དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཕ་ཁི་སི་ཐན་སི་ཁཱ་ཏུའུ་རྫོང་ནས་རྙེད་པའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ

སྤེལ་དུས 2020-08-27 ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། རྩོམ་པ་པོ། ཁྲིན་ཆིན་དབྱིན་དང་། མཱ་ལི་ཧཱ། མོའོ་ཧན་མོའུ་དྷ་ཡུ་སུ་ཧྥུ་ཧའུ་སེ་ཡེ་ཨཱ་པ་ཏི་ཡིས་བརྩམས།
[ནང་དོན་གནད་བསྡུས།] ཕ་ཁི་སི་ཐན་སི་ཁཱ་ཏུའུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་མཁས་དབང་སྐུ་ཞབས་མོའོ་ཧན་མོའུ་དྷ་ཡུ་སུ་ཧྥུ་ཧའུ་སེ་ཡེ་ཨཱ་པ་ཏི་མཆོག་གིས་ཧྲུག་ཆག་ཏུ་སོང་བའི་སྤུ་རྒྱལ་དུས་སྐབས་ཀྱི་བོད་ཡིག་བརྐོས་ཡོད་པའི་རྡོ་རིང་གཅིག་ཉར་ཚགས་གནང་ཡོད། རྡོ་རིང་དེའི་ཡི་གེ་ལྟ་ཀློག་དང་འབྲུ་འགྲེལ་བྱེད་དུས། རྡོ་རིང་དེ་ནི་ཡུལ་ལུང་འདི་གའི་ཡུལ་མིས་མངོན་པར་བྱང་ཆུབ་པའི་དུས་ཆེན་ལ་སྨོན་ལམ་དང་ཚོགས་མཆོད་འཚོགས་པའི་དགེ་སྦྱོར་གྱི་ཕན་ཡོན་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་ལ་བསྔོ་བ་ཕུལ་བའི་དཔང་རྟགས་སུ་བཞེངས་པ་ར་སྤྲོད་ཐུབ། རྡོ་རིང་དེ་ཆ་ཚང་པོ་མེད་རུང་། ཕ་ཁི་སི་ཐན་ས་ཁུལ་གྱི་ལོ་རྒྱུས་རིག་གནས་དང་སྤུ་རྒྱལ་དུས་རབས་ཀྱི་ནང་བསྟན་བྱེད་སྒོ་ལ་ཞིབ་འཇུག་བྱ་བར་གལ་ཆེའི་རིན་ཐང་ལྡན་པ་གོར་མ་ཆག
[གནད་ཚིག] སྦལ་ཏི། བྲུ་ཤ་ཆེ་ཆུང་། སྤུ་རྒྱལ་དུས་རབས། རྡོ་རིང་ཡི་གེ
        2010ལོའི་ཟླ5པར། ཕ་ཁི་སི་ཐན་ཕྱོགས་ཀྱིས་གདན་ཞུ་ལྟར། མཱ་ལི་ཧཱ་དང་ཝང་ཤིན་ཡང་། ཀྲང་ཁྲོའོ་དབྱིན། ཡཱིས་ཧྲུལ་སོགས་མི་སྣས་གྲུབ་པའི་རྟོག་ཞིབ་ཚོགས་ཆུང་ཞིག་གིས་ཕ་ཁི་སི་ཐན་ཁོངས་ཧིན་དྷུ་ཆུ་བོའི་ཆུ་རྒྱུན་འབབ་ཡུལ་གྱི་ལོ་རྒྱུས་རིག་གནས་ལ་བརྟག་དཔྱད་བྱས། རྟོག་ཞིབ་བྱ་ཡུལ་དུ་ཕ་ཁི་སི་ཐན་བྱང་ཕྱོགས་ཀྱི་སྦལ་ཏི་ཡང་ཚུད་ཡོད།
        སྦལ་ཏི( 巴尔蒂斯坦/Baltistan)ནི་ད་ཆའི་ཕ་ཁི་སི་ཐན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཅིའར་ཅི་ཐས( 吉尔吉特/Gilgit) དང་སྦལ་ཏི་དམིགས་བསལ་ས་ཁུལ་རེད། ས་ཁུལ་དེ་ནི་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་དངོས་སུ་བདག་དབང་འཛིན་པའི་ཇེ་མུའུ་ཀསྨིར་ཏེ་ཁ་ཆེའི(查谟-克什米尔/Jammu - Kashmir)ཡུལ་གྱི་བྱང་ངོས་སུ་ཡོད། ཡུལ་དེ་ཁཱ་ར་ཁུ་ནུ་རི་བོའི་རི་རྒྱུད( 喀喇昆仑山脉/Karakoram range)དང་ཧི་མ་ལ་ཡའི་རི་རྒྱུད་བར་དུ་གནས་ཤིང་། དེའི་བྱང་ངོས་ནི་རང་རྒྱལ་གྱི་ཤིན་ཅང་ཕ་སྨིར་ས་ཁུལ་ལ་སྦྲེལ་བ་དང་། ནུབ་ངོས་ནི་ཨ་ཧྥུ་ཀ་ནི་སི་ཐན( 阿富汗/Afghanistan)དང་སྦྲེལ་ཡོད། བོད་ཡིག་གི་ལོ་རྒྱུས་ཡིག་ཆའི་ནང་ས་ཁུལ་འདིར་བྲུ་ཤ་ཟེར་བ་དང་། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆར་པོའོ་ལོས་ཆེ་བ( 大勃律)ཞེས་བཀོད་ཡོད། ཐང་ཡིག་གསར་མའི་ནུབ་ཡུལ་སྨད་ཆ་ལས། “བྲུ་ཤ་ཆེ་བ་ནི་སྤུ་རྒྱལ་གྱི་ནུབ་ཕྱོགས། བྲུ་ཤ་ཆུང་བ་དང་སྦྲེལ། དེའི་ནུབ་ངོས་རྒྱ་གར་བྱང་ཕྱོགས་དང་ཨུ་རྒྱན་གཉིས་དང་སྦྲེལ། ཡུལ་དེར་ཡུས་ཅིན་མེ་ཏོག་བཞད། སྤུ་རྒྱལ་གྱི་མངའ་འོག་ཏུ་གཏོགས། ཐུང་ཐན་ཁྲི་ལོ་དང་པོར ①ཕོ་ཉ་ཐེངས་གསུམ་ཐང་ལ་འབྱོར། གོང་མས་དེའི་རྒྱལ་པོ་སུའུ་ཧྥུ་ཧྲེ་ལེ་ཀྲེ་ལི་ཉི་ལ་ཝང་གི་ཆོ་ལོ་གནང་། འདས་རྗེས། རྒྱལ་སྲས་སུའུ་ལིན་ཐོ་ཡི་ལ་ཝང་གི་ཆོ་ལོ་གནང་བས། དེས་སླར་ཡང་བཏང་བའི་ཕོ་ཉ་རྟེན་འབུལ་བར་འབྱོར། ”ཅེས་པ་དང་། ཡང་དེ་ལས། “བྲུ་ཤ་ཆུང་བ་ཐང་རྒྱལ་རབས་ཀྱི་དམག་དཔུང་དང་ལེ་དབར་དགུ་སྟོང་མཆིས། སྤུ་རྒྱལ་བཙན་པོའི་དམག་དཔུང་དང་ལེ་དབར་སུམ་སྟོང་མཆིས། ཤར(ནུབ)ཕྱོགས་ཀྱི་ལེ་དབར་བརྒྱད་བརྒྱའི་མཚམས་ལ་ཨུ་རྒྱན་དང་། ཤར་ལྷོའི་ལེ་དབར་སུམ་བརྒྱའི་མཚམས་ལ་བྲུ་ཤ་ཆེ་བ། ལྷོའི་ལེ་དབར་ལྔ་བརྒྱར་ཀསྨིར། ( 箇失密)བྱང་ཕྱོགས་ལེ་དབར་ལྔ་བརྒྱར་སཱོ་ལཱ་གྲོང( 娑勒城)མཆིས། རྒྱལ་པོ་ཉེར་ཏོ་གྲོང་དང་ལིན་སཱོ་ཡི་ཧྲུལ་ལ་བཞུགས། དེའི་ནུབ་རིའི་སྟེང་དུ་མཁར་རྫོང་ཡོ་ཀ་པུ་ལོ( 曰迦布罗)གནས། ”ཞེས་བཀོད་ཡོད་པ་ལྟར་ན། བྲུ་ཤ་ཆེ་བ་ནི་ལ་དྭགས་ཀྱི་ནུབ་བྱང་ལ་གནས་ཤིང་ཨུ་རྒྱན་དང་སྦྲེལ་བ་གསལ།
        སྦལ་ཏི་ཁུལ་དུ་རི་མཐོ་གཡང་གཟར་གྱིས་ཁེངས་ཤིང་། ནང་ཁོངས་སུ་འཛམ་གླིང་ཐོག་རི་བོའི་མཐོ་ཚད་ཨང་གཉིས་པར་གྲགས་པའི་ཇོ་གོ་རི( 乔戈里峰/Qogir )ཚུད་པའི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་བདུན་སྟོང་བརྒྱད་སྟོང་ཡན་གྱི་རི་བོ་མང་པོ་ཡོད། ས་ཁུལ་དེའི་རི་མཐོ་ལ་གཞོང་ས་གཏིང་རིང་། གངས་རི་མང་བས་འཁྱགས་རོམ་འཕྲེད་གཞུང་དུ་བསྟར་ལ་བསྒྲིགས་ནས་རྒྱ་ཁྱོན་ཡང་ཧ་ཅང་ཆེ་ལ། ཁཱ་ར་ཁུ་ནུ་རི་བོའི་ རི་རྒྱུད་ཀྱི་འཁྱགས་རོམ་ཡོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ18009ཡོད། དེའི་ནང་ནས་རིང་ཚད་སྤྱི་ལེ10ཡོལ་བ102ཙམ་དང་། སྦལ་ཏི་ཁུལ་དུ་ཁཱ་ར་ཁུ་ནུ་རི་ཁུལ་གྱི་འཁྱགས་རོམ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6160གནས་ཡོད།[1] དེ་ཁུལ་གྱི་ཆུ་བོའི་འབྱུང་ཁུངས་གཙོ་བོ་ནི་རང་རྒྱལ་བོད་ལྗོངས་ཀྱི་མངའ་རིས་ས་ཁུལ་གངས་ཏི་སི་ལས་འབབ་པའི་སེང་གེ་ཁ་འབབ་སྟེ་ཧིན་དྷུ་ཆུ་བོ་རེད། ཧིན་དྷུའི་ཆུ་རྒྱུན་གྱི་ཡན་ལག་ཞིའི་ཀཱ་འར་ཆུ་བོ་དང་ཞིའི་ཡོས་ཁཱ་ཆུ་བོ་སོགས་ཀྱི་རྒྱུག་ཁུལ་དུ་ལུང་རྡོ་དང་།( 隆多) སི་ཁཱ་ཏུའུ།( 斯卡杜) ཤི་ཀཱ་འར།(希格尔) ཧཱ་པོའོ་ལོ། ( 哈伯罗) ཁཱ་འར་མན། (克尔门) གུའུ་འར་དྷ་ལི།(古尔德里)སོགས་རོང་ས་དྲུག་ཙམ་ཆགས་ཡོད། རོང་ཁུལ་དེ་རྣམས་ས་བབ་ཅུང་དམའ་བས་མིའི་རིགས་ཀྱིས་འཚོ་གནས་བྱས་ནས་ཞིང་ལས་བྱ་རུང་བ་ཡོད། སྦལ་ཏི་ཡི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ25017ཡོད་པ་དང་། རོང་ས་རེར་གྲོང་ཚོ229ཙམ་ཡོད། མི་འབོར་ནི223296ཡོད།(1981ལོའི་མི་འབོར་ཟིན་ཐོ།) མཁས་དབང་ཁ་ཤས་ཀྱིས་སྦལ་ཏི་ལ་མིག་སྔར་མི་འབོར་ཁྲི30ཡན་ཡོད་པའི་གདེང་ཚོད་གནང་གི་ཡོད།
        སྦལ་ཏིའི་ཡུལ་མི་མང་ཆེ་བ་བོད་རིགས་དང་ཁྲག་རྒྱུད་རུས་ཁུངས་ཀྱི་འབྲེལ་བ་ཉེ་པོ་ཡོད་པར་ངེས། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆའི་ནང་སྦལ་ཏི་དང་ཉེ་འཁོར་གྱི་ས་ཁུལ་ནི་གནའ་སྔ་མོ་ནས་བོད་རིགས་དང་ཐད་ཀར་རུས་ཁུངས་ནས་འབྲེལ་འདྲིས་ཡོད་པའི་ཆང(羌)རིགས་ཀྱི་གནའ་མིའི་འབྲོག་ལས་གཉེར་ཡུལ་ཡིན་ཞེས་བཀོད་ཡོད། ཡང་སྦལ་ཏི་ནི་བོད་ཀྱི་གནའ་ཡིག་ཏུ་བཀོད་པའི་གནའ་བོའི་ཞང་ཞུང་མངའ་ཁོངས་སུ་གཏོགས་པ་དང་། ཞང་ཞུང་ནི་བོད་ཀྱི་གནའ་བོའི་རིག་གནས་ཀྱི་གལ་ཆེའི་འབྱུང་ཁུངས་ཡིན་པར་གྲགས་ཤིང་། ལྷག་པར་དུ་བོན་ཆོས་རིག་གནས་ཀྱི་འབྱུང་ཁུངས་ཡིན། སྦལ་ཏིའི་ཡུལ་དེར་ཐང་རྒྱལ་རབས་སྐབས་པོའོ་ལོས་ཆེ་བ(大勃律) ཟེར་ཞིང་། ཉེ་སྦྲེལ་གྱི་པོའོ་ལོས་ཆུང་བ (小勃律)དང་མཉམ་དུ་ཡུལ་དེ་གཉིས་ཐང་རྒྱལ་རབས་དང་སྤུ་རྒྱལ་ཕན་ཚུན་དབར་ནུབ་ཡུལ( 西域)②འཕྲོག་རེས་ཀྱི་གཡུལ་འགྱེད་ཡུན་རིང་བྱ་ཡུལ་ཡིན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས།“གླང་གྀ་ལོ(737)ལ། བློན་སྐྱེས:བཟང་ལྡོང་ཙབ་གྱྀས། བྲུ་ཤ་ཡུལ་དུ་དྲངས།”ཞེས་པ་དང་། “འབྲུགྀ་ལོ(740)ལ། ཇེ་བ:ཁྲྀ་མ་ལོད་བྲུ་ཤ་རྗེ་ལ:བག་མར་བཏང།”[2]ཞེས་བཀོད་ཡོད།དེ་ལས་སྤུ་རྒྱལ་གྱིས་དམག་དོན་དང་གཉེན་འབྲེལ་གྱི་ཐབས་ལ་བརྟེན་ནས་བྲུ་ཤ་ཆེ་ཆུང་བདག་བཟུང་དང་གཉེར་སྐྱོང་བྱེད་པར་མཚོན། སྤུ་རྒྱལ་གྱིས་བྲུ་ཤ་ཆེ་ཆུང་བདག་གཉེར་བྱས་ནས་སྤུ་རྒྱལ་དང་བྲུ་ཤའི་དབར་གྱི་འགྲུལ་ལམ་རྒྱ་བསྐྱེད་གཏོང་བའི་དམིགས་ཡུལ་གཙོ་བོ་ནི། “བྲུ་ཤ་བརྒྱུད་ཨཱན་ཤི་སྡེ་བཞིའི③ཉེ་སར་བཅར་ནས་དར་ལམ(丝绸之路)བཟུང་སྟེ། ཐང་རྒྱལ་རབས་དང་ཏ་ཟིག་སོགས་དབར་ཨེ་ཤ་ཡའི་དབུས་ཕྱོགས་ས་ཁུལ་གྱི་བདག་དབང་འཕྲོག་རེས་བྱ་ཆེད་རེད།” [3] སྐབས་དེར། ཐང་རྒྱལ་རབས་དང་སྤུ་རྒྱལ་དབར་ས་ཁུལ་དེ་ཚོར་གཡུལ་འགྱེད་བྱེད་དུས་ཕན་ཚུན་ཕྱོགས་གཉིས་པོ་རེས་མོས་སུ་རྒྱལ་ཕམ་བྱུང་ཡོད་རུང་། “ཨཱན་ཧྲི་དུས་ཟིང”ལངས་རྗེས། ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་ནུབ་ཡུལ་ལས་ཕྱིར་འཐེན་བྱ་དགོས་བྱུང་བ་དང་། སྤུ་རྒྱལ་གྱིས་བྲུ་ཤ་ཆེ་ཆུང་ཆབ་འོག་ཏུ་བསྡུས་ནས་ཐད་ཀར་ས་ཁུལ་དེར་དབང་སྒྱུར་ལོ་བརྒྱ་ལ་ཉེ་བ་བྱས། དེ་ཡང་སྤྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་དུ་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་མཚམས་བར་བདག་དབང་བསྐྱངས། སྤུ་རྒྱལ་གྱིས་བྲུ་ཤ་ཆེ་བ་བདག་བཟུང་བྱས་རྗེས། དམག་དཔུང་དང་དཔུང་སྡེའི་མཉམ་བགྲོད་མི་གྲངས་འབོར་ཆེན་གནས་དེར་བཏང་བས། ས་ཁུལ་དེ་གའི་ཆོས་ལུགས་རིག་གནས་སྤུ་རྒྱལ་གྱི་ལྟེ་གནས་དང་དེ་བས་འདྲ་མཚུངས་སུ་གྱུར། དེའི་རྐྱེན་ཀྱིས། བོད་བརྒྱུད་ནང་བསྟན་ཡུལ་དེར་སྐབས་ཤིག་རིང་དར་ཅིང་རྒྱས་པ་བྱུང་། བཙན་པོའི་རྒྱལ་རབས་ཐོར་ཞིག་སོང་རྗེས། ཡུལ་དེར་བོད་རིགས་མང་པོ་བསྡད་ཡོད། འོན་ཀྱང་སྤུ་རྒྱལ་གྱི་སྲིད་དབང་ཐོར་པ་དང་། ད་དུང་རི་ལུང་མང་པོས་བར་ཆོད་པ་དང་། ལྷག་པར་དུ་འཁྱགས་རོམ་ཉིལ་ནས་ཤྭ་འོད་བརྒྱུགས་ཏེ་འགྲོ་འོང་གི་འགྲིམ་འགྲུལ་ཤིན་ཏུ་དཀའ་བར་སོང་བས། བྲུ་ཤའི་བོད་མི་རྣམས་བོད་ཡུལ་དང་དེ་བཞིན་བོད་ཀྱི་སྤྱི་ཚོགས་རིག་གནས་དང་འབྲེལ་བ་ཆད། སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཀྱིས་བོད་ཡུལ་ནུབ་ཕྱོགས་ཀྱི་མངའ་རིས་སྐོར་གསུམ་ནས་རྒྱལ་རྒྱུད་སྲིད་དབང་འཛུགས་དུས། དེའི་མངའ་ཁོངས་སུ་ལ་དྭགས་གཏོགས་ཡོད་རུང་། བྲུ་ཤའི་ས་ཁུལ་ཚུད་མེད། དུས་རབས་བཅུ་གསུམ་སྐབས་ཀྱི་འབྲུག་པ་བཀའ་བརྒྱུད་པའི་ལྗོངས་རྒྱུ་པ་དང་གནས་སྐོར་པ་གྲགས་ཅན་ཨུ་རྒྱན་པ་རིན་ཆེན་དཔལ་སྐབས་ཐོག་དེར་ཆེད་དུ་ཨུ་རྒྱན་ཡུལ་གྱི་ནང་བསྟན་གནས་མཆོག་མཇལ་བར་སོང་། ཁོང་གིས་རྣམ་ཐར་དུ། “ཧིན་དྷུ་ཆུ་བོ་ནི་ཁ་ཆེའི་བྱང་ཕྱོགས་ནས་བྲུ་ཤ་དང་ཏ་ཟིག་ཏུ་རྒྱུག་པ་དང་། དེ་ནས་ཨུ་རྒྱན་ཡུལ་དུ་རྒྱུག”[4] ཅེས་གསུངས་ཡོད། ཁོང་གིས་ཨུ་རྒྱན་ཡུལ་དུ་ཟླ་བ་ལྔ་ཙམ་གནས་སྐོར་གནང་རུང་། བྲུ་ཤ་ལ་ཞབས་བཅགས་མེད། དེའི་ཐོག་ནས་དཀའ་ཚེགས་ཡོད་རྒུ་ཁྱད་དུ་གསོད་ཐུབ་མཁན་གྱི་ལྗོངས་རྒྱུ་པ་ཨུ་རྒྱན་པ་ལྟ་བུས་ཀྱང་བྲུ་ཤའི་ཡུལ་ནི་བགྲོད་པར་དཀའ་བའི་གནས་ལ་ངོས་བཟུང་ནས་དེར་ཕེབས་མེད་པར་མངོན།
        བྲུ་ཤ་ཆེ་ཆུང་གྱི་ཡུལ་གཉིས་ཡུན་རིང་ཁེར་རྐྱང་འབྲེལ་མེད་ལྟ་བུར་གནས་རུང་། དེའི་མི་རྣམས་ཀྱིས་དཀའ་ཚེགས་ལ་མ་འཛེམ་པར། མི་རབས་ནས་མི་རབས་བར་འཚོ་གནས་ཐུབ་ཡོད་པར་མ་ཟད། རང་ཉིད་ཀྱི་ཕ་སྐད་དང་ཡུལ་སྲོལ་རྒྱུད་འཛིན་བྱས་ནས། སྦལ་ཏི་ཁུལ་གྱི་མི་རིགས་གཙོ་བོར་་གྱུར་ཡོད། སྐད་བརྡ་རིག་པའི་མཁས་དབང་གིས་རྟོག་ཞིབ་དང་དབྱེ་ཞིབ་བྱས་པ་ལྟར་ན། ད་ཆའི་སྦལ་ཏིའི་སྐད་ནི་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ཡུལ་སྐད་ཀྱི་བྱེ་བྲག་གཅིག་ཡིན་པ་དང་། དེའི་ཁྲོད་དུ་བོད་ཀྱི་བརྡ་རྙིང་མང་པོ་སྤྱོད་བཞིན་པ་ངོས་འཛིན་བྱས་ཡོད། འོན་ཀྱང་སྦལ་ཏིའི་སྐད་ལ་པར་ཟིག་སྐད་དང་། ( 波斯/Persian) ཨ་རབ་སྐད།( 阿拉伯语∕Arabic) ཧྲི་སྣ་སྐད། ( 希纳语∕Shina) པུའུ་རུ་ཧྲ་སེ་ཅི་སྐད།( 布鲁沙斯基语∕Burushaski)ཝར་ཏུ་སྐད( 乌尔都语∕Urdu)སོགས་མང་པོས་ཤན་ཞུགས་ཡོད། སྦལ་ཏིའི་ཡུལ་དུ་བོད་ཡིག་སྤྱོད་པའི་རྒྱུན་ཆད་ཟིན། འོན་ཀྱང་དེར་གནའ་བོའི་ རྡོ་བརྐོས་བོད་ཡིག་ཁ་ཤས་ད་དུང་མཐོང་རྒྱུ་ཡོད་པ་དང་། བོད་ཀྱི་གླིང་སྒྲུང་གེ་སར་རྒྱལ་པོ་ཡང་དམངས་ཁྲོད་དུ་བཤད་རྒྱུན་ཡོད། སྦལ་ཏི་དང་བོད་ཀྱི་ནུབ་ཕྱོགས་ས་ཁུལ་དབར་ད་དུང་ཕན་ཚུན་འགྲོ་འོང་གི་འབྲེལ་བ་ཡོད་པ་དང་། དམིགས་བསལ་གྱི་དཔེ་གཞི་ཞིག་ནི། ཆིང་ཆན་ལུང་ལོ་ངོ་ཉི་ཤུའི(1755)ཟླ་གཉིས་པར། ཆིང་དམག་གིས་ཐག་རིང་དུ་གཡུལ་བཤམས་ནས་ཇུན་གར་དང་འཐབ་དུས། དེ་མ་ཐག་ས་ཁུལ་དེའི་ཡུན་རིང་གི་ནང་འཁྲུག་ལྷིང་འཇགས་སུ་བཏང་། འོན་ཀྱང་ཡེར་འར་ཆང་དང་ཁཱ་ཧྲོ་གཱ་འར་ཁུལ་གྱི་དབྱེ་སེ་ལན་པཱལ་ཧྲན་ཕྱོགས་ཁག་གི་པཱ་ལོ་ཉིའི་ཏུའུ[ལོ་རྒྱུས་ཐོག་ཧཱ་སྒྲོ་ཆེ་བ( 大和卓 ) ཟེར།]དང་ཁོ་བོའི་གཅུང་པོ་ཧོར་ཅིའི་ཀྲན[ལོ་རྒྱུས་ཐོག་ཧཱ་སྒྲོ་ཆུང་བ( 小和卓)ཟེར།]གཉིས་ཀྱིས་སྤྱི་གྲགས་སུ་ཆིང་རྒྱལ་རབས་ལ་ངོ་རྒོལ་གྱིས་ཟིང་འཁྲུག་བསླངས། ཆན་ལུང་ལོ་ངོ་ཉི་ཤུ་རྩ་གསུམ(1758)གྱི་ལོ་འགོར། ཆིང་རྒྱལ་རབས་ཀྱིས་དཔུང་ཆེན་བཏང་སྟེ་ཧཱ་སྒྲོ་ཆེ་ཆུང་གཏོར་བར་བསྐྱོད་ནས་དམག་འཁྲུག་ཛ་དྲག་བརྒྱབ། ཧཱ་སྒྲོ་ཆེ་ཆུང་གི་ཟིང་འཁྲུག་ལྷིང་འཇགས་སུ་བཏང་དུས། སྦལ་ཏི་དང་ལ་དྭགས་ཕྱོགས་ལ་ཆིང་གོང་མས་དོ་སྣང་ཤུགས་ཆེན་གནང་ཡོད།དེའི་རྒྱུ་རྐྱེན་ནི་ཤིན་ཅང་ནུབ་ཕྱོགས་ཀྱི་འགག་སྒོ་མང་པོ་ལ་དྭགས་དང་སྦལ་ཏི་གཉིས་དང་སྦྲེལ་ནས་ཡོད་ཅིང་། དེ་བརྒྱུད་ནས་རྒྱ་གར་དུ་བསྐྱོད་རུང་བས། ཧཱ་སྒྲོ་ཆེ་ཆུང་གཉིས་ས་ཁུལ་དེ་དག་བརྒྱུད་ནས་ཕྱིར་བྲོས་བྱ་བའི་ཉེན་འགོག་གི་ཆེད་དུ་ཡིན། དེ་དུས་སུ་གོང་མ་ཆན་ལུང་གིས་གཡུལ་སའི་དམག་དཔོན་ཚོས་འགག་སྒོ་ཚང་མ་ནན་སྲུང་བྱ་དགོས་པའི་བཀའ་མངགས་ཐེངས་མང་གནང་བ་དང་། ད་དུང་ཆན་ལུང་གིས་ལྷ་སར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་འཚོལ་བའི་ལས་དོན་འགན་བཞེས་གནང་བཞིན་ཡོད་པའི་ལྕང་སྐྱ་རོལ་པའི་རྡོ་རྗེར། མངའ་རིས་དང་ལ་དྭགས་ཀྱི་སྡེ་དཔོན་ལ་འབྲེལ་བ་བྱས་ནས་ཧཱ་སྒྲོ་ཆེ་ཆུང་འཛིན་བཟུང་བྱ་དགོས་ཚུལ་བཀའ་མངགས་གནང་། དེ་དུས་སྦལ་ཏི་རོང་ས་ཁག་གི་དབང་འགྱུར་བས། ལ་དྭགས་ཀྱི་ཚོང་པ་ལས་ཆིང་རྒྱལ་རབས་དམག་དཔུང་གིས་ཤིན་ཅང་ལྷོ་ཁུལ་ལྷིང་འཇགས་བཟོ་བཞིན་པའི་གནས་ཚུལ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་གོང་མ་ཆན་ལུང་གི་བཀའ་ལུང་བརྒྱུད་བསྒྲགས་བྱེད་ཚུལ་རྣམས་ཤེས་རྟོགས་བྱུང་རྗེས། ཡེར་འར་ཆང( 叶尔羌)གི་ས་ཆར་འབངས་བློན་བཏང་ནས་ཆིང་རྒྱལ་རབས་ཀྱི་བློན་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྦྲགས། ཕན་ཚུན་ཚོང་གཉེར་འབྲེལ་བ་འཛུགས་རྒྱུའི་རེ་བ་ཞུས། དེའི་རྐྱེན་ཀྱིས་སྦལ་ཏི་དང་ཆིང་སྲིད་གཞུང་དབར་འབྲེལ་བ་ཐེངས་མང་བྱུང་ཡོད། [5]
        ཡུན་རིང་གི་ལོ་ཟླའི་ནང་། མི་རིགས་གཞན་གྱི་འབྲོག་པའི་ཚོ་ཁག་ཕྱོགས་གང་ས་ནས་དེ་ཁུལ་དུ་སླེབས་རྗེས། ཕན་ཚུན་ཡུན་རིང་འབྲེལ་འདྲིས་ངང་འཚོ་གནས་བྱས་རྐྱེན། དེ་ཁུལ་དུ་དཱར་དཱར་པ་དང་།( 达尔德人∕Dards)ཀསྨྀར་པ།( 克什米尔人∕Kashmirian) གྲུ་གུ་པ།( 突厥人∕Turks) དབྱི་ལང་པ ( 伊朗人∕Iranian) སོགས་མི་རིགས་གཞན་པ་མང་པོའི་རྒྱུད་པ་ཡང་འཕེལ། ལྷག་པར་དུ་དབྱི་སི་ལན་ཆོས་ལུགས་འཛམ་གླིང་ཤར་ཕྱོགས་སུ་རྒྱ་བསྐྱེད་བྱེད་དུས། ས་ཁུལ་དེ་བརྒྱུད་ནས་ཨེ་ཤ་ཡའི་ནུབ་ཕྱོགས་སུ་དར་སྤེལ་གཏོང་གི་ཡོད་པས། དུས་རབས་བཅུ་བཞིར་སྦལ་ཏི་ས་ཁུལ་གྱི་ཆོས་ལུགས་དབྱི་སི་ལན་ཅན་དུ་འགྱུར་བ་དང་། སྔར་ཡོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བཙན་གནོད་ཧ་ཅང་ཆེན་པོ་ཐེབས། འོན་ཀྱང་བོད་ཀྱི་རིག་གནས་ཁྱབ་ཡུལ་གཞན་དང་ཁ་བྲལ་འབྲེལ་མེད་དུ་གནས་པའི་སྦལ་ཏི་པས་མི་གྲངས་མང་བའི་ཆ་རྐྱེན་དང་གཏིང་ཟབ་ཀྱི་རིག་གནས་རྨང་གཞི་ལ་བརྟེན་ནས། ཕྱི་རོལ་གྱི་བཙན་ཐབས་དང་བཅོས་འགྱུར་འོག་རིག་གནས་གཅིག་མཚུངས་ཅན་དུ་ནམ་ཡང་མ་སོང་བར་མ་ཟད། དེ་ལས་ལྡོག་སྟེ། ཕྱི་རོལ་པས་ཁོ་ཚོའི་ཡུལ་སྐད་དང་ཡུལ་སྲོལ་གོམས་གཤིས་མང་པོ་དང་ལེན་བྱེད་དགོས་བྱུང་། དེ་ལྟར་དབྱི་རང་དང་། ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན་སོགས་དང་སྦྲེལ་ནས་ཡོད་པའི་དབྱི་སི་ལན་ཆོས་ལུགས་དར་ཡུལ་ཁྲོད། དམིགས་བསལ་གྱི་དབྱི་སི་ལན་ཆོས་ལ་དད་མོས་ཡོད་པའི་བོད་ཀྱི་རིག་གནས་ཁྱབ་ཡུལ་ཞིག་ཆགས། དེ་ནི་དབྱི་སི་ལན་རིག་གནས་དང་བོད་ཀྱི་རིག་གནས་མཉམ་འདྲེས་བྱུང་ནས་བོད་ཀྱི་རིག་གནས་ཁྱབ་ཁོངས་ནང་ཆེས་ནུབ་ཕྱོགས་སུ་གནས་པའི་ཡུལ་གྲུ་ཞིག་ཡིན། [6]
        2010ལོའི་ཟླ5པའི་ཚེས10ཉིན། རྟོག་ཞིབ་ཚོགས་ཆུང་དང་སི་ཁཱ་ཏུའུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་མཁས་དབང་མོའོ་ཧན་མོའུ་དྷ་ཡུ་སུ་ཧྥུ་ཧའུ་སེ་ཡེ་ཨཱ་པ་ཏི(Muhammad Yousuf Hussainabadi)དང་མཇལ་འཕྲད་བྱུང་བ་དང་། ཁོང་སྐུ་སྒེར་གྱི་ཉར་ཚགས་ཁང་ལ་ལྟ་སྐོར་གནང་། སྐུ་ཞབས་ཧའུ་སེ་ཡེ་ཨཱ་པ་ཏི་ནི་མི་སེམས་རྩ་འཁོལ་པོ་ཞིག་ཡིན་པ་དང་། ཁོང་གིས་སྦལ་ཏིའི་རིག་དངོས་སྣ་ཚོགས་ཉར་ཚགས་གནང་ཡོད་པར་མ་ཟད། རིག་དངོས་དེ་དག་ལ་དགའ་ཞེན་ཆེ་བ་དང་དེར་དོ་སྣང་དང་ཞིབ་འཇུག་གནང་བཞིན་ཡོད། ཁོང་སྐུ་སྒེར་གྱིས་ཉར་ཚགས་གནང་བའི་རིག་དངོས་ཁྲོད། སྤུ་རྒྱལ་དུས་སྐབས་ཀྱི་སྦལ་ཏི་ས་ཁུལ་གྱི་རིག་དངོས་མང་པོ་ཡོད། དཔེར་ན། བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུ་དང་ཆོས་རྫས་སོགས། དེའི་ནང་རིང་ཚད་ལ71 Inch(ལིའི་རྨིད།180.34) དང་། ཞེང་ཚད་ལ 8Inch(ལིའི་རྨིད20.32) མཐུག་ཚད་ལ5 Inch(ལིའི་རྨིད12.7) ཡིན་པའི་རྡོ་རིང་ཡོད། རྡོ་རིང་དེར་དམིགས་བསལ་དོ་སྣང་བྱ་དགོས་ངེས་ལ་དེའི་སྟེང་བརྐོས་པའི་ཡི་གེ་བོད་ཡིག་རེད་འདུག སྐུ་ཞབས་ཧའུ་སེ་ཡེ་ཨཱ་པ་ཏིས་ངོ་སྤྲོད་གནང་བ་ལྟར་ན། རྡོ་རིང་དེ་ནི་སི་ཁཱ་ཏུའུ་གྲོང་གི་སྔོན་མའི་རྒྱལ་པོའི་ཕོ་བྲང་ཉེ་འཁོར་གྱི་མེ་ཏོག་ལྡུམ་རྭའི་གྱང་སྟེང་ནས་རྙེད་པ་དང་། ཕྱིས་སུ་ཁོང་གི་གྲོགས་པོ་གཅིག་གིས་ཚུར་ཉོས་ནས་ཁོང་ལ་གནང་བྱུང་ཟེར། སྐུ་ཞབས་ཧའུ་སེ་ཡེ་ཨཱ་པ་ཏིས་ད་དུང་གསུང་དོན། རྡོ་རིང་དེའི་དབྱིབས་ནི་གྲུ་བཞི་ནར་མོ་ཡིན་པ་དང་། དེའི་སྟེང་གི་ཡི་གེ་འཕྲེད་དུ་བརྐོས་ཡོད། དེ་རྙེད་ས་ཡང་ཡུལ་མི་བཅའ་སྡོད་བྱེད་ས་ཡིན། དེའི་ཕྱིར་ཚོད་དཔག་བྱས་ན་རྡོ་རིང་དེ་རྒྱལ་སྒོའི་ རུ་བཞིའི་སྟེང་དུ་སྒོ་ཐོད་ཀྱི་ཚུལ་དུ་བེད་སྤྱོད་བྱས་མྱོང་བ་དང་། དེ་ཡང་དགོན་པ་ཞིག་གིས་བེད་སྤྱོད་བྱས་མྱོང་བ་འདྲ། སྐུ་ཞབས་ཁོང་གི་རིག་དངོས་ཉར་ཚགས་ཁང་གུ་དོག་པས། རྡོ་རིང་ཆ་ཚང་བ་པར་ལེན་བྱ་ཐབས་བྲལ། དེའི་ཕྱིར་པར་ལེན་པ་ཀྲང་ཧྲའོ་དབྱིན་གྱིས་རྡོ་རིང་ཆ་ཤས་སུ་བགོས་ནས་པར་དུ་བླངས་ནས་རྒྱལ་ནང་དུ་ལོག་རྗེས་འདྲ་པར་བསྡུ་བསྒྲིགས་བྱས།
        རྡོ་རིང་སྟེང་གི་ཡི་གེ་ལྟ་ཀློག་བརྒྱུད། ང་ཚོས་དེ་ནི་སྤུ་རྒྱལ་དུས་སྐབས་ཀྱི་རྡོ་རིང་ཡི་གེ་ཞིག་ཡིན་པའི་བདེན་དོན་ར་སྤྲོད་ཐུབ་བྱུང་། ནང་དོན་གྱི་ཆ་ནས་བལྟས་ན། ཡི་གེ་དེ་རྣམས་རྡོ་རིང་ཡི་གེའི་འོག་ཕྲེང་ཡིན་པ་དང་། གྲུ་བཞི་ནར་མོའི་ རྡོ་རིང་སྟེང་དུ་གཟོང་གིས་བརྡུངས་མྱོང་བའི་ཤུལ་མངོན་གསལ་འདུག དེའི་ཕྱིར་རྡོ་རིང་དེར་ཐོག་མ་ཞེང་ཚད་རྨིད་གཉིས་ཡོད་པ་དང་། ཕྱིས་མིས་ཆེད་མངགས་བཤགས་པར་ངེས། ཡང་སྙིང་ཆ་ཤས་ག་ཚོད་བཤགས་ཡོད་མེད་དང་། ཡང་ན་རྡོ་རིང་གི་སྟེང་ཕྱོགས་ཀྱི་ཆ་ཤས་ཁོ་ན་བཤགས་ནས་བེད་སྤྱོད་བྱས་པ་དང་། འོག་གི་ཆ་ཤས་ས་འོག་ཏུ་སྦས་ནས་ཡོད་པས་ད་བར་ལྷག་པ་ཡིན་མིན། གང་ལྟར་ཚོད་དཔག་བྱ་བར་དཀའ། འོན་ཀྱང་རྡོ་རིང་ཞེང་ཚད་རྨིད་གཉིས་ཡོད་པ་དེ་ལས། རྡོ་རིང་གི་ཐོག་མའི་མཐོ་ཚད་རྨིད་གཉིས་ཡན་ཡོད་པ་ཚོད་དཔག་བྱེད་ཐུབ།
        ད་ལྟའི་རྡོ་རིང་ནར་མོའི་སྟེང་ཡིག་ཕྲེང་གསུམ་ཡོད་པ་དང་། ཡིག་ཕྲེང་དང་པོར་ཡིག་འབྲུ་རེ་གཉིས་ལས་ལྷག་མེད་པས་ལྟ་ཀློག་དང་ངོས་འཛིན་བྱ་ཐབས་བྲལ། ཡིག་ཕྲེང་གཉིས་པ་དང་གསུམ་པའི་ཡིག་འབྲུ་ནི་འདི་ལྟ་སྟེ། 
        ཡིག་ཕྲེང་གཉིས་པ།
        ┈ མྱི་འཇིག་པར་གསོ་ཞིང་གཅེས་པ་དང་། མངོན་པར་བྱང་ཅུབ་ཀྱྀ་མཆོད་པའྀ་དུས་སུ། ཅེ་ཏེ་མཆོད་པའྀ་རྐྱེན་ཡང་། སོ་སོ་སྒོ་སྒོས་ཕུལ་ནས། མངོན་པར་བྱང་ཆུབ་ཀྱི་ལྷ་རིས་དང་ཐང་ཡིག་གཞུང་གཅྀག་ཏུ་བྲིས་བཞག་གོ ། 。。。。། ། ཅེ་ཏེ་འདྀ་རྣམས།
        ཡིག་ཕྲེང་གསུམ་པ།
        ┈ གཡོག་རྣམས་སོ། 。。。。། ཅེ་ཏེ་འདྀའྀ་ཡོན་ཀྱིས། ། ལྷ་བཙན་པོ་སྐུ་ཚེ་རྀང་། ཆབ་སྲྀད་ཆེ། མཐར་བླ་ན་མྱེད་པའྀ་གོ་འཕང་བསྙེས་པ་དྔ། བདག་ཅག་དད་པ་མཐུན་པར་གསོ་དང་། ┈བླ་ན་མེད་པའྀ་སངས་རྒྱས་སུ་གྲུབ་པར་ཤོག །
        གཤམ་དུ་རྡོ་རིང་ཡི་གེ་འདི་རྣམས་ལ་དབྱེ་ཞིབ་དང་གསལ་བཤད་བྱེད་དགོས་པ་འདི་ལྟ་སྟེ། 
        ཡིག་ཕྲེང་གཉིས་པར་བརྐོས་པའི་མངོན་པར་བྱང་ཆུབ་ཅེས་པ་ལ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་། མངོན་པར་བྱང་ཆུབ་པ་ཞེས་པའི་མིང་ཚིག་གི་འགྲེལ་པར། “མངོན་པར་རྫོགས་པར་སངས་རྒྱས་པ་དང་དོན་གཅིག་ཅེས་ཡོད་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའི་ཚིག་འགྲེལ་ཏུ་ཤེས་བྱའི་གནས་ཀུན་མངོན་སུམ་དུ་རྫོགས་པར་མཁྱེན་པའི་ཡེ་ཤེས་བརྙེས་པ།”ཞེས་བྲིས་འདུག ཡང་རྡོ་རིང་དུ་མངོན་པར་བྱང་ཆུབ་ཀྱི་མཆོད་པའི་དུས་སུ་ཞེས་པ་དང་འདྲ་མཚུངས་ཀྱི་མིང་ཚིག་ནི་མངོན་པར་བྱང་ཆུབ་པའི་དུས་ཆེན་ཡིན་པ་དང་། དེའི་དོན་འགྲེལ་ནི། “ཁྱད་པར་ཅན་གྱི་དུས་ཆེན་བཞིའི་ནང་གསེས། ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན། སྟོན་པ་ཐུབ་པའི་དབང་པོ་གནས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་ཟད་མི་སྐྱེའི་ཡེ་ཤེས་མངོན་དུ་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་ཡིན།”[7]དེའི་ཐོག་ནས་རྡོ་རིང་ཡིག་ཕྲེང་གཉིས་པའི་བརྗོད་དོན་ནི། མངོན་པར་བྱང་ཆུབ་པའི་དུས་ཆེན་ཏེ། ད་ལྟ་ཚང་མས་སྟོན་པ་ཤཱཀྱ་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཉིན་ཞེས་པ་དེ་ཡིན་པ་དང་། ས་ཁུལ་དེར་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་དུས་ཆེན་ལ་མཆོད་པའི་བསྙེན་བཀུར་དངོས་རྫས་ནི་ཡུལ་དེའི་དད་ལྡན་ཐེམ་དུད་སོ་སོ་ནས་འབུལ་དགོས། དེ་མིན་མངོན་པར་བྱང་ཆུབ་དུས་ཆེན་གྱི་ཆོས་སྤྱོད་མཛད་སྒོ་སྤེལ་ཆེད། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་མཛད་རྣམ་རི་མོར་བཞེངས་པ་དང་། སྟོན་པ་སངས་རྒྱས་པའི་མཛད་རྣམ་ཡིག་ཐོག་བཤུ་འབྲི་བྱ་བ། དེ་ནས་རི་མོ་དང་མཛད་རྣམ་འབྲི་དེབ་མཉམ་དུ་ཕྱོགས་བསྒྲིགས་བྱས་ནས་བཞག་ཡོད། དེར་བརྗོད་པའི་ཐེམ་དུད་སོ་སོ་ཞེས་པ་རྡོ་རིང་ཡི་གེར་སོ་སོ་སྒོ་སྒོ་ཞེས་བརྐོས་ཡོད། སོ་སོ་ནི་དེང་རབས་བོད་ཡིག་ཏུ་རེ་རེ་བའམ་རང་རང་ཁག་ཁག་ལ་གོ། སྒོ་ནི་ཁང་པའི་སྒོ་ཡིན། འོན་ཀྱང་སོ་སོ་སྒོ་སྒོ་མིང་ཚིག་གཅིག་ཏུ་བསྡུས་ནས་བེད་སྤྱོད་བྱེད་སྲོལ་སྤུ་རྒྱལ་དུས་སྐབས་ཀྱི་གནའ་ཡིག་གཞན་དུ་མཐོང་མྱོང་མི་འདུག ཕལ་ཆེར་ས་ཁུལ་དེ་གའི་ཡུལ་སྐད་ཡིན་སྲིད། རྡོ་རིང་ཡི་གེའི་གོང་འོག་གི་བརྗོད་དོན་ལས། ང་ཚོས་མིང་ཚིག་དེ་ཐེམ་དུད་སོ་སོ་ལ་བསྒྱུར་པ་ཡིན། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཐེམ་ཐོ་རྩིས་བཤེར་བྱེད་དུས་རྒྱལ་སྒོ་གཅིག་གི་མི་ཚང་ཐེམ་དུད་གཅིག་ལ་ཚད་འཛིན་པའི་ལུགས་སྲོལ་དང་མཐུན།
        ང་ཚོས་དོ་སྣང་བྱུང་བར། འདིར་བཞེད་པ་ཐ་དད་ཡོང་ཉེན་ཡོད་པའི་ཕྱོགས་ཤིག་ནི། ཡིག་ཕྲེང་འདི་གའི་ནང་གི་མངོན་པར་བྱང་ཆུབ་ཀྱི་ལྷ་རིས་དང་ཐང་ཡིག་གཞུང་གཅིག་ཏུ་བྲིས་བཞག་གོ་ཞེས་པར་གོ་བ་ལེན་སྟངས་རེད། ལྷ་རིས་ཞེས་པ་བོད་རྒྱ་ཚིག་མཛོད་ཆེན་མོར་དོན་མང་ལ་འཇུག་པའི་མིང་ཚིག་ཡིན་པ་དང་། དེའི་འགྲེལ་པར། ༡ རྒྱལ་རིགས། ༢ ལྷའི་རི་མོ་འམ་ལྷ་རིས་པ། ༣ ལྷའི་རིགས་སམ་ཕྱོགས། ༤ རབ་ཏུ་བྱུང་བ་སོགས་ཡོད། [8] ང་ཚོས་འདིར་བོད་རྒྱ་ཚིག་མཛོད་ཆེན་མོའི་དོན་འགྲེལ་གཉིས་པ་དེ་ཡིན་པར་ངོས་འཛིན་བྱས་ཡོད། དུས་མཚུངས་ང་ཚོས་ལྷ་རིས་ཞེས་པའི་མིང་ཚིག་སྤུ་རྒྱལ་བཙན་པོའི་ དུས་སྐབས་ཀྱི་རྡོ་རིང་ཡི་གེར་ད་དུང་ལྷའི་མངའ་འོག་གམ་དགོན་པའི་མངའ་འབངས། དགེ་འདུན་གྱི་མངའ་འབངས་སོགས་ཀྱི་དོན་ཡོད་པར་ཡིད་འཇོག་བྱས་ཡོད། དཔེར་ན། མཚུར་ཕུ་དགོན་པའི་རྡོ་རིང་ཡི་གེ་ལས། ལྷ་རྀས་ཀྱི་འབངས་དང་། དཀོར་ལ། ཁྲལ་མྱྀ་དབབ་པ་དང་། ཁྭ་དང་། ཆད་ཀ མྱྀ་བཞེས་པ་ལས་སྩོགས་པ་ཡང་། ལྷ་རིས་ཆེན་པོའི་ཐང་དུ།བཀའས་གནང་ངོ།། ཞེས་བཀོད་ཡོད་ལ། འདིར་ལྷ་རིས་ཞེས་པའི་མིང་ཚིག་ཐེངས་གཉིས་ཐོན་ཡོད་པ་དང་། གོང་འོག་ནང་དོན་ལྟར་ན། དགོན་པའི་ཁོངས་གཏོགས་ལ་གོ་དགོས། དེའི་ཕྱིར་རྒན་ཝང་ཡོའོ་ལགས་ཀྱིས་དེར། “དགོན་པའི་ཁོངས་སུ་གཏོགས་པའི་མི་སེར་དང་ཐོན་ཁུངས་ཐོག། བཅའ་ཁྲལ་མི་བསྡུ་བ་དང་། ཁྲལ་འུ་ལག་རྒྱུག་མི་དགོས་པ། བོགས་དངུལ་མི་ལེན་པ། ཆད་པ་ཡང་མི་གཏོང་། དགོན་པའི་ཐོན་ཁུངས་དང་མངའ་འབངས་མི་སེར་ལ་ཐོབ་ཐང་བཀའ་ཡིག་དེ་གནང་།” [9]ཞེས་འབྲུ་འགྲེལ་བསྐྱོན་ཡོད།
        ད་དུང་དཔེ་གཞི་ཞིག་ཡོད་པ་ནི། དེ་རྗེས་སུ་ཐོན་པའི་བོད་ལྗོངས་ཀྱི་ས་མིང་མངའ་རིས་ཞེས་པ་སྟེ་དོན་དུ་མངའ་བདག་གི་ཁོངས་གཏོགས་ས་ཁུལ་རེད། ཡང་ལྷ་རིས་ཞེས་པའི་མིང་ཚིག་ལ་གོ་བ་ལེན་སྟངས་ཀྱིས་ཐང་ཡིག་གི་གོ་དོན་ལ་ཐད་ཀར་འགྱུར་བ་འགྲོ་གི་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཐང་ཡིག་གི་འགྲེལ་པ། ༡ རྣམ་ཐར་ལོ་རྒྱུས། ༢ ཁ་ཆེམས་གཉིས་རེད་འདུག [10] འོན་ཀྱང་། མཚུར་ཕུ་དགོན་པའི་རྡོ་རིང་གི“ལྷ་རིས་ཆེན་པོའི་ཐང་དུ། བཀའས་གནང་ངོ།”ཞེས་པའི་འབྲུ་འགྲེལ་ནི། དགོན་པའི་ཐོན་ཁུངས་དང་མངའ་འབངས་མི་སེར་ལ་ཐོབ་ཐང་བཀའ་ཡིག་གནང་། འདིར་ཐང་(ཡིག)ཞེས་པ་དགོན་པའི་ཐོན་ཁུངས་དང་མངའ་འབངས་མི་སེར་ལ་གནང་བའི་བཀའ་ཡིག་ལ་གོ་དགོས། དེ་ལྟར་སྦལ་ཏི་ཁུལ་གྱི་རྡོ་རིང་འདིའི་ནང་གི་མངོན་པར་བྱང་ཆུབ་ཀྱི་ལྷ་རིས་དང་ཐང་ཡིག་གཞུང་གཅིག་ཏུ་བྲིས་བཞག་གོ་ཞེས་པའི་དོན་ནི། མངོན་པར་བྱང་ཆུབ་དགོན་པའི་ཐོན་ཁུངས་དང་ཐེམ་དུད་དེ་བཞིན་བཀའ་ཡིག་རྣམས་མཉམ་དུ་དཔེ་དེབ་ཐོག་བྲིས་ནས་བཞག་གོ་ཞེས་འབྲུ་འགྲེལ་བྱ་རུང་སྙམ།
        དེ་ལྟར་བྱས་ན། ང་ཚོར་གལ་ཆེའི་གནད་དོན་ཞིག་འཕྲད་ཡོང་གི་ཡོད་དེ། སྐབས་ཐོག་དེར། སྦལ་ཏི་ཁུལ་དུ་མཚུར་བུ་དགོན་ལྟ་བུའི་དགོན་པ་བཞེངས་པ་ཡིན་ནམ།མངོན་པར་བྱང་ཆུབ་ཅེས་པ་དགོན་པ་འདིའི་མིང་ཡིན་ནམ།མ་ཟད་དགོན་འདིའི་མངའ་འབངས་མི་སེར་དང་ཐོན་ཁུངས་ལ་བཙན་པོའི་ རྒྱལ་རྒྱུད་ཀྱིས་སྲུང་སྐྱོབ་གནང་གི་ཡོད་དམ།ཡང་ན། མངོན་པར་བྱང་ཆུབ་ཅེས་པ་ཤཱཀྱ་མུ་ནེ་རྫོགས་སངས་རྒྱས་པའི་སྐུ་འདྲ་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། སྐུ་འདྲ་དེར་ཆེད་དུ་མཆོད་པ་ཕུལ་མཁན་གྱི་ཐེམ་དུད་དང་རྒྱུ་དངོས་སྲི་ཞུ་ཡོད་པ་མིན་ནམ། ད་དུང་ཚོད་དཔག་བྱ་ཆོག་པ་ཞིག་ནི། སྤུ་རྒྱལ་བཙན་པོའི་རྒྱལ་རབས་སྐབས། སྦལ་ཏི་ཁུལ་གྱི་རྡོ་རིང་དེ་ནི་སྟོན་པ་མངོན་པར་བྱང་ཆུབ་པའི་རྡོ་རིང་སྟེ། ཤཱཀྱ་མུ་ནེ་རྫོགས་སངས་རྒྱས་པའི་སྐུ་འདྲ་རྡོ་བརྐོས་བྱས་པའི་རྡོ་རིང་ཞིག་མིན་ནམ། དེར་ཞེང་ཚད་རྨིད2ཡོད་པ་ལས། གལ་ཏེ་མཐོ་ཚད་དང་ཞེང་ཚད་ཀྱི་བསྡུར་བ2:1ཡིན་པར་རྩིས་ན། རྡོ་རིང་གི་མཐོ་ཚད་རྨིད4ཡོད་པ་དང་། དེའི་སྟེང་ཕྱོགས་ཀྱི་ངོས་སུ་ཤཱཀྱ་མུ་ནེ་རྫོགས་སངས་རྒྱས་པའི་སྐུ་འདྲ་ཆེན་པོ་ཞིག་བརྐོས་ཡོད། དེའི་འོག་ངོས་ལ་བོད་ཡིག་ཡིག་ཕྲེང་ཁ་ཤས་བརྐོས་ནས་རྡོ་བརྐོས་སྐུ་འདྲ་འདིའི་འབྱུང་རྐྱེན་དང་སྐུ་བརྙན་ལ་མཆོད་པ་སྲི་ཞུ་ཕུལ་དོན་དེ་བཞིན་སྦྱིན་བདག་དང་རྡོ་བཟོ་ཆེ་མོ་པའི་མིང་སོགས་བརྐོས་ཡོད་པར་ངེས་སྙམ། འདི་རྣམས་རྡོ་རིང་ཡི་གེ་མང་ཆེ་བ་བོར་བརླག་སོང་བས་ལྟ་ཀློག་བྱ་ཐབས་བྲལ། དེ་བས་འདིར་ང་ཚོས་དོགས་ཆ་ཙམ་འདོན་པ་ལས། དཔྱད་གཞི་གསར་པ་བཙལ་ནས་དེ་བས་ཞིབ་འཇུག་གཏིང་ཟབ་ཐུབ་པའི་རེ་འདུན་ཞུ་རྒྱུ་ཡིན།
        དགའ་འོས་པ་ཞིག་ལ་ང་ཚོས་ལྟ་ཀློག་ཐུབ་པའི་ཡིག་ཕྲེང་མཐའ་མ་གཉིས་ཀྱི་བསྔོ་བ་སྨོན་ལམ་གྱི་ཡིག་འབྲུ་ལས།རྡོ་རིང་དེ་ནི་སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཡིན་པ་གཏན་ཁེལ་ཐུབ་པ་དང་། དེའི་ནང་དོན་སྐོར་ལ་དབྱེ་ཞིབ་དང་ཚོད་དཔག་གོང་ལྟར་བྱས་ཡོད།
        ཡིག་ཕྲེང་གསུམ་པར། གལ་འགངས་ཆེ་ཤོས་ནི་ལྷ་བཙན་པོ་ཞེས་པའི་མིང་ཚིག་ཐོན་འདུག བཙན་པོ་ཞེས་པ་ཐང་རྒྱལ་རབས་སྐབས་ཀྱི་རྒྱ་ཡིག་ཡིག་ཆར“赞普”ཞེས་སྒྲ་བསྒྱུར་བྱས་ཡོད་པ་དང་། དེའི་འབྲུ་འགྲེལ་སྟོབས་ཤུགས་ལྡན་པའི་ཕོ་རབ་ཡིན། བཙན་པོ་ཞེས་པ་ནི་སྤུ་རྒྱལ་གྱི་རྒྱལ་པོའི་མཚན་རྟགས་ཡིན་པ་དང་། རྒྱ་བོད་ཀྱི་ཡིག་ཆའི་ནང་ཡང་ཡང་ཐོན་གྱི་ཡོད་པས། འདིར་བཞེད་པ་མི་མཐུན་པ་ཡོང་དོན་མེད། ད་དུང་བཙན་པོའི་མདུན་དུ་ཡིག་འབྲུ“ལྷ”བསྣན་པས་ནམ་མཁའི་ལྷ་ཡི་དོན་ཡིན་ཞིང་དེ་ཡང་སྤུ་རྒྱལ་དུས་རབས་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་ཐོག་མང་པོ་མཐོང་རྒྱུ་ཡོད།དཔེར་ན། ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེའི་ནང་།མགོ་བརྗོད་དུ། “ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་དང་། ལྡེ་སྲོང་ཡབ་སྲས་ཀྱྀ་རིང་ལཱ།།”[11]ཞེས་བྲིས་ཡོད་པའི་གོ་དོན་ནི། ནམ་མཁའི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ལྡེ་སྲོང ﹙ཁྲི་ལྡེ་སྲོང་བཙན ﹚ ཡབ་སྲས་ཀྱི་སྐབས་སུ་ཞེས་ཡིན་པ་དང་། ཡང་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་དུ། “ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན”[12]ཞེས་པ་དང་། ཁྲ་འབྲུག་དགོན་པའི་དྲིལ་བུའི་ཁ་བྱང་དུ། “ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན།”[13]ཞེས་བརྐོས་ཡོད། དེ་མིན་ལྷ་བཙན་པོའི་མདུན་དུ་ཚིག་འབྲུ“འཕྲུལ་གྱི”ཞེས་པ་བསྣན་པས་འཕྲུལ་གྱི་ལྷ་བཙན་པོ་ཞེས་པའི་མིང་ཆགས།
        ལྷ་སའི་གཙུག་ལག་ཁང་གི་སྙན་གྲགས་ལྡན་པའི་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ཡི་གེའི་ནང་། ཐང་རྒྱལ་རབས་སྐབས་སྤུ་རྒྱལ་བཙན་པོར་འཕྲུལ་གྱི་ལྷ་བཙན་པོ་ཞེས་པའི་མཚན་སྙན་འདིར་རྒྱ་ཡིག་ཏུ“ཁྱད་འཕགས་ཀྱི་ལྷ་བཙན་པོ།﹙圣神赞普﹚”[14] ཞེས་བསྒྱུར་ཡོད། ཧྥ་རན་སིའི་མཁས་དབང་ཧྲེ་ཐད་ཨན་གྱིས་བཙན་པོའི་མཚན་སྙན་འབོད་སྟངས་དེར་ཆེད་དུ་ཞིབ་འཇུག་གནང་ནས་དཔྱད་རྩོམ་རིང་པོ་ཞིག་སྤེལ་ཡོད། ཁོང་གི་དཔྱད་རྩོམ་ལས་གསལ་བ་ལྟར་ན། སྤུ་རྒྱལ་དུས་རབས་ཀྱི་ཡིག་ཆར་ཞིབ་འཇུག་གནང་མཁན་ཡིན་ཕྱིན། ཚང་མས་ཡིད་འཇོག་བྱུང་ངེས་ཞིག་ལ། “ལྷ་བཙན་པོའམ། ལྷ་སྲས་བཙན་པོ། འཕྲུལ་གྱི་ལྷ་བཙན་པོ།”སོགས་ཀྱི་མཚན་སྙན་ནི་ཁྲི་སྲོང་ལྡེ་བཙན་དང་། ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན། དར་མ་འུ་དུམ་བཙན ﹙ གླང་དར་མ། ﹚ སོགས་བཙན་པོ་དེ་རྣམས་ཀྱི་དུས་སྐབས་སུ་ཐོན་ཡོང་གི་ཡོད། [15]
        སྦལ་ཏིའི་རྡོ་རིང་ཡི་གེའི་ནང་དུ“ལྷ་བཙན་པོ་སྐུ་ཚེ་རྀང་། ཆབ་སྲྀད་ཆེ།” ཞེས་པ་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཡིག་ཆའི་ནང་རྒྱུན་དུ་སྤྱོད་པའི་ཐ་སྙད་འདི་འདྲ་ཐོན་པ་ལས། རྡོ་རིང་དེའི་ལོ་ཚིགས་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་སུ་ཡིན་པ་གསལ་བཤད་ཐུབ་པ་དང་། དེ་ཡང་། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ནས་དུས་རབས་དགུ་པའི་དུས་དཀྱིལ་སྐབས་བཙན་པོའི་རྒྱལ་རབས་ཀྱིས་སྦལ་ཏི་ཁུལ་ལ་དབང་སྒྱུར་བྱེད་པའི་དུས་མཚམས་ལ་ཡིན་པར་ངེས།
        ཡིག་ཕྲེང་གསུམ་པར། ཅེ་ཏེ་འདྀའྀ་ཡོན་གྱིས། ། ལྷ་བཙན་པོ་སྐུ་ཚེ་རྀང་། ཆབ་སྲྀད་ཆེ། མཐར་བླ་ན་མྱེད་པའྀ་གོ་འཕང་བསྙེས་པ་དྔ། བདག་ཅག་དད་པ་མཐུན་པར་གསོ་དང་། བླ་ན་མེད་པའྀ་སངས་རྒྱས་སུ་གྲུབ་པར་ཤོག། ། ཅེས་པ་ལས། རྡོ་རིང་འཛུགས་མཁན་གྱི་འདུན་པར། མངོན་པར་བྱང་ཆུབ་དུས་ཆེན་གྱི་ཚོགས་མཆོད་འཚོགས་པ་དང་། ཤཱཀྱ་མུ་ནེ་རྫོགས་སངས་རྒྱས་པའི་སྐུ་བརྙན་བཞེངས་པ། སྟོན་པའི་མཛད་རྣམ་བྲིས་ནས་མཆོད་འབུལ་ཞུ་བ་སོགས་དགེ་ལས་ཀྱི་ཕན་ཡོན་ཡོད་དོ་ཅོག་བཙན་པོའི་ཕྱོགས་ལ་བསྔོ་བ་ཕུལ་ནས། སྤུ་རྒྱལ་གྱི་ལྷ་བཙན་པོ་སྐུ་ཚེ་རིང་བ་དང་། ཆབ་སྲིད་ཆེ་བའི་སྨོན་ལམ་འདེབས་པའོ། །
སྤུ་རྒྱལ་བཙན་པོའི་ནང་བསྟན་གྱི་འདུ་ཤེས་འདི་ལྟ་བུ་ནི། ནང་བསྟན་དེ་ཉིད་བཙན་པོའི་རྒྱལ་རབས་རིམ་བྱོན་གྱིས་ནང་འདྲེན་དང་། རྒྱབ་སྐྱོར། ཐད་ཀར་དོ་དམ་བྱེད་ཀྱི་ཡོད་པ་དང་འབྲེལ་བ་དམ་ཟབ་ཡོད། དེ་དང་མཚུངས་པའི་འདུ་ཤེས་སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་དྲིལ་བུའི་ཁ་བྱང་ལས་ཀྱང་ཁ་གསལ་མངོན་གྱི་འདུག དཔེར་ན། བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་དུ། “ཇོ་མོ་རྒྱལ་མོ་བརྩན་ཡུམ་སྲས་ཀྱྀས་ཕྱོགས་བཅུའྀ་དཀོན་མཆོག་གསུམ་ལ་མཆོད་པའྀ་སླད་དུ་ཅོང་འདི་བགྱིས་ཏེ་དེའི་བསོད་ནམས་ཀྱྀ་སྟོབས་ཀྱྀས་ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་ཡབ་སྲས་སྟངས་དབྱལ་གསུང་དབྱངས་དྲུག་ཅུའི་སྒྲ་དབྱངས་དང་ལྡན་ཏེ་བླ་ན་མྱེད་པའྀ་བྱང་ཆུབ་དུ་གྲུབ་པར་སྨོནད་ཏོ།།” [16] ཞེས་པ་དེ་ལས་སྤུ་རྒྱལ་བཙན་པོའི་དུས་རབས་སུ་ནང་བསྟན་དད་ལྡན་པ་ཚོས་དགེ་ལས་ཀྱི་བསོད་ནམས་བཙན་པོའི་ཕྱོགས་ལ་བསྔོ་བ་ཕུལ་བའི་སྤྱོད་ཚུལ་གི་སྲོལ་ཞིག་ཡོད་པ་ཤེས་རྟོགས་ཐུབ།
        དེ་ཡང་། དང་ཐོག་བསྔོ་བ་བྱ་ཡུལ་བཙན་པོའི་ཕྱོགས་ལ་ཡིན་པ་དང་། ཚོགས་མཆོད་འཚོགས་ནས་ལྷ་བཙན་པོ་སྐུ་ཚེ་རིང་ཞིང་ཆབ་སྲིད་ཆེ་བ་དང་། དྲིལ་བུ་རྡུང་བཟོ་བྱས་ནས་བཙན་པོར་གསུང་དབྱངས་དྲུག་ཅུའི་སྒྲ་དབྱངས་དང་ལྡན་པའི་སྨོན་ལམ་འདེབས། དེ་རྣམས་བཙན་པོར་འཇིག་རྟེན་གྱི་བསོད་ནམས་དང་དབང་ཐང་ཐོབ་པའི་སྟེང་དུ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཏུ་གྲུབ་པ་དང་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་བསྔོ་བ་སྨོན་ལམ་ཕུལ་ཏེ། བཙན་པོར་སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ལས་འདས་པའི་གོ་འཕང་ཐོབ་པའི་སྨོན་འདུན་ཕུལ་ཀྱི་ཡོད། སྦལ་ཏིའི་རྡོ་རིང་ཡི་གེ་དེ་དང་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་གཉིས་འདྲ་མཚུངས་ཀྱི་ནང་དོན་དེ་རྣམས་ལས། དེ་གཉིས་སྤྱིར་བཏང་དུས་རབས་གཅིག་མཚུངས་ཡིན་པ་ར་སྤྲོད་བརྟན་པོ་བྱ་ཐུབ་ཀྱི་ཡོད།
        གོང་གི་དབྱེ་ཞིབ་ཕྱོགས་བསྡུས་བྱས་རྗེས། ང་ཚོས་སྦལ་ཏི་ཁུལ་ནས་རྙེད་པའི་རྡོ་རིང་དེར་གཤམ་གསལ་གྱི་དམིགས་བསལ་རིན་ཐང་ཁ་ཤས་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།
        དང་པོ། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་ཕྱོགས་ནས་རྙེད་པའི་སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་བོད་ཡིག་རྡོ་རིང་ཆེན་པོ་གཅིག་གི་དུམ་བུ་ཡིན་པ་དང་། དབྱིབས་གཟུགས་ཆེ་ཆུང་དེ་ལྟ་བུའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ནི་དེ་སྔོན་བོད་ལྗོངས་ཀྱི་ལྷ་ས་དང་། ལྷོ་ཁ། ཀོང་པོ་བཅས་ཀྱི་ས་ཁུལ་ནས་རྙེད་པ་མ་གཏོགས། གཞིས་རྩེ་དང་མངའ་རིས་ས་ཁུལ་སོགས་ལས་ཀྱང་རྙེད་མྱོང་མེད། དེའི་ཕྱིར་དེར་སྟོང་ཆ་ཁ་སྐོང་ཐུབ་པའི་དོན་སྙིང་ལྡན་པ་དང་། དེ་ལས་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ལའང་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་རྡོ་རིང་ཆེན་པོ་འདི་ལྟ་བུ་བྱུང་མྱོང་བ་ར་སྤྲོད་བྱས་ཡོད།
        གཉིས་པ། དེ་སྔོན་རྙེད་པའི་སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་རྡོ་རིང་ཚང་མ་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་དང་འབྲེལ་བ་ཡོད་པ་དང་། བཙན་པོའི་རྒྱལ་རབས་ཀྱི་སྲིད་གཞུང་རང་བཞིན་ལྡན་པའི་རྡོ་རིང་ཤ་སྟག་ཡིན། འོན་ཀྱང་སྦལ་ཏི་ཁུལ་གྱི་རྡོ་རིང་ཡི་གེའི་ནང་དོན་ནས་བལྟས་ན་དམངས་ཁྲོད་རང་བཞིན་ལྡན་པའི་རྡོ་རིང་ཞིག་རེད། དེའི་སྟེང་ཕྱོགས་ཡིག་འབྲུ་མང་ཆེ་བ་མཐོང་རྒྱུ་མེད་པས། དེ་སྦལ་ཏི་ཁུལ་དུ་བཅའ་སྡོད་བྱེད་མཁན་གྱི་སྤུ་རྒྱལ་དཔུང་སྡེས་བརྐོས་པ་ཡིན་ནམ། ཡང་ན་ས་ཁུལ་དེའི་མང་ཚོགས་ཀྱིས་བརྐོས་པ་ཡིན་པ་གཏན་ཁེལ་བྱེད་དཀའ་རུང་། འོན་ཀྱང་ཡུལ་དེའི་ནང་བསྟན་གྱི་དད་ལྡན་པ་ཚོས་བརྐོས་པར་ངོས་འཛིན་བྱེད་རུང་། དེ་བས་ཡི་གེའི་ཉམས་འགྱུར་ཐོག་ནས་ལྷ་ས་དང་ལྷོ་ཁ་ཁུལ་གྱི་སྤུ་རྒྱལ་རྡོ་རིང་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད།
        གསུམ་པ། སྦལ་ཏིའམ་བྲུ་ཤ་ཆེ་ཆུང་ཞེས་འབོད་པའི་ས་ཁུལ་ནི། རྒྱ་གར་ནས་ཨེ་ཤ་ཡའི་དབུས་ཕྱོགས་ས་ཁུལ་ལ་སྐྱོད་སྐབས་གལ་ཆེའི་བགྲོད་ལམ་རེད་ལ། ནང་བསྟན་བྱང་ཕྱོགས་སུ་དར་དུས་གལ་ཆེའི་བགྲོད་ལམ་ཡང་རེད། ཡུལ་དེར་སྤུ་རྒྱལ་གྱིས་དབང་སྒྱུར་མ་བྱས་གོང་ནས་ས་དེའི་མང་ཚོགས་རྣམས་ཀྱིས་ནང་བསྟན་ལ་དད་མོས་བྱེད་ཀྱི་ཡོད། འོན་ཀྱང་རྡོ་རིང་དེས་ཡུལ་དེའི་ནང་བསྟན་དད་མོས་དང་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་བར་འབྲེལ་བ་ཡོད་པའི་སྣང་ཚུལ་ཞིག་མཚོན་པར་བྱས་པས། དེ་ནི་སྤུ་རྒྱལ་བཙན་པོས་ཡུལ་དེར་དབང་སྒྱུར་བྱས་ཟིན་རྗེས་གཞི་ནས་བྱུང་སྲིད་པ་ཞིག་རེད།
        སྤུ་རྒྱལ་གྱིས་ཏུན་ཧོང་ས་ཁུལ་ལ་དབང་སྒྱུར་བྱེད་དུས་རྡོ་ཁུང་དྲུས་ནས་དགོན་པ་བཞེངས་པ་དང་། བཀའ་བསྟན་བསྒྱུར་པ། སྐུ་བརྙན་བཞེངས་བཟོ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ་ནས་ཤེས་རྟོགས་ཐུབ་པ་ནི། སྤུ་རྒྱལ་བཙན་པོས་ནང་བསྟན་ལ་རྒྱབ་སྐྱོར་བྱེད་དོན་ནི། བཙན་པོའི་རྒྱལ་རྒྱུད་ཀྱིས་སྤུ་རྒྱལ་ནང་ཁོངས་ལ་དབང་སྒྱུར་བྱ་ཆེད་ཙམ་མ་ཡིན་པར། སྤུ་རྒྱལ་གྱིས་གསར་དུ་བཙན་བཟུང་བྱས་པའི་ནང་བསྟན་དད་མོས་བྱ་ཁུལ་ས་གནས་ཐོག་ནང་བསྟན་ལ་རྒྱབ་སྐྱོར་བྱས་ནས་ཡུལ་དེའི་ནང་བསྟན་དང་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཏེ། སྤུ་རྒྱལ་གྱིས་གསར་དུ་བཙན་བཟུང་བྱས་པའི་ས་ཁུལ་ལ་དབང་སྒྱུར་སྲ་བརྟན་ཡོང་བའི་གལ་ཆེའི་ཐབས་ཇུས་ཤིག་རེད།
        བཞི་པ། སྤུ་རྒྱལ་བཙན་པོའི་དུས་སྐབས་སུ། སྤུ་རྒྱལ་གྱི་དམངས་ཁྲོད་དུ་ནང་བསྟན་གྱི་བྱེད་སྒོ་གང་འདྲ་སྤེལ་ཡོད་མེད་རྡོ་རིང་གཞན་དུ་ཧ་ལམ་བརྐོས་པ་མཐོང་རྒྱུ་མེད་པ་དང་། ཏུན་ཧོང་ཤོག་དྲིལ་ནང་དུ་ཡང་དེ་སྐོར་ཧ་ཅང་ཉུང་བས། རིག་གཞུང་ཞིབ་འཇུག་ཁྲོད་དུ་རྦ་བཞེད་དང་། བཀའ་ཐང་སྡེ་ལྔ། རྒྱལ་རབས་གསལ་བའི་མེ་ལོང་སོགས་ཕྱིས་སུ་བྱུང་བའི་ཡིག་ཆ་ཁོ་ན་གཞི་བཟུང་ནས་སྤུ་རྒྱལ་དུས་རབས་ཀྱི་དམངས་ཁྲོད་ནང་བསྟན་གྱི་ཆོས་སྤྱོད་བྱེད་སྒོའི་སྐོར་སྔོན་དཔག་བྱེད་ཀྱིན་ཡོད། འོན་ཀྱང་སྦལ་ཏིའི་བོད་ཡིག་རྡོ་རིང་ཐོག་ཁ་གསལ་ངང་ཤཱཀྱ་མུ་ནེ་རྫོགས་སངས་རྒྱས་པའི་མངོན་པར་བྱང་ཆུབ་དུས་ཆེན་སྐོར་བརྐོས་ཡོད་པ་དང་། ཐེམ་དུད་སོ་སོས་ཞལ་འདེབས་ཕུལ་ནས་སྨོན་ལམ་ཚོགས་མཆོད་འཚོགས་པ་དང་། སྐུ་བརྙན་བཞེངས་པ། མཛད་རྣམ་བྲིས་པ་སོགས་ཀྱི་ནང་དོན་བརྐོས་ཡོད། མ་ཟད་དེ་རྣམས་ཀྱི་བསོད་ནམས་བཙན་པོའི་ཕྱོགས་ལ་བསྔོ་བ་ཕུལ་ནས་བཙན་པོ་དང་མངའ་འབངས་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་འགྲུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། དོན་དུ་དེ་ཚོ་ཕྱིས་སུ་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་དགོན་ཆེན་གྱིས་ལོ་ལྟར་སྤེལ་བའི་ས་ག་ཟླ་བའི་སྨོན་ལམ་ཚོགས་མཆོད་ཀྱི་ནང་དོན་གཙོ་བོ་རྣམས་ཚང་ཡོད། དེ་བས་རྡོ་རིང་དེས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་སྐབས་དམངས་ཁྲོད་དུ་ནང་བསྟན་གྱི་དུས་ཆེན་ཚོགས་མཆོད་སྤེལ་བའི་ལམ་སྲོལ་ཡོད་པ་གསལ་བཤད་བྱ་ཐུབ་པ་དང་། དེ་ནི་སྤུ་རྒྱལ་དུས་རབས་ཀྱི་དམངས་ཁྲོད་ནང་བསྟན་ཞིབ་འཇུག་བྱ་བར་གལ་ཆེའི་རིན་ཐང་ལྡན་ཡོད།
        ཟུར་བཀོད། དཔྱད་རྩོམ་འདི་ལེགས་གྲུབ་ཟིན་རྗེས།2010ལོའི་ ཟླ7པའི་ཚེས6ནས8བར་པེ་ཅིང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་རིག་གནས་སློབ་གྲྭ་ཆེན་མོས་མཉམ་འབྲེལ་གཙོ་སྐྱོང་ཐོག་སྐོང་ཚོགས་བྱས་པའི་མཚོ་འགག་ངོགས་གཉིས་ཀྱི་སོག་པོ་རིག་པ་དང་བོད་རིག་པའི་རིག་གཞུང་བགྲོ་གླེང་དུ་སྒྲོག་སྦྱང་ཞུས་པས།བགྲོ་གླེང་གི་ཚོགས་ཞུགས་མཁས་དབང་རྣམ་པའི་དོ་སྣང་བྱུང་བ་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྐུ་ཞབས་ལུའུ་ཧྲུས་ལིང་མཆོག་གིས་དཔྱད་རྩོམ་འདི་སྐོར་ལ་རྩ་ཆེའི་དགོངས་འཆར་འདོན་གནང་བར་མ་ཟད། ཁོང་རང་གི་དཔྱད་གཞི་བེད་སྤྱོད་བྱ་དབང་ཡང་གནང་བྱུང་བས། འདིར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཞབས་ལུའུ་ཧྲུས་ལིང་ནི་རང་རྒྱལ་གྱི་ཝར་ཏུའི་སྐད་ཀྱི་རིགས་གཅིག་མཁས་དབང་ཡིན་པ་དང་། ཁོང་གིས་ཕ་ཁི་སི་ཐན་དུ་ཕྱག་ལས་གནང་སྐབས། སྦལ་ཏི་དང་སི་ཝ་ཐེས་རོང་ཁུལ་ལ་ཐེངས་མང་ཕེབས་མྱོང་ལ། ས་ཁུལ་དེའི་ལོ་རྒྱུས་དང་རིག་གནས་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་མང་པོ་སྤེལ་གནང་བ་དང་། ནང་དོན་མང་པོ་བོད་རིག་པའི་ཞིབ་འཇུག་དང་འབྲེལ་བ་ཡོད། ཁོང་གིས་ཁ་པར་ལམ་ནས་གསུངས་དོན། སི་ཁཱ་ཏུའུ་གྲོང་གི་བྱང་ཕྱོགས་སུ་བྲག་གོང་ཞིག་གི་སྟེང་སངས་རྒྱས་ཀྱི་སྐུ་བརྙན་གསུམ་དང་བྱང་སེམས་ཀྱི་སྐུ་བརྙན་མང་པོ་བརྐོས་ཡོད་པ་དང་། དེའི་འོག་ཏུ་བོད་ཡིག་གི་མཚན་བྱང་བརྐོས་ཡོད། ཁོང་གིས་བོད་ཡིག་མཚན་བྱང་གི་འདྲ་པར་རྒན་ཝང་ཡོའོ་མཆོག་ལ་སྤྱན་འབུལ་ཞུས་པས། རྒན་ཝང་ཡོའོ་ལགས་ཀྱིས་དེ་ནི་སྤུ་རྒྱལ་དུས་རབས་ཀྱི་རྡོ་བརྐོས་ཡིན་པའི་ཐུགས་ཐག་བཅད་ནས། ནང་དོན་ནི་ནང་བསྟན་གྱི་སྨོན་ལམ་རེད་འདུག་ཅེས་གསུངས་། འོན་ཀྱང་དེ་དུས་ནང་དོན་ཆ་ཚང་བ་འགྲེལ་པ་བྱེད་པའི་ཁོམ་པ་བྱུང་མེད། དེའི་ཕྱིར་ཁོང་གིས་ང་ཚོར་ད་ཐེངས་གསར་དུ་རྙེད་པའི་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་ཟུང་འབྲེལ་བྱས་ནས་སི་ཁཱ་ཏུའུ་གྲོང་བྱང་གི་བོད་ཡིག་མཚན་བྱང་ལ་ལྟ་ཀློག་དང་འགྲེལ་པ་བྱས་ན། ས་གནས་གཅིག་ནས་རྙེད་པའི་སྤུ་རྒྱལ་དུས་སྐབས་ཀྱི་རྡོ་བརྐོས་བོད་ཡིག་འདི་གཉིས་གཅིག་མདངས་གཅིག་འཕྲོ་དང་ཆར་པས་ཆུ་གྲོགས་ལྟ་བུ་ཡོང་བར་ངེས་ཞེས་གསུངས་གནང་བ་དང་། ད་དུང་ཁོང་རང་གི་དཔེ་བསྐྲུན་བྱ་རྒྱུའི་རྩོམ་བྲིས་མ་ཡིག《སྦལ་ཏིའི(བོད་ལྗོངས་ཆུང་བ)ལོ་རྒྱུས་དང་རིག་གནས》ཀྱི་མདུན་ཤོག་པར་རིས་ནི་སི་ཁཱ་ཏུའུ་གྲོང་བྱང་གི་བྲག་གོང་སྐུ་བརྙན་འོག་གི་བོད་ཡིག་མཚན་བྱང་བཀོད་རྩིས་ཡོད་ཅེས་པ་དང་། དེ་ནི་ཁོང་རང་གཞོན་དུས་སུ་པར་ལེན་བྱས་པས། ད་ལྟ་ས་གནས་དངོས་སུ་བསྐྱོད་ཀྱང་འདྲ་པར་གསལ་པོ་འདི་འདྲ་ལེན་ཐུབ་ཐབས་མེད། ཁོང་གིས་ང་ཚོར་འདྲ་པར་དེ་བེད་སྤྱད་ནས་རྡོ་བརྐོས་ཡི་གེར་ལྟ་ཀློག་དང་འགྲེལ་པ་བྱེད་པར་མོས་མཐུན་གནང་བྱུང་། སྐུ་ཞབས་ལུའུ་ཧྲུས་ལིང་གིས་ང་ཚོར་ཁོང་རང་གི་འདོན་སྤེལ་བྱ་རྒྱུའི་རྩ་ཆེའི་འདྲ་པར་བེད་སྤྱད་ནས་དེར་དབྱེ་ཞིབ་བྱེད་དུ་བཅུག་པའི་དུང་སེམས་ལ་ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྐུ་ཞབས་ཁོང་གིས་རིག་གཞུང་ཞིབ་འཇུག་ཆེད་དུ་སྒེར་གྱི་མཚན་སྙན་ལ་དགོངས་བཞེས་རྩ་བ་ནས་མ་གནང་བའི་རླབས་ཆེན་གྱི་སྙིང་སྟོབས་ལ་གུས་བརྩི་ཞུ་བ་དང་སྦྲགས། ཁོང་གི་བཀའ་བཞིན་ཞུས་ནས་ང་ཚོས་འདྲ་པར་དེར་ལྟ་ཞིབ་བྱས་པའི་དཔྱད་འབྲས་རྩོམ་འདིའི་མཇུག་བྱང་དུ་ཟུར་བཀོད་བྱས་ཡོད་པས། དེ་སྐོར་གྱི་ཞིབ་འཇུག་དང་དབྱེ་ཞིབ་མཁས་དབང་རྣམ་པས་གནང་ངེས་རེད་སྙམ།
        སི་ཁཱ་ཏུའུ་གྲོང་བྱང་གི་སྐུ་བརྙན་ཆེན་པོའི་འོག་གི་བོད་ཡིག་མཚན་བྱང་ལ་ཡིག་ཕྲེང་བདུན་ཡོད་པ་གཤམ་གསལ་ལྟར།
        ཡིག་ཕྲེང་དང་པོ། སྐུ་ཡོན་ཀྱང ┈ཡིག་ཕྲེང་གཉིས་པ། ཡང་། ཡུན་རྀང་པོར་བཙན་པོ་དང་། རྒྱུ་དྲུལ་ཡང
        ཡིག་ཕྲེང་གསུམ་པ། པོ་མཆྀ་བའྀ་མདོར་བགྱྀས་བ་ལགས་པས།། ཀུན
        ཡིག་ཕྲེང་བཞི་པ། ཀྱྀས་ཀྱང་། ། མོས་པ་བསྒྱོད་ཅང་སྨོན་ལམ་རྒྱ་ཆེར
        ཡིག་ཕྲེང་ལྔ་པ། གདབ་པ་དང་། ། སླད་རྗེས་ཚུན་ཆད་གྱང་། །དད་པ་ཅན
        ཡིག་ཕྲེང་དྲུག་པ། རྣམས་ཀྱྀས། ། དུས་དུས་སུ་ཚོན་གསལ་བར་གསོའི
        ཡིག་ཕྲེང་བདུན་པ། མཆོད་པ་དུས་ཀྱི་ཚུལ་མྱྀ་ཉམས་པར་བགྱིའོ། །
        ནང་དོན་ལ་བལྟས་ན། མཚན་བྱང་དེ་ནི་སྟེང་ཕྱོགས་ཀྱི་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་ལ་བལྟོས་ཏེ་བྲིས་ཡོད་པ་དང་། ང་ཚོས་ཚོད་དཔག་བྱས་ན། དེ་དུས་ཀྱི་སངས་རྒྱས་དང་བྱང་སེམས་སྐུ་བརྙན་ཚང་མར་ཚོན་མདོག་བཏང་ཡོད་པའི་ཚོན་ཁྲ་ཅན་གྱི་སྐུ་འདྲ་རེད། ཚོན་མདོག་གི་བཀྲག་མདངས་མ་ཉམས་པ་དང་། ཚོན་མདོག་ཞིག་ནས་ཚོས་མ་ལོག་པའི་ཆེད་དུ། དུས་བཀག་གིས་ཉམས་གསོ་དང་ཚོན་མདོག་གསར་དུ་གཏོང་དགོས་པའི་ལམ་སྲོལ་གཏན་ཁེལ་བྱས་ཡོད།མཚན་བྱང་དེ་ནི་ས་ཁུལ་དེ་ཁའི་ནང་བསྟན་དད་ལྡན་པ་ཚོས་དུང་སེམས་དུས་བཅད་ཀྱིས་ཆོས་ལ་སེམས་ཀྱིས་དད་མོས་སྨོན་ལམ་འདེབས་པ་དང་། སངས་རྒྱས་དང་བྱང་སེམས་སྐུ་བརྙན་ལ་དྲག་པོས་ཚོན་བཏང་ནས་ཚོན་མདོག་གི་བཀྲགས་མདངས་ཡུན་གནས་ཐུབ་པའི་ལམ་སྲོལ་ལ་བརྩི་སྲུང་དགོས་པའི་གཏན་འབེབས་ཤིག་རེད། བྲག་གོང་རྡོ་བརྐོས་སྐུ་བརྙན་དེ་རྣམས་ཧ་ཅང་ཆེ་བས། དེར་ཚོན་གཏོང་རྒྱུ་ནི་སྐབས་དེ་དུས་ལས་གྲྭ་ཆེན་པོ་ཞིག་ཡིན་ངེས་པར་བསམ་གཞིག་བྱེད་དུས། བྲག་གོང་རྡོ་བརྐོས་ཀྱི་སངས་རྒྱས་དང་བྱང་སེམས་སྐུ་བརྙན་དེ་བཞིན་དེའི་མཚན་བྱང་ནི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ལོ་རྒྱུས་ཐོག་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།
        (ཁྲིན་ཆིན་དབྱིན་དང་། མཱ་ལི་ཧཱ། མོའོ་ཧན་མོའུ་དྷ་ཡུ་སུ་ཧྥུ་ཧའུ་སེ་ཡེ་ཨཱ་པ་ཏི་ཡིས་བརྩམས།)
       (འཇམ་དབྱངས་ཕུན་ཚོགས་དང་། སྐལ་རྣམ་གྱིས་བསྒྱུར།)
        གསལ་བཤད། 
        ① མ་རྩོམ《ཀྲུང་གོའི་བོད་རིག་པ》2010ལོའི་རྒྱ་ཡིག་གི་དུས་དེབ་བཞིའི་པའི་ཐོག་བཏོན།
        ② ཐུང་ཐན་ཁྲི་ལོ་དང་པོ་ནི་ཝུ་ཙེ་ཐན(武则天)སྐབས་ཏེ་སྤྱི་ལོ696ཡིན།
        ③ ནུབ་ཡུལ།(西域) རྒྱ་ནག་གི་ནུབ་ཕྱོགས་སུ་གནས་པས་རྒྱ་ཡིག་ཐོག་ནུབ་ཡུལ་ཟེར་བ་དང་། ཡུལ་གྲུ་དེ་རྣམས་སྤྱིར་བོད་ཀྱི་བྱང་ཕྱོགས་སུ་ཡོད། འདིར་བརྗོད་པའི་ནུབ་ཡུལ་ནི་རྒྱ་ནག་གི་ནུབ་ཕྱོགས་དང་བོད་ཀྱི་བྱང་ཕྱོགས་ཀྱི་གནའ་བོའི་དར་ལམ་སྟེང་གི་ཡུལ་གྲུ་ལ་གོ་དགོས་སྙམ།
        ④ ཨཱན་ཤི་སྡེ་བཞི(安西四镇)ནི་ཐང་རྒྱལ་རབས་སྐབས་ནུབ་ཡུལ་གྱི་མཐའ་མཚམས་སྲུང་དམག་བཅའ་སྡོད་བྱ་སའི་ཡུལ་སྡེ་བཞི་ཡིན།
        ཟུར་བལྟའི་དཔྱད་གཞི། 
        [1] [5] ཀླུའུ་ཧྲོལ་ལིན། ཆན་ལུང་སྐབས་སྦལ་ཏི་ཁུལ(བོད་ལྗོངས་ཆུང་བ)དང་ཆིང་རྒྱལ་རབས་ཀྱི་འབྲེལ་བར་དཔྱད་པ། ཀྲུང་གོའི་བོད་རིག་པ། 2004(1) 陆水林:《乾隆时期巴尔蒂斯坦(小西藏)与清朝关系初探》)
        [2] དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། 1992:153﹒
        [3] ཡང་མིང་། ཐང་རྒྱལ་རབས་སྐབས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་ལས་སྤུ་རྒྱལ་དང་བྲུ་ཤ་བར་གྱི་ལམ་བུར་དཔྱད་པ། བོད་རིག་པའི་དུས་དེབ་གསུམ་པ། སི་ཁྲོན་སློབ་གྲྭ་ཆེན་མོའི་ དཔེ་སྐྲུན་ཁང་།2007ལོར། ( 杨铭. 唐代中西交通吐蕃—勃律道考)
        [4]བསོད་ནམས་འོད་ཟེར། ཨུ་རྒྱན་པའི་རྣམ་ཐར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1997:75.
        [6]སྦལ་ཏི་ཁུལ་གྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་སོགས་ཀྱི་དཔྱད་གཞི། [སྦལ་ཏི]མོའོ་ཧན་མོའུ་ཏཱ་ཡུ་སུ་ཧྥུ་ཧའུ་སེ་ཡེ་ཨཱ་པ་ཏི་དང་མོའོ་ཧན་མོའུ་ཏཱ་ཧཱ་སངས་ཨཱ་སེ་ལཱ་ཐེ་ཡིས་བརྩམས། ཀླུའུ་ཧྲོལ་ལིན་གྱིས་བསྒྱུར། སྦལ་ཏི(བོད་ལྗོངས་ཆུང་བ)ཡི་ལོ་རྒྱུས་དང་རིག་གནས། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2011ལོར། ( 陆水林译:《巴尔蒂斯坦(小西藏)的历史与文化》)
        [7] [8] [10] ཀྲང་དབྱི་སུན་གྱིས་གཙོ་འགན་རྩོམ་སྒྲིག་བྱས།བོད་ རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། 1993:689-690﹒3089﹒1144
        [9] [11] [12] [13] [14] [16] ཝང་ཡའོ། སྤུ་རྒྱལ་གྱི་རྡོ་རིང་ཡི་གེ། རིག་དངོས་དཔེ་སྐྲུན་ཁང་། 1982:178-180﹒95-101﹒185﹒191﹒3-5﹒185-186 ﹒ ( 王尧:《吐蕃金石录》)
        [15] [ཧྥ་རན་སི]ཧྲེ་ཐད་ཨན་གྱིས་བརྩམས། ཀང་ཧྲན་གྱིས་སྒྱུར།འཕྲུལ་གྱི་ལྷ་བཙན་པོར་དཔྱད་པ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིགས་ཞིབ་འཇུག་སོའུ་ནས་བསྒྲིགས། བོད་རིག་ཞིབ་འཇུག་སྐོར་གྱི་བསྒྱུར་ཡིག་ཕྱོགས་བསྒྲིགས། དུས་དེབ་གཉིས་པ། 1983ལོར།( 耿昇译:《圣神赞普考》)