ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རེབ་གོང་བློན་ཆོས་ས་ཁུལ་གྱི་བཅུ་བའི་ལྔ་མཆོད་དང་འབྲེལ་བའི་དམངས་སྲོལ་སྐོར་བརྗོད་པ།

སྤེལ་དུས 2018-11-28 ཡོང་ཁུངས། མང་ཚོགས་སྒྱུ་རྩལ། རྩོམ་པ་པོ། བླ་མ་དབང་རྒྱལ།
【ནང་དོན་གནད་བསྡུས། 】རྩོམ་ཡིག་འདིར་སྤྱིར་རེབ་གོང་དང་སྒོས་སུ་བློན་ཆོས་ས་ཁུལ་དུ་དར་བའི་བཅུ་བའི་ལྔ་མཆོད་རོལ་སྟངས་སྐོར་གྱི་དམངས་སྲོལ་ཏེ། རྗེ་ཙོང་ཁ་པ་དང་འབྲེལ་ནས་བཅུ་བའི་ལྔ་མཆོད་ཀྱི་བྱུང་བ་སྤྱི་དང་། སྒོས་སུ་བློན་ཆོས་ས་ཁུལ་གྱི་བཅུ་བའི་ལྔ་མཆོད་དང་འབྲེལ་ནས་དེའི་དུས་ཡུན་དང་། ཆོས་སྤྱོད་ཆོ་ག་དངོས། སྦྱིན་བདག་གིས་འགྱེད་གཏོང་ཚུལ། བན་སྔགས་བརྒྱད་ཅུའི་འཆམ་སོགས་གཞན་དང་ཐུན་མིན་གྱི་ཁྱད་ཆོས་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས་ཡོད། 
【བརྡ་ཆད་གཙོ་བོ། 】རྗེ་ཙོང་ཁ་པ། བཅུ་བའི་ལྔ་མཆོད།  དུས་ཡུན།  སྔགས་འཆམ། 
          དང་པོ། རྗེ་ཙོང་ཁ་པ་དང་འབྲེལ་ཏེ་བཅུ་བའི་ལྔ་མཆོད་ཀྱི་བྱུང་བ་བརྗོད་པ། 
          སྤྱིར་བཅུ་བའི་ལྔ་མཆོད་ཞེས་པ་ནི་སྤྱི་ལོ༡༤༡༩ལོ་སྟེ་ས་ཕག་ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་རྗེ་ཙོམ་ཁ་བ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའམ་སྐུ་གཤེགས་པའི་ཉིན་མོ་ཡིན་ལ། ཁོང་ཉིད་སྐུ་གཤེགས་པའི་ཕྱི་ལོ་ལྕགས་བྱི་ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་པ་དང་། ཙོང་ཁ་པ་ཆེན་པོའི་འདས་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་བོད་མི་རྣམས་ཀྱིས་གླིང་མེ་སྤར་ཞིང་དགའ་ལྡན་ལྔ་མཆོད་ཆེན་མོར་གྲགས་པའི་སྲོལ་དར་བར་མཛད་ནས་བོད་ལྗོངས་མཐའ་དབུས་མཐའ་དག་ཏུ་ལོ་ལྟར་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་དགོང་མོ་ཁང་བའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་འབུལ་བའི་ཆོས་ལུགས་ཀྱི་ཆོ་ག་མཛད་པ་ལ་ཡོངས་གྲགས་སུ་བཅུ་བའི་ལྔ་མཆོད་ཟེར།  དེ་ཡང་དགའ་ལྡན་ལྷ་བརྒྱ་མར། 
          དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།  བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་པའི་གསོལ་འདེབས་ཤོ་ལོ་ཀ་གཅིག་པོ་འདི་བོད་རིགས་མང་ཚོགས་ཁྲི་མ་འབུམ་གྱི་ངག་སྒོ་ན་ཆུ་བོའི་རྒྱུན་བཞིན་མཚམས་མ་ཆད་པར་ལོ་ངོ་བདུན་བརྒྱ་ལྷག་འགོར་སོང་། འདིལས་རྗེ་ཙོང་ཁ་བ་ཁོང་ཉིད་ཀྱི་ཐུན་མིན་གྱི་བློ་གྲོས་དང་། འགྲན་བྲལ་གྱི་སྙིང་སྟོབས་སོགས་ལ་དད་ལྡན་མང་ཚོགས་ཀྱིས་རྗེས་སུ་ཡི་རངས་དང་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་མེད་པ་གསལ་བོར་མཚོན་ཐུབ། རྗེ་ཙོང་ཁ་པ་ཁོང་ཉིད་ནི་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་མཁན་ཡིན་པ་མ་ཟད་རླབས་ཆེ་བའི་བོད་རིགས་ཀྱི་དགེ་བའི་བཤེས་མཉེན་ཞིག་ཡིན་པས། ཁོམ་གི་སྙིང་སྟོབས་ནི་བོད་རིགས་མི་དམངས་ཀྱི་ཆོས་ལུགས་རིག་གནས་དང་། གསར་གཏོད་སྙིང་སྟོབས་སོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། དེ་བས་བོད་ལུགས་ཀྱི་ཟླ་བཅུ་བའི་ཚེས་ཉེར་ལྔན་ཉིན་བོད་རིགས་དད་ལྡན་མང་ཚོགས་ཀྱིས་ཁོང་གི་རླབས་ཆེ་བའི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་བྱེད་ཆེད། བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོ་ནས་དད་ལྡན་སེར་སྐྱ་ཚང་མས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་བཤམས་ཏེ། རྣམ་དཀར་དགེད་བའི་ལས་ལ་བརྩོན་ཞིང་། མར་དང་དཀར་ཞུན་གྱི་མར་མེ་ཕྲེང་བ་སྐར་ཚོགས་ས་ལ་འཕོས་པ་ལྟར་དུ་རྩེ་ཕོ་བྲང་དང་གཙུག་ལག་ཁང་། སེ་འབྲས་དགེ་གསུམ། རྒྱུད་གྲྭ་སྟོད་སྨད་སོགས་ལྷ་ཞོལ་དགོན་ཁག་དང་བོད་ཁམས་ཧྲིལ་བོའི་དགོན་དང་གླིང་ཐམས་ཅད་ནས་དང་བའི་དད་པས་ཀུན་ནས་བསླངས་ཏེ་རྒན་དར་གཞོན་གསུམ་ཚང་མས་དམིགས་རྩེ་མ་འདོན་པ་དང་སྦྲགས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུག་རྟག་ཏུ་ལེགས་ཡོང་བའི་སྨོན་ལམ་རྒྱ་ཆེན་པོས་མཚམས་སྦྱར་ནས་གླིང་མེའི་མཆོད་པ་འབུལ་བའི་སྲོལ་ཆགས་ཡོད། ན་ཡང་གནའ་མི་བོད་ཀྱི་གཏམ་དཔེར། ས་ཆ་རེ་ལ་དཔེ་རེ་དང་། ལུང་བ་རེ་ལ་ཆུ་རེད། ཟེར་བ་བཞིན་སྤྱིར་བཅུ་བའི་ལྔ་མཆོད་ནི་རྗེ་ཙོང་ཁ་བ་ལ་དམིགས་ནས་སྤེལ་བའི་དུས་ཆེན་ཞིག་ཡིན་ན་ཡང་། བོད་ཁམས་ཀྱི་ཡུལ་ལུང་སོ་སོ་ན་རང་རང་གི་ཡུལ་སྲོལ་དང་བསྟུན་པའི་ཆོས་ལུགས་ཆོ་ག་རིགས་མི་འདྲ་བ་མང་པོ་སྤེལ་བཞིན་ཡོད། དེ་བས་རེབ་གོང་བློན་ཆོས་ས་ཁུལ་གྱི་མི་དམངས་རྣམས་ཀྱིས་ཀྱང་ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བའི་དཔེ་བཞིན་བཅུ་བའི་ལྔ་མཆོད་ཀྱི་སྐབས་འདིར་གཞན་དང་མི་མཐུན་པའི་ཆོས་ལུགས་ཆོ་ག་སྤེལ་བཞིན་ཡོད་པ་མ་ཟད། དུས་ཆེན་འདིའི་ཉིན་འདི་དག་གི་རིང་ལ་ཡུལ་གྲུ་འདིའི་མི་རྣམས་ཀྱིས་རང་རང་གི་ལུས་ལ་འཆོར་ལྭ་གྱོན་ཞིང་རྒྱན་ཆ་སྣ་ཚོགས་བཏེགས་ནས་བྱད་བཞིན་གྱི་མཛེས་སྡུག་དང་སྟོབས་འབྱོར་སོགས་ངོམས་པ་མ་ཟད། ན་གཞོན་ཕོ་མོ་རྣམས་ཀྱིས་ཀྱང་དུས་ཆེན་སྐབས་སྡེ་མི་ལྷན་འཛོམས་བྱེད་པའི་གོ་སྐབས་འདི་དང་བསྟུན་ནས་རང་རང་གི་དགའ་གྲོགས་བཙལ་བ་སོགས་ཀྱི་གོམས་སྲོལ་ཀྱང་ཡོད་པས། གཤམ་ནས་དེ་དག་རེ་རེ་བཞིན་ངོ་སྤྲོད་བྱའོ།  །

          གཉིས་པ། བློན་ཆོས་ས་ཁུལ་གྱི་བཅུ་བའི་ལྔ་མཆོད་རོལ་སྟངས། 
          གཅིག བློན་ཆོས་ཡུལ་གྱི་དམངས་སྲོལ་དང་འབྲེལ་བཅུ་བའི་ལྔ་མཆོད་ཀྱི་དུས་ཡུན་བཤད་པ། སྤྱིར་བློན་ཆོས་ས་ཁུལ་ནི་རེབ་གོང་གི་ཡུལ་གྲུ་མང་ཆེ་བ་དང་འདྲ་བར་ཐུན་མོང་གིས་ལྷ་བསང་གླུ་བསང་གཏོང་བ་དང་།  དགྲ་ལྷའི་དཔུང་བསྟོད་བྱེད་པ། དར་ལྕོག་འཐེན་པ་དང་ཚེ་ཐར་གཏོང་བ། ཆོས་སྐོར་བྱེད་པ་སོགས་དམངས་སྲོལ་རིག་གནས་ཀྱི་རྔམ་མཐུག་པའི་ཡུལ་གྲུ་ཞིག་ཡིན་པར་མ་ཟད། ཕྱག་ན་པངྨོའི་གདུལ་ཞིང་གཞན་དག་དང་འདྲ་བར་གནས་འདིའི་མི་རྣམས་ཀྱིས་ཀྱང་གནས་སྔ་མོ་ཞིག་ནས་ནང་ཆོས་ཁོ་ན་མ་གཏོགས་པའི་ཆོས་ལུགས་གཞན་དག་ལ་དད་པའི་སྤྱི་བོའི་མི་དུད་པས། བསམ་པའི་འདུ་ཤེས་སོགས་ཀྱི་ཆ་ནས་བཤད་ན་ཡང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་མིག་འབྲས་བཞིན་སྲུང་ཞིང་། གཞན་ཕན་དང་དགེ་སྦྱོར་གྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བའི་ལྷག་བསམ་རྣལ་མས་སེམས་རྒྱུད་ཁེངས་པ་ཤ་སྟག་ཡིན་པས། ཉམས་ཐག་གི་སྐྱེ་འགྲོ་ཐམས་ཅད་ལ་སྣ་ཚོགས་སྦྱིན་གཏོང་གི་ལག་པ་རིང་དུ་སྐྱོང་ཅི་ནུས་བྱེད། གཞན་ཡང་མི་ཤི་རྟ་འགྱེད་དང་རྐུས་འཕྲོག་བཅོམ་གསུམ། རྒྱལ་འཇོག་ཤོ་རྩེད་ལ་སོགས་པའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་རིང་དུ་དོར་ཏེ་ཡིད་ཆེས་ཀྱི་དད་པས་ཡར་དཀོན་མཆོག་ལ་མཆོད་འབུལ་དང་། དང་བའི་དད་པས་རང་གི་རྩ་བའི་བླ་མ་དང་དགེ་བའི་བཤེས་མཉེན་ནས་གྲུབ་ཐོབ་རྣལ་འབྱོར་སོགས་ལ་བསྙེན་བཀུར་བླ་མེད་བྱེད་པ་ཡིན་པས། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་པར་རྗེས་དྲན་བྱེད་ཆེད་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་ཚེས་སུམ་ཅུ་བར་ཆོས་སྤྱོད་ཀྱི་ཆོ་ག་སྣ་ཚོགས་སྤེལ་ཏེ་ཁོང་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་དང་བློ་གྲོས་དང་བརྩོན་པ་སོགས་ལ་ཡིད་སྨོན་བྱས་ཏེ་རང་རང་གི་འབྱོར་བའི་ཆུ་ཚད་དང་བསྟུན་ནས་མཆོད་པ་སོགས་འབུལ་བཞིན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་བཞིན་ཡོད་དོ།།
          གཉིས། བློན་ཆོས་བན་སྔགས་བརྒྱད་ཅུའི་ཆོས་སྤྱོད་དེ་ཡང་བློན་ཆོས་བན་སྔགས་བརྒྱད་ཅུ་ནི་སྒར་བའི་བླ་མ་ས་ལྟ་བ་ལྷ་རྗེ་བསེར་བུ་བརྟག་ནས་བོད་རབ་བྱུང་བཞི་བའི་སྨད་ཙམ་ལ་དཀའ་བའི་ལས་དང་དཀོན་པོའི་རྒྱུ་ལ་མ་འཛེམས་པར་གསར་འཛུགས་གནང་བའི་བཀའ་གདམས་པ་དང་རྙིང་མ་བའི་གྲུབ་མཐའ་མཉམ་འདུས་ཀྱི་ཆོས་སྡེ་ཞིག་ཡིན་ལ། རྗེས་སུ་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་སྐུ་རིང་ལ་བཀའ་གདམས་པ་རྣམས་གསེར་ལྗོངས་རྒྱ་ཐང་སྟེ། ༩དེང་གི་རེབ་གོང་རོང་བོ་གྲོང་བརྡལ་༠ རོང་བོ་གྲོང་སོའི་ཕོ་བྲང་གི་མདུན་ལ་གནས་སྤར་ཏེ་རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་ཞེས་པར་གཞི་བཟུང་ན་ཡང་བློན་ཆོས་ས་ཁུལ་དུ་སྔར་བཞིན་བློན་ཆོས་བན་སྔགས་ཞེས་པའི་ཆོས་སྡེ་འདི་དང་འདིའི་མིང་བློན་ཆོས་བན་སྔགས་བརྒྱད་ཅུ་ཞེས་པའི་སྔར་བཞིན་སོར་བཞག་མཛད་ནས་ལོ་རེའི་ཚེས་བཅུ་དང་། བཞི་བའི་སྨྱུང་གནས། ལྔ་བའི་མ་ཎི། བཅུ་བའི་ལྔ་མཆོད། བོད་ལོའི་སྐུ་རིམ་སོགས་ཀྱི་སྐབས་སུ་ཆོས་སྤྱོད་ཆོ་ག་དང་། འདོན་རྟ་དབྱངས་གསུམ་སོགས་གནའ་བོའི་ལུགས་བཞིན་གྲལ་མ་ཆགས་པ་དང་། ཟུར་མ་ཉམས་པར་སྤེལ་བཞིན་ཡོད་པས། བཅུ་བའི་ལྔ་མཆོད་ཀྱི་སྐབས་སུ་སྡེ་འདིའི་སྔགས་པ་རྣམས་ཀྱི་རང་རང་གི་སྔགས་ཆས་དང་ཞྭ་ནག་སོགས་ཁྱེར་ཏེ་བློན་ཆོས་བན་སྔགས་བརྒྱད་ཅུའི་འདུ་ཁང་བཀའ་གདམས་གསང་སྔགས་མི་འགྱུར་གླིང་དུ་འཚོགས་ནས་སྔར་སྲོལ་བཞིན་ཚེས་ཉེར་ལྔ་ཉིན་སྐྱབས་འགྲོ་ཁ་ཚང་དང་བསང་མཆོད་བཀྲ་ཤིས་འཁྱིལ་བ། གསང་བདག་གཏུམ་པོ་ཁྱུང་ལྔའི་བསྟོད་ཚོགས་དང་ཚོགས་མཆོད་ཀྱི་འདོན་པ་ཁ་ཚང་འདོན་པ་མ་ཟད། བསྐལ་བ་དང་ཆེད་ཐོ། བརྟན་མ་དང་བསྔོ་སྨོན་ཤིས་བརྗོད་སོགས་འདོན་རྟ་དབྱངས་གསུམ་ལ་སྦྱར་ཏེ། ཚོགས་བརྒྱ་བསྐོར་བའི་ཆོ་ག་སོགས་ཀྱང་སྤེལ། ས་སྲོད་ཀྱི་སྐབས་སུ་མཆོད་མེའམ་གླིང་མེ་ཞེས་པ་སྒྲོན་ཏེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་དམིགས་ནས་མཆོད་པའི་ཡན་ལག་བདུན་པ་དང་སྤྲིན་གཞུང་སོགས་འདོན་པའི་ཞོར་དུ་མཆོད་པའི་རོལ་མོའི་བྱེ་བྲག་དུང་དཀར་དང་ལྗགས་གླིང་། དུང་ཆེན་སོགས་རིམ་བཞིན་བུས་ཏེ་རྗེ་ཙོང་ཁ་པ་ཆེན་མོ་ལ་སེམས་ཁོང་ནས་དད་གུས་དང་རྗེས་དྲན་བྱེད་པ་མཚོན་པར་བྱེད། ཚེས་ཉེར་དྲུག་ཉིན་དང་ཉེར་བདུན་ཉིན་གཤིན་རྗེ་གུ་གང་གི་གཏོར་བཟློག་ལས་གཞན་རྣམས་ཉིན་སྔོན་མ་དང་གཅིག་མཚུངས་ཡིན་ཞིང་། ཉིན་དེའི་ཕྱི་དྲོ་ལ་གྲལ་འཆམ་ཞེས་སྔགས་འཆང་བ་ཞིག་གིས་ལུས་ལ་དར་ནག་གྱོན་ཞིང་དབུ་ལ་ཞྭ་ནག་མནབས་ཏེ་སྔགས་འཆམ་འཁྲབ་པའི་སྲོལ་དེ་སྔར་ལུགས་བཞིན་དུས་ལྟ་ད་དུང་ཡང་མ་ཉམས་པར་ཡོད་ཅིང་། དེ་ནས་དགོང་མོའི་དུས་སུ་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་གཅོད་འོག་ལ་བསྡད་དེ་ལུས་སྦྱིན་གྱི་ཆོ་ག་སྤེལ་བའི་སྲོལ་ཡང་སྔར་བཞིན་མ་ཉམས་པར་ཡོད། 
          ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་འདོན་པ་རྣམས་གོང་དང་གཅིག་མཚུངས་ཡིན་ཞིང་ཕྱི་དྲོ་གྲལ་འཆམ་དང་མགོན་པོ་གུར་གྱི་གུར་ཆོག་ཆེན་མོ། གཟའ་མཆོག་ར་ཧུ་ལའི་བསྐང་བ་སོགས་སྔགས་འཆང་བ་དག་གིས་བཏོན་རྗེས་ཆོས་སྐྱོང་མ་གཟའ་རྡོར་གསུམ་གྱི་འཆམ་འཁྲམ་ཅིང་། དགོང་མོར་བསྐལ་བ་ཆད་ཐོ་དང་གཏོར་འོག་གི་བྱ་བ་རྣམས་མཇུག་རྫོགས་རྗེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཇུག་ལེགས་པར་བསྡུ་བ་ཡིན་ནོ།  །
          ཚེས་ཉེར་དགུའི་ཉིན་འདོན་པ་བསྡུས་པ་ཞིག་བཏོན་རྗེས་བློན་ཆོས་བན་སྔགས་བརྒྱད་ཅུའི་སྔགས་འཆམ་གྱི་མགོ་དངོས་སུ་རྩོམ་ཞིང་དེར་འཆམ་པའི་རྣམ་གྲངས་ལ་མགོན་པོ་གུར་དང་། ལྷ་མོ། ཚངས་པ། སྔགས་སྲུང་མ། གཟའ་མཆོག་ར་ཧུ་ལ། ཁྲོ་བོ་དང་ཁྲོ་མོ། བྱ་རོག་དང་འུག་པ། དམ་ཅན་རྡོ་རྗེ་ལེགས་པ།  བློན་པོ་སྟག་ཤམ་ཅན། གངས་དཀར་ཤ་མེད་བཞི་བཅས་བསྡོམས་པས་འཆམ་པ་བཅོ་ལྔ་ཡིས་འཆམ་གྱི་མགོ་མཇུག་བར་གསུམ་ཡོངས་སུ་གྲུབ་ཅིང་། འཆམ་གྱི་རྣམ་གྲངས་མཇུག་རྫོགས་རྗེས་སྔགས་འཆང་བ་དང་འཆམ་པ་རྣམས་མཉམ་དུ་གཏོར་རྒྱག་ལ་བུད་དེ་གཟའ་མཆོག་ར་ཧུ་ལའི་གཏོར་མ་སྦྱིན་སྲེག་གིས་ཕྱོགས་བཞིའི་དགྲ་བགེགས་འདུལ་བ་དང་དཀར་པོའི་ཆོས་ཕྱོགས་སྐྱོང་བའི་འཕྲིན་ལས་བཅོལ་བ་སོགས་ཆོས་སྤྱོད་ཀྱི་ཆོ་ག་སྣེ་འཛིངས་པའི་ཁྲོད་བློན་ཆོས་ས་ཁུལ་གྱི་བཅུ་བའི་ལྔ་མཆོད་ཀྱི་གོ་རིམ་དང་ཆོ་ག་ཡོངས་རྫོགས་མཇུག་རྫོགས་པར་བྱེད་པ་ཡིན་ནོ། ། 

          གསུམ་པ། བཅུ་བའི་ལྔ་མཆོད་སྐབས་སྦྱིན་བདག་རྣམས་ཀྱིས་འགྱེད་གཏོང་ཚུལ་བཤད་པ།
          རེབ་གོང་བློན་ཆོས་ས་ཆའི་བཅུ་བའི་ལྔ་མཆོད་ཀྱི་དུས་ཆེན་སྐབས་སུ་ཡུལ་གྲུ་དེའི་ཚོ་བ་རྣམས་བཅུ་སྐོར་གསུམ་དུ་བགོས་ཡོད་དེ། དེ་དག་ནི་རྟ་བོར་བཅུ་སྐོར་དང་གླང་རྔ་བཅུ་སྐོར། དཔོན་སྐོར་གསུམ་ཡིན། བཅུ་སྐོར་འདི་གསུམ་གྱིས་རེས་མོས་སུ་ལོ་རེར་བཅུ་སྐོར་རེས་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་ཉེར་དགུའི་དགོང་ཇ་བར་ཉིན་རེའི་ནམ་གུང་མཚན་གསུམ་ལ་སྦྱིན་བདག་རྣམས་ཀྱིས་སྡེ་མི་རྣམས་ལ་ཇ་ཐུན་རེར་མི་རེར་གོ་རེ་སྣུམ་བཙོས་ལེབ་མོ་གཉིས་རེ་དང་། མར་སྐལ་གཅིག་རེ། རྩམ་པ་དཀར་ཡོལ་གང་རེ་སོགས་ཀྱི་སྐུ་འགྱེད་བྱེད་པ་མ་ཟད། སྐབས་དེར་སྡེ་འདིའི་ཁྱིམ་ཚང་དག་ལ་ཕྱོགས་གཞན་ནས་འགྲུལ་བ་སོགས་ཡོངས་ཡོད་ན་ཡང་དེ་དག་ལ་ཁྱིམ་ཚང་དེས་འགྲུལ་བའི་སྐལ་བླངས་ཆོག 
          ཚང་དག་ལ་ཕྱོགས་གཞན་ནས་འགྲུབ་བ་སོགས་ཡོང་ཡོད་ན་ཡང་དེ་དག་ལ་ཁྱིམ་ཚང་དེས་འགྲུབ་པའི་སྐལ་བླངས་ཆོག  དེ་ལས་གཞན་ཉིན་རེའི་ནང་ཇ་དང་དྲོས་ཇ་།དགོང་ཇ་སོགས་ཀྱི་སྐབས་སུ་སྦྱིན་བདག་གིས་འོ་ཇ་མངར་མོའི་མང་ཇ་བསྐོལ་ཏེ་གོ་དམར་དང་རྩམ་པ་མར་སྐལ་སོགས་འདོན་སྤྲོད་བྱེད་དགོས་པ་མ་ཟད།ཡུལ་མི་རྣམས་ཀྱིས་ཀྱང་བློན་ཆོས་བན་སྔགས་བརྒྱད་ཅུའི་འདུ་ཁང་ནས་ཉིན་དེའི་ཟས་ཐུན་གསུམ་པོ་གང་འདོད་དུ་ཟོ་ཆོག  སྤྱིར་བཅུ་བའི་ལྔ་མཆོད་ཀྱི་སྐབས་འདི་ལ་ཡུལ་གྲུ་འདིའི་དད་ལྡན་མང་ཚོགས་རྣམས་ཀྱིས་རྒྱུན་དུ་དཀར་ཟས་ལ་ལོངས་སུ་སྤྱོད་ཅིང་གང་ནུས་ཅི་ཐུབ་ཀྱིས་དམར་ཟས་དང་། སྡིག་སྤྱོད་སོགས་ལ་འཛེམས་ཏེ་ཆོས་ཕྱོགས་ཀྱི་སྲོལ་བཟང་བོ་རྣམས་སྤེལ་ཅི་ཐུབ་བྱེད་བཞིན་ཡོད། དེ་བཞིན་མང་ཇའི་ཇ་སྐབས་རེ་རེར་ཡང་སྔགས་འཆང་བ་ཞིག་གིས་མགུར་མ་དབྱངས་སུ་འདྲེན་པ་དང་དད་ལྡན་གྱི་མང་ཚོགས་རྣམས་ཀྱིས་དབྱངས་རྟ་ཅི་རིགས་ཀྱི་སྒོ་ནས་མ་ཎི་འདོན་དགོས། གཞན་སྦྱིན་བདག་རྣམས་རང་རང་གི་རེས་ལ་བབས་དུས་ཇ་ཐུན་རེའི་ཟས་སྐལ་རྣམས་འདོན་སྤྲོད་བྱེད་པ་མ་ཟད། འདུ་ཁང་གི་ཁྱམས་ར་ནས་མི་མང་འཚོགས་པའི་གྲལ་ལ་ཀ་ར་དང་སིལ་ཏོག་སོགས་མང་པོ་གཏོར་དགོས་པ་དང་དད་ལྡན་གྱི་མང་ཚོགས་རྣམས་ཀྱིས་ཀྱང་འདུ་ཁང་གི་ལྷས་ར་ནས་རང་རང་གི་ལག་ལ་ཅི་ཐོབ་འཕྲོག་རེས་བྱེད་པའི་སྲོལ་ཡང་ཡོད། དེ་ཡང་སྦྱིན་བདག་རང་རང་གི་རྒྱུ་འབྱོར་དང་བསྟུན་པ་ལས་ཀ་་དང་སིལ་ཏོག་སོགས་ཀྱི་མང་ཉུང་ལ་གཅིག་གྱུར་གྱི་ངེས་གཏན་ཞིག་གཏན་ནས་མེད། དེ་ལྟར་བཅུ་སྐོར་རེའི་ཁྱིམ་ཚང་དག་རེས་མོས་སུ་བྱས་ཏེ་ལོ་ངོ་གསུམ་གྱི་ནང་ལ་ཐེངས་གཅིག་རེ་བྱས་ནས་དཀར་པོའི་ཆོས་ཕྱོགས་ལ་སྦྱིན་པ་དང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་བཞིན་ཡོད། གཞན་སྦྱིན་པའི་བདག་པོ་རྣམས་ཀྱིས་དད་ལྡན་མང་ཚོགས་ལ་གོ་རེ་དམར་པོ་དང་མར་སྐལ་རྩམ་པ་སོགས་ཀྱི་སྐུ་འགྱེད་བྱེད་པ་མ་ཟད། འཆམ་པ་དང་སྔགས་པ་རྣམས་ལ་ཡང་གོ་སྐལ་དང་། མར་སྐལ། སིལ་ཏོག  རྩམ་སྐལ་སོགས་སྟེར་བ་དང་། དེ་ལས་གཎཟ་བློན་ཆོས་བན་སྔགས་བརྒྱད་ཅུའི་དབུ་མཛད་དང་དགེ་སྐུལ། རྡོ་རྗེ་འཛིན་པ་སོགས་ལ་ཡང་ཉིས་སྐལ་སྟེར་པའི་སྲོལ་ཡང་ཡོད་དོ།། 

          གཞན་ཡང་ལོ་རེའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་ཚེས་ཉེར་དགུ་བར་བློན་ཆོས་བན་སྔགས་གཙོ་བྱས་པའི་དད་ལྡན་མང་ཚོགས་ཀྱིས་འདོན་པ་དང་སྔགས་སྒྲུབ་སོགས་ཀྱི་བྱ་བ་ཡོངས་སུ་མཇུག་རྫོགས་རྗེས། གོང་དུ་སྨྲས་པ་བཞིན་ཚེས་ཉེར་དགུའི་ཉིན་མགོན་པོ་གུར་དང་ལྷ་མོ་རེ་མ་ཏི། ཚངས་པ་དང་སྔགས་སྲུང་མ། གཟའ་མཆོག་ར་ཧུ་ལ། ཁྲོ་བོ་དང་ཁྲོ་མོ། བྱ་རོག་དང་འུག་པ། དམ་ཆེན་དང་བློན་པོ། གཞན་ཡང་གངས་དཀར་ཤ་མེད་བཞི་བཅས་བསྡོམས་པས་འཆམ་པ་བཅོ་ལྔ་ཡིས་གར་འཆམ་འཁྲབ་སྟེ་ཕྱོགས་བཞིའི་དགྲ་བགེགས་འདུལ་ཞིང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་ཡུལ་ལུང་ཆོས་སྲིད་གཉིས་ཀྱི་ཆར་བཅོས་པའི་བྱ་ལམ་ལ་འགྲོ་ཞིང་། དྲན་པའི་བློ་ལམ་ལ་འགྲོ་བ། དཔའ་ལོ་ལམ་ལ་གྲགས་ཤིང་། ཕྱུགས་ཟླ་ལམ་ལ་ཁྱབ་པ། ཁ་ལས་འོ་མ་འཕྱུར་འཕྱུར། དབང་ཐང་མེ་ཏོག་བཞད་བཞད། རླུང་རྟ་རྟ་རྒོད་རྒྱུག་རྒྱུག  རྒན་པའི་ཚེ་ཐག་རིང་ཞིང་། གཞོན་པའི་འདབ་ལག་རྒྱས་པ། དགྲ་ཕྱོགས་ལ་མུན་པ་འཐིབས་ཤིང་། རང་ཡུལ་ལ་ཉི་མ་ཤར་བ། དགྲ་ཁ་སྐོར་དང་མགོ་བསྐོར་བྱེད་པ། རང་ལ་ཁ་ས་དང་བློ་ས་བྱེད་པ། མ་རིག་པའི་ཉིན་མོར་ཁྲ་ཆུང་གི་མིག་དང་། མ་གོ་བའི་ཉིན་མོར་མགོ་ཟུར་གྱི་རྣ། མ་ཤེས་པའི་ཉིན་ལ་གངས་དཀར་གྱི་སེམས་བྱེད་པ། མི་ཐོག་ལ་ནད་ཚ་མེད་ཅིང་། ཕྱུགས་ཐོག་ལ་གོད་ཁ་མེད་པ། བསམ་པའི་དོན་འགྲུབ་ཅིང་འདོད་པའི་རྩེ་གང་བའི་མགོན་སྐྱབས་གནང་ནས་སྡེ་ཚོ་འདི་འབྱོར་ཕྱུག་དང་འཚེ་བྲལ་ཞི་བདེ་ཡི་དཔལ་ལ་ལོངས་སུ་སྤྱོད་པའི་སྨོན་ལམ་འདེབས། སྤྱིར་རེབ་གོང་བློན་ཆོས་བན་སྔགས་བརྒྱད་ཅུའི་སྔགས་འཆམ་གྱི་སྐོར་ལ་བྱུང་འཕེལ་དང་སྒྱུ་རྩལ་ཁྱད་ཆོས་སོགས་ཅུང་ཞིབ་རྒྱས་སུ་དཔྱད་པའི་ཆ་མང་མོད་འདི་དག་ཁོ་བོས་<རེབ་གོང་ས་ཁུལ་དུ་དར་བ་ཆེས་སྔ་བའི་བློན་ཆོས་བན་སྔགས་བརྒྱད་ཅུའི་འཆམ་གྱི་སྐོར་བརྗོད་པ།> (མང་ཚོགས་སྒྱུ་རྩལ་༢༠༠༩ལོའི་དེབ་གསུམ་པ།)ཞེས་པའི་དཔྱད་རྩོམ་དེར་ཞིབ་གསལ་གྱིས་ངོ་སྤྲོད་དང་ཞིབ་འཇུག་གནང་ཡོད་པས་འདིར་ཞིབ་ཏུ་རེ་རེ་བཞིན་བརྗོད་པའི་ངལ་བ་མ་བྱས་སོ།།
          མཇུག་བསྡུ་བའི་གཏམ།
          མདོར་ན་བོད་མི་རིགས་སྤྱི་དང་སྒོས་སུ་བློན་ཆོས་ས་ཁུལ་གྱི་རྔམ་མཐུག་པའི་ཡུལ་སྲོལ་རིག་གནས་ལས་ས་ཆ་འདིའི་མི་རྣམས་དཀར་པོའི་ཆོས་ལ་དད་ཞེན་ཆེ་ཞིང་། ཕ་མེས་ནས་བརྒྱུད་པའི་སྲོལ་བཟང་དག་ཉམས་པ་རྒྱུད་འཛིན་དང་མ་ཉམས་གོང་སྤེལ་ལ་གཏོང་བའི་ཕྱོགས་ལ་ནུས་པ་བླ་ལྷག་ཅིག་འདོན་ཐུབ་པ། རང་རིགས་ཀྱི་ཕ་མེས་དང་དམ་པ་གོང་མ་རྣམས་ཀྱི་མི་ཚེའི་བཤུལ་ལམ་ལ་ཕྱི་མིག་བལྟ་ཤེས་པ། དེ་དག་གི་གསར་གཏོད་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་སྤོབས་པ་སོགས་ལ་ཡིད་སྨོན་དང་གོང་བཀུར་བྱེད་པའི་བསམ་པ་དང་བློ་སྤོབས་མངའ་བ་མ་ཟད། བོད་རིགས་ཁྲི་མ་འབུམ་གྱིས་རྗེ་ཙོང་ཁ་པ་ལ་དད་འདུན་གྱི་སྙིམ་པའོ་པངྨོ་ཡོངས་སུ་ཟུམ་པ་དང་། ཁོང་གི་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ། རང་རིགས་ཀྱིས་སློབ་སྦྱོང་བྱེད་དགོས་པའི་གལ་ཆེན་རང་བཞིན་གསལ་བར་བསྟན། དེ་ལས་གཞན་ཆོས་ལུགས་དམངས་སྲོལ་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་མཚོ་ལ་ཁ་བ་བབས་པ་ཇི་བཞིན་ཕྱོགས་དང་ཆ་ནས་ཡོངས་སུ་སིམ་ཡོད་པར་མ་ཟད། བོད་མི་རིགས་ཀྱི་བསམ་པའི་གཏིང་དང་རུས་པའི་རྐང་ལ་ཟུག་ཡོད་པའི་ངེས་ཤིག་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་སུ་འཇུག་གོ།
          མཆན།
          དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོག་ངོས་༡༦༥༩
          《བསྟོད་སྨོན་ཕྱོགས་བསྒྲིགས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོ། ཤོག་ངོས།༡༩
          བླ་མ་དབང་རྒྱལ། 《རེབ་གོང་ས་ཁུལ་དུ་དར་བ་ཆེས་སྔ་བའི་བློན་ཆོས་བན་སྔགས་བརྒྱད་ཅུའི་འཆམ་གྱི་སྐོར་བརྗོད་པ།》《 མང་ཚོགས་སྒྱུ་རྩལ།》 ༢༠༠༨ལོའི་དེབ་གསུམ་པ། ཤོག་ངོས་༤༢ནས་༤༣བར་གསལ།