དུས་སྐབས་འདིར་ང་ཚོར་ཤིན་ཏུ་མཁོ་བའི་འཚོ་བའི་ཕྱོགས་སྟོན་ཞིག།
སྤེལ་དུས 2020-02-28
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།།
རྩོམ་པ་པོ།
དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་མཁན་ལ་ནད་དུག་བསྐྱར་ལོག་རྒྱག་སྲིད་དམ། ཕྲུ་གུ་སྨན་ཁང་ལ་སྨན་པ་བསྟེན་དུ་ཁྲིད་ན་ཉེན་ཁ་ཡོད་དམ། སྐྲ་བཞར་ཁང་ལ་འགྲོ་སྐབས་རང་སྲུང་གི་བྱེད་ཐབས་ག་འདྲ་སྤྱོད་དགོས་སམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉེ་ལམ་གྱི་ནད་དུག་འགོག་སྲུང་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ནང་དོན་དང་ཆེད་མཁས་པའི་འགྲེལ་བཤད་ལས་གནད་དོན་འདི་དག་གི་དྲིས་ལན་རྙེད་ཡོད་པ་གཤམ་གསལ།
——ཏོག་གསར་ནད་དུག་སངས་དྲག་བྱུང་སྟེ་སྨན་ཁང་ནས་ཐོན་མཁན་ལ་བསྐྱར་ལོག་རྒྱག་སྲིད་དམ།
སངས་དྲག་བྱུང་མཁན་ལ་བསྐྱར་ལོག་རྒྱག་པའི་སྲིད་ཕྱོད་ཧ་ཅང་ཆུང་། སྨན་ཁང་ནས་ཐོན་རྗེས་བརྟག་དཔྱད་བྱས་འབྲས་ད་དུང་གདགས་གཤིས་སུ་མངོན་ཚེ་དེ་ནི་ཚོད་ལྟའི་སྨན་ཆས་ཀྱི་བར་ཁྱད་ལས་བཟོས་པ་ཡིན་སྲིད་དེ། སངས་དྲག་བྱུང་མཁན་གྱི་ལུས་སུ་འགོག་གཟུགས་བྱུང་ཡོད་པས་ཡང་བསྐྱར་ནད་དུག་འགོ་བའི་སྲིད་ཕྱོད་ཧ་ཅང་ཆུང་།
——སྐྲ་བཞར་ཁང་ལ་འགྲོ་སྐབས་རང་སྲུང་གི་བྱེད་ཐབས་ག་འདྲ་སྤྱོད་དགོས་སམ།
ཐོག་མཐའ་བར་གསུམ་དུ་ཁ་རས་རྒྱག་དགོས་པ་དང་སྐྲ་བཞར་མཁན་དང་ཁ་བརྡ་བྱེད་རྒྱུ་མེད་ལ། སྐྲ་བཞར་མཁན་གཞན་པ་དང་བར་ཐག་སྨི་1.5ཡན་ཆོད་པར་བྱེད་པ་དང་། སྐྲ་བཞར་ཁང་གི་དངོས་པོར་རེག་ཚེ་དུས་ལྟར་ལག་པ་བཀྲུ་བ་དང་དུག་སེལ་བྱེད་དགོས།
——ཕྲུ་གུ་སྨན་ཁང་ལ་སྨན་པ་བསྟེན་དུ་ཁྲིད་ན་ཉེན་ཁ་ཡོད་དམ།
ཁྱིམ་བདག་ཚོས་མི་གཞན་པ་ལས་ནད་དུག་འགོས་ཁྱབ་འབྱུང་བར་སྐྲག་ནས་ཕྲུ་གུ་སྨན་ཁང་དུ་མི་སྐྱེལ་པ་ནི་ནོར་འཁྲུལ་ཡིན། ཕྲུ་གུ་དང་ལྷག་པར་དུ་ལོ་ན་ཕྲ་བའི་ཕྲུ་གུའི་ནད་དུས་ཡུན་ཐུང་ངུའི་ནང་འགྱུར་བ་ཆེན་པོ་འགྲོ་བ་ཡིན་པས། དུས་ལྟར་སྨན་ཁང་དུ་མ་བསྐྱལ་ཚེ་ནད་འཐུས་ཤོར་འགྲོ་ཉེན་ཆེ། སྨན་ཁང་དུ་འགྲོ་དུས་ཕྲུ་གུ་དང་ཁྱིམ་བདག་གཉིས་ཀྱིས་འགོག་སྲུང་ཡག་པོ་བྱེད་དགོས། ནད་ཚབས་ཆེན་མིན་ཚེ་མི་མང་བའི་དུས་སྐབས་གཡོལ་ནས་སྨན་པ་བསྟེན་ཆོག
——ཚོང་སྒོ་ཕྱེ་དང་འབྱེད་མུས་ཡིན་པའི་སྐབས་འདིར་ཚོང་ར་དག་ཏུ་འགོག་སྲུང་བྱ་བ་ཇི་ལྟར་སྒྲུབ་དགོས་སམ།
ཁང་པའི་ནང་གི་མཁའ་དབུགས་འཁོར་རྒྱུག་ཡག་པོ་ཡོང་བ་དང་། ཉིན་རེར་དུས་ལྟར་གཙང་སྒྲ་དང་དུག་སེལ་བྱེད་དགོས་ལ། ཐུག་མང་བའི་དངོས་པོའི་ཕྱི་དངོས་ལ་དུག་སེལ་ཐེངས་མང་པོ་བྱེད་དགོས། ཚོང་རའི་སྒོ་ཁར་ལུས་དྲོད་བཤེར་མཁན་ཡོད་དགོས་པ་དང་ཚོང་ཁང་དུ་མི་མང་གཅིག་འདུས་མི་འབྱུང་ཐབས་བྱེད་དགོས། ཚོང་གཉེར་བ་དང་སྐུ་མགྲོན་ཚང་མས་ཁ་རས་རྒྱག་པ་དང་ཁ་བརྡ་བྱེད་སྐབས་བར་ཐག་ངེས་ཅན་འཇོག་དགོས།
——གནས་ཡུལ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བའི་འོག་ཏུ་ཇི་ལྟར་དུག་སེལ་ཡང་དག་བྱེད་དགོས།
ལོགས་བཀར་སྨན་བཅོས་ཁུལ་དང་ནད་པའི་སྡོད་གནས་ལ་མགོ་མཇུག་གཉིས་གཙོས་དུས་ངེས་མེད་དུ་དུག་སེལ་བྱེད་དགོས། སྨན་ཁང་དང་གནམ་ཐང་། རླངས་འཁོར་ས་ཚིགས་སོགས་མི་མང་འདུ་འཛོམས་བྱེད་སའི་དངོས་པོ་དང་། སྒོའི་འཆིང་བཟུང་དང་གློག་སྐས་ཀྱི་མཐེབ་སྣོན་སོགས་ཐུག་རེག་བྱེད་མང་ས་དུག་སེལ་བྱེད་པའི་ཐེངས་གྲངས་ཇེ་མང་དུ་གཏོང་དགོས། ནད་རྙིགས་དང་བཤང་གཅི། བཙོག་ཆུ་བསྡུ་ཉར་དང་གནོད་མེད་ཐག་གཅོད་བྱེད་དགོས། ལག་པའི་གཙང་སྒྲ་དོ་དམ་ཡག་པོ་བྱེད་དགོས།
རྩོམ་སྒྲིག་པ།སྣང་རྡོར།