གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རེབ་གོང་ཐེ་བུའི་ཀླུ་རོལ་སྐོར་མདོར་གླེང་།

སྤེལ་དུས 2018-09-11 ཡོང་ཁུངས། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག རྩོམ་པ་པོ། ས་དཀྱིལ་སངས་རྒྱས་ཚེ་རིང་།
          རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་འདི་ནི་གནའ་བོའི་དུས་ནས་བཟུང་བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་ཅིང་།   རིག་གནས་སྒྱུ་རྩལ་གྱི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གཡོ་བའི་ཡུལ་གྲུ་གལ་ཆེན་ཞིག་ཡིན།   ཁྱད་པར་དུ་“དྲུག་པའི་ཀླུ་རོལ་”ཞེས་པའི་དམངས་སྲོལ་འདི་ལ་ཡུལ་འདིའི་བོད་རིགས་མང་ཚོགས་རྒན་གཞོན་དར་གསུམ་ཀུན་གྱིས་དགའ་བསུ་དང་བརྩི་མཐོང་ཆེན་པོ་བྱེད་ཅིང་།   ཁ་དཔེར།   དྲུག་པའི་ཀླུ་རོལ་མ་གཏོགས་གོས་མི་གྱོན།   །རྒྱ་ལོའི་ཚེས་གཅིག་མ་གཏོགས་ཟས་མི་ཟ།   །ཞེས་བཤད་སྲོལ་ད་ལྟའི་བར་དུ་གནས་ཡོད།   ཀླུ་རོལ་འདི་ལ་བོད་རིགས་མང་ཚོགས་རྣམས་ཀྱིས་དགའ་ཞེན་བྱེད་པ་འདི་ལས་ང་ཚོས་ཀླུ་རོལ་གྱི་རིག་གནས་སྣང་ཚུལ་འདིའི་དངོས་ཡོད་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་དོན་སྙིང་རགས་ཙམ་རྟོགས་ཐུབ་ལ།   ལོ་རེའི་དབྱར་ཟླ་དྲུག་པའི་ཀླུ་རོལ་གྱི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་དང་།   དམངས་སྲོལ་རིག་པ་མཁས་ཅན།   ལོ་རྒྱུས་རིག་པ་སྨྲ་བ་བརྒྱ་ཕྲག་མང་པོ་རེབ་གོང་གི་ཡུལ་འདིར་ཕེབས་ཏེ་སྡེ་པ་སོ་སོའི་ཀླུ་རོལ་གྱི་ཁྱད་ཆོས་དང་རྣམ་པ།   གར་གྱི་ཉམས་འགྱུར་དང་སྟངས་སྟབས་སོགས་ལ་ཞིབ་འཇུག་དང་གདེང་འཇོག་མི་དམན་པ་གནང་དང་གནང་བཞིན་འདུག      དེ་བས་རེབ་གོང་ས་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མར་བརྒྱུད་སྤེལ་གྱི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་རིག་གནས་འདི་མ་ཉམས་གོང་སྤེལ་དང་།   ཉམས་པ་སོར་ཆུད་བྱ་རྒྱུ་ནི་དུས་ནམ་ཡང་མི་རིགས་རང་ཉིད་ཀྱི་རིག་གནས་སྒྱུ་རྩལ་གྱི་ཚེ་སྲོག་གི་རྒྱུན་ཇེ་རིང་དང་།   རྨང་ཇེ་བརྟན་དུ་གཏོང་བའི་ཐབས་དམ་པ་ཞིག་ཏུ་འཁུམས་པས།   ཁོ་བོས་ཀྱང་དེའི་ཕྱོགས་ཀྱི་དགེ་མཚན་གང་མང་ལ་དམིགས་ནས་ཐེ་བུ་སྡེ་པའི་ཀླུ་རོལ་གྱི་སྐོར་ལ་རང་བློས་དཔོག་ཚོད་ཀྱིས་རགས་ཙམ་གླེང་ཁུལ་བའོ།   །                                    
 
          དང་པོ།  ཐེ་བུ་སྡེ་པའི་སྡེ་མིང་ཐོགས་ཚུལ།  དེ་ཡང《བཀའ་གདམས་གླེགས་བམ་》ལས།   “མི་ནི་ཆོས་ལ་དད་པ་དང་།   །ལྷ་ནི་དཀར་ཕྱོགས་སྐྱོང་བ་དང་།   །ས་ལ་དགེ་བཅུ་ཚང་བ་ཡི།   །གསེར་གྱི་ལྗོངས་ཞེས་ཡོངས་སུ་གྲགས།   །”ཞེས་བྱུང་བ་ལྟར།   ཐེ་བུ་སྡེ་པ་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཆེས་ཆེར་དར་ཞིང་།   ས་ལ་དགེ་བཅུ་①ཚང་བའི་རེབ་གོང་གསེར་མོ་ལྗོངས་ཀྱི་གྲོང་ཁྱེར་གྱི་དཀྱིལ་དབུས་ཏེ་རོང་བོ་དགུ་ཆུའི་②ཤར་རྒྱུད་དུ་ཆགས་ཡོད།   ཡུལ་མིའི་ངག་རྒྱུན་དུ།   གནམ་ན་སྐར་མ་སྨེ་བདུན།   །ས་ན་རོང་བོ་སྡེ་བདུན།   །ཞེས་གྲགས་པའི་རེབ་གོང་རོང་བོ་སྡེ་བདུན་③ལས་སྲིབ་མཐའི་སྡེ་པ་གསུམ་དུ་འབོད་པའི་ཡ་གྱལ་ཞིག་ཡིན།      སྡེ་མིང་ཐོགས་ཚུལ་གྱི་ངོས་ནས་བརྗོད་ན་བཤད་རྒྱུན་མི་འདྲ་བ་འགའ་ཡོད་དེ།   “(༡)ཡུལ་མིའི་ངག་སྒྲོས་ལ།   རེབ་གོང་ཕ་རོང་བོ་ཚང་ནས་ཆད་པར་བཤད་ཅིང་།   ཐེ་ཞེས་པ་ནི་ཁོངས་སུ་གཏོགས་པའམ་འདུས་པའི་དོན་ལ་འཇུག    བུ་ནི་ཆུང་ངུའི་དོན་ཏེ།   དཔལ་ལྡན་ས་སྐྱའི་ལྷ་རྗེ་བྲག་སྣ་བའི་④རིགས་ཀྱི་རྒྱུད་དེ་ཕ་རོང་བོ་ཚང་གི་ཁོངས་སུ་གཏོགས་པས་ན་ཐེ་ཞེས་པ་དང་།   དང་ཐོག་ཚོགས་ཁག་ཆུང་ངུའམ་ཉུང་ངུ་ཞིག་ས་འདིར་འདུས་སྡོད་བྱས་པས་ན་དེ་སྐད་དུ་གྲགས་ཞེས་ཡི་གེའི་ནང་དོན་གྱི་མིང་ཐོགས་པར་བཤད།   (༢)མཛོད་དགེའི་སྨད་པའི་ལྷོར།   ཐེ་བོ་ཞེས་སྨུག་པོ་ལྡོང་གི་རིགས་ཀྱི་བོད་སྡེ་ཆེན་པོ་ཞིག་ཡོད་པ་དེ་ལས་མི་ཁག་ཅིག་འདིར་འོངས་ནས་རོང་འབྲོག་གཉིས་སུ་གྱེས།   འབྲོག་རུ་ནི་ཨ་བར་ཐེ་བུ་སྲིབ་སྡེར་འབོད་པ་དེ་ཡིན་ཟེར་”⑤ཞེས་བྱུང་།   (༣)མགར་སྟོན་དམ་པ་ཆོས་ལྡིངས་ཀྱི་ནུ་བོ་མགར་ཨ་བོ་དམ་པ་དང་མགར་ཐེ་བུ་སྟོང་བཙན་གཉིས་ཀྱིས་ཀྱཱ་ས་མགར་རྩེ་ནས་གཞི་བཟུང་བ་ལ(དེང་གི་རེབ་གོང་མགར་རྩེ་ཞང་ཨ་བར་དང་ཐེ་བུ་གཉིས་ཡིན)།   མགར་ཐེ་བུ་རོང་འབྲོག་གཉིས་སུ་གྱེས་པའི་རོང་བོ་དེ་ད་ལྟ་རོང་བོ་སྡེ་བདུན་གྱི་ཡ་གྱལ་ཐེ་བུ་སྡེ་པ་འདི་ཡིན་པར་བཤད།   (༤)གཞན་ཡང་དུས་རབས་བཅུ་པའི་སྟོད་ཙམ་ལ་ཀན་ལྷོ་ཁུལ་ཐེ་བོ་རྫོང་མཐེ་ཇུ་བྲག་སྒམ་སྡེ་བཞི་ལས་རྐྱེན་དབང་གིས་ཨ་མྱེས་དབང་ཆེན་རྒྱལ་སྐུ་མཆེད་གཉིས་སྡེ་དེ་ནས་ཁ་གྱེས་ཏེ་ཡུལ་རེབ་གོང་གི་ད་ལྟའི་ཀྱཱ་ས་མགར་རྩེ་རུ་འོངས་ནས་གཞིས་ཆགས།   ཁོང་གི་སྤུན་ཆུང་བའི་འདོད་མོས་ལྟར་ད་ལྟའི་ཐེ་བུ་ན་གཞི་ཆགས་པའི་བཤད་ཚུལ་འདུག   རེབ་གོང་གི་འབྲེལ་ཡོད་ལོ་རྒྱུས་ཡོངས་གྲགས་སུ་ཕ་རོང་བོ་ཚང་གི་ཁོངས་གཏོགས་ཡིན་པའི་བརྗོད་ཚུལ་འདི་དང་།   མཛོད་དགེ་ཐེ་བོ་ཞེས་སྨུག་པོ་ལྡོང་གི་རིགས་ཀྱི་བོད་སྡེ་ཆེན་པོ་ལས་ཆད་པའི་བཤད་ཚུལ་འདི་གཉིས་ཅུང་གཙིགས་ཆེན་ཏུ་འཛིན་པ་ཡིན།     སྡེ་པ་འདི་ནི་ཚ་རྒྱ་ཚོ་པ་དང་།   ལ་ཁ་ཚོ་པ།   སྒར་པ་ཚོ་པ་བཅས་གསུམ་གྱིས་གྲུབ་ཅིང་།   ད་ལྟ་ཕལ་ཆེར་དུད་ཁྱིམ་བརྒྱ་ལྷག་ཡོད།   གནའ་དུས་ནས་སྐྱེས་ཆེན་དམ་པ་བྱོན་པ་ནི།   དགེ་རིང་བླ་མ་དང་།   མཁན་པོ་འཇམ་དབྱངས།   བྱང་རྩེ་མཁན་པོ་ཏ་ལ།   ལ་ཁ་ཨ་ལགས།   མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་ཕྲེང་གཅིག བསེ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་སོགས་སྐྱེས་ཆེན་མང་པོ་བྱོན་མྱོང་། 
          གཉིས་པ།   གཞི་བདག་བསྟེན་ཚུལ།    
          ༡.ཨ་མྱེས་གཉན་ཆེན་ཀྱི་ཆ་བྱད་སྐོར།     ཐེ་བུ་སྡེ་པ་བསྟེན་པའི་གཞི་བདག་གཙོ་བོ་ནི་ཨ་མྱེས་གཉན་ཆེན་ཡིན་ལ།   གཞན་ད་དུང་མ་མ་དང་སྲས་མཆོག་བཅས་ཀྱང་བསྟེན་པ་ཡིན།   ཐེ་བུ་སྡེ་པའི་དམག་དཔོན་ཁང་གི་དཀྱིལ་དབུས་སུ་ལྷ་གཉན་ཆེན་པོ་ཕོ་བ་རོག་དང་།   དེའི་གཡས་ཕྱོགས་སུ་སྲས་མཆོག གཡོན་དུ་མ་མ་བཅས་བཞུགས་ཡོད།   དེ་ཡང་གཉན་ཆེན་གྱི་ཆ་བྱད་ནི《ཨ་མྱེས་གཉན་ཆེན་གྱི་བསྐང་གསོ་》ལྟར་ན།   ཁོང་གི་སྐུ་མདོག་ནི་སྨུག་ནག་ཅིང་གཏུམ་ལ་རྔམས་པའི་ཆས་དང་ལྡན་པ།   རླུང་གི་ཤུགས་ཅན་རྐྱང་བུ་ཁ་དཀར་ལ་བཅིབས་ཤིང་།   ཕྱག་གཡས་སུ་རལ་གྲིས་སྲོག་རྩ་གཅོད་པའི་ཆ་བྱད་དང་།   ཕྱག་གཡོན་དུ་སྦྲུལ་ནག་ཞགས་པ་དགྲ་ལ་འདེབས་པའི་ཚུལ་ཅན་དུ་སྤྲུལ་ཏེ།   འབངས་སུ་འཁོར་གཉན་མ་མ་སྲས་གཉན་ལ་སོགས་པའི་དྲག་རྩལ་ཅན་འབུམ་གྱིས་མཐའ་བསྐོར་ནས་བཞུགས་ཡོད་ཅིང་།   ཁོང་གི་གནས་རི་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་གཙོས་གྲོང་ཁྱེར་དང་ཀ་ཆུའི་མཐའ་མཚམས་ཏེ་རྒྱ་སྐད་དུ་“太子山”ཞེས་པའི་རི་བོ་དེ་ཡིན་པར་གྲགས།     ༢.ཨ་མྱེས་གཉན་ཆེན་གྱི་གསོལ་མཆོད་སྐོར།   ལོ་རེ་རེའི་དབྱར་ཟླ་དྲུག་པའི་ཀླུ་རོལ་གྱི་སྐབས་སུ་ཐེ་བུ་སྡེ་མི་ཐམས་ཅད་ཀྱིས་ལྷ་གསོལ་བསང་གཏོང་རྒྱ་ཆེན་པོ་བྱས་ཏེ་ཨ་མྱེས་གཉན་ཆེན་ཁོང་ལ་འཕྲིན་ལས་བཅོལ་བ་ནི་འབྲེལ་ཡོད་བསངས་མཆོད་ལས།   “ཀྱེ།   དཔལ་ཆེན་རྡོ་རྗེ་འཛིན་པའི་ལྷ་ཚོགས་དང་།   །དབྱེར་མེད་བདུད་མགོ་ཏྲཀཱར་ནག་པོ་ཆེ།   །དེ་ཡི་ཐུགས་སྤྲུལ་ལྷ་གཉན་མཐུ་རྩལ་ཅན།   །འཁོར་ཚོགས་དང་བཅས་གནས་འདིར་མྱུར་དུ་གཤེགས།   །ཁྲག་ཆང་རཀྟའི་མཆོད་ཡོན་མཚོ་ལྟར་འཁྱིལ།   །དབང་པོའི་མེ་ཏོག་གསུར་ཆེན་དུད་སྤྲིན་འཁྲིགས།   །ཞིན་ཆེན་སྣང་སྲིད་བདུད་རྩི་ཁྲག་གི་ཚབ།   །ཤ་དང་རུས་པའི་ཞལ་ཟས་ཡིད་འོང་སྒྲ།   །བཞེས་ལ་བདག་དང་སྦྱིན་བདག་ཡོན་མཆོད་ཀྱིས།   །རྟག་རྒྱུན་དུས་ཀྱིས་བསངས་གཏོང་ཚགས་པ་སོགས།   །ཉེས་འགལ་གནོད་པ་ཅི་མཆིས་བཟོད་པར་མཛོད།   །ལྷ་གཉན་མཐུ་ལྡན་མྱུར་མགྱོགས་མཐུ་རྩལ་ཅན།   །བཀའ་སྡོད་ཡུལ་སྲས་འཁོར་བཅས་བདག་ལ་དགོངས།   །ཡུལ་ཕྱོགས་སྡེ་འདིའི་ནང་ལ་མི་མཐུན་པས།   །ལོག་པར་སྤྱོད་དང་སྡང་བའི་དགྲ་སྲིད་ན།   །སྣང་སྲིད་ཡོངས་ཀྱི་རྗེ་བོ་འཁོར་བཅས་ཀྱིས།   །འཇིགས་རུང་མི་ཟད་སྲིན་པོའི་གཟུགས་བསྟན་ནས།   །ལྟས་ངན་ཉེར་འཚེ་ཆོ་འཕྲུལ་རྣམ་པ་དགུ།   གདོན་དང་རིམས་ནད་ལ་སོགས་མྱུར་ཐོངས་ལ།   །ཁ་ནས་ཁྲག་དང་ངག་ནས་སྐད་ངན་སྒྲོགས།   །ཚ་གྲང་དམྱལ་འཇིགས་སྟོན་ལ་མྱུར་དུ་སྒྲོལ།   །ཁྱད་པར་ཕྱོགས་འདིའི་མི་ནོར་ཕྱུགས་གསུམ་ལ།   །དམ་སྲི་འགོང་བོ་ཁ་སྨྲས་ངན་པ་སོགས།   །བྱད་ཕུར་ཆོམས་རྐུན་རིམས་ནད་གོད་ཁ་དང་།   །མི་འདོད་རྐྱེན་ངན་བར་ཆད་ཞི་གྱུར་ཅིག།   གནམ་ལྕགས་ཐོག་ལྟར་མྱུར་བའི་ལྷ་ཁྱེད་ལ།   །ཤུགས་དྲག་དད་པའི་བདག་ཅག་འཁོར་བཅས་རྣམས།   །ཆུ་ལ་ཉ་བཞིན་འགྲོགས་ནས་ཉིན་གསུམ་དུ།   །མཚན་གསུམ་བྱ་ར་མཛད་ནས་ལས་བཞིན་སྒྲུབས།   །མདོར་ན་འཇིག་རྟེན་སྤྱི་དང་ཡུལ་སྡེ་འདིའི།   །རིགས་རྒྱུད་འཕེལ་ཞིང་བསམ་དོན་འགྲུབ་པ་དང་།   །ཡ་རབས་དམ་པའི་ལུགས་སྲོལ་བཟང་པོ་ཡིས།   །རྫོགས་ལྡན་དུས་ཀྱིས་དཔལ་ལ་སྤྱོད་གྱུར་ཅིག།   ལྷག་བསམ་དག་པའི་ཚུལ་འདིར་བརྩོན་པ་དང་།   །ཚངས་དང་དབང་པོའི་འཇིག་རྟེན་སྐྱོང་བ་དང་།   །ལྷ་གཉན་ཆེན་པོ་ལ་སོགས་སྲུང་མས་ཀྱང་།   །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག།   ”⑥ཅེས་བྱུང་བ་དང་།   ཐེ་བུ་སྡེ་པའི་གཉན་ཆེན་གྱི་བསང་མཆོད་བསྡུས་གསལ་མར།   “སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ཀྱི།   །བཀའ་གཉེན་དྲག་ལྡན་གཉན་ཆེན་ཀུན་གྱི་གཙོ།   །མདོ་སྨད་ཤར་ཕྱོགས་སྲུང་ཞིང་སྐྱོང་བྱེད་པའི།   །གཉན་ཆེན་ཕོ་བ་རོག་གོ་འཁོར་བཅས་བསངས།   །ཡུམ་ཆེན་མ་མ་སྲས་དང་བཅས་པ་བསངས།   །བཀའ་འཁོར་ས་བདག་ལྷ་ཀླུ་འཁོར་བཅས་བསངས།   །བསང་ངོ་བསང་མཆོད་རྒྱ་ཆེན་འདི་བཞེས་ལ།   །མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་སྩོལ།   །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད།   །རྐང་གཉིས་མི་ལ་ན་ཚ་མ་གཏོང་ཞིག།   རྐང་བཞི་ཕྱུགས་ལ་གོད་ཁ་མ་གཏོང་ཞིག།   ཕྱོགས་བཞིའི་དགྲ་སྣ་གྱོད་སྣ་བཟློག་ཏུ་གསོལ།   །ནད་རྣམས་ཡམས་ནད་རིམས་ནད་བཟློག་ཏུ་གསོལ།   །ཁྱེད་ལ་གཉེར་གཏད་འཕྲིན་ལས་བཅོལ་བ་ནི།   །ནག་པོའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག།   སློབ་དཔོན་པདྨའི་ཐ་ཚིག་དགོངས་མཛད་པ།   །འཕྲིན་ལས་རྣམ་བཞིའི་གང་བཅོལ་མྱུར་འགྲུབ་མཛོད།   །”ཅེས་པ་ལས་ཨ་མྱེས་གཉན་ཆེན་ཁོང་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་བསྒོས་ལྟར་ཡུལ་མདོ་སྨད་ཀྱི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཀླུ་བདུད་ནག་པོའི་ཁ་གནོན་དང་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་ཆེད་དུ་ཕེབས་པ་ཞིག་ཡིན་པར་མངོན།     གཞན་ཡང་ཐེ་བུ་སྡེ་པའི་དམངས་ཁྲོད་འདོན་ཆ་རུ།   ཧཱུཾ།   གཉན་ཆེན་ཕོ་བ་རོག་གོ་འཁོར་བཅས་ཀྱི།   །ཐུགས་དང་འགལ་བར་བགྱིས་པ་ལས་རྣམས་ཀུན།   །སྙིང་ནས་གཤེགས་སོ་འཕྲུལ་གྱི་དངོས་གྲུབ་རྣམས།   །ད་ལྟ་ཉིད་དུ་བདག་ལ་བསྩལ་ཏུ་གསོལ།   །ཧཱུཾ།   ས་དང་བར་སྣང་བཀང་བའི་རོལ་མོ་བཅས།   །སྣ་ཚོགས་སྤྱན་གཟིགས་མཆོད་པའི་སྤྲིན་ཕུང་གིས།   །དྲག་ལྡན་ཕོ་བ་རོག་པའི་ཐུགས་དམ་བསྐང་།   །གསང་ཡུམ་མ་མ་སྲས་མཆོག་ཐུགས་དམ་བསྐང་།   །སྤྲུལ་འཁོར་བཀའ་གཉེན་བློན་པོའི་ཐུགས་དམ་བསྐང་།   །ཐུགས་དམ་བསྐང་ངོ་བཅོལ་བའི་འཕྲིན་ལས་མཛོད།   །”ཅེས་པ་ནི་ཀླུ་རོལ་གྱི་དུས་སྟོན་དང་ཉིན་རྒྱུན་གྱི་ལྷ་གསོལ་བསང་གཏོང་གི་སྐབས་སུ་ཐེ་བུ་སྡེ་མི་ཀུན་གྱིས་ལྷ་གཉན་ཆེན་པོ་གཉན་ཆེན་ཕོ་བ་རོག་ལ་ལྷ་བསང་ཤུག་པ་ལ་སོགས་པའི་བསང་རྫས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པས་མཆོད་འབུལ་རྒྱ་ཆེན་པོ་བྱེད་ཅིང་།   དུས་མཚུངས་སུ་ཞིང་ལ་ལོ་ལེགས་འབྱུང་བ་དང་།   མི་ནད་ཕྱུགས་ནད་ཀྱི་གོད་ཁ་བཟློག་པ།   ཚེ་བསོད་དབང་ཐང་རྒྱས་པར་རང་སྡེའི་གཞི་བདག་མཐུ་བོ་ཆེ་རྣམས་ལ་མགོན་སྐྱོབ་གནང་དགོས་པའི་སྐྱབས་འཇུག་གང་ལེགས་ཞུ་བ་ཡིན། 
          གསུམ་པ།   ཀླུ་རོལ་གྱི་འཁྲབ་ཆས་སྐོར། 
          ཀླུ་རོལ་གྱི་རྒྱན་གོས་དང་།   རྩེད་ཆས།   མཆོད་ཆས་སོགས་ནི་ཀླུ་རོལ་གྱི་སྐབས་སུ་ངེས་པར་དུ་འཛོམས་དགོས་ལ།   དེ་དག་ནི་ཀླུ་རོལ་གྱི་རྩེད་མོ་འདི་བདེ་ལེགས་ངང་འཁྲབ་སྟོན་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།   དེ་ཡང་འཁྲབ་ཆས་སྐོར་ནས་བརྗོད་ན་འདི་ལྟར།    ༡.རྒྱན་གོས་སྐོར།     ཀླུ་རོལ་གྱི་སྐབས་སུ་རྩེད་མཁན་རྣམས་ཀྱིས་གཟབ་འཆོར་གང་ལེགས་སྤྲས་པ་ནི་དབྱར་ཟླ་དྲུག་པའི་ཀླུ་རོལ་གྱི་དུས་སྟོན་འདིའི་ཁྱད་ཆོས་གཙོ་བོ་ཞིག་ཡིན།   ཀླུ་རོལ་སྐབས་ཀྱི་འཕྱོར་ལྭ་ནི་རེབ་གོང་བོད་མི་རྣམས་ཀྱི་དུས་རྒྱུན་གྱི་བོད་ལྭ་དང་བསྡུར་ན་ཁྱད་པར་ཅུང་ཆེ་སྟེ།   སྐྱེས་པ་ཚོའི་ལུས་ལ་ཕྲུག་ལྭ་དང་རས་ལྭ་གྱོན་པ།   སྟོད་གོས་ལ་ནང་ལྭ་ཁ་འདྲིས་ཅན་དང་།   མགོར་ལག་ཕྱིས་སྟེང་དུ་ཅ་ལ་ནག་པོ་དཀྲི་བ།   རྐང་པར་བོད་ལུགས་ཀྱི་ཀོ་ལྷམ་སྣ་འཁྱིལ་ཡུ་རིང་ཅན་གྱོན་པ།   སྐེ་ལ་གའུ་དང་ཁ་དོག་མི་འདྲ་བའི་རས་གཞི་ཡུག་མོ་གཉིས་ཐུར་དུ་དཔྱངས་ཤིང་དེ་ལ་རེབ་གོང་ཡུལ་དུ་དར་དཔྱངས་ཟེར་བ་འདོགས་པ་བཅས་ཡིན།   རྐང་པར་བོད་ལུགས་ཀོ་ལྷམ་སྣ་འཁྱིལ་ཡུ་རིང་ཅན་གྱོན་ནས་ཉྭ་རིལ་བསྡམས་ཡོད་པ་དེ་ནི་གནའ་བོའི་བོད་དམག་གི་རྟགས་མཚན་དུ་མངོན་ཞིང་།   རྐང་པའི་ཉྭ་རིལ་བསྡམས་ན་ས་ཐག་རིང་པོར་འགྲོ་ཐུབ་པར་མ་ཟད།   འགྲོ་མཁན་དེ་ཉིད་བསྟུད་མར་ཉིན་འགའ་ས་ཐག་རིང་པོར་ཕྱིན་ཡང་ངལ་དུབ་མི་འབྱུང་བའི་བཤད་སྲོལ་མཆིས།     སྐྱེས་མ་ཚོའི་ལུས་ལ་ཕྲུག་ལྭ་དང་རས་ལྭ།   གོས་ལྭ་སོགས་གང་རུང་གྱོན་ཞིང་།   ནང་ལྭར་གོས་ལྭ་ཁ་འདྲིས་ཅན་གྱོན་པ།   སྐེ་དང་རྣ་འགྲམ་གཡས་གཡོན་དུ་བྱུ་རུ་དམར་པོ་འདོགས་པ།   མགོ་ལ་སྐྲའི་ལན་བུ་ཆུང་ཆུང་མང་པོ་བསླས་ཏེ་མ་གདན་འདོགས་པ།   མ་གདན་གྱི་སྟེང་དུ་བྱུ་རུའི་ཕྲ་བརྒྱབ་ཡོད་པའི་དངུལ་སྒྲོག་དྲུག་ནས་དགུ་སྟར་ཕྲེང་བསྒྲིགས་ནས་འདོགས་ཤིང་།   མ་གདན་ཐོག་གི་རི་མོ་ལ་དར་སྐུད་ཀྱིས་འཇའ་ཚོན་སྣ་ལྔའི་རི་མོ་མང་པོ་བཀོད་ཡོད།   ཀླུ་རོལ་སྐབས་ཀྱི་བུ་མོ་གཞོན་ནུ་མ་དག་གི་རྒྱན་གོས་དང་སྐྲ་བསླས་སྟངས་ནི་རེབ་གོང་གནས་འགྲོ་བུ་མོའི་རྒྱན་སྤྲས་སྲོལ་དང་ཆ་འདྲ་པོ་འདུག   མ་གདན་གྱི་སྟེང་དུ་དངུལ་སྒྲོག་དྲུག་ནས་དགུ་འདོགས་པ་འདི་ནི་བོད་ཀྱི་གནའ་བོའི་ལུགས་སྲོལ་ཞིག་མཚོན་པ་ཞིག་སྟེ།   དངུལ་སྒྲོག་དྲུག་འདོགས་པའི་སྲོལ་ནི་རང་གི་མ་ཕྱོགས་ཀྱི་གཉེན་ཉེ་མི་རབས་དྲུག་གི་ནང་དུ་ཕན་ཚུན་གཉེན་གྱི་འབྲེལ་བ་མི་འཛུགས་པ་མཚོན་ཞིང་།   དངུལ་སྒྲོག་དགུ་འདོགས་པ་ནི་རང་གི་ཕའི་ཕྱོགས་ཀྱི་གཉེན་ཉེ་མི་རབས་དགུའི་ནང་དུ་གཉེན་གྱི་འབྲེལ་བ་མི་བྱེད་པའི་སྲོལ་མཚོན་པས།   ལུགས་སྲོལ་འདི་ནི་དེང་གི་ཚན་རིག་གི་ལྟ་བ་དང་ཤིན་ཏུ་མཐུན་པ་ཞིག་གོ།     ༢.རྩེད་ཆས་སྐོར།     རྩེད་ཆས་ཀྱི་སྐོར་ལ་གཙོ་བོ་གཞི་བདག་གི་ཞལ་ཐང་དང་།   སྟག་སེང་ཁྱུང་འབྲུག་དང་བཀྲ་ཤིས་ཁྲ་དར་སོགས་རུ་དར་གྱི་སྐོར།   མདའ་མདུང་གྲི་གསུམ་སོགས་དམག་ཆས་ཀྱི་སྐོར།   ལྷ་རྔ།   འཁར་རྔ།   ཁ་བཏགས།   བེར་ཀ     གདོང་འབག གླིང་བུ།   དུང་དཀར།   རྭ་མོ།   མེ་ཏོག་སོགས་ཡོད་ལ།   ཀླུ་རོལ་སྐབས་སུ་སྟག་སེང་ཁྱུང་འབྲུག་གི་རུ་དར་སྣ་ཚོགས་དམག་དཔོན་ཁང་གི་ཕྱོགས་བཞིར་བསྒྲེངས་པ་དང་།   རྩེད་མོ་བ་དག་གིས་རྩེད་དར་བྱེད་པ་འདི་དག་ནི་གནའ་བོའི་བོད་དམག་གི་རྟགས་མཚན་འཁྲུལ་མེད་ཅིག་ཡིན་པར་བཤད།   མཁས་དབང་དགེ་ཆོས་ལགས་ཀྱི་《དེབ་དཀར་》ལས།   ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ།   དེ་ཡང་ཐོག་མར་དམག་རྟགས་སུ་མངོན་ལ།   རྗེས་སོར་ཆོས་ཀྱི་ལས་སུ་སོང་བས།   སྟོད་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས།   སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་།   སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་ཡོད་པར་གསུངས་ཤིང་།   སྟག་སེང་ཁྱུང་འབྲུག་གི་རུ་དར་བྱེད་པའི་སྲོལ་ནི་“གནའ་དུས་ནས་བོད་ཀྱི་སྐུ་མཁར་དང་།   ཡང་ན་བོད་དམག་སྡོད་སའི་རུ་སྒར་ལ་ཁ་དོག་མི་གཅིག་པའི་དར་གྱིས་བརྒྱན་པའི་གདུང་འཛུགས་སྲོལ་ཡོད་པ་ལས་གཞན།   ད་ལྟ་རྒྱལ་མཚན་རྩེ་མོའི་དར་ལྕོག་སྟེང་སྟག་སེང་ཁྱུང་འབྲུག་འཇོག་པ་དེ་ཡང་།   སྲོང་བཙན་གྱི་དུས་སུ་བོད་ཡུལ་སྟོད་སྨད་བར་གསུམ་ལ་རུ་བཞིར་བགོས་དུས།   དབུ་རུ་ལ་རུ་དར་དམར་པོ་ལྕེ་ཁྲ་དང་དཔའ་དར་དམར་པོ།   གཡོ་རུ་ལ་རུ་དར་སེང་གེ་དམར་པོ་དང་དར་དཀར་སྙིང་ནག རུ་ལག་ལ་རུ་དར་སེང་དཀར་གནམ་འཕྱོ་དང་དཔའ་དར་ནག་པོ།   གཡས་རུ་ལ་རུ་དར་དར་ནག་སྙིང་དཀར་བྱ་ཁྱུང་བྲིས་དང་སྐྱོར་ར་གོང་ཁྲ་བྱེད་པ་དེའོ་”⑦ཞེས་བྱུང་ངོ་།  །     ༣.མཆོད་ཆས་སྐོར།     མཆོད་ཆས་ཀྱི་སྐོར་ནི་གཙོ་བོ་ཀླུ་རོལ་གྱི་ལྷ་གསོལ་བསང་གཏོང་གི་སྐབས་སུ་བེད་སྤྱོད་གཏོང་བ་ཞིག་ཡིན།   དེ་ལ་དཀར་བསང་དང་དམར་བསང་བཅས་རིགས་གཉིས་ཡོད་ཅིང་།   ཀླུ་རོལ་ལྷ་གསོལ་བསང་གཏོང་གི་སྐབས་སུ་དཀར་བསང་གཙོ་བོར་འཛིན་པ་ལས་དམར་བསང་རྒྱ་ཆེན་མི་བྱེད།   དེ་ཡང་དཀར་བསང་གི་རིགས་གཙོ་བོ་ཐང་ཤུག་དང་།   ཤུག་པ།   བ་ལུ་མཁན་དཀར།   གསེར་སྐྱེམས།   ཇ་ཕུད།   ཆང་ཕུད།   ཞོ་ཕུད།   འོ་ཕུད།   མར་ཕུད།   ཇ་བག    བསང་རྫས་རིལ་བུ།   ཕྱེ་རྩི།   ཤེ་ཚུ།   མེ་ཏོག་སྣ་ཚོགས།   དར་གོས་སྣ་ཚོགས།   ཁ་བཏགས།   རླུང་རྟ།   གླུད་གཏོ།   དཀར་གཏོར།   མཆོད་མེ།   སིལ་ཏོག་སྣ་ཚོགས་སོགས་ཡོད།   དམར་བསང་ལ་ར་་ལུག་གསོན་པོར་མཆོད་པ་དང་།   ར་མའི་སྙིང་ཤའི་མཆོད་པ་སོགས་ཡོད་མོད།   ནང་བསྟན་གྱི་ཤུགས་རྐྱེན་གྱིས་རིམ་བཞིན་ཉམས་དམས་སུ་འགྲོ་བཞིན་འདུག
          བཞི་པ།   ཀླུ་རོལ་གྱི་མཛད་སྒོ་དངོས། 
          ཐེ་བུ་སྡེ་པའི་ཀླུ་རོལ་ནི་དབྱར་ཟླ་དྲུག་པའི་ཚེས་ཉི་ཤུ་ནས་ཚེས་ཉེར་ལྔའི་བར་ཡིན་ལ།   སྤྱིར་རེབ་གོང་ཀླུ་རོལ་ལ་རིགས་ཀྱི་སྒོ་ནས་གཙོ་ཆེ་བ་གསུམ་དུ་དབྱེ་ཡོད་པ་ལས་ཐེ་བུ་སྡེ་པའི་ཀླུ་རོལ་ནི་ལྷ་རྩེད་ཀྱི་ཁོངས་སུ་གཏོགས་པར་བཤད།   དེ་ཡང་ཀླུ་རོལ་གྱི་རྩེད་མོའི་གོ་རིམ་རེ་རེ་བཞིན་ཞིབ་ཏུ་བརྗོད་ན་འདི་ལྟར།     ༡.ཀླུ་རོལ་གྱི་ཚེས་ཐོག་མའི་སྔོན་འགྲོ།     (ཀ)ལྷ་ཆུ་ཁ།     དབྱར་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་དྲུག་པ་ཙམ་གྱི་སྟེང་དུ་ཐེ་བུ་སྡེ་པའི་ཕོ་སྐྱེས་ཐམས་ཅད་རང་སྡེའི་དམག་དཔོན་ཁང་དུ་འཛོམས་ནས་ལྷ་གཉན་མཐུ་བོ་ཆེ་རྣམས་ལ་བསང་མཆོད་གཏོང་ཞོར།   དུང་འབུད་པ།   རྔ་བརྡུང་བ།   ཀི་བསྲོ་སྒྲོག་པ་སོགས་མཆོད་འབུལ་རྒྱ་ཆེན་པོ་བྱས་པ་དང་ཆབས་ཅིག རང་སྡེས་བསྟེན་པའི་ཨ་མྱེས་གཉན་ཆེན་ཁོང་སྐུ་དངོས་སུ་ལྷ་པའི་ལུས་ཁོག་ཏུ་ཞུགས་པར་བྱེད་ཅིང་།   དེ་ནས་དམག་དཔོན་ཁང་ནས་ཕོ་སྐྱེས་རྣམས་“བེ་ཧའི་གར་”སྐོར་བ་གསུམ་བརྩེས་རྗེས།   ལྷ་པས་སྣེ་ཁྲིད་འོག་ཕོ་སྐྱེས་རྣམས་ཀྱི་ལག་ཏུ་རང་སྡེའི་གཙོ་བསྟེན་གྱི་གཞི་བདག་སྟེ་ཨ་མྱེས་གཉན་ཆེན་གྱི་ཞལ་ཐང་དང་།   སྟག་སེང་ཁྱུང་འབྲུག་གི་རུ་དར་སྣ་ཚོགས།   མདའ་མདུང་གྲི་གསུམ་གྱི་མཚོན་ཆ་སོགས་ཐོགས་པ་དང་།   གཞོན་ནུ་སྟོབས་ཆེན་བཞིས་ཨ་མྱེས་གཉན་ཆེན་གྱི་སྐུ་རྟེན་བཞུགས་པའི་ལྷ་སྒམ་ཁུར་ནས་འཁར་རྔ་དང་ལྷ་རྔ་རྡུང་བའི་སྒྲའི་འདེགས་འཇོག་དང་བསྟུན་ཏེ་གནམ་ལྡིང་ས་ལྡིང་གིས་སྡེ་འདབས་ཀྱི་རོང་བོ་དགུ་ཆུའི་འགྲམ་དུ་འགྲོ་བ་ཡིན།   དེ་ནས་དགུ་ཆུའི་འགྲམ་ངོགས་སུ་ཆུ་མིག་(ད་ལྟ་ཆུ་མིག་དེ་སྐམ་ཟིན་)ཅིག་ཡོད་པ་དེའི་མདུན་དུ་བསང་གཏོང་རྒྱ་ཆེ་བ་ཞིག་ཕུལ་ནས་ཀླུ་འབོད་གཏོང་བ་དང་།   ཀླུ་རོལ་གྱི་རྩེད་ཆས་རྣམས་ལ་ཆུ་བྱུགས་ནས་གཙང་མར་བཟོ་བ།   རྩེད་མོ་བ་རྣམས་ཀྱིས་རང་ལུས་བཀྲུས་ཏེ་ཕན་ཚུན་ཆུ་རྩེད་བྱེད་པ།   ལྷ་སྒམ་སྟེང་དུ་ལྕང་མའི་ཡལ་ག་མང་པོ་བཀལ་ནས་ཕྱིར་དམག་དཔོན་ཁང་དུ་འགྲོ་བ་ནི་ཚེས་ཉི་ཤུ་ཉིན་གྱི་ལྷ་ཆུ་ཁའི་མཆོད་པ་དངོས་ཡིན་ལ།   འདི་ནི་ཀླུ་རོལ་གྱི་རྩེད་མོ་འདི་བདེ་ལེགས་ངང་འཁྲབ་པར་ངེས་པར་དུ་བརྒྱུད་དགོས་པའི་སྔོན་འགྲོའི་ཆོ་ག་ཞིག་ཡིན།   ལྷ་ཆུ་ཁའི་ཉིན་གྱི་རྩེད་མོའི་བྱེད་སྒོ་འདི་ལ་ནང་དོན་འདི་འདྲ་ཞིག་ལྡན་ཡོད་དེ།   གཅིག     ལྷ་(འཇིག་རྟེན་པའི་ལྷ་)མི་ལྷན་འཛོམས་ཀྱིས་ཁྲུས་བྱས་ན་སྡེ་མི་ཀུན་གྱི་ཚེ་བསོད་རྒྱས་པ་དང་།   བསམ་དོན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་འགྲིག་པ།   མི་འདོད་པའི་ནད་ཡམས་སོགས་མི་འབྱུང་བར་བཤད་པའི་སྲོལ་མཚོན་པ།   གཉིས།   ཉིན་འདི་ནི་སྡེ་འདིའི་གཞི་བདག་མཐུ་བོ་ཆེ་རྣམས་གཙོ་བས་ལྷ་སྲིན་སྡེ་བརྒྱད་⑧སོགས་འཇིག་རྟེན་པའི་ལྷ་གཞན་དག་རྣམས་ཁྲུས་གསོལ་དུ་ཕེབས་པའི་ཉིན་མོ་ཡིན་པར་བཤད་པ།   གསུམ།   ལྷ་པས་ཀླུའི་རྒྱལ་པོ་དང་རྒྱལ་མོ་སོགས་ཀླུ་རིགས་ཡོད་དོ་ཅོག་ལ་ཀླུ་འབོད་བཏང་ནས་ཆར་ཆུ་དུས་སུ་བབས་པར་གསོལ་བ་དང་།   ལོ་ཆུ་རྟག་ཏུ་ལེགས་པ།   ནོར་ཕྱུགས་ཀྱི་གོད་ཁ་བཟློག་པར་བྱེད་པའི་་ནང་དོན་ཇི་སྙེད་ཅིག་ལྡན་ནོ།   །     (ཁ)ལྷ་ཆང་ཁ     ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་ཙམ་གྱི་སྟེང་དུ་ཐེ་བུ་སྡེ་པའི་ཕོ་སྐྱེས་ཐམས་ཅད་ཀྱིས་དམག་དཔོན་ཁང་ནས་ལྷ་བསང་རྒྱ་ཆེ་བ་ཞིག་བཏང་སྟེ་དུང་འབུད་པ་དང་།   འཁར་རྔ་དང་ལྷ་རྔ་བརྡུང་བ།   རང་སྡེས་བསྟེན་པའི་གཞི་བདག་མཐུ་བོ་ཆེ་རྣམས་ལ་གསེར་སྐྱེམས་དང་།   སྙན་ཤལ།   ཁ་བཏགས།   མེ་ཏོག་སོགས་ཕུལ་ནས་བསམ་དོན་ཡིད་བཞིན་འགྲུབ་པའི་སྐྱབས་འཇུག་དང་རེ་འབོད་བྱེད་པ་ཡིན།   དེ་ནས་ལྷ་པའི་བཀོད་འདོམས་ལྟར་ཕོ་སྐྱེས་ཚང་མས་ཀླུ་རོལ་གྱི་རྩེད་ཆས་རྣམས་ལག་ཏུ་ཐོགས་ཏེ་“བེ་ཧའི་གར་”མཆོད་ལ་འགྲོ་བ་དང་།   གཞོན་ནུ་སྟོབས་པོ་ཆེ་དག་གིས་རང་སྡེའི་གཞི་བདག་གི་སྐུ་རྟེན་བཞུགས་པའི་ལྷ་སྒམ་གཉིས་པོ་ཁུར་ནས་ཐོག་མར་སྡེ་པའི་ནང་གི་བླ་མ་དང་སྐྱེས་མཆོག་དམ་པ་འཁྲུངས་མྱོང་བའི་དུད་ཁྱིམ་ལ་ཕྱིན་ཏེ་ལྷ་རྩེད་བྱེད་པ་དང་།   དེའི་རྗེས་སུ་ལྷ་པའི་ལྷ་རྒྱུད་ཡོད་པའི་དུད་ཁྱིམ་ནས་ལྷ་ཆང་ཁའི་ཆོ་ག་སྤེལ་རྗེས།   རང་སྡེའི་དུད་ཁྱིམ་གཞན་དག་ནས་རིམ་པ་བཞིན་གཞི་བདག་གི་སྐུ་རྟེན་བཞུགས་པའི་ལྷ་སྒམ་གདན་འདྲེན་ཞུ་བ་ཡིན།   ལྷ་སྒམ་གདན་འདྲེན་ཞུ་བའི་སྐབས་སུ་དུད་ཁྱིམ་སོ་སོ་ནས་རང་ཁྱིམ་གྱི་མཆོད་ཁང་གི་མདུན་དུ་བལ་གདན་དཀར་པོ་ཞིག་བཏིང་སྟེ།   དེའི་མདུན་དུ་ཤིང་གི་སྒྲོག་ཙེ་ཞིག་བཞག་ཡོད་པ་དེའི་སྟེང་དུ་དཀར་གཏོར་དང་།   གསེར་སྐྱེམས།   ཇ་ཕུད།   དཀར་གསུམ།   སྦྱར་སྤོས།   མཆོད་མེ།   མེ་ཏོག་སྣ་ཚོགས།   སིལ་ཏོག མར་རྩམ།   སྙན་དར་སྣ་ཚོགས(ཁ་དོག་སེར་པོ་མི་འབུལ་བའི་སྲོལ་ཡོད)།   ཁ་བཏགས་སོགས་མཆོད་འབུལ་རྒྱ་ཆེན་པོ་བསྒྲིགས་ནས་རང་སྡེའི་གཞི་བདག་རྣམས་རང་ཁྱིམ་དུ་སྟ་གོན་གང་ལེགས་བྱེད་པ་ཡིན།   གཞི་བདག་གི་སྐུ་རྟེན་རང་ཁྱིམ་དུ་ཕེབས་མ་ཐག་ཁྱིམ་དེའི་ཕོ་སྐྱེས་ཞིག་གིས་ཐོག་མར་ལྷ་བསང་གཏོང་བ་དང་།   ཁྱིམ་མི་ཡོངས་ཀྱིས་གུས་ཕྱག་གསུམ་རེ་འཚལ་ནས་ཉིན་མཚན་ཀུན་ཏུ་ལྷ་གཉན་མཐུ་བོ་ཆེ་དག་གིས་མགོན་སྐྱོབ་མཛོད་པར་སྐྱབས་འཇུག་ཞུ་ཞིང་།   ལྷ་གཉན་མཐུ་བོ་ཆེ་རྣམས་ལ་སྙན་ཤལ་(དར་གོས་)སོགས་སྒོར་མོའི་འབུལ་བའང་ཁྱིམ་ཚང་རང་རང་གི་ཡོད་ཚོད་དང་འཛོམས་ཚོད་ཀྱིས་འབུལ་བ་(དངུལ་ལོར་འབུལ་བ་འདི་དག་ཀླུ་རོལ་སྐབས་ཀྱི་འགྲོ་གྲོན་དུ་བེད་སྤྱོད་བྱེད།)ལས་སྡེ་པས་མཐའ་གཅིག་ཏུ་གཏན་འཁེལ་བྱས་མེད།   ཉིན་འདིར་དུད་ཁྱིམ་རང་ཉིད་ལ་གལ་ཆེ་བའི་དོན་དག་གང་འདྲ་ཞིག་ཡོད་རུང་ལྷ་པ་ལ་ཞུ་འབུལ་བྱས་ཆོག ལྷ་པས་དུད་ཁྱིམ་དེའི་ཁྱིམ་མི་ཀུན་ལ་དགྲ་བགེགས་བར་ཆད་འབྱུང་བའི་ཕྱོགས་ལ་དོ་སྣང་དང་ཡིད་འཇོག་བྱེད་དགོས་པ་སོགས་གསུངས་པ་ནི་ལྷ་ཆང་ཁའི་ཉིན་གྱི་བྱེད་སྒོ་ཡིན།     ལྷ་ཆང་ཁའི་ཉིན་གྱི་བྱེད་སྒོ་འདིའི་ནང་དོན་གྱི་ཆ་ནས་བརྗོད་ན།   གཅིག      ལྷ་གཉན་མཐུ་བོ་ཆེ་དག་རང་སྡེའི་དུད་ཁྱིམ་རེ་རེར་མགྲོན་དུ་ཕེབས་ནས་གསོལ་མཆོད་རྒྱ་ཆེན་བཞེས་པའི་ཚུལ་འདིས་དུད་ཁྱིམ་འདི་ལ་ཟས་ནོར་ལོངས་སྤྱོད་སོགས་འཕེལ་བའི་རྟེན་འབྲེལ་མཚོན་པ།   གཉིས།   ཁྱིམ་དེའི་དགྲ་བགེགས་བར་ཆད་སོགས་འབྱུང་བར་བྱེད་པའི་མ་རུང་བའི་དགྲ་རྣམས་བཟློག་པར་བྱེད་ཅིང་།   ཉིན་མཚན་ཀུན་ཏུ་ལྷ་གཉན་མཐུ་བོ་ཆེ་དག་གིས་སྡེ་མི་རྣམས་ལ་མགོན་སྐྱོབ་མཛོད་པའི་རེ་བཅོལ་མཚོན་པ།   གསུམ།   བཟང་པོ་ལ་གཟེངས་བསྟོད་དང་ངན་པ་ལ་སྐྱོན་བརྗོད་གནང་སྟེ།   མི་མཐུན་པ་རྣམས་མཐུན་པར་བྱས་ནས་སྡེ་མི་ཕན་ཚུན་དུས་རྟག་ཏུ་མཐུན་སྦྱོར་ཡོང་བར་བྱེད་པའི་དགེ་བའི་སྲོལ་མཚོན་པ།   བཞི་པ།   གཞོན་སྐྱེས་ཀྱི་བཟའ་ཟླ་བྱིས་པ་མེད་པ་རྣམས་ལ་ལྷའི་མཐུ་སྟོབས་ཀྱིས་བུ་དང་བུ་མོའི་དངོས་གྲུབ་གནང་བར་བྱེད་པའི་བཤད་སྲོལ་མཚོན་པ་བཅས་སོ།   །     ༢.ཚེས་ཉེར་གཉིས་ཉིན་གྱི་བྱེད་སྒོ།     ཚེས་ཉེར་གཉིས་ཀྱི་སྔ་དྲོར་ཐེ་བུ་སྡེ་པའི་ཕོ་སྐྱེས་རྣམས་ཀྱིས་རང་སྡེའི་དམག་དཔོན་ཁང་ནས་བསང་མཆོད་རྒྱ་ཆེན་པོ་བྱས་ཏེ་“བེ་ཧའི་གར་”གྱི་མཆོད་པ་ལན་གསུམ་བྱས་རྗེས།   ལྷ་པས་སྣེ་ཁྲིད་པའི་འོག་ཏུ་འཁར་རྔ་དང་ལྷ་རྔ་བརྡུང་ཞོར་དུ་ཧོར་རྒྱ་སྡེ་པའི་ཀླུ་རོལ་དུ་འགྲོ་བ་ཡིན།   ཧོར་རྒྱའི་ལྷ་པ་དང་སྡེ་མི་ཀུན་གྱིས་ཀྱང་ཐེ་བུ་སྡེ་མི་ཀུན་ཀླུ་རོལ་ལ་ཕེབས་པར་སྔ་མོ་ནས་སྔོན་བསུ་བྱེད་པའི་གྲ་སྒྲིག་བྱས་ཏེ་རང་སྡེའི་མཁར་སྒོ་ན་སྒུག་སྡོད་ཅིང་།   དེ་ནས་འཁར་རྔ་དང་ལྷ་རྔ་ཆོམ་བརྡུང་གི་སྒྲ་དང་བསྟུན་ནས་ཕྱོགས་གཉིས་ཀྱི་ལྷ་པས་ལྷ་ངོ་ཕན་ཚུན་འཕྲད་པར་དགའ་བ་འབུམ་གྱིས་མྱོས་པའི་ཚུལ་གྱིས་ལུས་ཀྱི་ཉམས་འགྱུར་དང་རྐང་པའི་སྟངས་སྟབས་སྣ་ཚོགས་སྒྱུར་བཞིན་གུས་འདུད་ཀྱིས་ཕན་ཚུན་ལ་ཁ་བཏགས་འབུལ་རེས་བྱེད་ཅིང་།   ཧོར་རྒྱའི་དམག་དཔོན་ཁང་ནས་ཐོག་མར་ལྷ་བསང་རྒྱ་ཆེན་བཏང་སྟེ་ཐེ་བུ་སྡེ་མི་ཀུན་གྱིས་ཀླུ་རོལ་གྱི་རྩེད་མོ་འཁྲབ་པ་ཡིན།   ཉིན་གུང་གི་དུས་སུ་ཐེ་བུ་སྡེ་མི་ཀུན་ཕྱིར་རང་སྡེར་ལོག་པ་དང་།   ཕྱི་དྲོར་སྡེ་མི་ཐམས་ཅད་ཀྱིས་ཀླུ་རོལ་གྱི་གཟབ་མཆོར་སྤྲས་ཏེ་རང་སྡེའི་དམག་དཔོན་ཁང་ནས་ཀླུ་རོལ་གྱི་རྩེད་མོའི་རྣམ་གྲངས་ཆ་ཚང་བ་ཞིག་རྩེ་བ་ནི་ཚེས་ཉེར་གཉིས་ཉིན་གྱི་ཐེ་བུ་སྡེ་པའི་ཀླུ་རོལ་གྱི་བྱེད་སྒོ་ཡིན།   ཉིན་མོ་འདི་ལ་ཧོར་རྒྱ་སྡེ་པར་འགྲོ་བ་འདི་ནི་ཕྱོགས་གཉིས་ཀྱི་སྡེ་པས་བསྟེན་པའི་གཞི་བདག་གཅིག་མཚུངས་ཡིན་པའི་ཆ་ནས་དྲུག་པའི་ཀླུ་རོལ་གྱི་སྐབས་སུ་ཕན་ཚུན་འགྲོ་འོང་བྱེད་པའི་སྲོལ་ཡིན་ཞེས་བཤད་སྲོལ་འདུག     ༣.ཚེས་ཉེར་གསུམ་ཉིན་གྱི་ཀླུ་རོལ་ཆེན་མོ། །     ཚེས་ཉེར་གསུམ་ཉིན་ནི་ཐེ་བུ་སྡེ་པའི་ཀླུ་རོལ་ཆེན་མོ་ཡིན་པས།   ཉིན་དེར་ཐེ་བུ་སྡེ་པའི་ལྷ་པ་དང་སྡེ་མི་ཚང་མས་ས་དཀྱིལ་སྡེ་པ་དང་།   སོག་རུ།   ཧོར་རྒྱ།   རོང་བོ་སོགས་སྡེ་པ་སོ་སོ་ནས་འོངས་པའི་ལྷ་པ་དང་སྡེ་མི་དག་ལ་དམག་དཔོན་ཁང་ནས་ཀླུ་རོལ་གྱི་མགྲོན་བསུ་གང་ལེགས་བྱེད་ཅིང་།   ལྷ་པ་ཕན་ཚུན་བར་འཚམས་འདྲིའི་ཚུལ་དུ་ཁ་བཏགས་འབུལ་རེས་བྱས་ཏེ་ལྷ་རྩེད་སོགས་རྩེད་མོ་སྣ་ཚོགས་འཁྲབ་པ་ཡིན།   ཉིན་དེར་ཐེ་བུ་སྡེ་མི་དག་གིས་རང་སྡེའི་དམག་དཔོན་ཁང་ནས་ཀླུ་རོལ་གྱི་རྩེད་མོ་ཆ་ཚང་བ་ཞིག་རྩེ་དགོས་པ་ཞིབ་ཏུ་བཀོད་ན་འདི་ལྟར།        (ཀ)བེ་ཧའི་གར།     བེ་ཧའི་གར་ནི་རེབ་གོང་ཀླུ་རོལ་སྤྱི་ལ་མངའ་བའི་ཐུན་མོང་གི་ཁྱད་ཆོས་ཤིག་སྟེ།   རེབ་གོང་གི་སྡེ་པ་གང་ཞིག་ཡིན་རུང་སྡེ་པ་དེའི་ཀླུ་རོལ་གྱི་འགོ་མཇུག་བར་གསུམ་དུ་གནས་ཡོད་པས།   ཀླུ་རོལ་གྱི་རྩེད་མོ་སྤྱིའི་གཙོ་སྙིང་གི་ནུས་པ་ཐོན་ཡོད།   ཐེ་བུ་སྡེ་པའི་ཕོ་སྐྱེས་རྣམས་ལོ་ཚོད་ཆེ་ཆུང་གི་རིམ་པ་ལྟར་བསྒྲིགས་ནས་གར་གྱི་འགོ་འཁྲིད་མཁན་ཐོག་མ་གཉིས་ཀྱི་ལག་ཏུ་ཨ་མྱེས་གཉན་ཆེན་དང་།   ཨ་མྱེས་སྟག་ལུང་གི་ཞལ་ཐང་རེ་ཐོགས་ཤིང་།   གཞན་རྣམས་ཀྱི་ལག་ཏུ་འཁར་རྔ་དང་།   ལྷ་རྔ་།   མདའ་གྲི་མདུང་གསུམ།   སྟག་སེང་ཁྱུང་འབྲུག་གི་རུ་དར་སྣ་ཚོགས།   དབྱུག་པ།   རྐང་ཤིང་སོགས་བཟུང་སྟེ་གར་པ་དག་གིས་མགྲིན་དབྱངས་གཅིག་པའི་སྒོ་ནས་“བེ་ཧ་”ཞེས་སྒྲོག་བཞིན་འཁར་རྔའི་སྒྲ་གདངས་དང་མཐུན་པའི་སྒོ་ནས་སྐོར་བ་གཡས་སྐོར་གྱིས་རྩེ་བ་ཡིན།   བེ་ཧའི་གར་འདི་རྩེ་དུས་གོམ་པ་ཡར་འདེགས་མར་འཇོག་གི་སྟངས་སྟབས་ཅུང་དལ་ལ།   གར་པ་དག་གིས་ཕྱོགས་བཞིའི་རེ་རེ་ནས་དད་གུས་ཀྱིས་ལུས་སྟོད་ཅུང་སྒུར་ཙམ་བྱེད་པའི་སྒོ་ནས་རྩེ་བ་ཡིན།   གར་འདི་གཙོ་བོ་རང་སྡེས་བསྟེན་པའི་ལྷ་གཉན་མཐུ་བོ་ཆེ་དག་གཙོ་བྱས་ཕྱོགས་བཞིའི་ལྷ་ཀླུ་གཉན་གསུམ་ཀུན་དྲུག་པའི་ལྷ་ཟླ་དཀར་པོར་ལྟད་མོར་ཕེབས་ནས་ཐུགས་དགྱེས་པའི་ཆེད་དུ་གུས་ཕྱག་བྱ་བ་ཞིག་ཡིན་པར་བཤད།   སྟག་སེང་ཁྱུང་འབྲུག་གི་རུ་དར་དང་མདའ་མདུང་གྲི་གསུམ་བཟུང་སྟེ་རྩེ་བ་འདི་ལས་བོད་ཀྱི་བཙན་པོའི་དམག་དཔུང་དེ་གཡུལ་སར་བསྐྱོད་པའི་དངོས་ཡོད་ཀྱི་སྣང་ཚུལ་ངོ་མ་ཞིག་དམར་རྗེན་དུ་མཚོན་ཡོད་ལ།   གར་པ་དག་གི་རྐང་པའི་འདེགས་འཇོག་གི་ཐད་ནས་བལྟས་ནའང་གདོད་མའི་དམག་མི་རྣམས་ཀྱིས་དམག་སྦྱོང་བྱེད་སྟངས་དང་ཤིན་ཏུ་མཚུངས་པས།   མཁས་དབང་དགེ་ཆོས་ལགས་ཀྱི་《དེབ་དཀར་》དུ།   མདོ་སྨད་ཀྱི་བོད་རིགས་ཕལ་ཆེ་བ་ནི་བོད་བཙན་པོའི་དམག་རྒྱུད་ཡིན་པར་གསུངས་པ་དང་ཞལ་མཐུན་འདུག   དེ་བས་ཀླུ་རོལ་གྱི་རྩེད་མོའི་ཁྲོད་དུ་གདོད་མའི་དམག་དཔུང་གི་རྣམ་པ་མངོན་པ་འདི་ནི་བོད་བཙན་པོའི་དམག་དཔུང་གི་སྔར་ཡོད་ཀྱི་འཚོ་བ་དང་དམག་འཁྲུག་སྐབས་འདས་པའི་དམག་མི་རྣམས་ལ་རྗེས་དྲན་བྱེད་པའི་མཆོད་འབུལ་ཞིག་ཡིན་པ་གདོན་མི་ཟའོ།   །      (ཁ)ཕོ་སྐྱེས་དག་གི་གར་མཆོད།     འདི་ནི་ཕོ་སྐྱེས་དག་གི་ལག་ཏུ་ཁ་བཏགས་བཟུང་སྟེ་རྩེ་བ་ཞིག་ཡིན་ལ།   འཁར་རྔའི་རྡེབ་སྒྲ་དང་བསྟུན་ནས་རང་སྡེའི་ལྷ་གཉན་མཐུ་བོ་ཆེ་རྣམས་གཙོ་བྱས་ཏེ་ཕྱོགས་བཞིའི་ལྷ་ཀླུ་གཉན་གསུམ་ཐམས་ཅད་ལ་ཁ་བཏགས་འབུལ་བའི་ཚུལ་གྱིས་གོམ་པའི་སྟངས་སྟབས་ཅུང་དལ་བའི་སྒོ་ནས་ལུས་པོ་སྒུར་སྒུར་གྱིས་རྩེ་བ་ཞིག་ཡིན།      (ག)རྔ་བརྡུང་ལྷ་ངོམ་གྱི་རྩེད་གར།     རྔ་བརྡུང་ལྷ་ངོམ་གྱི་རྩེད་གར་འདི་ནི་ཕོ་སྐྱེས་དག་གིས་ལག་ཏུ་ལྷ་རྔ་བཟུང་སྟེ་རང་སྡེའི་གཞི་བདག་མཐུ་བོ་ཆེ་ཨ་མྱེས་གཉན་ཆེན་དང་།   སྐྱེས་ལྷ་ཨ་མྱེས་སྟག་ལུང་གཉིས་ལ་རྩེད་གར་འབུལ་བ་ཞིག་ཡིན།   ཐོག་མར་རྩེད་མོ་བ་བཅུ་ལྷག་ཙམ་གྱིས་སྟར་པ་གཅིག་བྱས་ཏེ་ལྷ་རྔ་རྡུང་བཞིན་སྐོར་བ་གཅིག་བྱེད་པ་དང་།   དེ་ནས་གར་པ་རེ་རེས་ཨ་མྱེས་གཉན་ཆེན་གྱི་སྐུ་རྟེན་བཞུགས་པའི་ལྷ་སྒམ་གྱི་མདུན་དུ་བཅར་ནས་གཞི་བདག་གི་མཚན་སྔགས་བྲིས་པའི་ཤོག་བུ་ཆུང་ཆུང་རེ་བཟུང་སྟེ་རྔ་བརྡུང་ལྷ་ངོམ་གྱི་རྩེད་གར་འཁྲབ་བཞིན་ལྷ་སྒམ་གྱི་ནང་དུ་འཇོག་པ་ཡིན།        (ང)ཨ་ཙ་ར།     ཨ་ཙ་ར་ནི་བྱིས་པ་ལོ་ཆུང་གཉིས་ཀྱིས་ཐོད་པ་འབུར་ཚུགས་སུ་དོད་པའི་གདོང་འབག་རེ་གྱོན་པ་དང་།   ལུས་ལ་རས་གཞི་ཁ་དོག་སྣ་ཚོགས་བསྡེབས་ནས་བཟོས་པའི་འཕུར་ལྭ་གྱོན་པ།   ལག་ཏུ་ཚོན་མདངས་སྣ་ཚོགས་ཀྱིས་བྲིས་རིས་ཕབ་པའི་དབྱུག་པ་རེ་བཟུང་སྟེ་རྩེ་བ་ཞིག་ཡིན།   ཨ་ཙ་རའི་ལུས་ཀྱི་ཉམས་འགྱུར་དང་གདོང་གི་བཟོ་ལྟ་ལས་ལྟད་མོ་བ་རྣམས་ལ་དགོད་ཁ་སློང་བས་ལོ་ཆུང་བྱིས་པ་དག་གིས་ཧ་ཅང་དགའ་པོ་བྱེད།   བཤད་རྒྱུན་དུ།   ཨ་ཙ་རའི་རྩེད་མོ་འདི་ནི་མི་རྣམས་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བ་དང་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་བྱེད་ཡིན་པར་བཤད།   བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ཨ་ཙ་རའི་འབྱུང་ཁུངས་ནི་རྒྱ་གར་གྱི་རིག་གནས་ཚུར་བོད་དུ་དར་བ་དང་བསྟུན་ནས་བྱུང་བ་ཞིག་ཡིན་པར་མངོན།   ཞིབ་ཏུ་ཁོ་བོས་བྲིས་པའི་《རེབ་གོང་སོག་རུ་སྡེ་པའི་ཀླུ་རོལ་གྱི་སྐོར་གླེང་བ་》ཞེས་པར་གཟིགས།        (ཅ)རྐང་ཤིང་།      རྐང་ཤིང་ནི་གསར་སྐྱེས་གཞོན་ནུ་གཉིས་མཉམ་རྩེད་བྱེད་པའི་གར་མཆོད་ཅིག་ཡིན་ལ།   དེ་ནི་སྟག་གཟིག་གི་ཕྱིའི་རི་མོ་རྐང་ཤིང་གི་ངོས་སུ་བྲིས་ཡོད་པ་དེའི་སྟེང་ནས་གཞི་བདག་གི་ཐང་ག་དང་།   ལྷ་རྔ།   མདུང་སོགས་རྩེད་ཆས་བཟུང་སྟེ་ཕྱོགས་བཞིའི་ལྷ་ཀླུ་གཉན་གསུམ་ལ་གུས་སྟབས་ཀྱིས་འཁྲབ་པ་ཞིག་ཡིན།   སྟག་གཟིག་གཉིས་སུ་རྩེ་བ་འདི་ནི་བོད་བཙན་པོའི་དུས་སྐབས་སུ་དམག་མི་བྱས་རྗེས་ཅན་ལ་བྱ་དགའ་སྟེར་བའི་སྲོལ་ཞིག་སྟེ།   “དཔའ་མཚན་དྲུག་”ལས་དམག་དཔོན་སྟག་ཐོབ་ཅན་དང་།   གཟིག་ཐོབ་ཅན་གཉིས་ཀྱི་ཆེ་བ་དང་དབང་ཐང་མཚོན་པར་རྗེས་དྲན་གྱི་རྣམ་པ་ཞིག་ཏུ་ཡིན་པར་འདོད།        (ཆ)ཤོག་གོའི་རྩེད་མོ།     ཤོག་གོའི་རྩེད་མོ་ནི་ཕོ་སྐྱེས་རྩེད་མོ་བ་རྣམས་གྲལ་ཉིས་སྒྲིག་གིས་མི་གཉིས་རེ་ཕན་ཚུན་ཁ་གཏད་དུ་བསྡད་དེ།   གར་པ་སྡེ་ཁྲིད་པ་གཉིས་ཀྱི་ལག་ཏུ་རང་སྡེའི་གཞི་བདག་གི་ཞལ་ཐང་བཟུང་བ་དང་།   གཏམ་སྨྲ་བ་ལ་བྱང་ཆ་ལྡན་པའི་ཕོ་སྐྱེས་རྒན་པོ་ཞིག་གིས་ཁ་གཡང་གི་ཚུལ་དུ་རང་སྡེའི་བྱ་བ་ཐམས་ཅད་བགེགས་མེད་ལྷུན་གྱིས་འགྲུབ་པ་དང་།   སྡེ་མི་ཐམས་ཅད་ཕན་ཚུན་འགྲིག་མཐུན་ཡོང་བ།   མི་ཐོག་གི་ན་ཚ་དང་ཕྱུགས་ཟོག་གི་གོད་ཁ།   མུ་གེ་ལ་སོགས་མྱུར་དུ་ཞི་ནས་ཡུལ་མི་ཀུན་དུས་རྟག་ཏུ་བཀྲ་ཤིས་ཤིང་བདེ་ལེགས་འབྱུང་བར་སྨོན་པའི་རྩེད་མོ་ཞིག་ཡིན།        (ཇ)ཨ་མྱེས་དམག་དཔོན་ཀྱི་མཆོད་པ།     ཨ་མྱེས་དམག་དཔོན་(མཚན་གཞན་ལ་ཨ་མྱེས་བ་རྫོང་ངམ་ར་རྫོང་ཡང་ཟེར་)ནི་ཐེ་བུ་སྡེ་པ་ཐུན་མོང་གིས་མི་བསྟེན་མོད།   འོན་ཀྱང་དུད་ཁྱིམ་རེ་འགས་བསྟེན་པའི་རྐྱེན་གྱིས་ཀླུ་རོལ་གྱི་སྐབས་སུ་ཁོང་ལ་རྩེད་མོའི་རྣམ་གྲངས་ཤིག་དམིགས་བསལ་གྱིས་བགར་ནས་རྩེ་བ་ཡིན།   ཕོ་སྐྱེས་གཞོན་ནུ་དག་གིས་ལྷ་བསང་རྒྱ་ཆེན་བཏང་སྟེ་ཇ་ཕུད་དང་།   ཆང་ཕུད།   ཞོ་ཕུད།   དཀར་གཏོར་སོགས་མ་ལུས་པར་མཆོད་དེ་ཨ་མྱེས་དམག་དཔོན་ལ་དད་གུས་ཀྱིས་མཆོད་གར་འབུལ་བ་ཞིག་ཡིན།       (ཉ)སྐྱེས་མ་ཚོའི་གར་རྩེད།     སྐྱེས་མ་ཚོའི་གར་རྩེད་ནི་གཉེན་སྒྲིག་བྱས་མེད་པའི་ན་ཆུང་གཞོན་ནུ་མ་རྣམས་(གཉེན་སྒྲིག་བྱས་མེད་པའི་མོ་ལོ་ཉི་ཤུ་མན་ཆད་རྣམས་)ཀྱིས་རྩེ་བ་ཡིན་ལ།   དེ་ཡང་ན་ཆུང་གཞོན་ནུ་མ་དག་གིས་ལག་ཏུ་མེ་ཏོག་དང་ཁ་བཏགས་བཟུང་ནས་ལག་ཟུང་མདུན་དུ་བསྲིངས་ཏེ་རང་སྡེས་བསྟེན་པའི་གཞི་བདག་མཐུ་བོ་ཆེ་དང་ཕྱོགས་བཞིའི་དགྲ་ལྷ་རྣམས་དགྱེས་པའི་ཕྱིར་དུ་རྩེ་བ་ཞིག་ཡིན།       (ཏ)རྩེད་རིག     རྩེད་རིག་ནི་ཕོ་སྐྱེས་དག་གིས་བུད་མེད་ཀྱི་ཆ་ལུགས་བྱས་ཏེ་ལྟད་མོ་བ་རྣམས་ལ་དགོད་ཁ་སློང་ཞིང་།   དེའི་ནང་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དུ་ཞིང་རྨོ་བའི་ཚུལ་བྱེད་པ་དང་།   རིགས་རྒྱུད་འཕེལ་བའི་ཕྱིར་དུ་འཇིག་རྟེན་མཐུན་སྦྱོར་གྱི་ལས་སྣ་ཚོགས་བྱེད་ཅིང་།   ན་གཞོན་ཕོ་མོའི་བརྩེ་བ་མཚོན་པར་གར་པ་ཕན་ཚུན་བར་རི་གླུ་གཏོང་ལེན་བྱེད་པ།   ནང་སྡེ་མཐུན་སྒྲིལ་ཡོང་བའི་ཆེད་དུ་སྡེ་མི་རེ་འགའི་སྐྱོན་མཚང་སུན་འབྱིན་དང་ཟུར་ཟའི་ཐབས་ལམ་ལ་བརྟེན་ནས་དགོད་བྲོ་བའི་རྩེད་མོ་སྣ་ཚོགས་འཁྲབ་པ་ཡིན།      (ཐ)ཐུགས་རྗེ་ཆེན་པོའི་གར།     ཐུགས་རྗེ་ཆེན་པོའི་གར་འདི་ནི་གར་པ་དང་གར་མ་ཐམས་ཅད་ལྷན་ཅིག་ཏུ་རྩེ་བ་ཞིག་སྟེ།   ཀླུ་རོལ་གྱི་རྩེད་མོའི་རྣམ་གྲངས་ལས་རྣམ་པ་རྒྱ་ཆེ་ཞིང་མི་གྲངས་མང་ལ་གར་གྱི་སྟངས་སྟབས་མཛེས་པའི་རྩེད་མོ་ཞིག་ཡིན།   གར་མཁན་རྣམས་ཀྱི་ལག་ཏུ་ཁ་བཏགས་དང་མེ་ཏོག་སྣ་ཚོགས་བཟུང་སྟེ་འཁར་རྔའི་སྒྲ་གདངས་དང་བསྡེབས་ནས་གཞོན་ནུ་འགས་དུང་འབུད་དང་བཅས་དུང་དཀར་གཡས་འཁྱིལ་དབྱིབས་ལྟར་རྩེ་བ་ཡིན།   ཐུགས་རྗེ་ཆེན་པོའི་གར་འདི་ནི་རྒྱ་བོད་འཐབ་འཁྲུག་སྐབས་སྲོག་ཤོར་བའི་མི་རྣམས་ལ་སྡིག་བཤགས་བྱེད་པའི་མཆོད་གར་ཞིག་ཡིན་པ་ལས་གཞན།   མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བྲལ་བར་འདོད་པའི་ཕན་བདེ་དང་སྙིང་རྗེ་མཚོན་པར་བཤད།      (ད)ཚོན་འབུལ་གྱི་མཆོད་པ།     ཚོན་འབུལ་གྱི་མཆོད་པ་འདི་ནི་ཕོ་སྐྱེས་དག་གིས་རང་སྡེའི་ལྷ་གཉན་མཐུ་བོ་ཆེ་རྣམས་ལ་རང་ལུས་ཀྱིས་མཆོད་པ་འབུལ་བ་ཞིག་ཡིན།   འདི་ལ་ནང་གསེས་དབྱེ་བ་རིགས་གཉིས་ཡོད་དེ།   ཁབ་དམར་དང་གཏར་ཁྲག་གཉིས་ཡིན།   ཁབ་དམར་ནི་ཕོ་སྐྱེས་དག་གི་གདོང་འགྲམ་གྱི་གཡས་གཡོན་དུ་ལྕགས་ཁབ་རྣོན་པོ་གཉིས་འཛེར་ནས་མཆོད་པ་བྱ་ཚུལ་ཞིག་ཡིན་ལ།   གཏར་ཁྲག་ནི་ཕོ་སྐྱེས་རྣམས་ཀྱི་དཔྲལ་བའི་སྟོད་ཕྱོགས་ནས་གྲིས་གཏར་ནས་མི་ཁྲག་གིས་མཆོད་པ་བྱེད་པ་ཞིག་ཡིན།   བཤད་རྒྱུན་དུ་ཚོན་འབུལ་གྱི་མཆོད་པ་འདི་བགྱིས་ན་རང་གི་ལྷ་གཉན་མཐུ་བོ་ཆེས་མགོན་སྐྱོབ་མཛད་པ་དང་ནད་རིགས་སྔོན་འགོག་བྱེད་པའི་ནུས་པའང་ལྡན་པར་གྲགས།     ཐེ་བུ་སྡེ་པའི་གར་མཁན་ཐམས་ཅད་ཀྱིས་རང་སྡེའི་དམག་དཔོན་ཁང་ནས་གོང་གི་ཀླུ་རོལ་གྱི་རྩེད་མོ་རྣམས་རིམ་བའི་བཞིན་འཁྲབ་ཚར་བ་དང་ཆབས་ཅིག ཕོ་སྐྱེས་ཐམས་ཅད་ཀྱིས་ཇ་ཕུད་དང་།   ཆང་ཕུད།   ཟས་སྣ།   འབྲུ་སྣ།   ལྷ་བསང་ཤུག་པས་ལྷ་གསོལ་བསང་གཏོང་རྒྱ་ཆེན་ཞིག་བཏང་སྟེ་ཀི་བསྭོ་ཆེས་ཆེར་སྒྲོག་པ་དང་བཅས་ཚེས་བཅུ་གསུམ་ཉིན་གྱི་ཀླུ་རོལ་ཆེན་མོ་མཇུག་བསྒྲིལ་བར་བྱེད་པ་ཡིན།     ༤.ཚེས་ཉེར་བཞི་ཉིན་གྱི་ཆོ་ག     ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ཐེ་བུ་སྡེ་པའི་གར་མཁན་ཐམས་ཅད་ཀྱིས་ལག་ཏུ་ལྷ་བསང་ཁྱེར་ཞིང་།   འཁར་རྔ་དང་ལྷ་རྔ་བརྡུང་ཞོར་དུ་སོག་རུ་སྡེ་པའི་ཀླུ་རོལ་གྱི་མགྲོན་སྟོན་དུ་འགྲོ་བ་ཡིན།   ལམ་བར་དུ་འཇའ་མོ་སྡེ་པའི་སྡེ་མི་ཀུན་གྱིས་ལམ་ཁར་སྔོན་བསུ་བྱེད་པའི་སྟ་གོན་གང་ལེགས་བྱས་ཡོད་པའི་གནས་དེར་སྡེ་པ་གཉིས་ཀྱིས་ལྷ་བསང་གཏོང་ཞིང་།   དེ་ནས་སོག་རུ་སྡེ་པའི་དམག་དཔོན་ཁང་དུ་སླེབས་མ་ཐག སྡེ་གཉིས་ཀྱི་ལྷ་པས་ལྷ་ཕབ་པ་བརྒྱུད་དེ་ཕན་ཚུན་ཁ་བཏགས་གཏོང་རེས་བྱས་ནས་སྡེ་མི་ཡོངས་ཀྱིས་ཀླུ་རོལ་གྱི་རྩེད་མོ་མཉམ་འཁྲབ་བྱེད་པ་དང་།   སོག་རུ་སྡེ་མི་ཀུན་གྱིས་ཀླུ་རོལ་གྱི་མགྲོན་སྟོན་དུ་ཕེབས་པའི་ཐེ་བུའི་སྡེ་མི་རྣམས་ལ་ཟས་མགྲོན་གྱི་གསོལ་སྟོན་གཟབ་རྒྱས་བྱེད་ཅིང་།   ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་ཙམ་གྱི་སྟེང་དུ་ཐེ་བུའི་སྡེ་མི་ཐམས་ཅད་ཕྱིར་རང་སྡེར་ལོག་སྟེ་དམག་དཔོན་ཁང་ནས་ཀླུ་རོལ་གྱི་རྩེད་མོ་རགས་བསྡུས་ཤིག་བརྩེས་རྗེས།   ཕོ་སྐྱེས་ཀུན་གྱིས་ཕྱི་ཉིན་གྱི་ཀླུ་རོལ་གྱི་ཆོ་ག་ལ་མཁོ་བའི་མཆོད་རྫས་རྣམས་གྲ་སྒྲིག་གང་ལེགས་བྱེད་པ་ཡིན།        ༥.ཚེས་ཉེར་ལྔ་ཉིན་གྱི་མཆོད་པ།     ཚེས་ཉེར་ལྔའི་ཉིན་གྱི་སྔ་དྲོར་ལོ་ན་བཅོ་བརྒྱད་ནས་སུམ་ཅུའི་བར་གྱི་ཕོ་སྐྱེས་ཐམས་ཅད་ཀྱིས་ཐོག་མར་རང་སྡེའི་སྐྱ་རྒྱའི་ཐོ་ཀ་(ས་མིང་ཞིག་)ཅེས་པའི་གནས་དེར་སོང་ནས་ལྷ་བསང་བཏང་སྟེ་“བེ་ཧའི་གར་”ལ་འགྲོ་བ་དང་།   ཨ་མྱེས་སྟག་ལུང་ནི་སྲིབ་ཕྱོགས་ཀྱི་སྡེ་པ་ཐམས་ཅད་ཀྱི་སྐྱེས་ལྷ་ཡིན་པས།   ཁབ་དམར་བརྒྱབ་ཡོད་པའི་ཕོ་སྐྱེས་དག་གིས་ཨ་མྱེས་སྟག་ལུང་གི་གནས་རིའི་ཕྱོགས་ལ་འཁོར་ནས་གུས་འདུད་ཞུ་བ་དང་།   དེ་ནས་ཁབ་དམར་བརྒྱབ་ཡོད་པའི་ཕོ་སྐྱེས་དག་གིས་ཨ་མྱེས་སྟག་ལུང་དམག་དཔོན་ཁང་དུ་གདན་འདྲེན་ཞུ་བའི་ཚུལ་གྱིས་ཕྱིར་དམག་དཔོན་ཁང་དུ་ལོག་པ་ཡིན།   གཞོན་ནུ་སྟོབས་ཆེན་བཞིས་འཁར་རྔའི་སྒྲ་དང་བསྟུན་ནས་རང་སྡེའི་གཞི་བདག་གི་སྐུ་རྟེན་བཞུགས་པའི་ལྷ་སྒམ་ཁུར་ནས་སྡེ་འགྲམ་གི་ཆུ་ཁར་སོང་སྟེ།   ལྷ་སྒམ་གྱི་སུག་བཞི་ཆུ་ནང་དུ་འཇོག་པ་དང་།   རྩེད་མོ་བ་རྣམས་ཀྱིས་ལུས་པོ་བཀྲུས་ཏེ་ཕན་ཚུན་ཆུ་རྩེད་བྱེད་པ།   ཕྱིར་དམག་དཔོན་ཁང་དུ་ཡོང་དུས་ལྷ་སྒམ་སྟེང་གི་ལྕང་ལོ་གསར་དུ་བརྗེས་པ་དང་།   ཆུ་འགྲམ་ནས་རྡོ་དཀར་ནག་གཉིས་འཁྱེར་ཡོང་སྟེ་མེ་ནང་དུ་ཚ་པོ་བཟོས་རྗེས།   ལ་ཕུག་གི་ལོ་མ་བསྲེས་པའི་ཆུ་ཟོ་ཆུང་ཆུང་ཞིག་གི་ནང་དུ་རྡོ་དཀར་ནག་གཉིས་འཕངས་ནས་དེའི་རླངས་པ་ཕོ་སྐྱེས་དག་གི་གདོང་ལ་རྒྱག་ཏུ་བཅུག་ནས་ལྕགས་ཁབ་རྣོན་པོས་གདོང་འགྲམ་གཉིས་ཕུག་སྟེ་ཁབ་དམར་གྱི་མཆོད་པ་འབུལ་བ་ཡིན།   དེ་རྗེས་ཀླུ་རོལ་གྱི་རྩེད་མོ་མཇུག་རྫོགས་ལ་ཉེ་དུས་ལྷ་པས་རང་སྡེའི་དགྲ་ཕྱོགས་སུ་གླུད་གཏོ་གཏོང་བ་དང་།   ཐེངས་འདིའི་ཀླུ་རོལ་གྱི་རྩེད་མོར་སྤྱི་བསྡོམས་གྱི་ཚུལ་དུ་སྡེ་མི་ཡོངས་ལ་ལོ་གཅིག་གི་བཅའ་བ་རིམ་གྲོ་དང་ཕོ་སྐྱེས་ན་གཞོན་དག་གིས་མཉམ་འཇོག་དོ་སྣང་བྱེད་དགོས་པའི་ཕྱོགས་རྣམས་གསལ་བར་གསུངས་པ་དང་ཆབས་ཅིག སྡེ་མི་ཀུན་གྱིས་རང་སྡེའི་གཞི་བདག་མཐུ་བོ་ཆེ་རྣམས་ལ་ལྷ་གསོལ་བསང་གཏོང་རྒྱ་ཆེན་པོ་བྱས་ནས་སྐྱབས་འཇུག་ཞུ་བ་དང་བཅས་ལོ་དེའི་ཀླུ་རོལ་གྱི་རྩེད་མོ་ཡོངས་སུ་མཇུག་རྫོགས་པར་བྱ་བའོ།   །
          ལྔ་པ།   མཇུག་བསྡུ་བའི་གཏམ། 
          དབྱར་ཟླ་དྲུག་པའི་ཀླུ་རོལ་འདི་ནི་བོད་བཙན་པོའི་དུས་སྐབས་སུ་ཡུལ་མདོ་སྨད་ཕྱོགས་ཀྱི་རྒྱ་བོད་མཐའ་མཚམས་སུ་དར་འགོ་ཚུགས་པ་དང་།   རེབ་གོང་ས་ཆར་མཚོན་ན་ཞིང་ལས་གཙོ་བོར་བྱེད་པའི་རོང་སྡེ་རྣམས་ལ་དར་སྲོལ་ཆེ།   གཞན་ད་དུང་མདོ་སྨད་ཀྱི་ཁྲི་ཀ་དང་ཞོན་ཧྭ་(བོད་སྐད་དུ་ཡར་ཟུར་རམ་རེབ་གོང་མར་ནང་ཞེས་འབོད་)བཅས་བོད་རིགས་ས་ཁུལ་དུ་དར་བར་མངོན་ཞིང་།   ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་དར་འཕེལ་གྱི་ལོ་རྒྱུས་རིང་མོ་ཞིག་ལྡན་ཡོད།   ཀླུ་རོལ་གྱི་རྩེད་མོ་འདིའི་ནང་དུ་གདོད་མའི་བོན་ལུགས་ཀྱི་ཆོ་ག་དང་ཕྱག་ལེན་མི་ཉུང་བ་ཞིག་གཙོ་བོར་བྱས་ཏེ་བོད་ཀྱི་གནའ་བོའི་མེས་པོ་སྔོན་མ་དག་གི་འཇིག་རྟེན་ལྟ་ཚུལ་དང་།   འཚོ་བའི་གོམས་སྲོལ།   མཛེས་དཔྱོད་ཀྱི་ལྟ་བ།   བློའི་འདུ་ཤེས་སོགས་ཀླུ་རོལ་གྱི་མགོ་མཇུག་བར་གསུམ་དུ་མཐོང་ཐུབ་པ་ལས་གཞན།   བོད་བཙན་པོའི་དུས་སྐབས་ཀྱི་དམག་དཔུང་གི་སྒྲིག་གཞི་དང་།   རྣམ་པ།   ཁྱད་ཆོས།   སྤྱི་ཚོགས་གནས་བབ།   རིག་གནས་སྒྱུ་རྩལ་སོགས་སྐབས་དེ་དག་གི་སྤྱི་ཚོགས་ཀྱི་སྣང་ཚུལ་ཇི་སྙེད་ཅིག་མངོན་མཚོན་བྱས་ཡོད་པས།   རེབ་གོང་ཀླུ་རོལ་འདི་ནི་དུས་ཡུན་རིང་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན་པ།   བོད་གདོད་མའི་དུས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་དམངས་སྲོལ་གལ་ཆེན་ཞིག་རེད་ཅེས་བརྗོད་ན་མི་ཆོག་པ་མེད་སྙམ་མོ། །ལུང་ཁུངས་དང་མཆན་འགྲེལ།  
          ༡ ས་ལ་དགེ་བཅུ་ནི།   ཁང་ས་ཞིང་ས་ས་ཡི་དགེ།   ཁང་ཤིང་བུད་ཤིང་ཤིང་གི་དགེ།   འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ།   ཁང་རྡོ་གཏེར་རྡོ་རྡོ་ཡི་དགེ།   གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ།   བཅས་སོ།   །   
          ༢ རོང་བོ་དགུ་ཆུ་ནི།   ཆུ་སྣ་དགུ་འདུས་པ་ལས་དགུ་ཆུ་ཞེས་མིང་ཐོགས་པ་ཡིན་ཏེ།   དེ་དག་ནི་རྫོང་དམར་ཁོག་གི་ཆུ་དམར་དང་།   ས་ནག་གཞུང་གི་ཆུ་ནག ཨ་ཡང་སྟག་མོའི་རྫོང་ཆུ།   རྭ་རྩེ་ཕུག་གི་སྤྱང་ཆུ།   མ་མོའི་ཕུག་གི་གྱོ་ཆུ།   གསེར་ལྗོངས་ཁོག་གི་ཤ་ཆུ།   ཀླུ་ཚང་ཁོག་གི་བཙན་ཆུ།   འཇམ་གླིང་ཁོག་གི་གླིང་ཆུ།   ཟ་ལུང་ཁོག་གི་ནོའུ་ཆུ་བཅས་ཡིན།       
          ༣ རོང་བོ་སྡེ་བདུན་ནི།   རོང་བོ་དང་།   ས་དཀྱིལ།   བིས་པ་སྡེ་གསུམ་ལ་ཉིན་སྡེ་གསུམ་དང་།   ཐེ་བུ།   སོག་རུ།   འཇའ་མོ།   ཚོ་བཞི་སྡེ་པ་བཅས་ལ་སྲིབ་སྡེ་བཞི་ཞེས་བརྗོད་ལ།   རོང་བོ་སྡེ་བ་བདུན་པོ་ནི་རོང་བོ་དཔོན་ཚང་གི་ལྷ་སྡེ་ཡིན་པར་གྲགས།       
          ༤ ལྷ་རྗེ་བྲག་སྣ་བ་ནི།   འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་དུ་ལྷ་སའི་འདམ་གཞུང་ཕྱོགས་ནས་རེབ་གོང་ཡུལ་དུ་ཕེབས་ཤིང་།   ཁོང་ནི་བོད་ཀྱི་རིག་གནས་སྤྱི་ལ་མཁས་པར་མ་ཟད།   གསོ་བ་རིག་པ་ལ་ཤིན་ཏུ་མཁས་པའི་སྨན་པ་གྲགས་ཅན་ཞིག་ཀྱང་ཡིན་པར་བཤད།   སྐབས་དེར་རེབ་གོང་ཡུལ་དུ་ས་སྐྱའི་གྲུབ་མཐའ་དར་བར་མཛད་རྗེས་བླ་ན་མེད་པ་བཞག འབྲེལ་ཡོད་ཀྱི་ལོ་རྒྱུས་དང་ངག་རྒྱུན་ལྟར་ན།   ལྷ་རྗེ་བྲག་སྣ་བ་ཁོང་གི་ཚ་བོ་རོང་ཆེན་མདོ་སྡེ་འབུམ་ལ་བུ་དགུ་ཡོད་པར་གྲགས།   སྐབས་ཤིག་ཏུ་མདོ་སྡེ་འབུམ་གྱིས་བུ་དགུ་པོ་ལས་བུ་འབྲིང་བ་གསུམ་པོ་ཁྲིད་ནས་རི་དྭགས་གཤོར་དུ་སོང་སྟེ་བོན་ཁོག་ཞེས་པའི་ས་དེར་ཤྭ་བ་ཞིག་བསད།   ཁོས་བུ་རྣམས་ལ་ཁྱོད་ཚོ་སོང་ནས་ཤྭ་བའི་རོ་དེ་བདག་པོ་རྒྱོབ་དང་ང་རྗེས་སུ་འོང་ཟེར་ནས་བུ་གསུམ་པོ་སྔོན་དུ་བཏང་།   ཁོང་དལ་མོར་སོང་བ་ན།   བུ་ཆེ་བ་གུ་རུས་ཤ་རྭ་ལ་འཇུས་འདུག་པ་དང་བུ་འབྲིང་བ་ཀླུ་རྒྱལ་གྱིས་ལྟོ་བ་མནན་པ།   བུ་ཆུང་བ་ཀླུ་རྒྱལ་འབུམ་གྱིས་སུག་བཞི་བཟུང་འདུག་པ་ལྟར།   ཁོ་ཚོར་ས་བགོས་བརྒྱབ་སྟེ།   བུ་ཆེ་བར་རེབ་གོང་ཡར་ནང་ཕྱིན་པ་དང་།   ཤ་རྭ་ལག་བཅོ་བརྒྱད་དུ་གྱེས་ཡོད་པ་བཞིན་རྗེས་སོར་རོང་བོ་ཡར་ནང་བཟུང་སྟེ།   དར་རྒྱས་སུ་སོང་ནས་རོང་འབྲོག་གཉིས་སུ་འཕེལ།   འབྲིང་བར་ཕ་བློན་ཆོས་བགོས་ནས་ཕ་རོང་བློན་ཆོས་ཞེས་གྲགས་པ་འདི་ཡིན་ལ།   ཆུང་བས་སུག་བཞི་བཟུང་བ་ལ་རོང་བོ་མར་ནང་གི་ནང་སོར་གྱུར་ནས་རོང་བོ་མར་ནང་དང་རྡོ་སྦིས་རོང་བོའི་རྒྱུད་རྣམས་འཕེལ་བར་བཤད།       
          ༥ གླིང་རྒྱ་བ་བླ་མ་ཚེ་རིང་གིས་མཛད་པའི་《རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང་》ཞེས་པ་2002ལོའི་ཟླ་6པར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཚད་ཡོད་ཀུང་ཟིས་བསྐྲུན་པའི་པར་གཞི་དང་པོའི་ཤོག་ངོས9ན་གསལ།       
          ༦ གཉན་ཆེན་གྱི་བསང་མཆོད་འདི་ནི་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་མཛད་པའི་ཐེ་བུ་སྡེ་པའི་བསང་མཆོད་དུ་གསལ།       
          ༧ ལྕང་སྐྱ་དགེ་འདུན་བཀྲ་ཤིས་ཀྱིས་མཛད་པའི་《བོད་ཀྱི་དར་ལྕོག་གི་སྐོར་གླེང་བ་》ཞེས་པ་2007ལོའི་《མང་ཚོགས་སྒྱུ་རྩལ་》དེབ་གསུམ་པའི་ཤོག་ངོས་64ན་གསལ།       
          ༨ ལྷ་སྲིན་སྡེ་བརྒྱད་ནི།   ལྷ།   ཀླུ།   གནོད་སྦྱིན།   དྲི་ཟ།   ལྷ་མ་ཡིན།   ནམ་མཁའ་ལྡིང་།   མིའམ་ཅི།   ལྟོ་འཕྱེ་ཆེན་པོ་བཅས་སོ།