གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཀན་ལྷོའི་འབྲུག་ཆུ་ཡུལ་གྱི་རྡོག་ལྡིང་ཞབས་བྲོ།

སྤེལ་དུས 2018-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འབྲུག་ཆུ་རིག་གནས་དུས་ཆེན་སྟེང་བུད་མེད་ཚོས་རྡོག་ལྡིང་ཞབས་བྲོ་འཁྲབ་པའི་ཚུལ། 
         རྡོག་ལྡིང་ཞབས་བྲོ་ཡི་སྤྱིའི་ནང་དོན་ལ་ལྡེམ་བྲོ་དང་སྐྱ་རེངས།  བསྟན་ལུང་བཅས་ཁག་གསུམ་ལས་གྲུབ་ཡོད་པར་བཤད།  ལྡེམ་བྲོ་ནི་གཙོ་བོ་རང་བྱུང་ཁམས་ཀྱི་རི་ཆུ་ལུང་གསུམ་དང་སྐྱེ་དངོས་མཐའ་དག་ལ་བསྟོད་བསྔགས་མཛད་ནས།  སྐྱེ་ཕོ་མོ་རྒན་གཞོན་ཀུན་གྱིས་འབྲུ་རིགས་སྣ་ལྔར་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དུ་ཕན་ཚུན་གཅིག་གིས་གཅིག་ལ་ལག་པ་སྦྲེལ་བཞིན་གླུ་ལེན་པའི་ཞབས་བྲོའི་ནང་དོན་ཞིག་ལ་གོ་བ་ལེན་པ་ཡིན།  སྐྱ་རེངས་ནི་ཞབས་བྲོའི་བརྗོད་བྱ་གཙོ་བོ་མོ་རྣམས་ཡིན་ཞིང་། ཕན་ཚུན་གཅིག་གིས་གཅིག་ལ་དྲི་བ་དྲིས་ལན་གྱི་ཚུལ་བཞིན་དུ་ལེན་པའི་འཁྲབ་སྟངས་ཁྲོད།  ཞོགས་པའི་སྐྱ་རེངས་རི་རྩེ་ནས་ཤར་བ་དང་ཉིན་གཅིག་གིས་བྱ་བ་ལ་ཡིད་ཆེས་དང་རེ་སྨོན་གྱིས་ཁེངས་ནས་སྙིང་སྟོབས་དང་ངར་ཤུགས།  གསོན་ཤུགས་རྒྱས་པའི་ཉམས་སྣང་གིས་ཕྱུག་ཅིང་།  ག་ས་གང་དུ་གསར་སྐྱེས་ཀྱི་ལྗང་མྱུག་རྒྱས་པའི་འཛུམ་མདངས་ཀྱི་རྣམ་པར་དགོད་པའི་རིག་གནས་ཀྱི་བརྗོད་སྙིང་མང་པོ་ཞིག་འདུས། བསྟན་ལུང་ནི་ཆེས་མཐའ་མཇུག་གི་ཞབས་བྲོའི་ནང་དོན་ཞིག་ལ་ངོས་འཛིན།  གཙོ་བོ་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་བསྟོད་བསྔགས་མཛད་པ་དང་འཚོ་བ་གསར་པར་བསྔགས་བརྗོད་བྱས་ཏེ།  དགའ་སྟོན་གྱི་མཛད་སྒོ་དང་དགོན་སྡེ་རུ་བླ་སྤྲུལ་གདན་འདྲེན་ཞུས་ཏེ་ལྷ་དང་བླ་མའི་ལུང་བསྟན་ལ་ཡིད་ཆེས་དང་རེ་སྨོན་བྱེད་པའི་ནང་དོན་ཞིག་ལ་ངོས་འཛིན་པ་ཡིན། 
          རྡོག་ལྡིང་ཞབས་བྲོ་འཁྲབ་པའི་ཉིན་དེར་སྐྱེ་ཕོ་མོ་རྒན་གཞོན་ཀུན་གྱིས་གཟབ་མཆོར་ལེགས་པོར་སྤྲས་ཏེ་འཁྲབ་སྟོན་ལ་ཞུགས་པ་ཞིག་ཡིན། ཕོ་སྐྱེས་ཚོས་སྐྲ་རིང་པོར་བསྐྱུར་ཅིང་དཔྲལ་བར་རས་ལག་མཐིལ་ཙམ་ཞིག་སྐྲ་དཀྲི་བྱེད་དུ་འཇོག་པ། ལུས་ལ་བོད་ལྭ་གྱོན་པ་དང་།  བུད་མིད་ཚོས་སྐྲ་ལན་བུ་བསླས་ཤིང་སྣེ་མོར་ཟི་ནག་མཐུད་དེ་རས་དམར་པོས་རྐེད་པར་གསབ།  མགོར་ཟར་རས་ནག་པོ་དཀྲིས་ཏེ་རྒྱན་ཆ་མི་འདོགས། གོས་ནི་སྟོད་ཐུང་ལྟ་བུའི་རུམ་ཅན་འཕང་ལོ་མན་དུ་མི་དཔྱང་བ་ཞིག་གྱོན་ཞིང་རྐེད་པར་རང་བཏགས་ཟར་རས་ཁྲ་ཁྲའམ་སྔོན་པོ་འཆིང་བར་བྱ། ཁྱད་པར་དུ་བྲང་ཁུག་སྟེང་བྱུ་རུ་སོགས་རིན་ཆེན་སྣ་མང་གིས་སྤུད་དེ་དངུལ་གྱི་མི་ལོང་ཞིག་བཏགས། སྟོད་ཐུང་ལ་སྒྲོག་གུ་དང་འཆིང་ཐག་ཅི་ཡང་མིད་པར་ཕུར་ཁ་རུམ་ཁ་སོག་རྩེ་བཅས་པ་འཇའ་དྲུག་གིས་བཀླུབས།  རྐང་སྣམ་རིང་ཞིང་ཡངས་པ་ཅན་ཞིག་གྱོན། ཡང་ཕོ་སྐྱེས་ཁག་ཅིག་གིས་མགོ་ལ་ལག་རས་དཀྲིས་ལ། ལུས་ལ་སྨད་གཡོག་ནག་པོ་རྒྱལ་མཚན་ལྟ་བུ་ཁ་དོག་སྣ་མང་ཅན་གྱོན་པའི་སྟེང་རྐེད་པར་གྲི་ཆུང་དང་དུ་ཁུག་ལ་སོགས་བཏགས་ཏེ་རྡོག་ལྡིང་ཞབས་བྲོའི་ཁྲོད་ཞུགས་པ་ཞིག་ཡིན། འཁྲབ་སྟངས་ཀྱི་ཆ་ནས་དེ་ནི་གླུ་དང་ངག  ཞབས་བྲོ་བཅས་ལས་གྲུབ་པའི་རྩེད་མོ་ཞིག་ཡིན། མི་རྣམས་ཀྱི་ལག་པ་གཅིག་གིས་གཅིག་ལ་སྦྲེལ་ཞིང་དཔུང་པ་མཉམ་གཤིབ་སྒོས་གླུ་སྒོ་ཕྱེ་དུས་གཞི་ནས་སྟངས་སྟབས་མཉམ་གཅིག་ཏུ་སྤོ་དགོས།  དེ་ལ་རང་གནས་སུ་སྤོ་བ་དང་རྐང་པ་མཉམ་གཅིག་ཏུ་སྤོ་བ། རང་དབང་གིས་སྤོ་བར་བྱེད་པ་བཅས་མི་འདྲ་བ་གསུམ་ལས་གྲུབ་ཡོད་པ་ཡིན།  འཁྲབ་སྟོན་བྱེད་མཁན་གཙོ་བོ་ནི་བུད་མིད་ཚོ་ཡིན་ཞིང་།  ཕོ་སྐྱེས་རྣམས་གླུ་ཚིག་གི་འགྱུར་བ་དང་བསྟུན་ནས་གཡུ་འབྲུག་སྔོན་མོ་ས་ལ་བབས་པ་ལྟ་བུའི་ཞབས་བྲོ་དེ་བུད་མིད་རྣམས་ཀྱི་རྒྱབ་ཏུ།  སྐད་གདངས་མཐོ་ཞིང་དཔའ་ངར་གསོན་ཤུགས་ཡོད་པའི་སྒོ་ནས་མཚམས་མི་འཇོག་པར་འཁྲབ་སྟོན་བྱེད་པ་ཡིན།  དེ་ལ་ཐོག་མར་འཁྲབ་མཁན་ཕྱོགས་གཉིས་ཀའི་མགོ་བོ་མར་ལ་ཐེངས་གསུམ་སྒུར་བ་དང་།  རྗེས་སུ་རྐང་པ་ས་ལ་ཐེངས་གསུམ་བརྒྱབ་རྗེས་འཁྲབ་སྟོན་གྱི་མགོ་དངོས་སུ་རྩོམ་པ་ཞིག་ཡིན།