གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བྱིས་པའི་འཕྲོད་བསྟེན་སློབ་གསོ་གླེང་བ།

སྤེལ་དུས 2018-06-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ནག་ཀྱཱ་བ་ཤ་བོ་ཚེ་རིང་།
          ང་རང་ནི་བོད་ཀྱི་སློབ་གསོའི་ལས་གནས་སུ་ཡོད་པའི་ཆེས་སྤྱིར་བཏང་གི་མི་ཞིག་ཡིན་ན་ཡང་། རང་ཉིད་ལ་ཁོམ་སྐབས་ཏོག་ཙམ་རེ་བྱུང་དུས་གླེང་ཚོམས་འདིའི་ནང་ནས་ཕ་མ་དང་དགེ་རྒན་རྣམས་ཀྱིས་གསུངས་པའི་བྱིས་སྐྱོང་སྐོར་གྱི་སློབ་གསོའམ་གསུང་བཤད་རེ་ཟུང་ལ་ནམ་ཀུན་ནུས་ཚོད་ཀྱིས་ཉན་གྱི་ཡོད། བྱིས་སྐྱོང་སྐོར་ནས་ང་རང་གིས་བློ་བསྐྱེད་གསར་བ་ཡང་མང་བོ་རག་བྱུང་།      
          དེ་རིང་དུས་ཚོད་ཏོག་ཙམ་ཡོད་པའི་སྐབས་དང་བསྟུན་ནས་རང་ཉིད་ཀྱི་ལྟ་ཚུལ་དང་དྲན་ཚུལ་ཉུང་ཙམ་ཞིག་བཤད་རྒྱུ་ཡིན། དང་པོ་དྲན་སྐུལ་བྱེད་འདོད་པ་ནི་གལ་སྲིད་ངའི་སྐད་ཆའི་ནང་དུ་དྲྭ་ཚོམས་འདིའི་ནང་གི་དྲྭ་གྲོགས་རྣམས་ཀྱི་དགོངས་ཚུལ་དང་མི་འཚམས་པ། ཡང་ན་གནས་ལུགས་དང་མི་མཐུན་པ་དེ་འདྲ་ཡོང་བ་ཡིན་ན་ཐད་ཀར་སྐྱོན་བརྗོད་གནང་རོགས།    
          སྤྱིར་སློབ་གསོ་ཞེས་པ་ནི་རྣམ་པ་རྒྱ་ཆེ་ཞིང་དོན་གྱི་གཏིང་ཟབ་པ་ཞིག་ཡིན་ཞིང་། འཛམ་གླིང་གི་ཡུལ་གྲུ་སོ་སོར་གནས་པའི་མི་རིགས་སོ་སོས་དེ་ལ་དང་དོད་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པར་བརྟེན། འཛམ་གླིང་རིལ་བོ་འདིའི་སྟེང་དུ་འགྱུར་ལྡོག་མང་བོ་ཞིག་དེ་མཚུངས་སུ་འགྲོ་དང་འགྲོ་བཞིན་ཡོད། དཔེར་ན་མི་རིགས་ཤིག་གི་རྐང་བ་ས་ལྒང་རིལ་བོ་འདིའི་སྟེང་དུ་འཛུགས་ཐུབ་མིན་དང་། མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་འགྲོ་ཐུབ་མིན་ལ་སོགས་པའང་གཙོ་བོ་སློབ་གསོ་འཕེལ་འགྱུར་ལ་བརྟེན་ནས་ཐག་གཅོད་བྱེད་ཀྱི་ཡོད། འཛམ་གླིང་གི་འཕོ་འགྱུར་སྣ་ཚོགས་དང་ལྷན་དུ་སློབ་གསོའི་བྱ་གཞག་ལའང་འཕོ་འགྱུར་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་ཡོད། དེས་ན་ང་ཚོ་བོད་ཀྱི་སློབ་གསོ་དེ་ཡང་མི་རིགས་གཞན་པ་ནང་བཞིན་རྣམ་པ་རྒྱ་ཆེ་ཞིང་དོན་གྱི་གཏིང་ཟབ་པ་ཞིག་ཡིན་མོད། འཛམ་གླིང་གི་སློབ་གསོའི་འཕེལ་འགྱུར་དང་ལྷན་དུ་ང་ཚོ་བོད་ཀྱི་སློབ་གསོ་ལའང་གོང་སྨྲས་བཞིན་འགྱུར་བ་མང་བོ་ཞིག་བྱུང་བཞིན་ཡོད། དེ་ནི་རྟེན་འབྱུང་གི་ཆོས་ཉིད་ལྟ་བུར་གྲུབ།
          ཡིན་ན་ཡང་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་གྱི་འགྱུར་བ་དེ་མིས་བློ་ཡིད་དུ་ཤོང་ཐབས་མེད་པའི་སྒོ་ནས་ཆུ་ཚོད་སྐར་ཆ་རེ་ལ་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལ། དེས་ང་ཚོ་བོད་ཀྱི་སྤྱི་ཚོགས་ལ་བརྡབ་གསིག་དྲག་པོ་སྤྲོད་བཞིན་ཡོད་པ་དང་དེ་མཚུངས་སུ་སྐུལ་འདེད་ཀྱང་བྱེད་ཀྱི་ཡོད། མིག་སྔར་ང་ཚོ་བོད་ནང་གི་སྤྱི་ཚོགས་དང་སློབ་གསོ་ལ་མཚོན་ན།  བྱིས་པའི་སློབ་གསོའི་སྐོར་ལ་དང་དོད་ཆེན་པོ་བྱེད་བཞིན་པའི་སྒང་རེད་ལ།  དེའི་ཕྱོགས་ནས་ཡར་རྒྱས་ཀྱང་གང་ལ་གང་འཚམས་ཤིག་འགྲོ་གི་ཡོད། བྱིས་པའི་སློབ་གསོར་མཚོན་ནའང་ཁྱབ་ཁོངས་དང་གྲུབ་ཆ་མང་བོ་ཞིག་ཡོད་པ་དང་། ངས་དེ་རིང་འདིར་དམིགས་བསལ་གྱི་བྱིས་པའི་འཕྲོད་བསྟེན་སྐོར་ནས་རང་གི་ལྟ་ཚུལ་དང་འདོད་ཚུལ་ཉུང་ཙམ་ཞིག་བཤད་རྒྱུ་ཡིན། 
          ང་རང་གི་བྱིས་པའི་འཕྲོད་བསྟེན་སློབ་གསོ་འདི་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དང་པོར་ཕ་མ་དང་། བྱིས་སྐྱོང་དགེ་རྒན། སློབ་ཆུང་དགེ་རྒན་སོགས་བྱིས་པ་དང་ཁྱིམ་བདག ལས་རིགས་གཞན་དག་གཉེར་མཁན་དག་ལ་བྱིས་པའི་འཕྲོད་བསྟེན་སྐོར་གྱི་གལ་ཆེའི་རང་བཞིན་ཤེས་སུ་འཇུག་དགོས། དེ་ནས་བྱིས་པའི་གཤིས་རྒྱུད་ལ་འཕྲོད་བསྟེན་གྱི་འདུ་ཤེས་བརྟན་པོ་འཇགས་སུ་འཇུག་རྒྱུ་ནི་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་འདུག ང་ཚོའི་མི་རབས་རྗེས་མ་རྣམས་བདེ་ཐང་གི་སྒོ་ནས་འཚར་ལོངས་འབྱུང་ཐུབ་མིན་ནི་བྱིས་པའི་རྒྱུད་ལ་འཕྲོད་བསྟེན་གྱི་འདུ་ཤེས་བརྟན་པོ་འཇགས་སུ་འཇུག་ཐུབ་མིན་ལ་རག་ལས་པ་ཡིན་པས་དེ་ལ་དོ་སྣང་བྱེད་དགོས། 
          ང་ཚོའི་ནད་རིགས་མང་བོ་ཞིག་འཕྲོད་བསྟེན་ལ་བསྟེན་ནས་འབྱུང་གི་ཡོད་ལ། ཐ་ན་མིག་སྔར་གྱི་འཚོ་གནས་ཀྱི་དཀའ་རྙོག་མང་བོ་ཞིག་ཀྱང་འཕྲོད་བསྟེན་ལ་བརྟེན་ནས་འབྱུང་གི་ཡོད། ཆུང་བ་ཁྱིམ་ཚང་ནས་ཆེ་བ་འཛམ་གླིང་གི་ཤི་གསོན་དང་བདེ་སྡུག་མང་བོ་ཞིག་ཀྱང་འདི་ལ་འཕྲད་ཡོད་པ་རེད། 
          འཛམ་གླིང་སྒང་དུ་མངལ་དུས་སློབ་གསོ་ཞེས་གྲགས་ཆེ་ལ་དེར་དང་དོད་ཆེན་པོ་མཛད་ཀྱི་ཡོད། ཕྲུ་གུ་མངལ་དུ་མ་ཆགས་སྔོན་ནས་ཨ་མས་རང་གི་ཟས་དང་སྤྱོད་ལམ། གཙང་སྦྲ་སོགས་ལ་གཟབ་ནན་བྱས་ཏེ་རང་ཉིད་ཀྱི་འཕྲོད་བསྟེན་ལ་བདག་གཅེས་ཡག་པོ་བྱེད་དགོས་པའི་ཤེས་བྱ་རྟོགས་དགོས་ལ། དེའི་གལ་ཆེན་རང་བཞིན་ཡང་རྟོགས་དགོས། དེ་ནི་བྱིས་པ་ནད་མེད་བདེ་ཐང་ཅན་སྐྱེ་བ་དང་ཁྱིམ་ཚང་བདེ་སྐྱིད་ལྡན་པ་ཞིག་གི་རྨང་ཚུགས་པའི་གཞི་མ་ལྟ་བུ་ཡིན།  
          ཕྲུ་གུ་ཨ་མའི་མངལ་དུ་ཡོད་སྐབས་ཀྱི་ཨ་མའི་ལུས་སེམས་ཀྱི་འཕྲོད་བསྟེན་འདི་གལ་ཆེན་པོ་ཡིན་པ་ཕ་མ་གཉིས་ཀྱིས་ངོས་ཟིན་དགོས། ཨ་མའི་ལུས་སེམས་ཀྱི་བདེ་ཐང་ནི་མངལ་དུ་ཡོད་པའི་བྱིས་པའི་བདེ་ཐང་ལ་ཐད་ཀར་དུ་འབྲེལ་བ་ཡོད་པའི་གནས་སྟངས་ལ་འགན་ཁུར་ཏེ། ཨ་མའི་ལུས་སེམས་ལ་གནོད་པའི་ཟས་རིགས་དང་བྱ་སྤྱོད་ལ་འཛེམས་དགོས། 
          གལ་སྲིད་ཨ་མས་རང་གི་འཕྲོད་བསྟེན་ལ་བདག་གཅེས་མ་ཐུབ་པ་ཡིན་ན། རང་གི་མངལ་དུ་ཡོད་པའི་བྱིས་པའི་བདེ་ཐང་ལ་བདག་གཅེས་བྱེད་མ་ཐུབ་པ་ཡིན། རང་གི་མི་རབས་རྗེས་མའི་བདེ་ཐང་ལ་འགན་ཁུར་མ་ཐུབ་པ་ཡིན། གནད་དོན་འདི་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་པའི་རྒྱུ་རྐྱེན་དེ་རེད།  
          དེས་ན་བྱིས་པའི་བདེ་ཐང་དང་འཚར་ལོངས་ལ་གནོད་པའི་ཟས་རིགས་རོ་སྐ་བ་དང་ཚ་བ། ལྟོ་བར་འཇུ་དཀའ་བ་རྣམས་ལ་འཛེམས་དགོས། བྱིས་པའི་བདེ་ཐང་དང་རིག་སྟོབས། འཚར་ལོངས་སོགས་ལ་ཕན་པའི་ཟས་རིགས་བསྟེན་དགོས་པ་དེ་མཚུངས་སུ་རྟོགས་དགོས། དཔེར་ན་ང་ཚོ་མཐོ་སྒང་ནས་ཐོན་སྐྱེད་བྱས་པའི་ཟས་རིགས་རྩམ་པ། མར་ཆུར། འོ་མ། གྲོ་མ་སོགས་ཁོར་ཡུག་གི་འབག་བཙོག་དང་རྫས་འགྱུར་གྱིས་ལྷད་མེད་པའི་ཁ་ཟས་བསྟེན་པ་ཡིན་ན་བྱིས་པ་ནད་མེད། བདེ་ཐང་ཅན་ཞིག་སྐྱེ་ཐུབ། འཕྲོད་བསྟེན་ཡག་པོ་ཡོད་པའི་ཁྱིམ་ཚང་གི་འཚོ་བ་ནི་ཞི་བདེ་དང་བདེ་སྐྱིད་ཡོད་པ་ཞིག་ཡིན་པས་ཕ་མ་གཉིས་ཀྱིས་དེ་ལ་དོ་ནན་གནང་དགོས། 
          འདི་ཉིད་སྣང་མེད་དུ་བཞག་ན། མི་སྒེར་གྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གྱུར་བའི་ཕྲུ་གུ་སྙིང་རྗེ་བོ་དང་མི་རིགས་དང་འཛམ་གླིང་གི་དམིགས་གཏོད་ས་སྟེ་རྒྱུད་འཛིན་པ་རྣམས་ལ་དོ་ཁུར་མ་བྱས་པ་ཡིན་པས། མཇུག་འབྲས་འདི་ཀོ་བློ་ཡིད་དུ་ཤོང་ཐབས་མེད་ལ། མི་བུ་སུས་ཀྱང་གྱོང་གུད་འདི་ལ་ཁ་གསབ་སྤྲོད་ཐབས་ཤིག་ཡེ་ནས་མེད།
          ཕྲུ་གུ་ཨ་མའི་མངལ་དུ་ཡོད་སྐབས་ཀྱི་ཨ་མའི་སྤྱོད་ལམ་དེ་གལ་ཆེན་པོ་ཡིན་པ་ཕ་མ་གཉིས་ཀྱིས་ངོས་ཟིན་དགོས། ཨ་མའི་སྤྱོད་ལམ་དང་མངལ་དུ་ཡོད་པའི་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་ལ་འབྲེལ་ཡོད་པས། བྱིས་པའི་བདེ་ཐང་གི་ཆེད་དུ་ཨ་མས་རང་གི་བསམ་བློ་གཏོང་སྟངས་དང་། སྐད་ཆ་བཤད་སྟངས། ལུས་ཀྱི་རྣམ་འགྱུར་སོགས་སྤྱོད་ལམ་ལ་གཟབ་དགོས། 
          ཕ་མའི་ལུས་ཞི་བར་གནས་དུས། སེམས་ཞི་བར་གནས་པ་དང་ལུས་ངག་གི་སྤྱོད་པ་ཞི་འཇམ་དུ་གནས་པ་རེད། རང་གི་བྱིས་པ་ཡང་ཞི་བར་གནས་བཏུབ། དེའི་བྱེད་ཐབས་གཅིག་ནི་མ་ཎི་སོགས་ཁ་འདོན་བྱེད་པ། དགོན་སྡེ་དང་ལྷ་ཁང་སོགས་ལྷིང་འཇགས་ཀྱི་གནས་ལ་བསྐོར་བ་བྱེད་པ། ཁོར་ཡུག་གཙང་མ་ནས་ལུས་སེམས་བདེ་ལ་ཕབ་སྟེ་འདུག་པ་སོགས་རང་སེམས་གསལ་བོར་གནས་པ་དང་མཉམ་དུ་མངལ་དུ་ཡོད་པའི་བྱིས་པའི་བདེ་ཐང་རིམ་ཅར་དུ་འོང་ལ། བྱིས་པའི་རིག་སྟོབས་འཕེལ་ཕྱིར་འཇམ་པའི་དབྱངས་ཀྱི་གཟུང་སྔགས་ལ་སོགས་པ་བཟླས་ན་ཤིན་ཏུ་བཟང་། 
          གཅིག་ན་བྱིས་པའི་ལུས་སེམས་གནད་ལ་འབབ་བཏུབ་ལ། ཆོས་འདོན་པའི་སྒྲ་ལ་ཉན་པ། དགོན་པ་སོགས་ལྷིང་འཇགས་ཀྱི་གནས་ནས་རང་སེམས་ལྷོད་ལ་འཇོག་པ།  གཞན་དོན་དུ་བསམ་གཞིགས་དང་ཕན་སེམས་ཀྱིས་བསླངས་པའི་གོམ་ཁ་འཇམ་པོ་བླངས་ཏེ་དུས་རྒྱུན་དགོན་མཐར་སྐོར་བར་འགྲོ་བ། མདོར་ན་རང་གི་ལུས་ངག་གི་རྩོལ་བ་ཡོངས་རྫོགས་དྲག་ཤུགས་དང་བྲལ་བའི་ལྷོད་ལྷོད་ཅིག་གནང་ཐབས་ལ་བོད་གངས་ཅན་གྱི་མ་ཡུམ་ཚང་མས་འབད་བརྩོན་གནང་ཐུབ་ན་དགེ་མཚན་དེ་མཚུངས་སུ་ཤིན་ཏུ་ཆེ་བ་རེད།
          ཨ་མའི་མངལ་དུ་ཕྲུ་གུ་ཡོད་པའི་སྐབས་སུ།  ཨ་ཕའི་ངོས་ནས་ཀྱང་རང་གི་སྤྱོད་ལམ་ལ་ཡིད་འཇོག་བྱས་ཏེ་རང་གི་ཆུང་མ་དང་མོའི་མངལ་དུ་ཡོད་པའི་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་གི་ཆེད་དུ་གདུང་སེམས་མཉམ་བསྐྱེད་བྱས་ཏེ་ཕྱོགས་ཡོངས་ནས་ཆུང་མ་ལ་རོགས་རམ་གནང་རྒྱུ་ཤིན་ཏུ་གལ་ཆེ། ཆུང་མའི་མངལ་དུ་ཡོད་པའི་ཕྲུ་གུ་དེ་བོད་ཀྱི་མི་རབས་རྗེས་མ་དང་ཕ་མ་གཉིས་ཀྱི་མ་འོངས་པའི་རེ་བ་བཅོལ་ས་ཡིན། 
          ཕ་མ་ཞིག་ཡིན་ན་ནད་རིགས་སྔོན་འགོག་གི་བྱེད་ཐབས་སྐོར་ངེས་པར་དུ་ཤེས་དགོས། དེ་ཤེས་པ་ལ་ཆེད་ལས་མཁས་པ་དང་ཉམས་མྱོང་ཅན་རྣམས་ལས་སློབ་སྦྱོང་བྱས་ཏེ་ཆ་རྒྱུས་ཡོད་པར་ཆགས་དགོས། བྱིས་པ་ཨ་མའི་མངལ་དུ་ཡོད་སྐབས་ཨ་མའི་བདེ་ཐང་དང་མངལ་དུ་ཡོད་པའི་བྱིས་པའི་བདེ་ཐང་ལ་བདག་གཅེས་བྱེད་དགོས། དཔེར་ན་འགྲིམ་འགྲུལ་སྟབས་མི་བདེ་ས་དང་ས་ཆ་རྩུབ་ས་སོགས་ནས་གཟབ་ནན་བྱས་ན་བཟང་། ང་ཚོ་བོད་ཁུལ་གྱི་ཞིང་འབྲོག་གི་ས་ཆ་མང་བོར་ད་དུང་ཡང་གནད་དོན་འདིའི་སྐོར་གྱི་གལ་ཆེའི་རང་བཞིན་ལ་དོ་སྣང་བྱེད་ཀྱི་མེད་པ་མང་བོ་འདུག དེ་ན་ང་ཚོས་གནད་དོན་འདིའི་སྐོར་གྱི་སློབ་གསོ་མང་བོ་སྤེལ་ཏེ་ནད་རིགས་མང་བོ་སྔོན་འགོག་བྱེད་ཐབས་ལ་འབད་དགོས་ལ།  ང་ཚོའི་མ་འོངས་པ་ནི་མི་རབས་རྗེས་མ་རྣམས་ཡིན་པས་ཁོང་ཚོའི་བདེ་ཐང་དང་འཕྲོད་བསྟེན་ནི་ཧ་ཅང་གལ་ཆེ། དེ་ལྟར་ན་ཕ་མ་སུ་ཡིན་ནའང་རང་དང་བྱིས་པའི་ནད་རིགས་སྔོན་འགོག་གི་ཐབས་ལམ་སྐོར་སྣང་མེད་དུ་མི་འཇོག་པར་དོ་སྣང་བྱེད་དགོས།
          དེ་གྲས་ལ་དོ་སྣང་མ་བྱས་པར་རང་སྣང་གང་དྲན་བྱས་དྲག་ན། ནད་རིགས་མང་བོ་ཞིག་ཉེས་མེད་ཀྱི་ཚེ་སྲོག་ཆུང་ཆུང་དག་གི་སྟེང་ལ་གྲིབ་མ་བཞིན་འབབ་ཀྱི་ཡོད།  མི་མང་བོ་ཞིག་གིས་འཆལ་སྤྱོད་ལ་བརྟེན་ནས་འཛམ་གླིང་ཧྲིལ་བོ་སྐྱི་གཡའ་བར་བྱེད་པའི་ཨ་ཙིའི་ནད་སོགས་ནད་རིགས་མང་བོ་ཞིག་རང་གི་ཆུང་མ་དང་བུ་ཕྲུག  ཁྱིམ་མཚེས་དང་རུ་སྐོར། སྡེ་ཚོ། ཡུལ་ལུང་། མི་རིགས། འཛམ་གླིང་བརླགས་བྱེད་ཀྱི་རྡུལ་ཕྲན་མཚོན་ཆར་གྱུར་དང་འགྱུར་བཞིན་ཡོད། 
           བྱིས་པའི་ལུས་ཀྱི་གཙང་སྦྲ་དང་བདག་གཅེས་བྱེད་སྟངས་ཀྱི་ཐད་ནས་སྐད་ཆ་ཉུང་ཤས་ཤིག་ཞུས་པ་ཡིན་ན། བྱིས་པའི་གདོང་དང་སྐྲ། ཁ་དང་ལག་པ། སོ་སོགས་བཀྲུ་བ་དང་། རྐང་ལག་གི་སེན་མོ་གཏུབ་སྟེ་གཙང་མ་བཟོ་བ། སྡོད་ཁང་དང་ཉལ་ཁང་། ཇ་ཁང་དང་སྤྱོད་ཁང་སོགས་ཁོར་ཡུག་ལ་གཙང་སྦྲ་དང་གད་དར་བྱེད་པ། མཚམས་མཚམས་ལ་སྤོས་བདུག་དང་ཤུག་པ་བདུག་སྟེ་དུག་སེལ་བྱེད་པ། གྱོན་གོས་གཙང་མ་བཀྲུས་ཏེ་གྱོན་པ་སོགས་བྱིས་པ་ལ་ཆུང་དུས་ནས་དག་གཙང་གི་ཁོར་ཡུག་ཅིག་བསྐྲུན་དགོས་ལ། བྱིས་པའང་ཁ་ལག་དང་སོ་བཀྲུ་བ།  རང་ཚོད་དང་བསྟུན་ནས་རང་དང་རང་གི་ཁོར་ཡུག་གཙང་མ་བྱེད་པ་སོགས་མི་རབས་རྗེས་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་པའི་ཆ་རྐྱེན་བཟོ་བར་རང་ངོས་ནས་འགན་འཁུར་དགོས། 
           བྱིས་པས་འབག་བཙོག་གི་ཟས་རིགས་བཟའ་བ་སྔོན་འགོག་བྱེད་དགོས། སྤྱིར་དེང་སང་གི་ཁེ་ལས་པ་མང་བོས་དཔལ་འབྱོར་གྱི་ཁེ་ཕན་གཙོ་བོར་འཛིན་པ་ལས་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་ལ་དེ་ཙམ་དོ་ཁུར་གནང་གི་མེད་པར་བརྟེན་རྫས་འགྱུར་གྱི་ཟས་རིགས་སྣ་ཚོགས་བཟོ་བསྐྲུན་བྱེད་ཀྱི་ཡོད། ལུས་ཕུང་ལ་གནོད་པའི་རྫས་འགྱུར་ཟས་རིགས་ཐེངས་རེ་འབོར་ཆེན་བཟོས་ཏེ་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་བཞིན་ཡོད། ཟས་རིགས་དེ་དག་སྟབས་བདེ་བོ་འདྲ་ཞིག་ཏུ་སྣང་ནའང་རྒན་གཞོན་བར་མ་ཀུན་གྱི་བདེ་ཐང་ལ་གནོད་ཀྱི་ཡོད་པའི་གནས་ཚུལ་མང་བོ་བྱུང་དང་འབྱུང་བཞིན་ཡོད།       
          དེ་ན་ང་ཚོ་ཚང་མས་རྫས་འགྱུར་གྱིས་ལྷད་ཅིང་ལུས་ཕུང་ལ་གནོད་པའི་ཟས་རིགས་ཟ་བར་འཛེམས་དགོས་ལ། ལྷག་པར་དུ་བུ་ཕྲུག་ལ་མི་སྟེར་བ་ཕ་མ་རང་རང་གིས་འགན་ལེན་བྱེད་དགོས། 
          ངཚོའི་སྤྱི་ཚོགས་ནང་གི་ཕ་མ་མང་བོས་རང་གི་རྒྱབ་ཏུ་ཁུར་བའི་བྱིས་པ་དང་། པང་ལ་བཟུང་བའི་བྱིས་པ། གོག་ནས་འགྲོ་བཞིན་པའི་བྱིས་པ་རྣམས་ལ་འགྱིག་ཤོག་ནང་གི་རྫས་དུག་གིས་ལྷད་པ་དང་ཚད་ལྡན་མིན་པའི་འོ་མ། དུས་ཚོད་ལས་བརྒལ་ཟིན་པའི་འོ་མ་སོགས་སྟེར་གྱི་ཡོད་པ་མཐོང་རྒྱུ་འདུག་པས། དེ་ལ་གཟབ་རྒྱུ་ནི་དངོས་གནས་གལ་ཆེ་བོ་རེད།
          ཚད་ལྡན་མིན་པའི་འོ་མ་དང་ཟས་རིགས་ཀྱིས་བྱིས་པའི་བདེ་ཐང་དང་ཚེ་སྲོག་འདུན་མ་བརླགས་པ་བགྲང་གིས་མི་ཟིན། བྱིས་པ་འཚར་ལོངས་ཀྱི་ཁྲོད་དུ་ཕ་མ་ཚོས་དོ་སྣང་བྱ་དགོས་པའི་གནད་དོན་གཞན་ཞིག་ནི་མངར་ཁུའི་རིགས་ཀྱི་བཏུང་བ་རྣམས་ཡིན།  བཏུང་བ་འདི་དག་ནི་བཟོ་གྲྭ་ནས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་འཕྲོད་བསྟེན་ལ་གནོད་ཚབས་ཆེ་བས་འཐུང་ན་ཡང་ཉུང་ཉུང་འཐུང་དགོས། གལ་སྲིད་མང་བོ་འཐུང་བ་ཡིན་ན་ལུས་ཀྱི་ཤ་སོབ་སོབ་ཏུ་འགྱུར་བ་དང་རྒྱགས་པ་ཆགས་པ་མ་ཟད། ལུས་ཁམས་མི་བདེ་བ་དང་སྙིང་ནད་སོགས་འབྱུང་སླ།  མངར་ཆ་ཟ་རྒྱུ་མང་ན་ཁ་ནང་གི་སོ་འཐོར་འགྲོ་བ་དང་འཇུ་བྱེད་མ་ལག་ལ་ཉེན་ཁ་བཟོ་བས་བྱིས་པ་ལ་མངར་ཆ་ཅན་གྱི་བཏུང་བ་གང་ཉུང་ཉུང་སྤྲོད་རྒྱུ་གལ་ཆེ། གཞན་ཐུག་པ་སྐམ་པོ་དང་འགྱིག་ཁུག་ནང་དུ་བཏུམས་པའི་ཟ་མ་ཆེས་ཐབས་སྡུག། བསྲེག་མ་དང་ཁ་ཚ།སྒོ་ངས་བཟོས་པའི་རྫས་འགྱུར་གྱི་ཟ་མ་སོགས་ཀྱིས་བྱིས་པའི་བདེ་ཐང་ལ་གནོད་པའི་ཟས་རིགས་ཀུན་མ་བསྟེན་ན་བཟང་། 
          དཔལ་འབྱོར་དང་ཚན་རྩལ་སྔོན་ཐོན་ཡིན་པའི་རྒྱལ་ཁབ་ཀྱི་མི་རིགས་ཚོའི་ནང་དུ་རྫས་འགྱུར་གྱི་ཟས་ཟ་མཁན་དཀོན་པོ་ཡིན་པ་དང་། ཕུང་ཁམས་ལ་གནོད་པའི་རྫས་རིགས་མ་འདྲེས་པའི་ཟ་མ་ནི་འབྱོར་ལྡན་མི་རིགས་རྣམས་ཀྱིས་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་ལ། རིན་གོང་ཧ་ཅང་མཐོན་པོ་སྤྲོད་ཀྱི་ཡོད་པ་རེད། 
          དེ་ན་བོད་གངས་ཅན་ལྗོངས་ཀྱི་ཕ་མ་རྣམས་དང་བྱིས་སྐྱོང་བ་རྣམས་ཀྱིས་ཐད་ཀར་དུ་བྱིས་པ་ཆུང་ཆུང་ཚོར་རྫས་འགྱུར་དུག་རིགས་མ་འདྲེས་པའི་ཟ་མ་དཔེར་ན། རང་བྱུང་གི་མཐོ་སྒང་གི་ཆུ་དང་ལག་བཟོས་ཟས་དང་བཏུང་བའི་རིགས་བྱིས་པར་ཐད་ཀར་དུ་ངོ་སྤྲོད་བྱེད་དགོས། དཔེར་ན་འབྲི་དང་མཛོ་མོའི་འོ་མ་ལྷད་མེད་པ། རང་བྱུང་གི་རྩྭ་ཆུ་ཁོ་ན་ཟོས་པའི་ཟོག་གི་ཤ། རྩམ་པ་དང་མར། རང་གིས་འདེབས་འཛུགས་བྱས་པའི་སྔོ་ཚལ་གྱི་རིགས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཚད་ལེན་དང་ཆོག་མཆན་ཐོབ་པའི་བཟའ་བཏུང་སོགས་ཟས་བཅུད་བཟང་བོ་སྟེ་ལུས་སེམས་ཀྱི་བདེ་ཐང་ལ་ཕན་ནུས་ཆེན་པོ་ཡོད་པའི་ཟས་རིགས་སྤྱོད་པའི་གོམས་གཤིས་བཟང་བོ་འདི་ཐོག་མར་ཁྱིམ་བདག  དེ་ནས་དགེ་རྒན་དང་བྱིས་པའི་སེམས་ལ་འཇགས་སུ་བཅུག་པ་ཡིན་ན། རང་གི་མི་རབས་རྗེས་མ་རྣམས་ལུས་ལ་ན་ཚ་བྲལ་ཞིང་སེམས་ལ་བདེ་བ་འཆར་བ། འཚོ་བ་སྐྱིད་པོ་འབྱུང་བ། ཀུན་ལ་ཕན་བདེ་བསྐྲུན་ཐུབ་པའི་འགྲོ་ལམ་ཡངས་པོ་ཞིག་ཏུ་འཕྲད་མར་བསྐྱོད་ཐུབ་པར་སྙམ་མོ།།