ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་གསོ་པུས་ཆ་འཕྲིན་གལ་ཆེན་ཁྱབ་བསྒྲགས་བྱས།

སྤེལ་དུས 2021-09-08 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
         སློབ་གསོ་པུའུ་དྲ་ཚིགས་ཀྱི་གནས་འཕྲིན་ལ་གཞིགས་ན། ཀྲུང་དབྱང་གི《འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ལས་བྱའི་ཁུར་པོ་དང་སློབ་གྲྭ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་གཏིང་ཟབ་བྱེད་ཆེད། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་སློབ་གྲྭ་ཕྱིའི་གསོ་སྦྱོང་དང་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་གསོ་སྦྱོང་རྒྱུ་ཆ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་པུས་ཉེ་ཆར《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་གསོ་སྦྱོང་རྒྱུ་ཆ་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《དོ་དམ་བྱ་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 
         《དོ་དམ་བྱ་ཐབས》ལས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་གསོ་སྦྱོང་རྒྱུ་ཆ་རྩོམ་སྒྲིག་ཞིབ་བཤེར་དང་འདེམས་སྤྱོད་ཐོ་འགོད་སྙན་སེང་ཞིབ་བཤེར་ལྟ་སྐུལ་སོགས་ལྷུ་ཚིགས་ཁག་དམ་འཛིན་བྱས་ནས་དོ་དམ་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གསོ་སྦྱོང་སྒྲིག་གཞི་རང་ཉིད་ཀྱིས་རྩོམ་སྒྲིག་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་པའི་དྲ་ཐོག་དང་དྲ་འོག་དང་། རིག་གཞུང་ཚན་ཁག་གི་རིགས། རིག་གཞུང་ཚན་ཁག་མིན་པའི་རིགས་བཅས་ཀྱི་གསོ་སྦྱོང་རྒྱུ་ཆ་ཚང་མར་ཕྱོགས་ཡོངས་ནས་ཚད་ལྡན་གྱི་བླང་བྱ་བཏོན་ཡོད། 
         གཅིག་ནས་དཔྱད་གཞིའི་ནང་དོན་རྩོམ་སྒྲིག་དང་ཞིབ་བཤེར་བྱེད་པའི་ཚད་གཞི་ཁ་གསལ་བཟོ་དགོས། གསོ་སྦྱོང་རྒྱུ་ཆའི་བསམ་བློའི་རང་བཞིན་དང་། ཚན་རིག་རང་བཞིན། འཚམ་མཐུན་རང་བཞིན་བཅས་ལ་བླང་བྱ་གསལ་པོ་བཏོན་པ་དང་ཚད་བརྒལ་སྔོན་བརྒལ་གྱི་གནད་དོན་ཐོན་མི་ཆོག་པར་ནན་བཤད་བྱས། ལྡོག་ཕྱོགས་ཀྱི་ཞིབ་ཐོ་དོན་ཚན་བཅུ་གཉིས་བཏོན་ནས་ཆབ་སྲིད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ་ལས་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཐོན་མི་ཆོག་པར་ནན་བཤད་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་ཡང་དག་འགན་ལེན་བྱེད་དགོས་པར་ནན་བཤད་བྱས་ཡོད། 
         གཉིས་ནས་འབྲེལ་ཡོད་མི་སྣའི་ཐོབ་ཐང་ཚད་གཞི་འཐུས་ཚང་དུ་གཏོང་དགོས། གསོ་སྦྱོང་དཔྱད་གཞི་རྩོམ་འབྲི་དང་ཞིབ་འཇུག་གསར་སྤེལ་མི་སྣས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་འབྲེལ་ཡོད་ལས་དོན་ལོ་3ཡན་བསྒྲུབས་ནས་བསམ་བློ་ཀུན་སྤྱོད་དང་སྤྱི་ཚོགས་གཟུགས་བརྙན་སོགས་བཟང་པོ་ལྡན་དགོས་པ་དང་། རིག་ཚན་རིགས་ཀྱི་མི་སྣར་བབ་མཚུངས་ཀྱི་དགེ་རྒན་གྱི་འོས་བབ་ལག་ཁྱེར་ཡོད་དགོས་པ་དང་རིག་ཚན་མིན་པའི་རིགས་ཀྱི་མི་སྣར་འབྲེལ་ཡོད་ལས་རིགས་ཀྱི་འོས་བབ་ལག་ཁྱེར་རམ་ཡང་ན་ཆེད་ལས་ནུས་པའི་ངོ་སྤྲོད་ཡོད་དགོས། ཞིབ་བཤེར་གཏན་འབེབས་བྱེད་མཁན་ལ་ད་དུང་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཅུང་མཐོ་བ་དང་འབྲེལ་ཡོད་ཀྱི་སློབ་གསོ་དང་སྦྱོང་བརྡར་གྱི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་པོ་ལྡན་དགོས། 
         གསུམ་ནས་ཞིབ་བཤེར་དང་གནད་འགག་དམ་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིབ་བཤེར་ཆོག་མཆན་འགོད་པའི་གསོ་སྦྱོང་ལས་ཁུངས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་ལས་ཀ་ཞིབ་ཕྲ་བྱེད་འགན་ཁུར་ནས་དྲ་ཐོག་དང་དྲ་འོག་དང་། རིག་གཞུང་ཚན་ཁག་གི་རིགས། རིག་གཞུང་ཚན་ཁག་མིན་པའི་རིགས་བཅས་ཀྱི་གསོ་སྦྱོང་རྒྱུ་ཆ་རིགས་དབྱེ་དོ་དམ་བྱ་དགོས། རིག་ཚན་རིགས་ཀྱི་གསོ་སྦྱོང་དཔྱད་གཞིའི་ཡིག་རིགས་ལ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ནང་ཁུལ་གྱི་ཞིབ་བཤེར་གཏན་འབེབས་དང་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ཕྱི་ཕྱོགས་ཀྱི་ཞིབ་བཤེར་གཏན་འབེབས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གཉིས་ཀར་ཞིབ་བཤེར་གཏན་འབེབས་བྱེད་པ། དེའི་ནང་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཞིབ་དཔྱད་བྱེད་སྐབས། དྲ་ཐོག་དང་དེ་བཞིན་དྲ་འོག་གསོ་སྦྱོང་གི་ལྟོས་བཅས་གཏན་འཇགས་རྣམ་པའི་རྨང་གཞིའི་རང་བཞིན་གྱི་དཔྱད་གཞིའི་རྒྱུ་ཆ་ལ་ཁྱོན་ཡོངས་ནས་ཞིབ་དཔྱད་བྱས་ཏེ་དཔྱད་ཡིག་མཛོད་དང་བརྙན་ལམ་སོགས་རྣམ་པའི་ཐོག་ནས་ཉར་ཚགས་བྱས་པའི་གསོ་སྦྱོང་རྒྱུ་ཆར་ཟུར་བཤེར་བྱེད་དགོས་པ་རེད། རིག་ཚན་མིན་པའི་གསོ་སྦྱོང་རྒྱུ་ཆ་དེ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ནང་ཁུལ་དུ་ཞིབ་དཔྱད་བྱས་པའི་རྨང་གཞིའི་ཐོག་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་དེ་མཚུངས་ཀྱི་གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཟུར་བཤེར་དང་སྐོར་ཞིབ་བྱེད་དགོས། གསོ་སྦྱོང་རྒྱུ་ཆར་སྒྲིག་འགལ་གྱི་གནས་ཚུལ་ཐོན་ཚེ་གསོ་སྦྱོང་སྒྲིག་གཞིས་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱེད་པ་དང་འབྲེལ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་པའམ་ཡང་ན་ཞིབ་བཤེར་ཐག་གཅོད་བྱེད་དགོས། 
         《དོ་དམ་བྱ་ཐབས》བཏོན་པ་དེས་གསོ་སྦྱོང་སྒྲིག་གཞིས་རང་བཤེར་དང་གསོ་སྦྱོང་བྱ་སྤྱོད་ཚད་ལྡན་ཡོང་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དེས་གསོ་སྦྱོང་རྒྱུ་ཆའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་ཕན་པ་དང་སློབ་གསོའི་ཁོར་ཡུག་བཟང་པོ་མགྱོགས་མྱུར་གཏོད་རྒྱུར་ཕན་པ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།