ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ནམ་དུས་འདིར་ཆམ་པ་བརྒྱབ་ན་བཅོས་ཐབས་འདི་རུ་ཡོད།

སྤེལ་དུས 2021-10-21 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

           ནམ་དུས་སྟོན་ཁ་ནི་དྲོད་གྲང་སྙོམས་པོ་མེད་པའི་དུས་ཤིག་རེད། དེར་བརྟེན་ཟས་སྤྱོད་ལུགས་དང་མ་མཐུན་ན་མི་རྣམས་ལ་ཆམ་པ་ཕོག་སླ་པོ་ཡོད། དེས་མ་ཚད། གཟུགས་པོ་དེ་ཙམ་ཡག་པོ་མེད་མཁན་ཚོ་ནད་གཞི་ཕོག་ན། ལམ་སེང་སྨན་ཤུགས་ཆེན་པོ་སྤྱད་ནས་མགྱོགས་པོ་དྲག་སྐྱེད་ཡོང་ཐབས་བྱེད་ཀྱི་ཡོད། 
           བོད་ལུགས་གསོ་རིག་གི་གཞུང་ལུགས་ལྟར་ན། ཆམ་པར་དབྱེ་བ་གྲེ་ཆམ་དང་། གློ་ཆམ། རིམས་ཆམ། སྣ་ཆམ་བཅས་ཁག་བཞི་ཡོད།
           གྲེ་ཆམ་གྱི་ནད་རྟགས། ཐོག་མར་གྲེ་བ་དང་། རྐན། མཚུལ་པ་ཚ། བར་དུ་སྣ་ཆུ་འཛག་ཅིང་སྣ་ཁུག་འགག  མཐའ་མ་སྦྲིད་པ་མང་པོ་བསྟུད་འོང་ཞེས་བརྗོད། དེའི་འགོག་བཅོས་ནི་ཁ་ཟས་རྙིང་པ་དང་། རུལ་བ། སྤྱོད་ལམ་མེ་ཉི་སོགས་དྲོད་ཚད་ཆེ་བ་དང་དྲག་ཤུལ་གྱི་ལས་སོགས་སྤང་རྒྱུ་དང་། ཆུ་ཁོལ་མང་དུ་བསྟེན་དགོས་གསུངས།
           གློ་ཆམ་གྱི་ནད་རྟགས། ཐོག་མར་གྲེ་བ་ཚ་ཞིང་སྐད་འཛེར། བར་དུ་གློ་མང་ལ་ལུ་བ་དང་མགོ་དང་བྲང་རྒྱབ་ན། མཐའ་མ་ལུད་པ་རྣག་ཏུ་ལུ་ཞིང་བཅོས་མ་ཐུབ་ན་གློ་གཅོང་དུ་འགྱུར་ཉེན་ཡོད་ཅེས་བརྗོད། གློ་ཆམ་གྱི་བཅོས་ཐབས་སུ། ཨ་རུ་རྡོག་གཅིག་ཁ་རུ་མུར་བ་དང་། སྲོ་ལོ་གསུམ་ཐང་དང་། ལི་ཤི་དྲུག་པ་སོགས་བསྟེན། མཇུག་ཏུ་ཆམ་རྒན་ལ་གྱུར་ནས་ལུད་པ་མ་ཆོད་ན། ག་བུར་ཉེར་ལྔ་བསྟེན་ཏེ་ཚ་བ་གཏིང་ནས་བཏོན་རྗེས། བུར་དཀར་སོགས་ཀྱིས་གློ་རླུང་གསོ་དགོས་ཞེས་སོ།
           རིམས་ཆམ། རིམས་ཆམ་ཕོག་པའི་ནད་པར་འབྲེལ་ཐུག་བྱས་པ་ལས་ན་ཞིང་། མགོ་དང་། ཚིགས་གཞི། རོ་སྟོད། བརླ་སྐེད་སོགས་བརྡུང་པ་ལྟར་ན། ཁ་ཁ། གྲང་ཤུར་བྱེད། དང་ག་མི་བདེ། རྨི་ལམ་ཟ་ཟི་མང་བ་སོགས་ཀྱི་ནད་རྟགས་འབྱུང་ཞེས་དང་། དེའི་འགོག་བཅོས་ནི་ཁ་ཟས་ཉུང་བར་བྱ་ཞེས་ལྟོ་སྟོང་ལ་སྐབས་ཤིག་གནས་ཐབས་བྱ། ཆུ་སྐོལ་མང་དུ་བཏུང་། ནོར་བུ་བདུན་ཐང་དང་འཕྲུལ་ཐང་སོགས་བཏང་ནས་རྔུལ་ཆུ་འདོན། ཚ་བ་སྨིན་ནས་རིམས་ཆམ་གྱི་གཉེན་པོ་དངོས་སྟེན་དགོས། དྲག་ཤུལ་གྱི་ལས་དང་ཟས་བཅུད་ཅན་ཐལ་དྲགས་མི་ཉན་པའོ།
           སྣ་ཆམ་གྱི་ནད་རྟགས། སྣ་དང་མཚུལ་པ་ཚ་ཞིང་གཡའ་བ་དང་། སྣ་ཆུ་ཡང་ཡང་འབྱུང་བ་སོགས་ཀྱི་ནད་རྟགས་འབྱུང་ཞེས་བརྗོད། དེའི་བཅོས་ཐབས་སུ། ཡོས་བརྔོས་པའི་རླངས་པ་སྣ་ནས་བདུག་དགོས་པ་དང་། ཆུ་ཁོལ་དང་། ཕྱེ་མའི་ཐུག་པ། ཞོ་དར་སོགས་བསྟེན་ཅིང་། དྲག་ཤུལ་དང་། ཉིན་མོའི་གཉིད། ཁ་ཟས་དྲོད་བཅུད་བཅས་སྤང་བར་བྱའོ་ཞེས་གསུངས་སོ།
རྩོམ་སྒྲིག་པ། སྣང་རྡོར།