ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

མིག་ཡིད་རྣ་བ་ཡི་དགའ་སྟོན་། ལ་སྟོད་དིང་རི་ཡི་ལྷོ་གཞས་།

སྤེལ་དུས 2019-06-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

       སྤྱིར་དིང་རིའི་དམངས་གཞས་ལ་ཡོངས་གྲགས་སུ་དིང་རིའི་ལྷོ་གཞས་དང་ལ་སྟོད་ལྷོ་གཞས་སུ་འབོད་ཀྱི་ཡོད། དེ་ཡང་ཡུལ་མིང་ཡུལ་གྱི་གཞས་ལ་ཐོགས་པ་ཡིན་ཏེ། སྔོན་ས་སྐྱ་བའི་སྲིད་དབང་བཟུང་སྐབས་སུ་བོད་དབུས་གཙང་གི་ཡུལ་ཕྱོགས་ཁག་ཁྲི་སྐོར་བཅུ་གསུམ་དུ་དབྱེ་བ་ལས་ལ་སྟོད་བྱང་གི་ཁྲི་སྐོར་དང་ལྷོ་ཡི་ཁྲི་སྐོར་གཉིས་ཡོད་ཅིང་། དེ་ལས་དེང་གི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ངམ་རིང་རྫོང་ཁུལ་ནི་ལ་སྟོད་བྱང་གི་ཁྲི་སྐོར་ཡིན་པ་དང་། གཉའ་ནང་རྫོང་དང་དིང་རི་རྫོང་ནི་ལ་སྟོད་ལྷོའི་ཁྲི་སྐོར་ཡིན། ལ་སྟོད་བྱང་གི་གཞས་ལ་བྱང་གཞས་དང་ལ་སྟོད་ལྷོའི་གཞས་ལ་ལྷོ་གཞས་ཞེས་མིང་ཐོགས་པ་ཡིན།
       ལྷོ་གཞས་ཀྱི་ལོ་རྒྱུས་འཕེལ་རིམ།
       དིང་རིའི་ལྷོ་གཞས་ཞེས་པ་ནི་ངག་ནས་གླུ་ཚིག་ཟློ་བཞིན། ལག་གིས་སྒྲ་སྙན་དང་པི་ཝང་དཀྲོལ་བ། དེ་དག་གི་དབྱངས་དང་བསྡེབས་ནས་ལུས་ཀྱིས་སྟངས་སྟབས་འགྱུར་བ་ཞིག་ལ་གོ་བ་ཡིན། རོལ་ཆ་གཙོ་བོ་སྒྲ་སྙན་དང་པི་ཝང་ཡིན་པ་དང་། གཞན་ཡང་རྔ་ཆེན་དང་ཡང་ཆིན་སོགས་ཀྱིས་རམ་འདེགས་བྱེད་ཀྱི་ཡོད། ལྷོ་གཞས་དུས་ནམ་ཞིག་ལ་དར་མིན་བརྗོད་དཀའ་ཡང་ལྷོ་བདག་རིམ་བྱོན་གྱི་སྐབས་དར་རྒྱས་ཆེན་པོ་བྱུང་ཡོད་པ་ང་ཚོས་ལོ་རྒྱུས་ལས་གསལ་པོར་རྟོགས་ཐུབ། དེ་ཡང་ལ་སྟོད་ལྷོ་ཡི་བདག་པོ་སྟེ་ལྷོ་བདག་ཅེས་པའི་མེས་པོ་ནི་དུས་རབས་བདུན་པའི་སྨད་ཙམ་དུ་སྤུ་རྒྱལ་བོད་བཙན་པོ་འདུས་སྲོང་མང་པོ་རྗེ་སྐུ་དུས་སུ་རྩལ་པོ་ཆེ་བའི་བློན་པོ་བདུན་གྱི་ནང་ཚན་དབའ་རྒོད་ལྡོང་བཙན་ཞེས་པ་བོད་ཀྱི་རུས་ཆེན་དབའ་ཡི་རྒྱུད་པ་ཞིག་བྱུང་། བཙན་པོ་ཁྲི་སྲོང་ལྡེ་བཙན་མངའ་བདག་མཛད་སྐབས་མཐའ་མཚམས་སྲུང་བའི་ཕྱིར་བོད་ཀྱི་དམག་དཔུང་འགའ་ཤས་བྱང་ཡངས་སར་བཞག་པ་ལས་འབྲོག་སྡེ་ཆེན་པོར་འཕེལ་སྟེ་དེའི་ཁོངས་སུ་དབའ་རྒོད་བཙན་གྱི་གདུང་རྒྱུད་ཡིན་པའི་དབའ་རུས་ཆེན་གྱི་དཔོན་ཆེན་བྱུང་། ཕྱིས་སུ་དེའི་རྒྱུད་པ་ལས་བྱོན་པའི་ཤེས་ཕྲུག་དགེ་བ་བཟང་པོ་ཞེས་པ་དེས་བཙན་པོའི་གདུང་རྒྱུད་ལས་འཁྲུངས་པའི་ལྷ་ལྕམ་ཧོར་སྐྱིད་ཁབ་ཏུ་བཞེས། སྲས་ཤེས་ཕྲུག་དཔལ་ལྡན་འབུམ་འཁྲུངས། དེའི་སྲས་ཤེས་ཕྲུག་དཀོན་མཆོག་སྐྱབས། དེའི་སྲས་བསོད་ནམས་འབུམ་དང་མ་སངས་ཤཱཀྱ་འབུམ་ལས་ཕྱི་མ་འདི་ལ་སྟོད་དིང་རི་སྒང་དཀར་ཁྲི་ཚང་གི་དཔོན་ཆེན་ཕྱུག་པོ་ཁྲི་དཔལ་དང་སྐུ་མཆེད་ཡིན་པས་གཞོན་ནུའི་དུས་ནས་ཕྱུག་པོ་ཁྲི་དཔལ་གྱི་བཀའ་བཞིན་དིང་རི་སྒང་དཀར་དུ་ཕེབས་ནས་ཕྱིས་ལ་སྟོད་ལྷོའི་བདག་པོ་སྟེ་སྒང་དཀར་ཁྲི་དཔོན་ནམ་ལྷོ་བདག་ཏུ་གྱུར། འདི་ནི་དབའ་ཡི་རུས་རྒྱུད་ལས་བྱོན་བའི་ལྷོ་བདག་ཐོག་མ་དེ་ཡིན། དེའི་སྐབས་ནས་དིང་རི་སྒང་དཀར་ཁུལ་ལྷོ་བདག་ཆབ་སྲིད་ཀྱི་ལྟེ་བ་ཡིན་ཞིང་། སྲས་མ་སངས་ཤཱཀྱ་འབུམ་གྱི་ལྷོ་བདག་གི་འགན་བཞེས་པ་ནས་ལ་སྟོད་ཁུལ་དུ་རིག་གནས་དང་ཆབ་སྲིད་དཔལ་འབྱོར་སོགས་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། 《ཤེལ་དཀར་ཆོས་འབྱུང》དུའང་ལས་དོན་ཤིན་ཏུ་གོ་ཆོད་བྱུང་བས་འགྲོ་དཀོན་འཕགས་པ་རིན་པོ་ཆེ་དང་ཧོར་སེ་ཆེན་རྒྱལ་པོ་ཡང་ཐུགས་དགྱེས་པར་བྱུང་ཞེས་འཁོད་ཡོད། ལྷོ་བདག་རིམ་བྱོན་གྱིས་ལ་ལྷོའི་ལྷོའི་ཆབ་དཔལ་རིག་གསུམ་གོང་དུ་སྤེལ་བས་ལྷོ་གཞས་ཀྱང་རིམ་བཞིན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་ཆེན་པོ་བྱུང་།
       ཡང་རྒན་རབས་ཁ་ཤས་ཀྱི་ངག་སྒྲོས་ལྟར་ན། དང་ཐོག་མའི་ལྷོ་གཞས་ལ་རོལ་ཆའི་རིགས་རྔ་ཆེན་ལས་མེད་ཅིང་། སྒྲ་སྙན་དང་པི་ཝང་ནི་རྗེས་སུ་བྱུང་བ་ཞིག་ཡིན་ཟེར། དེ་ལ་བདེན་པ་ཡོད་སྙམ་སྟེ། དིང་རིའི་སྒྲ་སྙན་གྱི་དཀྲོལ་སྲོལ་དང་སྟོད་མངའ་རིས་རྩ་མདའ་དང་སྤུ་ཧྲེང་སོགས་ཀྱི་སྒྲ་སྙན་གྱི་ཚུགས་ཀ་དང་དཀྲོལ་སྟངས་སོགས་ཧ་ཅང་འདྲ་བ་མ་ཟད། སྔར་ཡུལ་ལུང་དེ་དག་དབར་ཚོང་འབྲེལ་དང་ཉེ་ཚན་གྱི་འབྲེལ་འདྲིས་དར་པོ་བྱུང་བའི་ལོ་རྒྱུས་ཡོད།

       ལྷོ་གཞས་འཁྲབ་ནས་ལང་ཚོའི་སྟངས་སྟབས་མངོན།
       ལྷོ་གཞས་ལ་ལྡན་པའི་དམིགས་བསལ་ཁྱད་ཆོས།
       དང་པོ། ཚིག་འདུས་ལ་གདངས་རིང་བ།
       དིང་རིའི་ལྷོ་གཞས་ལ་ཐུན་མོང་མ་ཡིན་པའི་ཁྱས་ཆོས་ཤིག་ཡོད་པ་ནི་ཚིག་འདུས་ལ་གདངས་རིང་བ་ཡིན། དེ་ཡང་ཚིག་འདུས་ལ་གདངས་རིང་བ་ཟེར་བ་ནི་གླུ་ཚིག་ལ་ཚིག་རྙོག་མང་པོ་མེད་པར་ཁ་གསལ་གོ་བདེའི་ཚིག་ཉུང་ངུ་ལས་མེད་ལ་གླུའི་གདངས་རིང་ཞིང་སྐྱོག་མཚམས་མང་བ་ལ་ཟེར།
       གཉིས་པ། གླུ་ཚིག་མང་དུ་ཟློས་པ།
       གླུ་ཚིག་མང་དུ་ཟློས་པ་ནི་གླུ་གཅིག་གི་ནང་དུ་ཚིག་རྐང་གཅིག་གམ་ཡང་ན་གཉིས་ཡང་ནས་ཡང་དུ་ཟློས་ནས་ལེན་པ་ལ་ཟེར་ཞིང་། གླུ་ཚིག་བསྐྱར་ཟློས་བྱེད་པ་ནི་གླུའི་གདངས་དང་ཉམས་ལ་བསྟུན་ནས་ཟློས་ལེན་བྱེད་པ་ལས་གང་འདོད་དུ་བླངས་པ་ཞིག་མིན།
       གསུམ་པ། གདངས་མཚམས་ཕྱེ་བ།
       སྤྱིར་དིང་རིའི་ལྷོ་གཞས་ཡིན་ཕྱིན་ཚང་མར་གདངས་མཚམས་མ་ཕྱེ་སྔོན་གྱི་དལ་འཁྲབ་དང་དེ་ནས་གདངས་མཚམས་ཕྱེ་བ་གཉིས་ཡོད་ཅིང་། གདངས་མཚམས་མ་ཕྱེས་སྔོན་གྱི་དལ་འཁྲབ་ནི་ཕལ་ཆེར་ལྷོ་གཞས་ཡོངས་རྫོགས་གཅིག་མཚུངས་ཡིན་ལ། སུ་ཞིག་གིས་འཁྲབ་ནའང་ཧ་ཅང་འཁྲབ་བདེ་བ་ཡིན། གདངས་མཚམས་ཕྱེས་རྗེས་གཞས་ཁྱོན་ཡོངས་ནས་འཁྲུག་ཆ་དོད་པོར་འགྱུར་གྱི་ཡོད་ལ། སྤྱིར་གླུ་རེ་ལ་རང་གི་གདངས་མཚམས་ཕྱེ་སྟངས་མི་འདྲ་བ་རེ་ཡོད།
       ལྷོ་གཞས་ཀྱི་ཁྱད་ཆོས་དང་རང་བྱུང་ཁོར་ཡུག་གི་འབྲེལ་བ།
       དེ་ཡང་ཡུལ་ལུང་གང་འདྲ་ཞིག་ཡིན་རུང་དེའི་རང་བྱུང་ཁོར་ཡུག་དང་དེར་འཚོ་བཞིན་པའི་མིའི་ཡུལ་སྲོལ་གོམས་གཤིས་དང་དམངས་སྲོལ་རིག་གནས་ནི་ཁ་འབྲལ་དུ་མེད་པ་ཞིག་རེད། དཔེར་ན། བོད་ཀྱི་ནགས་ཚལ་སྟུག་པའི་ས་ཆ་ཁག་གཅིག་སྟེ། སྐྱིད་རོང་དང་འགྲམ། མཁར་རྟ། དེ་བཞིན་འདྲེན་ཐང་དང་ཉིང་ཁྲི་སོགས་ལ་སྤུ་རུ་བཏུང་སྲོལ་ཡོད་ཅིང་། དེ་ཡང་སྤུ་རུ་བཏུང་བར་མེད་དུ་མི་རུང་བ་ནི་པིར་ཤིང་ཡིན་ལ་པིར་ཤིང་ནི་སྨྱུག་མ་ལས་བཟོས་ཤིང་གལ་ཏེ་སྨྱུག་མ་མེད་ན་སྤུ་རུ་འཐུང་ཐབས་བྲལ་བ་བཞིན་ནོ། དེ་བཞིན་དིང་རིའི་དམངས་སྲོལ་རིག་གནས་ནི་ད་བར་རང་རྐྱ་འཕེལ་བའམ་ཉེ་འཁོར་གྱི་ཡུལ་ལུང་གཞན་དག་དང་ཁྱད་པར་ཆེན་པོ་ཡོད།
       དེ་ཡང་བོད་ཀྱི་སྒྲ་སྙན་དཀྲོལ་སྟངས་ལ་ཆ་མཚོན་ན་དབྱེ་བ་དྲུག་ཏུ་དགར་བ་ལས། སྟོད་མངའ་རིས་ཀྱི་དཀྲོལ་སྟངས་དང་། དིང་རིའི་ཁུལ་གྱི་དཀྲོལ་སྟངས། གཙང་གི་ངམ་རིང་དང་ལྷ་རྩེ་ས་སྐྱ་སོགས་ཀྱི་དཀྲོལ་སྟངས། དབུས་ལྷ་སའི་དཀྲོལ་སྟངས། ཀོང་པོའི་དཀྲོལ་སྟངས། མདོ་སྨད་ཁུལ་གྱི་དཀྲོལ་སྟངས་བཅས་དྲུག་ཏུ་དབྱེ་ཡོད་ཅེས་དགྲ་ལྷ་ཟླ་བ་བཟང་པོའི་དཔྱད་རྩོམ་དུ་གསལ། དེ་ལྟར་ས་ཁོངས་ངོས་ནས་ངམ་རིང་དང་། ལྷ་རྩེ། ས་སྐྱ། དིང་རི་སོགས་ས་འབྲེལ་ནས་ཡིན་རུང་དིང་རིའི་ཟུར་བཀར་གྱི་དཀྲོལ་སྟངས་མི་འདྲ་བ་ཡིན་པའི་རྒྱུ་མཚན་ནི། སའི་ཆགས་ཚུལ་ངོས་ནས་དིང་རིའི་ས་བབ་མཐོ་ཚད་ནི་ཆ་སྙོམས་རྒྱ་མཚོའོ་ངོས་ལས་སྨི་4000ཙམ་ཟིན་གྱི་ཡོད་ཅིང་། ལྷོ་དང་ནུབ་ཧི་མ་ལ་ཡའི་རི་རྒྱུད་དང་འདབས་འབྲེལ་ཡིན་པས་ས་བབ་ཧ་ཅང་མཐོ་ལ། གྲང་ངར་ཆེ་བ་སོགས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པས། སྔར་ནས་དེར་འཚོ་གནས་བྱེད་བཞིན་པའི་མི་རྣམས་ཀྱི་རང་བྱུང་ཁོར་ཡུག་དང་མཐུན་པའི་གྱོན་ཆས་དམིགས་བསལ་བ་ཞིག་གསར་དུ་བཏོད་ཡོད་པ་ད་ལྟ་བར་དུ་མི་ཉམས་པར་རྒྱུན་འཛིན་བྱས་ཡོད་པས། གནས་གང་དུ་སོང་ཡང་ཆས་ལ་བལྟས་ནས་དིང་རི་བ་ཡིན་པ་ངོས་འཛིན་ཐུབ།
       དེ་ལྟར་དིང་རིའི་ཡུལ་ལུང་ཆགས་ཚུལ་མང་ཆེ་བ་ནི་ལ་དང་ལ་མོའི་བར་དང་ལུང་ཤུར་གྲོག་རོང་སོགས་རི་བོ་མང་པོའི་བར་ལ་ཆགས་པས་ས་ཁོད་སྙོམས་པའི་ཐང་གཞོང་ཧ་ཅང་ཉུང་། གལ་ཏེ་སྒྱུ་རྩལ་ལ་བྱང་ཆ་ལྡན་པ་ཞིག་ཡིན་ན་ལྷོ་གཞས་ཀྱི་གདངས་ཀྱི་འབྱུང་ཁུངས་ཀྱང་ཡུལ་གྱི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཀྱི་གྲང་ངར་ལས་བྱུང་བ་མིན་ནམ་སྙམ་པའི་སྣང་བ་སྟེར་འོང་། དེར་བརྟེན། རང་བྱུང་ཁོར་ཡུག་ནི་དིང་རི་ཁུལ་གྱི་ལྷོ་གཞས་སོགས་དམངས་སྲོལ་རིག་གནས་གཞན་དང་ཁྱད་པར་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ།

       ལྷོ་གཞས་ཀྱི་དབྱེ་བ།
       དིང་རིའི་ལྷོ་གཞས་ལ་སྤྱིར་ན་གནས་ལ་བསྟོད་པའི་ལྷོ་གཞས་ཀྱི་རིགས་དང་། མཛའ་གླུ་དང་རྩེད་གཞས་ཀྱི་ལྷོ་གཞས་རིགས། སྒོ་ཟོག་ལ་བརྟག་པའི་ལྷོ་གཞས་རིགས། བླ་མ་དང་ཕ་མར་བསྟོད་པའི་ལྷོ་གཞས་རིགས། དམ་པའི་ཆོས་དང་འབྲེལ་བའི་ལྷོ་གཞས་རིགས། ལོ་རྒྱུས་གཏམ་རྒྱུད་མཚོན་པའི་ལྷོ་གཞས་རིགས་སོགས་ཤིན་ཏུ་མང་ངོ་།།
       ལྷོ་གཞས་ཀྱི་རྒྱུན་འཛིན་གནས་བབ།
       དིང་རིའི་ལྷོ་གཞས་ལ་ད་བར་དུ་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་རུང་། དོན་དངོས་ཀྱི་ལོ་རྒྱུས་དང་ལུང་པའི་རྒན་རྒོན་གྱི་ངག་སྒྲོས་ལྟར་ན་སྔ་མོ་ལྷོ་གཞས་ནི་དགོན་སྡེ་ཁག་གི་ཆོས་ལུགས་དུས་ཆེན་དང་། དཔོན་པོ་དང་སྐུ་དྲག་གི་གཉེན་སྟོན། བླ་མའི་གསོལ་སྟོན་སོགས་མི་བཙན་པོ་རྣམས་ཀྱི་དགོས་དབང་དང་བསྟུན་ནས་འཁྲབ་པ་མ་གཏོགས་མང་ཚོགས་དཀྱུས་མའི་ཁྲོད་དུ་དེ་ཙམ་དར་ཁྱབ་ཆེན་པོ་མེད་བཟོ་འདུག
       དུས་རབས་ཉི་ཤུའི་དུས་དཀྱིལ་ཙམ་ནས་དུས་ཀྱི་འཕོ་འགྱུར་དབང་གིས་ལྷོ་གཞས་ཡང་རིམ་བཞིན་མང་ཚོགས་དཀྱུས་མའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་འདུག དེའི་རྒྱུ་མཚན་ཡང་མངའ་བདག་ཆེན་པོ་གསུམ་མཐར་བསྐྲད་ནས་བོད་ཀྱི་ཞིང་བྲན་མང་པོར་རང་ལུས་རང་དབང་ཐོབ་པ་དང་དེ་རྗེས་སྤྱི་ཚོགས་ཁྱོན་ཡོངས་ལ་ཐུན་མོང་དུ་ངལ་རྩོལ་བྱེད་པའི་སྐལ་བཟང་ཤར་བ་ལས། ངལ་གསོའི་དུས་དང་བསྟུན་ནས་སྐྱེས་ཕོ་མོ་མང་པོ་མཉམ་དུ་འདུས་ཏེ་ལྷོ་གཞས་འཁྲབ་པའི་སྣང་ཚུལ་དེ་རིམ་བཞིན་གོམས་གཤིས་སུ་གྱུར། གོམས་གཤིས་དེ་རིགས་དེང་སང་ཡང་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་དེ་དགུན་གྱི་སྐབས་སུ་ཡུལ་མི་མང་པོ་ཉིན་ཤས་རི་སྟེང་དུ་མེ་ཤིང་སྒྲུག་པར་འགྲོ་སྲོལ་ཡོད་ཅིང་། དེ་ནུབ་མི་མང་འཛོམས་རྗེས་དཀྱིལ་དུ་མེ་ཕུང་གསོས་ནས་ལྷོ་གཞས་འཁྲབ་པ་དང་གཞན་ཡང་བུ་དང་བུ་མོ་ཁ་སྤྲོད་དུ་བསྡད་ནས་མཛའ་གླུ་ལེན་རེས་བྱེད་སྲོལ་ཡོད། མ་ཟད་མཉམ་དུ་ངལ་རྩོལ་བྱེད་སྐབས་ན་གཞོན་མང་པོར་བརྩེ་དུང་གི་གཏམ་རྒྱུད་ཀྱང་མི་ཉུང་བ་ཞིག་འཁྲུངས་ཡོད། བརྩེ་དུང་གི་གདུང་བ་དང་སྤྲོ་བ་མཚོན་པའི་གཏམ་རྒྱུད་དེ་དག་ཕྱིས་སུ་གར་དང་གླུ་རུ་བླངས་ནས་ཁོ་ཚོའི་ནང་སེམས་ཀྱི་འཇིག་རྟེན་མཚོན་པའི་ལྷོ་གཞས་ཀྱང་མང་དུ་དར་ཡོད།
       གཞན་ཡང་སྤྱི་ལོ་ཉིས་སྟོང་བཅུ་ནས་བཟུང་སྲིད་གཞུང་གིས་དིང་རི་རྫོང་རིག་རྩལ་ཚོགས་པ་བཙུགས་ནས་ལོ་ལྟར་དམའ་འབྲིང་ནས་མཐར་ཕྱིན་པའི་སློབ་མའམ་གཞས་ཞབས་བྲོར་བྱང་བའི་ན་གཞོན་རྣམས་བསྡུས་ཏེ་ཁོང་ཚོར་ཆེད་ལས་སྦྱོང་བརྡར་སྤྲས་ནས་རྒྱལ་ནང་གི་གར་སྟེགས་ཆེ་ཆུང་དང་ལྷག་པར་དུ་ཡོ་རོབ་གླིང་སོགས་ལ་ལྷོ་གཞས་འཁྲབ་སྟོན་ལ་འགྲོ་བ་དང་། དུས་ངེས་མེད་དུ་དིང་རིའི་གྲོང་གསེབ་ཁག་ཏུ་ལྷོ་གཞས་འཁྲབ་སྟོན་ལ་བསྐྱོད་པར་མང་ཚོགས་མང་པོས་དགའ་པོ་བྱས་དང་བྱེད་མུས་ཡིན། ཡང་སྒོས་སྲིད་གཞུང་ནས་དམངས་སྲོལ་རིག་གནས་ལ་མཐོང་ཆེན་ཇེ་ཆེར་གནང་བར་བརྟེན་དིང་རིའི་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་མའི་སློབ་གསེང་ལུས་རྩལ་ལ་ཡང་ལྷོ་གཞས་བསྣན་ཡོད་པས། དེ་ནི་དིང་རིའི་ལྷོ་གཞས་རྒྱུན་འཛིན་དར་འཕེལ་གཏོང་བར་བླ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་ཞིག་གོ།

དིང་རིའི་ལྷོ་གཞས་འཁྲབ་སྟོན་པས་ཇོ་མོ་གླང་མའི་རིག་གནས་དུས་ཆེན་ལ་དིང་རིའི་ལྷོ་གཞས་ལ་འཁྲབ་སྟོན་བྱེད་པ།
       (ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ནོར་བུ་བཟང་པོ། བཙུན་ཐར་ཚེ་རིང་། དམ་ཆོས་རྒྱ་མཚོ། འཇམ་དབྱངས་རྒྱལ་མཚན། བསྟན་འཛིན་ཡོན་ཏན)
རྩོམ་སྒྲིག་པ།སྣང་རྡོར།