུས་ཏེ་བཀོད་འདུག་པ་འདི་ལས་གནའ་དཔེ་ལ་ལ་ཞིག་ལ་དུས་ཀྱི་དབང་གིས་སྔོན་མའི་ངོ་གདོང་ངོ་མ་འགྱུར་ནས་ཉ་ཉུང་བསྲེས་པ་ཞིག་ཏུ་གྱུར་ཡོད།” དེ་བས་གནའ་དཔེ་བདེན་རྫུན་གྱི་དབྱེ་འབྱེད་བྱེད་པ་དེས་བསྡུར་ཞུས་ལས་རིམ་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་ཤེས་ཐུབ། ཁ་ཐོར་བ་རྣམས་ཕྱོགས་གཅིག་ཏུ་སྒྲིག་པ་ནི་དཔེར་ན“རུས་པའི་རྒྱན་ཅན་གྱིས་མཛད་པའི《མི་ལ་རས་པའི་མགུར་མ》དང《མི་རོ་རྩེ་སྒྲུང》 《གེ་སར་རྒྱལ་པོའི་ སྒྲུང》《བཀའ་འགྱུར》དང《བསྟན་འགྱུར》 དེང་སྐབས་ལོ་རྒྱུས་དང་དམངས་ཁྲོད་གཏམ་རྒྱུད། གླུ་གཞས། གཏམ་དཔེ། དཔྱད་རྩོམ་སོགས་ཕྱོགས་བསྒྲིགས་བྱས་ཡོད་པའི་དཔེ་ཆ་རྣམ་གྲངས་མི་འདྲ་བ་མང་པོ་ཡོད་པ་དག་གིས་མཚོན་པ་ཡིན། དཔེ་ཆའི་དཀར་ཆག་སྒྲིག་པ་ནི་དཔེར་ན། དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་བརྩམས་པའི《བོད་ཀྱི་དཀར་ཆག་རིག་པ》ལས་ཤེས་གསལ་ལྟར། དཀར་ཆག་ནི་གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་སོགས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་གསལ་པོར་བཀོད་པ་ལ་ཟེར་བ་དང་། དཀར་ཆག་ལ་ཆིངས་བདུན་ཚང་དགོས་པ་ནི།(1)སྡེ་ཚན་གང་གི་ཁོངས་ཡིན་པ། (2)རྩོམ་ཡིག་གི་ཁ་བྱང་དང་མིང་། (3)རྩོམ་པ་པོའི་མིང་། (4)ལེ་ཚན་གྱི་གྲངས། (5)པོད་གྲངས། (6)ཤོག་གྲངས། (7)ཆ་ཚང་མིན་བཅས་ཡིན།[1]དཀར་ཆག་འགོད་དུས་སུ་ཡང་རྒྱས་འབྲིང་བསྡུས་གསུམ་སོགས་རིགས་གསུམ་དུ་བཀར་ཡོད་ལ། དེ་ཉིད་ལས་དཀར་ཆག་རྒྱས་འབྲིང་བསྡུས་གསུམ་འགོད་ཚུལ་གསལ་པོ་ཞིག་བརྗོད་ཡོད་མོད། འོན་ཀྱང་འདིར་ཚིག་ཚོགས་མང་བར་དོགས་ནས་རེ་རེ་བཞིན་བརྗོད་མེད་པས་གསལ་པོར་ཤེས་འདོད་པ་དག་གིས་གཞུང་དེར་གཟིགས་པར་འཚལ། དཀར་ཆག་དེ་དག་ལ་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ནི་དཀར་ཆག་ནི་ཚན་རིག་ཞིབ་འཇུག་མཁན་དང་སློབ་ཁྲིད་འཆད་ཉན་བྱེད་མཁན། དཔེ་མཛོད་བདག་གཉེར་མཁན་ཚང་མར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་ཡིན་པ་དང་དེ་དག་ལ་དཔྱད་གཞིའི་ཡིག་རིགས་འཚོལ་བདེ་བ་དང་རིན་ཐང་ཆེ་བ། དུས་ཚོད་གྲོན་ཆུང་བྱེད་པ། དོན་གཅིག་བརྒྱུད་ནས་འབྲེལ་ཡོད་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པའི་ནུས་པ་ཆེན་པོ་ལྡན་པས་དཀར་ཆག་གོ་བདེ་བ་ཞིག་དང་ཚགས་དམ་པ་ཞིག་བསྒྲིག་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
        སྒྲ་དོག་འཇུག་ལྟར་ན་བསྡུར་ཞུས་ཞེས་པ་ནི་དཔེ་ཆ་སྣ་གཅིག་ལ་པར་གཞི་མི་འདྲ་བ་དུ་མ་དང་ཡང་ན་བྲིས་མི་འདྲ་བ་དུ་མ་ཡོད་པ། དེ་དང་འབྲེལ་བའི་ཡིག་ཆ་གཞན་དག་བཅས་ཀྱི་མིང་། རྣམ་དབྱེ་དང་ཚིག་ཕྲད། ཚིག་སྦྱོར་སོགས་བསྡུར་ནས་ཞུ་དག་བྱེད་པ་ཞིག་ལ་ཟེར། འདི་ནི་དཔེར་ན“ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས་པའི་བཀའ་བསྟན་དཔེ་བསྡུར་མ”ལྟ་བུ་ཡིན། འདིའི་ནང་དུ་གཙོ་བོ་སྡེ་དགེ་དང་ཅོ་ནེ། སྣར་ཐང་། པེ་ཅིང་སོགས་པར་མ་མི་འདྲ་བ་དག་གི་ཚིག་གི་སྦྱོར་སྟངས་དང་ཡི་གེ་མི་འདྲ་བ། ཚིག་ཕྲད་མི་འདྲ་བ་ལ་སོགས་རེ་རེ་གཤིབ་བསྡུར་བྱས་ཏེ་གསལ་པོར་བཀོད་ཡོད། དེ་ལས་གཞན་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》དང《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལ་སོགས་པའི་ནང་དུའང་ཡི་གེའི་སྦྱོར་ཚུལ་མ་དག་པའམ་ཆད་ལྷག་མང་བ། ཚིག་སྦྱོར་གོང་འོག་འབྲེལ་མི་ཆགས་པ་སོགས་རེ་རེ་ནས་གསལ་བཤད་དང་ནོར་བཅོས་བྱས་ཡོད་པ་དག་ལས་གསལ་པོར་ཤེས་ཐུབ་བོ། །བསྡུར་ཞུས་རིག་པ་ཟེར་བ་ནི་བསྡུར་ཞུས་དང་ཡང་ན་བསྡུར་ཞུས་ལ་འབྲེལ་བ་ཡོད་པའི་རིགས་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ལ་བསྡུར་ཞུས་རིག་པ་ཟེར། ཆོས་ཉིད་ཅིག་གཏན་ལ་ཕབ་པའི་གཞུང་ལུགས་ཤིག་ལ་རིག་པ་ཟེར་བ་ཡིན། དེ་བཞིན་དུ་བསྡུར་ཞུས་རིག་པ་ལ་ཡང་སྒྲ་ཡངས་དོག་གི་གོ་དོན་གཉིས་ཡོད་ལ་སྒྲ་ཡངས་འཇུག་གི་ཆ་ནས་བསྡུར་ཞུས་རིག་པ་ནི་དཀར་ཆག་རིག་པ་དང་པར་གཞི་རིག་པ། དཔེ་མཛོད་རིག་པ་བཅས་ཀྱི་སྤྱི་མིང་ལ་ཟེར་བ་དང་། སྒྲ་དོག་འཇུག་གི་ཆ་ནས་བསྡུར་ཞུས་རིག་པ་ནི་བསྡུར་ཞུས་ཀྱི་དགོས་པ་དང་བྱུང་འཕེལ། དམིགས་ཡུལ། ཡུལ། བླང་བྱ། ཆ་རྐྱེན་སོགས་ལ་ཞིབ་འཇུག་བྱས་ཏེ་ཆོས་ཉིད་ཞིག་བཙལ་ཏེ་རིགས་པ་ཡང་དག་པས་གཏན་ལ་འབེབས་པའི་ཚན་རིག་ཅིག་ལ་ཟེར་བ་ཡིན་ནོ། །
        གངས་ཅན་གྱི་ལྗོངས་འདི་ལ་ཡི་གེ་ནམ་ཞིག་ལ་དར་བའི་དུས་ནི་སྔོན་གྱི་ལོ་རྒྱུས་ཡིག་ཆ་གང་མང་ལས་ཤེས་གསལ་ལྟར་ན་ཆོས་རྒྱལ་སྲོང་བཙན་སྒམ་པའི་དུས་སུ་སློབ་དཔོན་ཐོན་མིས་གསར་དུ་བཟོས་པ་ཡིན་ལ། ཡི་གེ་གསར་དུ་བཟོས་པ་དང་མཉམ་དུ་སངས་རྒྱས་ཆོས་ལུགས་ཡང་བོད་དུ་དར་མགོ་ཚུགས། སྐབས་དེར་བོད་དུ་པར་རྐོའི་ལག་རྩལ་དར་མེད་པས་རིག་གནས་ཤེས་བྱ་དེ་དག་རྒྱུད་སྤེལ་བྱེད་དགོས་ན་མིའི་ལག་བྲིས་དང་ངག་ཐོག རྡོ་རྐོས་སོགས་ལ་བརྟེན་ནས་ཁྱབ་སྤེལ་བྱེད་དགོས་པ་རེད། དེ་དང་བསྟུན་ནས་བོད་ཀྱི་བསྡུར་ཞུས་ཀྱི་བྱ་བའམ་ལས་ཀ་དེ་ཡང་རིམ་གྱིས་བོད་ཀྱི་རིག་གནས་འཚོ་བ་དང་ཆུ་དང་འོ་མ་བཞིན་དུ་འདྲེས་པར་གྱུར། དེང་སྐབས་ང་ཚོས་ཤེས་གསལ་ལྟར་བོད་ཀྱི་རིག་གཞུང་གླེང་སྟེགས་ཀྱི་ཁྲོད་དུ་བསྡུར་ཞུས་རིག་པའི་གཞུང་ལུགས་ཆ་ཚང་ཞིག་མེད་པར་མ་ཟད་དེ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་སྡེ་ཚན་དང་ཞིབ་འཇུག་བྱེད་མཁན་ཡང་མང་པོ་བྱུང་མེད། འོན་ཀྱང་འདིར་གསལ་བཤད་ཅིག་བྱེད་དགོས་པ་ནི་བོད་དུ་དེའི་ཕྱོགས་ཀྱི་རིགས་པའི་གཞུང་ལུགས་ཚད་ལྡན་ཞིག་མེད་པ་མ་གཏོགས་དེར་འབྲེལ་གྱི་ལས་ཀ་ནི་དུས་སྔ་མོ་ཞིག་ནས་དར་ཡོད་ལ། དེས་བོད་ཀྱི་འོད་སྟོང་འབར་བའི་ཤེས་རིག་གསོ་སྐྱོང་དང་རྒྱུན་འཛིན་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་ནི་ད་ལྟ་མངོན་སུམ་དུ་སྣང་ཐུབ་པའི་རི་བོའི་ གཏོས་དང་མཉམ་པའི་གཙུག་ལག་རིན་ཆེན་འདི་དག་ལས་དཔེ་འཇོག་ས་ཞིག་གང་ན་ཡོད། སྤྱི་ལོའི་དུས་རབས་དགུ་པ་ཙམ་ལ་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་རྒྱལ་རྗེ་ལོ་པཎ་གདན་འཛོམས་ཀྱིས་དམ་པའི་ཆོས་སྒྱུར་འཕྲོ་བསྒྱུར་ནས་ཞུས་ཆེན་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དང་། སྔར་ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་དང་བསྟན་བཅོས་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག《དཀར་ཆག་འཕང་ཐང་མ》བརྩམས་པ་འདི་ལས་ང་ཚོ་རྗེས་རབས་པ་རྣམས་ལ་རྒྱ་གར་དང་ལི་ཡུལ། ཁ་ཆེ་སོགས་ཀྱི་སྐད་ནས་བསྟན་བཅོས་གང་དང་གང་བོད་ལ་བསྒྱུར་ཡོད་པ་དང་། བོད་ཀྱི་རྒྱལ་བློན་མཁས་པས་གཞུང་གང་བརྩམས་ཡོད་པ། བཀས་བཅད་ཇི་ལྟར་བྱས་པ། སྐད་ཡིག་དང་བརྡ་སྤྲོད་ཐད་འགྱུར་ལྡོག་གང་བྱུང་ཡོད་པ། སྐབས་དེ་དུས་ཀྱི་ཡི་གེའི་བྲིས་གཟུགས་སོགས་ལ་ཞིབ་འཇུག་བྱ་རྒྱུར་རིན་ཐང་བྲལ་བའི་དཔྱད་གཞི་ཞིག་བསྐྲུན་ཡོད། 《དཀར་ཆག་འཕང་ཐང་མ》ལ་གོང་དུ་བརྗོད་པའི་རིན་ཐང་དེ་དག་ལས་གཞན་ད་དུང་དེས་བོད་ཀྱི་བསྡུར་ཞུས་རིག་པར་ཞིབ་འཇུག་བྱེད་པར་ཡང་ནུས་པ་བླ་ལྷག་ཏུ་ཐོན་ཡོད། དེ་ནི《དཀར་ཆག་འཕང་ཐང་མ》ལས། “༄༅། ། ། །བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལསོགས་པ་སྔ་སླད་དུ་བསྒྱུར་ཞིང་ཞུ་ཆེན་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ་ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དྷེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙ་བ་བན་དྷེ་དེ་བན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ། སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས། དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང་། སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས། བོད་ཁམས་སུ་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ། །”[2] ཞེས་པ་འདི་ལས་བོད་དུ་དུས་སྔ་མོ་ཞིག་ནས་བསྡུར་ཞུས་ཀྱི་ལས་ཀ་དེ་དར་ཡོད་ལ། ལས་ཀ་དེ་བྱུང་བ་ནི་རྣམ་པ་ཙམ་ཞིག་མིན་པར་དེས་བོད་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན། དར་སྤེལ་བཅས་ལ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པར་མ་ཟད་དེ་གཙིགས་ཆེན་དུ་བཟུང་ནས་ལག་ལེན་དུ་བསྟར་ཡོད་པ་ཡང་རྟོགས་ཐུབ། འདིའི་ནང་དུ“དྷརྨ”དང“ཤུ་ལོག”“ཏི་ཀ”“ལསོགས”ལྟ་བུ་བརྡ་རྙིང་པའི་བྲིས་གཟུགས་བཀོད་པ་འདི་དག་ལས་བཤུ་མཁན་དང་པོ་བས་ཀྱང་སྔོན་གྱི་འབྲི་སྲོལ་རྙིང་པ་རྒྱུད་འཛིན་དང་མ་ཡིག་ཁོངས་དག་ལ་བརྟེན་པ་ཡང་ཤེས་ཐུབ་བོ། །
    གཉིས་པ། བསྡུར་ཞུས་ཀྱི་གཞི་འཛིན་ས། 
        ཤིང་དཔར་མ་བྱུང་བའི་ཡར་སྔོན་དུ་དཔེ་ཆ་ཚང་མ་ལག་བྲིས་ཡིན་པ་དང་ཤིང་དཔར་བྱུང་བའི་རྗེས་སུ་མ་ཡིག་གི་གཞི་འཛིན་ས་གཙོ་བོ་ཤིང་དཔར་ཡིན་ལ་བསྡུར་ཞུས་བྱེད་མཁན་གྱིས་དེ་གཞིར་བཟུང་ནས་བསྡུར་ཞུས་བྱ་དགོས་པ་ཡིན། པདྨ་བཀྲ་ཤིས་ཀྱིས་བརྩམས་པའི《བོད་ཡིག་གནའ་དཔེའི་རྣམ་བཤད》ལས“བོད་ཡིག་གནའ་དཔེ་ནི་མི་དབང་སངས་རྒྱས་རྒྱ་མཚོས་བཻ་དཀར་གཡའ་སེལ་དུ་བཀའ་འདི་དག་འབྲི་བའི་གཞི་ནི་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་གང་ཡང་རུང་བ་ལ་གླེགས་བམ་མམ་ལེགས་སྦྱར་སྐད་དུ་པུ་སྟི་ཀ་ཞེས་གསུངས་པའི་དོན་དང་མཚུངས་པར་བོད་ཡིག་གི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སོགས་བརྗོད་བྱར་བྱས་པ་སྟེ་དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་འབྲི་རྫས་ཏེ། སེམས་ཅན་གྱི་རུས་པ་དང་པགས་པ། ཁྲམ་བྱང་དང་ཤིང་ཤིན། རྡོ་རིང་དང་ཅོང་། གོས་ཆེན་དང་ཤོག་བུ་སོགས་ཀྱི་སྟེང་དུ་བྲིས་ཤིང་། དཔེ་གཟུགས་ལྟེབས་མགོ་མ་དང་ཤོག་དྲིལ། སྣ་རིང་དང་ལྟེབས་འགྲིག་མ་ལྟེབས་ཟུར་མ་སོགས་དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་དཔེ་གཟུགས་སུ་བསྡེབས་ཡོད་པ་སྟེ་སྤྱི་ལོ1949ལོའི་ཡར་སྔོན་དུ་བྱུང་བའི་དཔེ་རྙིང་ལ་ཟེར།”[3]ཅེས་པ་འདི་ལས་བོད་ཀྱི་གནའ་དཔེ་ལ་ཡང་དུས་རབས་ཀྱི་དབྱེ་མཚམས་གསལ་བ་དང་འབྲི་བྱེད་ཀྱི་རྒྱུ་ཆ་སོགས་རྣམ་པ་མི་འདྲ་བ་ཡོད་པ་གསལ་པོར་མཚོན་ཐུབ། བོད་ལ་གནའ་དཔེ་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་ནི་བོད་བཙན་པོའི་དུས་ཀྱི་ཡིག་ཆ་ལྷད་མེད་པ་སྟེ་ཆོས་གཞུང་བྲིས་མ་དང་། རྡོ་དང་བྲག་དང་ཅོང་དྲིལ་ལ་བརྐོས་པའི་ཡི་གེ ཏུན་ཧོང་གཏེར་ཡིག ལི་ཡུལ་གྱི་ཁྲམ་བྱང་བཅས་ཡིན། བོད་ཀྱི་གནའ་དཔེ་དེ་ཡང་མི་རིགས་གཞན་གྱི་གནའ་དཔེ་དང་འདྲ་བར་འབྲི་རྫས་རིགས་མི་འདྲ་བ་བེད་སྤྱོད་གནང་ནས་བྲིས་ཡོད་པ་དག་ང་ཚོས་ད་ལྟའང་དགོན་སྡེ་དང་མི་སྒེར་གྱི་ལག་ནས་མཇལ་རྒྱུ་ཡོད་དོ། །
        《བོད་ཡིག་གནའ་དཔེའི་རྣམ་བཤད》ཅེས་པའི་ནང་དུ“མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་བསྟན་བཅོས་བཻཌཱུརྱ་དཀར་པོའི་དྲི་བ་དྲིས་ལན་འཁྲུལ་སྣང་གཡའ་སེལ་གྱི་ནང་དུ་བཀོད་པའི་གྲོག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་ཞེས་བྲིས་ཡོད་པ་འདི་ལས་ཀྱང་བོད་ཀྱི་གནའ་དཔེའི་འབྲི་རྫས་ལ་ཤིང་ཤུན་དང་རས། རྡོ་ལེབ་དང་ཅོང་། སེམས་ཅན་གྱི་རུས་པ་དང་པགས་པ་བཅས་ཡོད་པ་སོགས་སྒྲའི་ནང་དུ་བསྡུས་པར་སེམས།”[4] ཞེས་པ་འདི་ལས་ང་ཚོ་གངས་ཅན་པའི་གནའ་དཔེ་ཡི་འབྲི་ཡུལ་ལ་ཡང་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་ར་སྤྲོད་བྱེད་ཐུབ་བོ། །
    སེམས་ཅན་གྱི་རུས་པ་དང་པགས་པའི་སྟེང་དུ་འབྲི་བ་ནི་གདོད་མིའི་དུས་ཀྱི་ཟིན་ཐོ་འགོད་སྟངས་ཀྱི་རྣམ་པ་ཞིག་ཡིན། དེ་ལྟར་འབྲི་དགོས་པ་ནི་གཙོ་བོ་སྐབས་དེར་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་དམའ་བ་དང་ལག་རྩལ་ཤིན་ཏུ་དར་མེད་པས་རས་ཤོག་དང་ལྕགས་ཟངས་སོགས་བྱུང་མེད་པའི་དབང་གིས་པགས་པ་དང་རུས་པ་བེད་སྤྱོད་བྱས་པར་མངོན། 《བོད་ཡིག་གནའ་དཔེའི་རྣམ་བཤད》ཀྱི་ནང་དུ“བོད་ལ་མཚོན་ནས་བཤད་ན་བོད་རང་ཁོངས་ནས་རུས་པའི་སྟེང་བྲིས་པའི་ཡི་གེ་ད་ཕན་ཐོན་མྱོང་མེད་ཀྱང་ཤིན་ཅང་གི་ས་ཁུལ་ནས་ལུག་གི་སོག་པའི་སྟེང་དུ་བོད་ཡིག་བྲིས་པ་རྙེད་སོན་བྱུང་ཡོད་པ་སྟེ། སྤྱི་ལོ1973ལོར་རོའོ་ཆང་རྫོང་མི་ལན་ཁུལ་གྱི་བོད་ཀྱི་མཁར་རྫོང་རྙིང་པའི་ནང་ནས་རྙེད་སོན་བྱུང་བ་ཞིག་ཡིན། འདི་ནི་སྤྱི་ལོ618-907ནང་དུ་བོད་ཡིག་བྲིས་པའི་ལུག་གི་སོག་པ་ཞིག་ཡིན་ཞིང་དེའི་ཞེང་ཚད་ལི་རྨིད2.3-10.7དང་རིང་ཚད་ལི་རྨིད17.5ཡོད་པ་དང་། ལུག་གི་སོག་པའི་སྟེང་བོད་ཡིག་ཡིག་འཕྲེང་དྲུག་ཅན་ཞིག་བྲིས་ཡོད། ལུག་གི་སོག་པའི་སྟེང་དུ་བྲིས་པའི་བོད་ཡིག་གི་འབྲི་གཟུགས་དང་བརྡ་ཆད་རྙིང་པ་བེད་སྤྱད་ནས་བྲིས་པའི་རྐྱེན་གྱིས་བོད་ཡིག་དཔེ་རྙིང་ཞིབ་འཇུག་པ་དག་གི་བོད་བཙན་པོའི་དུས་ཀྱི་ཡིག་ཚགས་ཤིག་ཡིན་པར་ངོས་འཛིན་གནང་གི་འདུག”[5]ཅེས་པ་འདི་ལས་བོད་ལ་ཡང་གནའ་སྔ་མོའི་དུས་ནས་མི་རིགས་གཞན་དང་འདྲ་བར་སེམས་ཅན་གྱི་རུས་པའི་སྟེང་དུ་གནད་དོན་གལ་ཆེན་དག་ཟིན་ཐོར་འགོད་པའི་སྲོལ་དར་ཡོད་པ་ཤེས་ཐུབ། གོང་དུ་བརྗོད་པ་འདི་དག་ནི་བོད་རང་ལ་གནའ་སྔ་མོ་ནས་དར་ཡོད་པའི་འབྲི་རྫས་ཁྱད་དུ་འཕགས་པ་དག་ཡིན་ལ། འདི་དག་གིས་བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་དང་བསྡུར་ཞུས་དང་ཡང་ན་གནའ་དཔེ་དག་སྒྲིག་གི་ལས་ཀ་བྱེད་མཁན་དག་ལ་ཆ་རྐྱེན་ཕུན་སུམ་ཚོགས་པ་བསྐྲུན་ཡོད་པར་མ་ཟད། འདི་དག་ནི་བསྡུར་ཞུས་བྱ་བའི་གཞི་འཛིན་སའི་དཔྱད་གཞི་རིན་ཐང་བྲལ་བ་དག་ཡིན་པ་ཡང་ང་ཚོའི་ཤེས་ཐུབ་བོ། །
   གསུམ་པ། བསྡུར་ཞུས་ཀྱི་དོ་སྣང་བྱ་ཡུལ། 
        བཙན་པོའི་དུས་སུ་བོད་དུ་སངས་རྒྱས་ཆོས་ལུགས་དར་བ་དང་མཉམ་དུ་ལོ་ཙཱ་བ་དང་པཎྜི་ཏ་དག་གིས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་བའི་མགོ་ཚུགས་པ་དང་ཆོས་བསྒྱུར་བའི་སྐོར་གྱི་བྱ་བ་དེ་ནི་བོད་ལ་མཚོན་ན་རང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བསྡུར་ཞུས་ཀྱི་བྱ་བ་རླབས་ཆེན་པོ་ཞིག་རེད་ཅེས་བརྗོད་ནའང་མི་རུང་བ་མེད་སྙམ། སངས་རྒྱས་ཆོས་ལུགས་ཀྱང་རྒྱ་གར་ནས་བོད་དུ་དར་མགོ་ཚུགས་པས་སྐབས་དེའི་མཁས་པ་དང་ལོ་པཎ་དག་ནི་རྒྱ་གར་གྱི་སྐད་དང་ཡི་གེ་ལ་མཁས་དགོས་པ་ནི་སྨོས་མ་དགོས་པ་རེད། དེ་བས《མཁས་པའི་དགའ་སྟོན》དུ“ལུག་གི་ལོ་དཔྱིད་ཟླ་ར་བའི་ངོ་ལ་སློབ་དཔོན་གྱིས་ཐམས་ཅད་ཡོད་སྨྲའི་སྡེ་དབུས་པ་བྱེ་བྲག་ཏུ་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས་ཞང་བློན་གྱི་བུ་རྣམས་ལ་སློབ་དཔོན་གྱིས་རྒྱ་སྐད་བསླབས་པས་མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང་། པ་གོར་ཧེན་འདོད་ཀྱི་བུ་བཻ་རོ་ཙ་ན་དང་རྦ་ཁྲི་བཞེར་གྱི་བུ་ཁྲི་གཟིགས་སམ་སང་ཤི་ཏ་དང་། ཞང་ཉ་བཟང་གི་བུ་ལྷ་བཙན་དང་། ཤུད་བུ་ཁོང་ལེབ་རྣམས་ཀྱིས་སྐད་ལོབས། མཆིམས་ལེགས་གཟིགས་སོགས་མང་ཞིག་གིས་མ་ཤེས་སོ། །”[6] ཞེས་པ་འདི་ལས་ཀྱང་སྐབས་དེ་དུས་སུ་བོད་ཀྱི་མཁས་པ་དག་གིས་རྒྱ་གར་ཀྱི་སྐད་ལ་སྦྱང་བ་བྱེད་ཀྱིན་ཡོད་པ་ཤེས་ཐུབ་ལ་འདི་ནི་སངས་རྒྱས་ཆོས་ལུགས་དང་རིག་གནས་དར་སྤེལ་དུ་གཏོང་བར་ངེས་པར་དུ་དགོས་པའི་ཆ་རྐྱེན་གཙོ་བོ་ཡིན། བོད་ཀྱི་ལོ་རྒྱུས་དེབ་ཐེར་སྔ་ཤོས《རྦ་བཞེད》ལས། “ལོ་ཙྪ་བ་ཆེན་པོ་ཡེ་ཤེས་དབང་པོ་སོགས་ཀྱིས་རྒྱ་གར་གྱི་ལོ་ཙྪ་བྱས། རྒྱ་ནག་པོའི་ལོ་ཙྪ་ནི་བྲན་ཀ་ལེགས་ཀོང་དང་། ལྷ་ལུང་ཀླུ་གོང་དང་། འགོ་གོམ་དབུལ་གོང་གསུམ། དེའི་མཆན་དུ་ཁྱུང་པོ་རྩེ་མངས་ལ་སོགས་པས་བྱས།”[7] ཞེས་པ་འདི་ལས་སྐབས་དེར་ཆོས་བསྒྱུར་པའི་དུས་སུ་བོད་ཀྱི་ལོ་ཙཱ་པ་ཁོ་ནས་བསྒྱུར་པ་ཞིག་མིན་པར་དེ་ལ་ཡང་རིམ་པ་སོ་སོར་བགར་ནས་རྒྱ་གར་གྱི་སྐད་ནས་སྒྱུར་མཁན་དང་རྒྱ་ནག་གི་སྐད་ནས་སྒྱུར་མཁན། མཆན་བུ་འདོགས་མཁན་སོགས་རེ་རེ་བཞིན་བཀོད་བསྒྲིགས་བྱས་ཡོད་པ་འདི་ཡང་ཆོས་སྒྱུར་དུས་ཀྱི་སྒྲིག་ཁྲིམས་ཙམ་མཚོན་པ་མིན་པར་འདི་ལས་བོད་ཀྱི་བསྡུར་ཞུས་བྱ་བར་གོ་རིམ་ཆ་ཚང་བ་ཞིག་ཡོད་པའང་ངང་གིས་མཚོན་ཡོད། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི《བསྟན་འགྱུར་དཀར་ཆག》གི་ནང་དུ“ཇི་སྐད་སྨོས་པའི་ཕྱི་མོ་དེ་རྣམས་ཀྱང་འགའ་ཞིག་ནི་དཔེ་རྒྱུན་གཅིག་པར་སོང་བ་དང་། ཁ་ཅིག་ནི་རང་བློ་དབང་དུ་མ་གྱུར་པ་ཐམས་ཅད་ཆོས་ཉིད་ཡིན་པ་ལྟར། ཡི་གེ་པ་དང་། དག་བྱེད་པའི་བློ་བྱིང་བ་དང་། རྨུགས་པ་དང་། ཧ་ཅང་འཕྲོ་རྒོད་དུ་གྱུར་པའི་དབང་གིས་ཆད་ལྷག་ཏུ་སོང་བའི་རྒྱུན་འབྱམས་ཏེ། ཆད་པ་ལ་ཆད་མཉམ་དང་། ལྷག་པ་ལ་ལྷག་མཉམ་བྱུང་བ་དང་། སྐབས་འགའ་ཞིག་ཏུ་ནི་ཚིག་དང་དོན་གྱི་ཆ་ལ་སྐྱོན་དུ་ཞུགས་པ་དངོས་སུ་མཐོང་བར་བྱུང་བ་རྣམས་དང་། ཕྱིས་ཀྱི་ཞུ་དག་མཁན་གང་ཟག་རང་སྟོབས་ཀྱིས་དཔྱོད་ཚུལ་མི་འདྲ་བའི་དབང་དུ་བཏང་བས་བཅོས་ནོར་སོང་བ་རྣམས་ལ་བརྟག་དཔྱད་བྱེད་པའི་ཚུལ་གྱིས་འབྱིན་འཇུག་འོས་པ་རྣམས་གང་ཤེས་བྱས་སོ། །སྐབས་ཁ་ཅིག་ཏུ་གོང་འོག་གི་གོ་རིམ་རྣམ་པར་འཁྲུགས་པ་དང་། དོན་མི་སྟོན་པར་རྫོབ་བོར་སོང་བ་དང་། ཚིག་དོན་གྱི་བབ་ལ་ཐེ་ཚོམ་ཟ་བའི་རིགས་ཅན་རྣམས་ལ་ནི། བཀྲལ་བར་བྱ་བའི་བཀའ་དང་བསྟན་བཅོས་གང་ཡིན་པ་དེ་དང་དེ་ལ་གཏུགས་ནས་བཅོས་སོ། །”[8] ཞེས་པ་འདི་ལས་བོད་རང་གི་ཐུན་མོང་མ་ཡིན་པའི་ཞུ་དག་གི་རིམ་པ་ཞིག་གསལ་པོར་གླེང་ཡོད་པ་དང་འདི་ལས་ཞུ་དག་བྱེད་དུས་ཀྱི་རིམ་པ་རང་སོར་འཇོག་པ་དང་ཞུ་དག་མཁན་གྱིས་རང་སྟོབས་ཀྱིས་ནོར་པ་དག་བཅོས་བྱེད་པ། གཞུང་གཞན་དང་བསྡུར་ནས་ཞུ་དག་བྱེད་པ་སོགས་ཐབས་ལམ་འགའ་མངོན་པར་མཚོན་ཡོད། བོད་ཀྱི་མཁས་དབང་ཆེན་མོ་རྗེ་བཙུན་ཤེས་རབ་རྒྱ་མཚོས་བརྩམས་པའི《དག་ཡིག་ཤེས་བྱ་རབ་གསལ་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ》ཞེས་པའི་ནང་དུ“སྔོན་ནས་ད་བར་དུ་དག་ཡིག་ཆེ་ཆུང་གི་ཕྲེང་བ་རིང་པོར་བསྟར་བའི་ཁྲོད་ན་གཏན་ནས་ཕན་མི་ཐོགས་པའང་མེད་པ་མཐའ་གཅིག་ཏུ་ཤ་གཟུག་ཟ་རྐྱང་རང་ཡིན་པའང་དཀོན་པར་གདའ་བས་འདོར་ལེན་མ་ནོར་བ་ཤིན་ཏུ་གལ་ལོ། །ལུང་པ་རེ་ལ་སྐད་རེའི་དཔེ་དོན་བཞིན་ཕལ་སྐད་མཐའ་དག་གི་རྗེས་འདེད་བགྱིད་པར་སུ་ཞིག་གིས་སྤོབས། འོན་ཀྱང་རང་སྐད་བསྒྱུར་རྒྱུ་དང་གཅིག་སྐད་ཀུན་གོ་ཧ་ཅང་དཀའ་ངལ་ཆེ་བས་གང་ལ་གང་འོས་སུ་ཡུལ་སོ་སོའི་བརྡའང་མ་བཀོལ་ན་མཐར་གང་ལ་ཡང་ཕན་མི་ཐོགས་པའི་ཡ་མ་ཆ་ཞིག་ཏུ་བསྒྱུར་ཉེན་མཆིས།”[9] ཞེས་གསུངས་པ་འདི་ལས་ཀྱང་དཔེ་ཆ་རྩོམ་པ་དང་བསྡུར་ཞུས་བྱེད་དུས་གང་ཡིན་ཀྱང་ཡུལ་སོ་སོའི་བརྡ་དང་སྐད་ལ་བྱང་དགོས་པར་མ་ཟད་རང་ལྟ་མཆོག་འཛིན་བྱས་ནས་དོན་གོ་ལོག་ཏུ་མ་བསྒྱུར་པར་ཚང་མས་གོ་ཐུབ་པ་ཞིག་བྱེད་དགོས་པར་བརྩོན་དགོས་པར་བསྟན་ཡོད། འདི་ཡང་མཐའ་གཅིག་ཏུ་རྩོམ་པ་པོ་དང་ཞུ་དག་བྱེད་མཁན་གྱི་སྐྱོན་ཡིན་ཟེར་ན་མི་འགྲིག་པར་རྗེས་རབས་པ་རྣམས་ཀྱིས་དཔེ་ཆ་བསྐྱར་འབྲི་བྱེད་དུས་སུའམ་ཡང་ན་དཔར་ཤིང་གི་ངོ་ལ་ཡི་གེ་བརྐོ་དུས་བྱུང་བའི་ནོར་འཁྲུལ་ཡིན་པའང་སྲིད། དེ་ལས་གཞན་རྗེ་བཙུན་ཤེས་རབ་རྒྱ་མཚོས་བརྩམས་པའི《དུས་གསུམ་གྱི་རྣམ་གཞག་བློ་མུན་སེལ་བའི་འོད་སྣང་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ》ཞེས་པའི་ནང་དུ“དེས་ན་བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མ་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ་ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ག་ལ་ཕན་པ་མངོན་སུམ་མོ། །”[10] ཞེས་གསུངས་པ་འདི་ལས་རིག་གནས་གང་ཞིག་ཡིན་ཀྱང་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་དུས་གོང་དུ་བརྗོད་པའི་གནད་དོན་འདི་དག་གཞིར་བཟུང་ནས་བསྡུར་ཞུས་ཀྱི་བྱ་བ་ཡང་དག་པར་བསྒྲུབ་དགོས་པ་བརྗོད་ཡོད་ལ། གཞུང་གང་དང་དཔེ་ཆ་གང་ཞིག་ཡིན་རུང་ཚིག་གི་དོན་དང་སྐད་ཆའི་སྦྱོར་སྟངས་སོགས་ལེགས་པར་གཏན་ལ་དབབ་རྒྱུ་ནི་མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་སུ་གཏོང་བར་ལྡན་དགོས་པའི་ཆ་རྐྱེན་གཙོ་བོ་ཡིན་པ་ངང་གིས་གོ་བར་བྱ་དགོས།
        ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི《བསྟན་འགྱུར་དཀར་ཆག》གི་ནང་དུ“དེ་དག་ལས་དྲི་མཁན་དང་ཀློག་མཁན་གཉིས་ཀས་དག་སྣང་སྦྱོང་བ་ཙམ་མ་གཏོགས། རྟོག་དཔྱོད་རིག་པའི་སྲང་མདས་གཞལ་བདེགས་མ་གྲུབ་པར་བཏང་སྙོམས་སུ་ལུས། དེ་ལས་རྒྱུན་འབྱམས་སུ་སོང་བ་ཤིན་ཏུ་དཔྱོད་དཀའ་བར་མཆིས་སོ། །འོན་ཀྱང་སཾ་སྐྲྀ་ཏའི་སྐད་ཀྱིས་ཡིན་པའི་སྔགས་རྣམས་ནི་ཕལ་ཆེར་རྒྱུད་གཞུང་དང་བརྡ་སྤྲོད་པའི་ལུགས་གཉིས་ཀ་དང་བསྟུན་ནས་རང་བློར་གང་ངེས་པ་རྣམས་ནི་ཅི་ནུས་ཀྱིས་བཅོས། སྔགས་བཏུ་ལས་འབྱུང་བ་རྣམས་ནི་དེ་ཉིད་ཀྱིས་ངེས་པར་བྱས། ཅིས་ཀྱང་ཐེ་ཚོམ་དང་བྲལ་བར་མ་ནུས་པ་རྣམས་ནི་སླར་ཡང་བརྟག་པར་བྱ་བའི་ཡུལ་དུ་བཞག པི་ཤ་ཙི་དང་། ཨ་ཝ་བྷྲཾ་ཤ་དང་། པྲ་ཀྲྀ་ཏའི་སྐད་ཀྱིས་ཡིན་པ་རྣམས་དང་། ཤིན་ཏུ་གསང་བའི་བརྡའི་སྐད་ཀྱིས་ཡིན་པ་སྔགས་ཀྱི་ཚིག་ལེགས་སྦྱར་བའི་སྐད་དང་མཐུན་པར་བཅོས་སུ་མི་བཏུབ་པ་རྣམས་ནི་ཕྱི་མོ་མཐུན་པ་ཤས་ཆེ་བ་རྒྱུ་མཚན་དུ་བྱས་ནས་སོར་བཞག་པ་དང་བཅས་ཏེ་ཞུས་སོ། །”[11]ཞེས་བརྗོད་པ་འདི་ཡང་སྔོན་གྱི་བསྡུར་ཞུས་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ་འདིའི་བོད་ཀྱི་ཤེས་རིག་རྒྱུན་འཛིན་དང་དར་སྤེལ་གྱི་ཕྱོགས་ལ་མཛད་རྗེས་མི་དམན་པ་བཞག་ཡོད། དེ་བས་ང་ཚོ་རྗེས་རབས་པ་རྣམས་ཀྱིས་སྔོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས་གངས་ཅན་ཁ་བའི་ལྗོངས་ཀྱི་འོད་སྟོང་ལྡན་པའི་ཤེས་རིག་དར་སྤེལ་བྱེད་པ་ནི་ང་ཚོའི་འོས་འགན་ཡིན། བྱ་བ་ཅི་ཞིག་བསྒྲུབ་ནའང་ཐོག་མར་བྱ་བ་དེ་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཞིག་ཚང་དགོས་པ་ཡིན་ལ། བསྡུར་ཞུས་ཀྱི་བྱ་བ་ཡང་དག་པ་ཞིག་འགྲུབ་པ་ལ་ཡང་ཐོག་མར་བསྡུར་ཞུས་ལ་དགོས་པའི་ཆ་རྐྱེན་དེ་དག་ངེས་པར་དུ་ཚང་དགོས་པ་ཡིན། སྤྱིར་བསྡུར་ཞུས་བྱེད་མཁན་ཞིག་ལ་མཚོན་ན་ཤེས་བྱའི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པར་མ་ཟད་བལྟ་རྒྱ་དང་མཐོང་རྒྱ་ཡང་ཆེ་དགོས་ལ། བསྡུར་ཞུས་ཀྱི་ལག་ལེན་ཕུན་སུམ་ཚོགས་པོ་ཞིག་ཡང་འཛོམ་དགོས་པ་ཡིན། བསྡུར་ཞུས་བྱེད་མཁན་གྱིས་གནའ་དཔེ་འཚོལ་སྡུད་དང་ཞུ་དག་གནང་བ་དང་བསྟུན་ནས་བོད་ཀྱི་རིག་གནས་ཁུངས་དག་པ་དང་ཚད་དང་ལྡན་པ་དག་རྗེས་རབས་པ་རྣམས་ལ་མཁོ་སྤྲོད་བྱེད་པར་ནུས་པ་ཆེན་པོ་འདོན་ཐུབ། དེ་བས་ང་ཚོས་དེ་ལ་ཞིབ་འཇུག་དང་སྔོག་འདོན་གང་ལེགས་བྱས་ན་བོད་ཀྱི་ངོ་མཚར་བའི་རིག་གནས་དར་སྤེལ་དང་མྱུར་སྐྱོབ་ཀྱི་བྱ་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན་ནོ། །
    ཟུར་བལྟའི་དཔྱད་གཞི། 
    [1]དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་དཀར་ཆག་རིག་པ། མི་རིགས་དཔེ་སྐྲུན་ཁང་། 2004:3.
    [2] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། 2003:3.
    [3][4][5]པདྨ་བཀྲ་ཤིས། བོད་ཡིག་གནའ་དཔེའི་རྣམ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013:1.17.18.
    [6]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། 2006:189.
    [7] སྦ་གསལ་སྣང་། རྦ་བཞེད། མི་རིགས་དཔེ་སྐྲུན་ཁང་།1980:60.
    [8][11]ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། བསྟན་འགྱུར་དཀར་ཆག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985:550.551.
    [9] རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ། དག་ཡིག་ཤེས་བྱ་རབ་གསལ་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984:450
    [10] རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་པོད་གསུམ་པ། དུས་གསུམ་གྱི་རྣམ་བཞག་བློ་མུན་སེལ་བའི་འོད་སྣང་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1984:454.