ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

བོད་ཀྱི་བག་སྟོན་གཏམ་བཤད་གསེར་གྱི་མེ་ཏོག་ཕྲེང་བ།

སྤེལ་དུས 2019-05-23 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། ཚེ་རིང་དོན་གྲུབ་ཀྱིས་བསྡུས།

        དེ་རིང་གནམ་ལ་བལྟས་ན་སྐར་མ་བཟང་། ས་ལ་བལྟས་ན་དུས་ཚོད་བདེ། བར་ལ་བལྟས་ན་ཚེས་གྲངས་བཟང་། བཟང་གསུམ་འཛོམས་པའི་ཉི་མ། བཀྲ་ཤིས་ཉི་མ་ཡར་ལོག  དུང་གི་ཟླ་བ་ཚུར་གསལ། སྐར་མ་སྨིན་དྲུག་ཚུར་ཚོགས།  རྒྱ་མཚོའི་ཁ་ལོ་ཡར་སྐོར། ཆུ་བོ་སྔོན་མོ་ཡར་འབྲུབ།  རྟགས་རྟེན་འབྲེལ་གྱི་རང་བཞིན། ལས་སྨོན་ལམ་གྱི་རང་འགྲུབ།  སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        དེའི་རྗེས་ལ་བོད་ཕོ་གཞི་མོ་གནས་གཉེན་གཞི་ཚང་གསུམ་ལ་ཆ་བཞག་ན།  འཁོར་བའི་ས་ཆགས་ཐབས།  རུས་པས་རྡོ་བཟོ་ཐབས། བུ་མོ་གཅིག་འདུག་ན་བུ་གཅིག་སྐུལ་དགོས།   བུ་གཅིག་འདུག་ན་བུ་མོ་གཅིག་སྐུལ་དགོས།དང་པོ་གཉེན་ཨ་བྱེད་ཟེར་ནས་ཕ་རོལ་བྲག་དཀར་རྐེད་ལ་སྐད་གཏོང་། གཉེན་བྱེད་ཆོག་ཟེར་ཏེ་ཆ་རིང་རྒྱ་གྲོང་ནང་ལ་ལན་འོངས། ལེན་འོངས་སའི་ཐོག་ལ།  འབྱུང་བའི་ཆ་མཉམ། རུས་པའི་བརྡ་བཞིན།  ལྷས་འབོད་ན་ཨ་ཟེར། བདུད་རྩི་ཡོང་ན་ཁ་གདངས་བའི་སྐབས་སུ་ལ། བདག་ཕུན་འཛིན་གཉིས་རེད་ཐལ་གསུངས་ནས་ལ། ནས་སྲན་མ་མིན་པ་ཆང་བཙོ། འབྲུ་ཡུངས་གཞི་མིན་པ་ཕྱེ་བཏགས། རི་རྒྱལ་འབྲོང་མིན་པ་ཤ་བཤག   བྱ་རྒོད་ལག་མིན་པ་མགྲོན་འབོད།  དོ་ནུབ་འདིའི་བཀྲ་ཤིས་པའི་གཡང་གདན་ཐོག་ལ་བྱ་མས“སྒོང”ཟེར་རན་བྱ་ཆུང་གིས་“རོགས”ཟེར་ནས་འཛོམས་ཡོང་རོགས་པ་ལ་དགའ་སྤྲོ་དཔེ་དང་དམ་པ་ཆེ་སྣང་།   
        དོ་ནུབ་མགྲོན་ཚུར་བྱོན་མཁན་རྣམས་ལ་ཆ་བཞག་ན།   མི་ཕོའི་ནང་དུ་མིག་རྩ་དྭངས་པ།   རྟ་ཕོའི་ནང་དུ་རྔ་མཇུག་རིང་བ། གཏམ་གྱི་ནང་དུ་སྲོག་ཤིང་།  དམག་གི་ནང་དུ་དཔའ་བོ།  ལས་བྱེད་ཀྱི་ནང་དུ་སྔ་འགྲོ།   མི་དམངས་ཀྱི་ནང་དུ་ཧུར་བརྩོན།  མི་ལ་མ་ལྟ་གཏམ།  བྱ་ལ་མ་ལྟ་སྒྲོ།   ཟ་བ་ལ་མ་ལྟ་རུས་པ་ལ་ལྟ་ནས་དོ་ནུབ་བཀྲ་ཤིས་པའི་གཡང་གདན་ཐོག་ལ་ཕེབས་ཐུབ་རོགས་ཡོང་རྒྱུ་ལ་དགའ་སྤྲོ་དཔེ་དང་དམ་པ་ཆེ་སྣང་།

        བག་མ་ལ་ཆ་བཞག་ན། རྒན་པོ་རྣམས་ཀྱིས་གཡང་གིས་གསོ། མ་སྲུ་རྣམས་ཀྱིས་གླུ་ཡིས་གསོ། བུ་ཚ་བུ་མོ་རྣམས་ཀྱིས་བྲོ་དང་ཁྲོམ་གཞས་ཀྱིས་གསོ།  ཇ་ཆང་གཉིས་ཀྱིས་ཟམ་བཙུགས།  ཕྲུག་དཀར་ལྗང་གཉིས་ཀྱིས་གདན་ཐོག  གཡུ་བྱུ་རུ་གཉིས་ཀྱི་རྒྱན་ཆ།  དར་གོས་ཅན་གཉིས་ཀྱི་ཐོག་ལ།  དོ་ནུབ་བཀྲ་ཤིས་པའི་གཡང་གདན་ཐོག་ལ་བཞུགས་གདན་འཇགས་རོགས་བྱེད་རྒྱུ་ལ་དགའ་སྤྲོ་དཔེ་དང་དམ་པ་ཆེ་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        དར་བཏགས་རྣམ་པ་བྱོན་རོགས་བྱེད་མི་རྣམས་ལ་ཆ་བཞག་ན།  ལ་ཆེ་ནས་མ་བསམ་བྱོན་རོགས་བྱེད།  ལ་ཁ་ཁ་བས་མ་བཀག  ཆུ་ཆེ་ནས་མ་བསམ་བྱོན་རོགས་བྱེད།   ཆུ་རབ་ཟམ་གྱིས་མ་བཀག  ཁྲ་གསལ་གསལ། གྲལ་རོགས་རོགས། དོ་ནུབ་བཀྲ་ཤིས་པའི་གཡང་རའི་ནང་ཕེབས་ཐུབ་རྒྱུ་ལ་དགའ་སྤྲོ་དཔེ་དང་དམ་པ་ཆེ་སྣང་།
        གནམ་འཁོར་ལོ་རྩིབས་དགུའི་གུར་ཕུབས།  ས་པད་མ་འདབ་བརྒྱ་ཡིས་གདན་བཏིང་། བར་བཀྲ་ཤིས་རྟགས་བརྒྱད་ཀྱིས་གྲལ་བཀོད། གྲལ་གཡས་གྲལ་གཡོན་གྲལ་གདོང་གྲལ་གསུམ།  གྲལ་གཡས་གྲལ་མགོ་ལ་ཉི་མ་ཤར།  གྲལ་གཡོན་གྲལ་མགོ་ལ་ཟླ་བ་གསལ། གདོང་གྲལ་མགོ་ལ་སྨིན་དྲུག་ཚོགས།  གྲལ་མགོ་ལ་ཕ་དང་ཨ་ཁུ་བཟང་པོ།  གྲལ་རྐེད་ལ་མ་དང་མ་སྲུ།  གྲལ་མཐར་བུ་ཚ་བུ་མོ་རྣམས་ཀྱིས་ཐབ་སྐོར་རོགས་བྱེད་པ་ལ་དགའ་སྤྲོ་དཔེ་དང་དམ་བ་ཆེ་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        ཕྱིའི་འཇིག་རྟེན་གྱི་ཆགས་ཚུལ།  ནང་གི་ཟས་ནོར་ལོངས་སྤྱོད་ཀྱི་འབྱུང་ཚུལ།  འཁོར་བ་སེམས་ཅན་གྱི་འཁྲུངས་ཚུལ།   རྟེན་འབྲེལ་དར་ཚུལ་ཚིག་གསུམ་གྱི་ཟུར།  སྐར་མའི་སྨིན་དྲུག་གི་མགོ་ཚོགས།  རྟེན་འབྲེལ་དར་ཚུལ་མདོ་ཙམ་ཞིག་ཞུ་ན། དང་པོ་གནམ་མ་ཆགས་གནམ་ནམ་མཁའ་སྔོན་པོ་གཡུ་རང་ཆགས།  ས་གཞི་དང་པོ་མཐའ་འོག་མའི་རྒྱ་མཚོ་ཆེན་མོ་བར་གཡང་ཤེལ་དཀར་གྱི་མདོག་ཅན་ཆགས།  གནམ་ལ་རྒྱ་མཚོའི་སྤྲིན་དམར་ཆགས།  སྤྲིན་ཅན་གྱི་ཆར་བ་ལྔ་འབབ་ནས།   མཐའ་འོག་མའི་རྒྱ་མཚོ་ཆེན་མོ་བར་གཡང་ཤེལ་དཀར་གྱི་མདོག་ཅན་ཆགས།  དེའི་དེ་དང་འབྱུང་བའི་བག་ཆགས།  དེའི་དེ་དང་བདུད་ཆགས།   དེའི་དེ་དང་བག་བདུད་ཀླུ་གསུམ་ཆགས། དེའི་དེ་དང་རི་ཡི་རྒྱལ་པོ་རི་རབ།  རྩི་ཤིང་ནགས་ཚལ་ཆགས།  རི་རབ་དེ་ལ་བམ་རིམ་བརྒྱད་ཁྲི་བཞི་སྟོང་།  བམ་རིམ་བཞི་ཁྲི་ཉིས་སྟོང་རྒྱ་མཚོའི་འོག་ལ་མར་སོང་།  འོག་ལ་ཀླུ་ཆེན་བརྒྱད་ཀྱི་གྲོང་ཆེན་ཆགས།  ཀླུའི་གྲོང་ཆེན་མང་པོ་ཆགས།  ཀླུའི་རྒྱལ་པོ་དགའ་བོ་དང་མི་དགའ་བོ།    རིན་པོ་ཆེ་སྣ་ལྔ་ལ་གྲུབ་པའི་བང་མཛོད་གྲངས་མེད་པ་ཆགས།

        འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་དེ་འོག་ཕྱོགས་ཀླུའི་ཡུལ་ནས་ཡར་ཡོང་། རི་རབ་ཀྱི་དཔག་ཚད་བཞི་ཁྲི་ཉིས་སྟོང་རྒྱ་མཚོའི་སྟེང་ལ་ཡར་འཕགས། རི་རབ་ཀྱི་མཐའ་སྐོར་ཏུ་གསེར་གྱི་རིགས་བདུན། རིག་པའི་མཚོ་བདུན། རི་རབ་དེ་ལ་བམ་རིམ་བཞི།  བམ་རིམ་དང་པོ་གནོད་བྱིན་གྱི་ནང་ལ་བཞུགས་ཐོག  གཉིས་པ་ཁྲིམས་ཐོག  གསུམ་པ་སྟག་གཞོན་གྱི་རིགས།  བཞི་པ་རྒྱལ་ཆེན་སྡེ་བཞིའི་གནས།  རི་རབ་ཀྱི་རྩེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་གནས་ཆགས།  དེའི་སྟེང་དུ་དགའ་ལྡན་ཆགས།  དེའི་སྟེང་དུ་འཕྲུལ་དགའ་ཆགས། དེའི་སྟེང་དུ་གཞན་འཕྲུལ་དབང་བྱེད་ཆགས།   གཡུ་ཀླུ་སྐོར་པའི་ཞིང་ཁམས།  ལྕང་ཀླུ་ཅན་གྱི་ཕོ་བྲང་།  ཡར་གསལ་ལྷའི་ཞིང་ཁམས།   གཟུགས་ཁམས་ཀྱི་གནས་རིགས་བཅུ་བདུན།   གཟུགས་མེད་ཀྱི་ཁམས་བཞི་ལྟ་བུ་ཆགས་སྣང་ཟེར་ནས་ལབ་དོན་ཞུ་དགོས་སྣང་ལ།
        རི་རབ་ཀྱི་རྐེད་ལ་ཡང་མི་དམག་ཡུལ་གྱི་གྲོང་ཆེན་ཆགས། རི་རབ་ཀྱི་མཐའ་ལ་གླིང་མཆོག་ཏུ་འགྱུར་པའི་ཕོ་རྒྱལ་འཛམ་པོ་གླིང་ཆགས། གསེར་གྱི་རྡོ་རྗེ་རྒྱ་དམ་གྱི་དཔེ་ལྟ་བུ་ལ་ཆགས།  གླིང་བཞི་གླིང་ཕྲན་བརྒྱད།    གླིང་མི་འདྲ་བ་བཞི།   ཁ་དོག་མི་འདྲ་བ་བཞི།   དབྱིབས་མི་འདྲ་བ་བཞི།    སྐྱེ་གནས་མི་འདྲ་བ་བཞི།   ལོངས་སྤྱོད་མི་འདྲ་བ་བཞི།
        གླིང་མི་འདྲ་བ་བཞི་ལ་ཆགས་བཞག་ན། ཤར་ནི་ཁ་ཆེ་གླིང་།  ལྷོ་རི་འཛིན་པོ་ཏཱ་གླིང་།  ནུབ་པད་མ་རྔ་གཡབ་གླིང་།  བྱང་ཤམ་བྷ་གླིང་། ཁ་དོག་མི་འདྲ་བ་བཞི་ལ་ཆགས་བཞག་ན།  ཤར་ཤེལ་ལས་གྲུབ་པའི་ཤར་གླིང་དཀར་པོ་ཆགས། ལྷོ་བེེཌཱུར་ལས་གྲུབ་པའི་ལྷོ་གླིང་སེར་པོ་ཆགས།  ནུབ་པད་མ་ར་ག་ལས་གྲུབ་པའི་ནུབ་གླིང་དམར་པོ་ཆགས།  བྱང་ཨིན་ཊ་ནི་ལེ་ལས་གྲུབ་པའི་བྱང་གླིང་ལྗང་པོ་ཆགས།

        དབྱིབས་མི་འདྲ་བ་བཞི་ལ་ཆ་བཞག་ན། ཤར་ལུས་འཕགས་པོ་ནི་ཟླུམ་པོ།  ལྷོ་འཛམ་བུ་གླིང་ནས་ཟླ་གམ།  ནུབ་བ་ལང་སྤྱོད་ནི་གྲུ་བཞི།   བྱང་སྒྲ་མི་སྙན་ནི་ཟུར་གསུམ།
        སྐྱེ་གནས་མི་འདྲ་བ་བཞི་ལ་ཆ་བཞག་ན།  ཤར་ལུས་འཕགས་པོ་ནི་རྒྱལ་སྐྱེས།  ལྷོ་འཛམ་པོ་གླིང་ནི་མངལ་སྐྱེས།  ནུབ་བ་ལང་སྤྱོད་ནི་དྲོད་སྐྱེས།  བྱང་སྒྲ་མི་སྙན་ནི་སྒོང་སྐྱེས།
        ལོངས་སྤྱོད་མི་འདྲ་བ་བཞི་ལ་ཆ་བཞག་ན། ཤར་ལུས་འཕགས་པོ་ནི་རིན་པོ་ཆེའི་ལོངས་སྤྱོད།  ལྷོ་འཛམ་པོ་གླིང་ནི་ཤིང་ཏོག་ཨ་མྲའི་ལོངས་སྤྱོད།   ནུབ་བ་ལང་སྤྱོད་ནི་འདོད་ཕྱོགས་བའི་ལོངས་སྤྱོད།  བྱང་སྒྲ་མི་སྙན་ནི་མ་མོས་པའི་ལོངས་སྤྱོད།   སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        གླིང་མཆོག་ཏུ་འགྱུར་པ་ཨོ་རྒྱན་འཛམ་པོ་གླིང་གི་མིའི་འབྱུང་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།  ཡབ་སྤྲེའུ་བྱང་ཆུབ་སེམས་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། ཡུམ་བྲག་སྲིན་མོ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ།  འདོད་པ་བྲག་ལ་ཆགས་ནས།  དང་པོ་སྤྲེའུ་ཕྲུག་དྲུག་འཁྲུངས།   མདོག་མི་འདྲ་བ་དྲུག  རིགས་མི་འདྲ་བ་དྲུག  ཁམས་མི་འདྲ་བ་དྲུག ལྷའི་རིགས་དང་མིའི་རིགས།    ལྷ་མ་ཡིན་གྱི་རིགས་ལ་སོགས་པ་འགྲོ་བ་རིགས་དྲུག་གི་འཁྲུངས་ཚུལ།  ཡབ་སྤྲེའུ་བྱང་ཆུབ་སེམས་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲལ། སྤྲེའུ་ཕྲུག་གསུམ་ཁྲིད་ནས་རི་བོ་ཆེན་མོ་གཡས་སྐོར། ཡུམ་བྲག་གི་སྲིན་མོ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲལ། སྤྲེའུ་ཕྲུག་གསུམ་ཁྲིད་ནས་རི་བོ་ཆེན་མོ་གཡོན་སྐོར།  རྒྱ་གར་རྡོ་རྗེ་གདན་ལ་ཚུར་འཛོམས་པའི་སྐབས་སུ།  སྤྲེའུ་ཕྲུག་སྟོང་དང་ལྔ་བརྒྱ་འཁྲུངས་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།  ཟས་ནོར་ལོངས་སྤྱོད་མེད་པ་ལ་ས་སྐྱ་དཀར་དམར་གྱི་ཟས་ལ་ལོངས་སྤྱོད།  སྦྲང་རྩིའི་དཔེར་ལྟ་བུ།   མགོན་པོ་འོད་དཔག་མེད་ཀྱིས་བྱ་མཁའ་ལྡིང་ཚངས་ཆེན་ལ་སྤྲུལ་ནས་རི་རབ་ཀྱི་ཁོངས་གསེང་ཀྱི་ནང་དུ་འོག་ཕྱོགས་ཀླུའི་ཡུལ་ཏུ་ཕེབས་པ།   འབྲུ་སྣ་ཁ་བདུན་ལེན་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ལྷུང་བཟེད་ལ་ཕུལ།   འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཕྱག་གཡས་པས་ནམ་མཁའ་ལ་བཏབས་ནས་ས་གཞི་ལ་ཕུག་པ།  ཟས་ནོར་ལོངས་སྤྱོད་དེ་ཆར་བཞིན་ཏུ་འབེལ་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        དེའི་རྗེས་ལ་མི་རྣམས་ཚེ་ལོ་བཞི་ཁྲིའི་སྐབས་སུ།  སྟོང་འཁོར་ལོ་རྗེའི་རྒྱལ་པོ་ཕེབས་ནས་སངས་རྒྱས་འཁོར་བ་འཇིག་པའི་ཆོས་ཀྱི་འཁོར་ལོ་སྐོར།  མི་རྣམས་ཚེ་ལོ་གསུམ་ཁྲིའི་སྐབས་སུ།   སངས་རྒྱས་ཕེབས་ནས་རྒྱལ་པོ་ཀུན་ཏུ་དགའ་བས་རྒྱལ་ས་མཛད།  མི་རྣམས་ཚེ་ལོ་གསུམ་ཁྲིའི་སྐབས་སུ།   རྒྱལ་པོ་ཆོས་རྒྱལ་ཕེབས་ནས་སངས་རྒྱས་འཁོར་བ་འཇིག་པའི་ཆོས་ཀྱི་འཁོར་ལོ་སྐོར།   མི་རྣམས་ཚེ་ལོ་ཉིས་ཁྲིའི་སྐབས་སུ།   རྒྱལ་པོ་གསེར་ཏོག་ཕེབས་ནས་སངས་རྒྱས་འོད་སྲུང་གིས་ཆོས་ཀྱི་འཁོར་ལོ་སྐོར། མི་རྣམས་ཚེ་ལོ་བརྒྱ་ཡི་སྐབས་སུ།  ཡབ་རྒྱལ་པོ་སྲས་གཙང་དང་ཡུམ་སྒྱུ་མ་ལྷ་མཛེས་གཉིས་ལས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་རྫུ་འཕྲུལ་གྱི་སྒོ་ནས།  ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐྱེ་བོའི་ཐོག་ལ་ཕེབས་པ།  གནས་འགའ་ཤས་ཀྱི་ཁང་པར་བཞུགས་ནས།  མཆན་པ་གཡོན་པའི་ཐོག་ལ་ཕེབས་ནས།  ལྷའི་བུ་དང་བུ་མོ་རྣམས་ཀྱི་འཇའ་འོད་ཀྱི་ཚོན་སྣ་ལྔ་གདན་འདྲེན་ཞུ།  ལྷ་ཚངས་པ་དང་རྒྱལ་བྱིན་རྣམས་ཀྱི་ཁྲུས་གསོལ་ཏེ་ཕུལ།  ཤར་ཆད་ཀྱི་གྲོང་ཆེན་དེའི་ནང་དུ།  ས་ཆེན་དེའི་ནང་དུ་གོམ་པ་བདུན་ཕར་སྤོས་ནས།  དཔག་བསམ་ཤིང་འདི་ལ་ཕྱག་གཡས་པས་འཇུས་ནས། གོམ་གཅིག་གོམ་གཉིས་གཙོ་བོ་ཁྱོད་རྣམས་ལ།  ས་ཆེན་འདིའི་ནང་གོམ་པ་བདུན་ཕར་སྤོ།  ང་ནི་འཇིག་རྟེན་འདི་ནང་ཆོས་གསུང་འོང་ཟེར་ནས་ཞལ་གསུངས་མཛད།  དགུང་ལོ་བཞིའི་སྐབས་སུ་རང་གི་དབུ་སྐྲ་རང་གིས་བསྲེགས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་ཕུལ། དགུང་ལོ་བརྒྱད་ཀྱི་སྐབས་སུ་རྒྱལ་ས་མཛད་ཞིང་ཆོས་མཛད།  དགུང་ལོ་བཅུ་དྲུག་སྐབས་སུ།   ཆུ་བོ་ན་ག་ར་ཛ་ནང་ལ་བཞུགས་ནས་ཐུགས་ཏིང་ངེ་འཛིན་ལ་རྣམ་པ་བཞག་པ།  དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད།  བར་དུ་སྐལ་བ་གྲངས་མེད་ཀྱི་ཚོགས་བསགས།  མཐར་འདོད་བརྒྱ་ལྔ་པ་རྫོགས་ནས་སངས་རྒྱས།  བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་གྲངས་མེད་མཛད་སྣང་འདི་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        དེའི་རྗེས་ལ་རྒྱལ་པོ་ཕེབས་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།  རྒྱལ་པོ་ཕེབས་སྔ་བ་ལ་རྒྱལ་བོ་གཉའ་ཁྲི་བཙན་མོ། རྒྱ་གར་ལ་ཕེབས།  ཉི་མའི་འཇའ་སྟབས་ལ་ཕེབས་ནས།  ཉི་ཐང་གོང་མའི་ནང་དུ་འཇའ་འོད་སེར་པོ་ཞིག་གུར་ཕུབ་ནས་བཞུགས་ཚུལ།  བོད་གངས་ཅན་ལ་ཕེབས་ནས་རྒྱལ་སྲིད་མང་པོ་ལུང་བསྟན་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན། སྟེང་ལ་རྒྱལ་པོའི་ཁྲི་བརྒྱད།  འོག་ལ་རྒྱལ་པོའི་བཙན་གསུམ། བར་ལ་རྒྱལ་པོའི་སྡེ་བཞི། རྒྱལ་པོ་གཉའ་ཁྲི་བཙན་མོ།  མུ་ཁྲི་བཙན་མོ།  ལི་ཁྲི་བཙན་མོ། རྒྱལ་པོ་བོདྷི་ས་ཏྭ།  རྒྱལ་པོ་ཀུན་ཏུ་དགའ་བ།  རྒྱལ་པོ་ཁྲི་སྲོང་སྡེ་བཙན། རྒྱལ་པོ་སྲོང་བཙན་སྒམ་པོ་བཅས་ཀྱི་བར་དུ་རྒྱལ་རབས་གསུམ་ཅུ་སོ་བདུན་དེ་གསལ་ཞིང་དྭངས་བ།  ཕྲ་ཞིང་ཕྲ་བ་ཞུ་རྒྱུ་ཡོད་པའི་གནས་ཚུལ་ཡིན་ལ་ཞུ་དགོས་པ་མི་སྣང་།

        རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྒྱག་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན། དང་པོ་མཁན་པོ་བོ་དྷི་ས་ཏྭས་འདྲེ་སྲིན་ཅུང་ཟད་དར་བ་ལ་འགྲུབ་མ་ཐུབ་པའི་དཔེ།   སློབ་དཔོན་པད་མ་འབྱུང་གནས་གདན་དྲངས་འགྲོ་དགོས་ཚུལ་མདོ་བསྡུས་ཙམ་ཞུ་ན།  རྒྱ་གར་རི་ལ་ནུབ་བྱང་མཚམས་སུ།  སྡེ་ཀོ་ཤ་མཚོའི་ནང་དུ་མེ་ཏོག་པད་མ་འདབ་མ་སྟོང་དང་བདུན་བརྒྱའི་ཐོག་ལ།  མགོན་པོ་འོད་དཔག་མེད་ཀྱི་ཚུལ་དུ་སློབ་དཔོན་པད་མ་འབྱུང་གནས་འཁྲུངས།   རྒྱལ་པོ་ཨིན་ཊ་བོ་དྷིས་རྟ་མཆོག་ལྔ་བརྒྱར་གསེར་གྱི་ཤིང་རྟ་ལ་འདོད་ཡོན་ལྔའི་མཆོད་པ་བཀལ་ནས་བོད་གངས་ཅན་ལ་གདན་དྲངས།   རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡོན་བདག་མཛད།  མཁན་པོ་བོདྷི་ས་ཏྭས་རབ་གནས་མཛད།   སློབ་དཔོན་པད་མ་འབྱུང་གནས་ཀྱི་འདྲེ་སྲིན་དམ་ལ་བཏགས།  སངས་རྒྱས་ཀྱི་བསྟན་པ་དར་པའི་ཆེད་དུ།   སེམས་ཅན་གྱི་བདེ་སྐྱིད་འབྱུང་བའི་ཆེད་དུ།  རྒྱབ་ལ་བརྩིགས་པ་མེད་པ་གྲུ་བཞི།  བར་ལ་ཀ་བ་མེད་པ་ཟུར་གསུམ།  མཁས་བླུན་གཉིས་ལ་བཀའ་དྲིན་དྭངས་རག་འཕུལ་ཚུལ་གསལ་ཞིང་དྭངས་བ་ཞུ་མ་དགོས་སྣང་།   དགའ་སྤྲོའི་ཚུལ་ཏུ།  ལྕང་རྒན་ཨ་ཕོའི་གཏམ་བཤད། མི་ཉག་དང་ཕྲུག་གིས་གླུ་བྱེད།   མི་ལ་རས་པས་མགུར་འཐེན།  གཏམ་དང་པོ་བསམ་ཡས་འབྱུང་། བྲོ་དང་པོ་བསམ་ཡས་འབྱུང་།  གླུ་དང་པོ་བསམ་ཡས་འབྱུང་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་།
        དེའི་རྗེས་ལ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ།བཙུན་མོ་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་བོད་གངས་ཅན་ལ་གདན་དྲངས་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།  ཆོས་རྒྱལ་སྲོང་བཙན་སྒམ་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།  བོད་གངས་ཅན་ལ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཆེད་དུ།  སེམས་ཅན་གྱི་བདེ་སྐྱིད་འབྱུང་བའི་ཆེད་དུ།   རྒྱ་བོད་གཉིས་ཀྱི་འདབ་འབྲེལ་བྱེད་པའི་ཆེད་དུ།   འོད་ཟེར་དཀར་དམར་གཉིས་རྒྱ་ནག་ལ་འཕྲུལ། རྒྱ་ནག་ལ་བཙུན་མོ་རྒྱ་བཟའ་ཀོང་ཇོ་འཁྲུངས།  འོད་ཟེར་དཀར་དམར་གཉིས་བལ་ཡུལ་དུ་འཕྲུལ་བ།  བལ་བཟའ་ཁྲི་བཙུན་འཁྲུངས།  བཙུན་མོ་རྒྱ་བཟང་ཀོང་ཇོ་གདན་དྲངས་འགྲོ་ཚུལ་ཞིག་ཞུ་ན།   བོད་ཀྱི་བློན་པོ་རིག་པ་ཅན་རྒྱ་ནག་ལ་བཙུན་མོ་རྒྱ་བཟང་ཀོང་ཇོ་གདན་དྲངས་འགྲོ།  བཙུན་མོ་རྒྱ་བཟའ་ཀོང་ཇོ་གདན་དྲངས་ཚུལ་དང་ཕན་བཏགས་འཕུལ་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།   བཀྲ་ཤིས་པའི་བཏགས་བརྒྱད། རྒྱལ་སྲིད་རིན་པོའི་ཆེའི་སྣ་བདུན། འདོད་ཡོན་རིན་པོ་ཆེའི་སྣ་ལྔ།  སྣ་དགུ་འཛིན་ལ་སོགས་ཕན་བཏགས་ལ་འཕུལ་ཚུལ།  བཙུན་མོ་རྒྱ་བཟའ་ཀོང་ཇོ་དོན་ངོས་བཟུང་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།  རྒྱ་ནག་ལ་བུ་མོ་གཅིག་དང་འདྲ་བ་བུ་མོ་ལྔ་བརྒྱ་ལྷན་གཅིག་ཏུ་བསྡུས་ནས།  བཙུན་མོ་རྒྱ་བཟའ་ཀོང་ཇོ་ལྷ་ཡི་མི་རྒྱུད་ཡིན་པའི་སྟབས་ཀྱིས།  དཀར་ཞིང་སེར་བ་སྔོ་ལ་དམར་བའི་མདངས་ཆགས་པ། སྐྱེས་སྟབས་ནས་ཉི་མའི་འོད་འཁྱིལ་བ།  བོད་ཀྱི་བློན་པོ་རིག་པ་ཅན་ལྷའི་མི་རྒྱུད་ཡིན་པའི་སྟབས་ཀྱིས་བོད་གངས་ཅན་ལའང་གདན་དྲངས།  རྫོངས་ཁུར་ཚུལ་ལ་ཆགས་བཞག་ན།  དགོས་འདོད་ཀུན་ཏུ་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ་བོད་གངས་ཅན་ལ་གདན་དྲངས།   ཀླུ་བདུད་ཀྱི་ཁ་སྣོན་གཙུག་ལག་ཁང་བཏབ་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།  ཆོས་རྒྱལ་སྲོང་བཙན་གསེར་གྱི་ཁྲི་འཁོར་མཚོ་ལ་ཕེབས་ནས། གསེར་ཀྱི་ཁྲི་འཁོར་མཚོའི་ནང་དུ་དཔག་བསམ་་ཀྱི་ཤིང་སྐྱེས།  དཔག་བསམ་ཤིང་དེ་ལའང་འབྱུང་བའི་བག་ཆགས།  བདུད་ཆགས།  བར་བདུད་ཀླུ་གསུམ་ཆགས།   ཀླུ་བདུད་ཁ་སྣོན་གཙུག་ལག་ཁང་འགྲུབ་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།   བལ་བཟའ་ཁྲི་བཙན་བོད་གངས་ཅན་ལ་གདན་དྲངས།  ར་ས་འཕྲུལ་སྣང་གཙུག་ལག་ཁང་འགྲུབ།  ཐུགས་རྗེ་ཆེན་མོ་རབ་འབྱམས་ལྔ་ལྡན་ལྷན་གཅིག་ཏུ་འགྲུབ།  བོད་གངས་ཅན་ལ་སངས་རྒྱས་ཀྱི་བསྟན་པ་དར།  སེམས་ཅན་གྱི་བདེ་སྐྱིད་འབྱུང་།  ཟས་ནོར་ལོངས་སྤྱོད་ནི་ཆར་བཞིན་དུ་འབེལ།  རྒྱ་བོད་ཀྱི་འདབ་འབྲེལ་གོང་མི་ཚད་ཡག་པོ་རེད་སོང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        བསྟན་པ་སྔ་དར་ལ་ཆགས་བཞག་ན།   བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ།  བསྟན་པ་བར་དར་ལ་ཆགས་ཆགས་ན།   རྒྱལ་པོ་ལོང་རོང་བསྟན་པ་བོད་གངས་ཅན་ལ་ཕེབས་ནས་བཀའ་གདམས་པའི་བསྟན་པ།   དར་ཚུལ་ཡང་ཞུ་མ་དགོས་སྣང། བསྟན་པ་ཕྱིར་དར་ལ་ཆགས་བཞག་ན།   འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཨ་མདོ་བྱང་ཆུབ་ཡུལ་དུ་ཤིང་མོ་གླང་གི་ལོ་ལ།  ཡབ་ཤིང་རྟ་ཨ་ཆོས་དང་ཡུམ་ཀླུ་མོ་བཟང་མོ་གཉིས་ལ་སྐུ་བལྟམས་ནས།  རྗེ་སྐུ་འབུམ་ཐང་ལ་གདན་འདྲེན་ཞུ།  རྗེ་ཙོང་ཁ་པ་ཆེན་པོ་བོད་གངས་ཅན་ལ་ཕེབས་ནས་།   རྗེ་ཙོང་ཁ་པ་ཆེན་པོས་དགའ་ལྡན་ཐེག་པ་ཆེན་པོའི་གླིང་བརྒྱབ།   རི་བོ་རྩེ་ལ་ཉི་མ་ཤར་བ་ལྟ་བུ།  བྱམས་ཅན་ཆོས་རྒྱལ་གྱིས་སེ་ར་བརྒྱབ།  དབུ་ཐོག་ལ་སེར་བ་འབབ་པ་ལྟ་བུ།    རྗེ་ཤེས་རབ་སེང་གེས་འབྲས་སྤངས་བརྒྱབ།   སྤང་ཐོག་ལ་འབྲས་དཀར་འབབ་པ་ལྟ་བུ།   རྗེ་ཤེས་རབ་སེང་གེས་རྒྱུད་སྨད་པ་བཏབས།   རྗེ་མཚན་ཀུན་དོན་འགྲུབ་ཀྱིས་སྟོད་པ་བརྒྱབ།  བོད་གངས་ཅན་ལ་འཇམ་མགོན་བླ་མ་ཙོང་ཁ་པོ་ཆེན་པོ་བསྟན་པ་ཞྭ་མོ་སེར་པོའི་བསྟན་པ་གྲིབ་མ་མེད་པ་གངས་ཅན་རི་ལ་ཉི་མ་ཤར་བ་ལྟ་བུ་དར་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        གླིང་ཆེན་བཞིའི་ཆགས་ཚུལ་མདོ་ཙམ་ཞིག་ཞུ་ན། ཤར་དུ་ཨོ་རྒྱན་མཁའ་འགྲོ་གླིང་། ལྷོ་རི་འཛིན་པོ་ཏཱ་གླིང་། ནུབ་པད་མ་རྔ་གཡབ་གླིང་།  བྱང་ནི་ཤམ་བྷ་གླིང་།  གླིང་བཞིའི་ཆགས་ཚུལ་ཞིག་ཞུ་ན།  གླིང་དང་པོ་རྒྱ་གར་ཡུལ་ལ་ཆགས།  རྒྱ་གར་གྱི་མཐོ་རིས་ཕེབས་པ་ལྟ་བུ།  ཆོས་རྟོགས་ཆེ་བའི་གནས་ཆགས།  རྒྱ་ནག་ཡུལ་ལ་མེ་ཏོག་པད་མ་ཁ་ཕྱེ་བ་ལྟ་བུ། ངོ་མཚར་བའི་གནས་ཆགས།  སོག་པོའི་ཡུལ་ལ་ཤེལ་རྟ་དབྱིབས་འདྲ་བ།   འདོད་དགུ་ཆེ་བའི་གནས་ཆགས།  བོད་གངས་ཅན་ལ་སྲིན་མོ་གན་རྐྱལ་སྟེང་ལ་ཆགས་པ་ལྟ་བུ།  མི་རྣམས་བློ་རིག་རྒོད་པ་ཞིང་རྣམ་ཤེས་རྣོ་བའི་གནས་ཆགས།   ས་ཆགས་ཀྱི་སྔ་བ་རྒྱ་གར་རྡོ་རྗེ་གདན།  རྡོ་ཆགས་ཀྱི་སྔ་བ་ནོར་བུ་གླིང་ཁ།  ཡུལ་ཆགས་ཀྱི་སྔ་བ་ནི་ལཱ་རཱ་ཎ་སཱི།  ཆུའི་སྔ་བ་ཆུ་བོ་གང་གཱ མེའི་སྔ་བ་མེ་བོ་རི་ཆེན། བྱ་རིགས་སྔ་བ་མཁའ་ལྡིང་ཚངས་ཆེན། གཅན་གཟན་གྱི་སྔ་བ་གངས་ལ་སེང་གེ  དེའི་རྗེས་ལ་རྒྱ་ཞིང་ཆེན་བཅོ་བརྒྱད་བོད་ཁྲི་སྐོར་བཅུ་གསུམ་རེ་རེ་བཞིན་ཏུ་ཆགས་ལུགས་ཆགས་ཚུལ་ག་ཚོད་ཡོད་ནའང་ཚང་མ་ཞུ་རྒྱུ་ཡོད་པའི་གནས་ཚུལ་རེད་ལ་འདི་ན་ཕྲ་ཞིང་ཕྲ་བ། དྭངས་ཞིང་གསལ་བ་ཞུ་དགོས་པ་མི་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་ལ།
        སྡེ་རོང་རྫོང་གི་ཆགས་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།   སྔ་དང་མ་འདྲ་བ་ཏང་དང་སྲིད་ཇུས་བཟང་བའི་བཀའ་དྲིན་ལ།  ཤར་རི་རྒྱ་ཏ་ཁྲ་མོ་ཐང་ལ་བདེ་བ་ལྟ་བུ།   ལྷོ་རི་གཡུ་འབྲུག་སྔོན་པོ་གནམ་ལ་འཆོངས་པ་ལྟ་བུ།  ནུབ་རི་མི་རྒྱ་དམར་པོ་གཤོག་པ་སྟབས་བ་ལྟ་བུ།  བྱང་རི་ལྷ་ལུགས་སྐྱིད་པོ་ཐང་ལ་བདེ་བ་ལྟ་བུ།   སྡེ་རོང་བྲག་སྤང་ལ་ཆགས་བཞག་ན།  ཆགས་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་ན།  འབྲི་བརྒྱད་ལ་བཤད་ན།  ཡ་ར་ཧ་ཆུང་མར་གྱིས་བཏབ་པ།  འཇང་གླུ་དབྱངས་གངས་དཀར་ཡར་གྱིས་བཏབ་པ།  གླིང་བརྒྱད་ལ་ཆགས་བཞག་ན།  འོད་ཟེར་དཀར་འཛོམས་མར་གྱིས་བཏབ་པ།  བལ་ཟུར་དཀར་ཁྲི་ཡར་གྱིས་བཏབ་པ།   སྡེ་སྟོང་ཕྲག་གཅིག་དང་བདུན་རྒྱ་ལྷག་ཙམ་ཞིག་ནང་དུ་རེ་རེ་བཞིན་འགྲོ་གཞི་སྡོད་གནས་ཞུ་དགོས་ན་ཞུ་རྒྱུ་ཡོད་ལ་ཕྲ་ཞིང་ཕྲ་བ། གསལ་ཞིང་དྭངས་བ། གཅིག་ནས་གཉིས་མ་ལུས་པ་ཞུ་དགོས་པ་མི་སྣང་།
        མི་ཚང་འདི་ལ་ཆགས་བཞག་ན།  ཆགས་ལུགས་ཆགས་ཚུལ་མདོ་བསྡུས་ཙམ་ཞིག་ཞུ་དགོས་ན།  དབུ་རྡོ་རིང་མགོ་རྟ་བཏགས་སྔ་བ།  ཇོ་བོ་མགོ་ལ་བསིལ་ཡབ་འབུལ་སྔ་བ།  རིན་པོ་ཆེ་ལ་གསེར་བྱུགས་སྔ་བ།  རྒྱལ་པོའི་ཁྲུས་གཞོང་ནང་ལ་ཁྲུས་རྩ་སྔ་བ།  ཤར་ཁང་པའི་ནང་དུ་ཐིག་བཏབ་སྔ་བ།  རྐ་ནག་རིང་གི་ནང་དུ་ཆུ་ཁྲིད་སྔ་བ།   ཞིང་བཟང་མོའི་ནང་དུ་རོལ་རྒྱང༼  ལུད་རྒྱབ༽ སྔ་བ།   མི་ཚང་འདི་ལ་ཆགས་བཞག་ན་ཕྲ་ཞིག་ཕྲ་བ།  གསལ་ཞིང་དྭངས་བ་ག་ཚོད་བརྡ་ནའང་བརྡ་རྒྱུ་ཡོད་པའི་གནས་ཚུལ་ཞིག་རེད་ལ།  མི་རྒན་རང་ལྟ་བུས་ཞུ་མི་དགོས་སྣང་།
        ལུང་པ་ཕུ་བདེ་ན་མདའ་བདེ།།  མཚོ་བདེ་ན་ཉ་ཆུང་བདེ།། མགོ་ལ་གངས་རི་དཀར་པོ་བདེ།། མདའ་ལ་མཆོད་རྟེན་དཀར་པོ་བདེ།།  བར་ལ་རྒྱ་གྲོང་ཁྲ་མོ་བདེ།།  རྒན་པོ་རྣམས་ཀྱི་ཆང་ར་བདེ།།  མ་སྲུ་རྣམས་ཀྱི་ཇ་ར་བདེ།།  བུ་ཆུང་རྣམས་ཀྱི་རྟ་ར་བདེ།།  བུ་མོ་རྣམས་ཀྱི་ཐགས་ར་བདེ༎བུ་ཚ་རྣམས་ཀྱི་འཁྱམས་ར་བདེ༎ ཞབས་བྲོ་བརྒྱབ་པའི་མཁར་བདེ།།  མགྲོན་ཆུང་འགྲོ་བའི་ལམ་བདེ།།  གླུ་ཁ་རྒྱང་ལེན་པའི་སོ་བདེ།
        དེའི་རྗེས་ལ་དོ་ནུབ་འདིའི་ནང་དུ་དར་བཤད་མདོ་བསྡུས་ཙམ་ཞིག་བྱེད་ན།   དར་དཀར་པོ་འབྱུང་འབྱུང་ག་ལ་འབྱུང་།།  དར་དཀར་པོ་འབྱུང་འབྱུང་རྒྱ་ནག་མཐིལ་ནས་འབྱུང་།།  རྒྱ་མོ་དར་ཐགས་ནང་བཏགས་པའི་དར།།  ཚོང་དཔོན་ནོར་བུ་བཟང་པོས་སྒྲུབ་པའི་དར།།  གཡུ་ལྗང་དྲེལ་གྱིས་ཁུར་པའི་དར།།  ལག་རྡོ་བཟང་མོ་བཀལ་པའི་དར།།  ལ་ཆེན་ལ་ཆུང་བརྒྱབ་པའི་དར།།  ཆུ་ཆེན་ཆུ་ཆུང་བརྒལ་པའི་དར།།  སྤང་དཀར་སྟོད་ལ་ཕུག་པའི་དར།།   ང་བུ་བསོད་ནམས་ཅན་གྱི་ལག་ཏུ་འཕུལ་རོགས་བྱེད་རྒྱུ་དེ་ལ་བཀའ་དྲིན་ཤིན་ཏུ་ཆེ་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་སྣང་།

        དར་དཀར་པོ་དམར་པོ་སེར་པོ་གསུམ།།  དར་དམར་པོ་བཏགས་ཆོག་ཚོན་ཁ་ཞན།།  དར་སེར་པོ་བཏགས་ཆོག་གོང་ཐང་དམའ།།  དར་བཏགས་ན་རྒྱ་དར་དཀར་པོ་བཏགས།།  དར་མགོ་ལ་བཀྲ་ཤིས་རྟགས་བརྒྱད།།   སྟེང་ཕྱོགས་ལྷ་གནས་སུམ་ཅུ་རྩ་གསུམ་བདེ་སྐྱིད་ལྡན་པའི་རྟེན་འབྲེལ།།  དར་རྐེད་ལ་གཡུང་དྲུང་རི་མོ།།  བོད་ཁྲི་སྐོར་བཅུ་གསུམ་བདེ་སྐྱིད་ལྡན་པའི་རྟེན་འབྲེལ།།  དར་མཐར་ལ་རྒྱ་ནག་ལྕགས་རི།།   རྒྱ་ཞིང་ཆེན་བཅོ་བརྒྱད་མཐར་སྐོར་པའི་རྟེན་འབྲེལ།།  དར་དཀར་ཚར་ལོ་ཉི་ཟླ་སྐར་གསུམ་འཛོམས།།  ཉི་མར་འདྲ་བ་དྲོད་འཇམ་ཆེ།།  ཟླ་བར་འདྲ་བ་གསལ་ཆ་ཆེ།།  སྐར་མར་འདྲ་བ་རྩིས་གྲངས་མང་།།   དར་མར་བཏགས་གཙང་མོ་ཆུ་ལ་བཏགས།།  ཆུ་ལ་ཉ་སྲམ་ལྕང་གསུམ་འཛོམས།།  སྲམ་དཀར་དཀར་པོ་བྲག་སྲུབས་མཛེས།།   གསེར་ཉ་སེར་པོ་གསེར་གཤོག་མཛེས།།  ཆུ་བོ་སྔོན་མོ་ཡོན་ཆབ་བཤམས་པ་ལྟ་བུ།།   དར་ཕར་བཏགས་དཀར་འཛོམས་བྲག་ལ་བཏགས།།   བྲག་རྐེད་ལྷ་ཤུག་ཁུ་བྱུག་རྒོད་ཕྲུག་གསུམ།།  ཐང་དཀར་རྒོད་ཕྲུག་གཤོག་རྩེའི་རྒྱན།།  ལྷ་ཤིང་ཤུག་པ་དྲི་མ་ཞིམ།།   ཁུ་བྱུག་སྔོན་མོ་གསུང་སྐད་སྙན།།  དར་ཡར་བཏགས་ཨ་སྔོན་དགུང་ལ་བཏགས།།   ཨ་སྔོན་དགུང་ལ་དར་བཏགས་མ་དགོས་སྣང་།།   མི་མགོ་དགུང་ལས་མཐོ་བའི་རྟེན་འབྲེལ།།   དར་ཕར་བཏགས་དཀར་འཛོམས་བྲག་ལ་བཏགས།།  དཀར་འཛོམས་བྲག་ལ་དར་བཏགས་མ་དགོས་སྣང་།།  མི་རྐང་བྲག་ལས་སྲ་བའི་རྟེན་འབྲེལ།།  དར་མར་བཏགས་གཙང་མོ་ཆུ་ལ་བཏགས།།  གཙང་མོ་ཆུ་ལ་དར་བཏགས་མ་དགོས་སྣང་།། མི་ཚེ་ཆུ་ལས་རིང་པའི་རྟེན་འབྲེལ།།  དར་དཀར་པོ་ཚར་ལོ་དྲི་མེད་ཅན།། གོང་བླ་མ་རྣམས་ཀྱིས་བཏགས་ན་ཕུན་མདུད།།   སྡེ་དཔོན་རྣམས་ཀྱིས་བཏགས་ན་དཔའ་དར།།  བོན་སྔགས་འཆང་རྣམས་ཀྱིས་བཏགས་ན་སྲུང་མདུད།།  ཕ་ཨ་ཁུ་རྣམས་ཀྱིས་བཏགས་ན་བཀྲ་ཤིས།  མོ་མ་སྲུ་རྣམས་ཀྱིས་བཏགས་ན་གཡང་ཆགས།།  བུ་ཚ་བུ་མོ་རྣམས་ཀྱིས་བཏགས་ན་ཚེ་རིང་།།  བཀྲ་ཤིས་པའི་བཀྲ་ཤིས་ཁ་བཏགས།