ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་མར་སྐར་མ་60ཡན་གྱི་སྦྱོང་ཚན་སྐུལ་ཆོག་གི་མི་འདུག

སྤེལ་དུས 2021-09-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་8ཚེས་30ཉིན་སློབ་གསོ་པུས《འོས་འགན་སློབ་གསོའི་སློབ་གྲྭའི་ཡིག་རྒྱུགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཡང་འཚོགས་ནས“གཉིས་གཅོག”(འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་ཁུར་པོ་ཡང་དུ་གཏོང་རྒྱུ)གི་སྲིད་ཇུས་ལ་སྔར་བས་སྐུལ་འདེད་བཏང་ཡོད།
          ཟླ་8ཚེས་31ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། “གཉིས་གཅོག”གི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་སློབ་ཕྱིའི་གསོ་སྦྱོང་བྱེད་སྟངས་ཚད་ལྡན་དུ་གཏོང་ཆེད། ཟླ་8ཚེས་7ཉིན་ནས་བཟུང་། རིག་ཚན་རིགས་ཀྱི་གསོ་སྦྱོང་ཁྱོན་ཡོངས་ནས་གནས་སྐབས་བྱེད་མཚམས་འཇོག་རྒྱུ་དང་། སྟོན་དུས་ཀྱི་སློབ་འགོ་ཚུགས་རྗེས་སློབ་གྲྭ་ཁག་གིས་སྦྱོང་ཚན་ཉུང་དུ་བཏང་ནས། སློབ་མའི་སྦྱོང་ཚན་མང་དྲགས་པའི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན། “དོ་དམ་རྣམ་གྲངས་ལྔ”ཁྱོན་ཡོངས་ནས་དོན་འཁྱོལ་དང་། སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་ལེགས་སུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད། གལ་ཏེ་སློབ་གྲྭས་ད་དུང་མུ་མཐུད་ནས་སློབ་མ་ཚོར་ཁྱིམ་སྦྱོང་འབོར་ཆེན་བཀོད་སྒྲིག་བྱེད་པ་དང་སློབ་ཕྱིའི་རིག་ཚན་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིས་མུ་མཐུད་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཁྱིམ་བདག་གིས་ཤེས་ཚེ། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ལ་ཐེར་འདོན་བྱེད་ཆོག

          ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་སྦྱོང་ཚན་ཉུང་དུ་བཏང་ནས་སློབ་མར་སྦྱོང་ཚན་མང་དྲགས་པའི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་ཞིང་། དེ་ཡང་སློབ་གྲྭ་འབྲིང་ཆུང་ཁག་ལ་སློབ་ཚན་གྱི་ཚད་གཞི་དང་། སློབ་ཁྲིད་ཀྱི་མྱུར་ཚད། སློབ་ཁྲིད་ཀྱི་ནང་དོན་བཅས་ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་པ། འོས་འཚམ་བཅས་ཀྱི་སྒོ་ནས་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་འདོན་པ་དང་། སྦྱོང་ཚན་སྐུལ་བའི་སྤུས་ཚད་མཐོ་རུ་གཏོང་བ། སྦྱོང་ཚན་འབྲི་བའི་དུས་ཚོད་ཚོད་འཛིན་བཅས་བྱས་ནས། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཁྱིམ་སྦྱོང་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་ལོ་རིམ་གཞན་དག་ལ་ཉིན་ལྟར་སྦྱོང་ཚན་འབྲི་བའི་དུས་ཚོད་ཆ་སྙོམས་སྐར་མ་60ལས་མི་བརྒལ་བ། དམའ་འབྲིང་ལ་ཉིན་ལྟར་སྦྱོང་ཚན་འབྲི་བའི་དུས་ཚོད་ཆ་སྙོམས་སྐར་མ་90ལས་མི་བརྒལ་བའི་འགན་ལེན་བྱ་རྒྱུ་ཡིན། སློབ་ཁྲིད་ཀྱི་ལྷུ་ཚིགས་ལྔ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཁྱིམ་བདག་དང་སློབ་གྲྭའི་དབར་གྱི་འབྲེལ་གཏུག་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། དགེ་རྒན་གྱིས་སྐད་འཕྲིན་དང་QQཚོགས་པ་སོགས་བརྒྱུད་ནས་ཁྱིམ་སྦྱོང་སྐུལ་མི་ཆོག་པ་དང་། ཁྱིམ་སྦྱོང་ཁྱིམ་བདག་ལ་སྐུལ་བའམ་ཡང་ན་རྣམ་པ་བསྒྱུར་ནས་སྐུལ་མི་ཆོག ད་དུང་ཁྱིམ་བདག་ལ་ཁྱིམ་སྦྱོང་ཞིབ་བཤེར་དང་བཅོས་རྒྱག་དགོས་པའི་བླང་བྱ་འདོན་མི་ཆོག

          འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན།《བརྡ་ཐོའི》ནང་ཡིག་རྒྱུགས་གཏོང་ཐེངས་ཉུང་དུ་ཆེས་ཆེར་གཏོང་རྒྱུ་ཡིན་ཞིང་། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་རྒྱུགས་མི་གཏོང་བ་དང་། འོས་འགན་སློབ་གསོའི་ལོ་རིམ་གཞན་དག་ལ་སློབ་གྲྭས་སློབ་དུས་རེར་སློབ་མཇུག་ཡིག་རྒྱུགས་ཐེངས་རེ་གཏོང་ཆོག དམའ་འབྲིང་ལོ་རིམ་གྱིས་རིག་ཚན་མི་འདྲ་བའི་དོན་དངོས་དང་བསྟུན་ཏེ་འོས་འཚམ་ངང་སློབ་དཀྱིལ་ཡིག་རྒྱུགས་ཐེངས་རེ་གཏོང་ཆོག ས་གནས་ཁག་གིས་སློབ་ཆུང་དང་དམའ་འབྲིང་གི་སློབ་ཐོན་ལོ་རིམ་མིན་པར་དམིགས་ཏེ་ས་ཁོངས་དང་སློབ་གྲྭ་མི་འདྲ་བའི་དབར་ལ་གཅིག་གྱུར་ཡིག་རྒྱུགས་གཏོང་མི་ཆོག་པ་དང་། སློབ་གྲྭ་དང་འཛིན་གྲྭས་གཟའ་འཁོར་རེའི་ཡིག་རྒྱུགས་དང་། ཟླ་རེའི་ཡིག་རྒྱུགས། ཚན་པ་རེའི་ཡིག་རྒྱུགས་སོགས་རིགས་ཁག་གི་ཡིག་རྒྱུགས་གཞན་དག་གཏོང་མི་ཆོག་ལ། ཚོད་རྒྱུགས་དང་། ཚོད་ལྟ། དུས་བཀག་སྦྱོང་བརྡར། སྦྱངས་འབྲས་བརྟག་ཞིབ་སོགས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ནས་ཡིག་རྒྱུགས་གཏོང་མི་ཆོག ཡིན་ནའང་ཡིག་རྒྱུགས་གཏོང་ཐེངས་ཉུང་དུ་ཆེས་ཆེར་གཏོང་བའི་བླང་བྱ་དེ་ཀྲུང་དབྱང་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་གཏན་འཁེལ་བྱས་པའི“གཉིས་གཅོག”ཚོད་ལྟ་ས་ཁུལ་དུ་སྔོན་ལ་ལག་བསྟར་བྱེད་དགོས།
          གཞན་ཡང་། སློབ་ཕྱིའི་གསོ་སྦྱོང་བྱེད་སྟངས་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་དུས་ཐོག་ཏུ་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་འགན་འཁུར་བའི་ཚོགས་འདུ་འཚོགས་ནས་རིམ་ཁག“གཉིས་གཅོག”གི་སྲིད་ཇུས་དང་བླང་བྱ་བརྒྱུད་བསྒྲགས་དང་བཀོད་སྒྲིག་བྱས་ཏེ་ཟླ་8ཚེས་7ཉིན་ནས་བཟུང་། སློབ་ཕྱིའི་དགའ་ཕྱོགས་ཟུར་ཁྲིད་འཛིན་གྲྭ་ཕུད། རིག་ཚན་རིགས་ཀྱི་གསོ་སྦྱོང་ཁྱོན་ཡོངས་ནས་གནས་སྐབས་མཚམས་འཇོག་བྱེད་དགོས་པ(རིག་ཚན་ནི་རྩིས་རིག་དང་། རྒྱ་ཡིག དབྱིན་ཡིག་སོགས་ལ་ཟེར)ཁ་གསལ་བཏོན་ཡོད། ཁོང་ཚོས་ད་དུང་ཆེད་དོན་ཞིབ་བཤེར་ཚོགས་ཆུང་6བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སློབ་ཁྲིད་བྱེད་མཚམས་བཞག་མིན་གྱི་གནས་ཚུལ་ལ་ཁྱོན་ཡོངས་དང་གྲིབ་ཆ་མེད་པའི་ཐོག་ནས་དངོས་སྡོད་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་འགྲེལ་བཤད་རྒྱག་པ་དང་ཁ་ཏ་བསླབ་བྱ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་ཁྲིད་བྱེད་མཚམས་འཇོག་པའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་54ཚང་མར་སློབ་ཁྲིད་བྱེད་མཚམས་འཇོག་ཏུ་བཅུག་ཡོད།
          དེ་མིན། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བརྟག་ཞིབ་རྒྱ་ཁྱབ་དང་ཕྱོགས་མང་གི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་ལས་དོན་གྱི་ལག་བསྟར་ཇུས་གཞི》འཆར་ཟིན་བཀོད་ནས་ལག་བསྟར་བྱ་རྒྱུ་དང་། སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་དེ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མར་ཁ་ཕྱོགས་རྒྱུ་དང་གཙོ་བོ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་དགོས་མཁོ་ཡོད་པའི་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་འགྲོ་སྦྱོང་སློབ་མར་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།