ཁྱེད་ཀྱིས་བོད་ལ་ཡག་པ་ཡག་མ་ཞེས་པའི་ཞབས་གཞས་ཤིག་ཡོད་པ་གོ་མྱོང་ངམ།
སྤེལ་དུས 2020-12-17
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཡག་པ་ཡག་མ་ཞེས་པའི་ཞབས་གཞས་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་ཤང་དུ་དར་བའི་ཆེས་གནའ་བོའི་ཞབས་གཞས་ཤིག་རེད། དེར་ཉམས་འགྱུར་དམིགས་བསལ་ཆེ་བ་དང་། གྲུབ་ཆ་ཚགས་དམ་པ། གཞས་ཚིག་ཕུན་སུམ་ཚོགས་པ། འགྱུར་ཁུག་སྙན་འཇེབས་ཡིད་དབང་འཕྲོག་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བས། དེ་ནི་བོད་ཀྱི་ས་ཕྱོགས་གཞན་ནས་མཐོང་དཀོན་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་རིགས་ཤིག་རེད། ཡག་པ་ཡག་མ་ནི་ཡུལ་དེའི་སྒྲ་གདངས་འདོན་སྟངས་མི་འདྲ་བ་ཙམ་ལས་དོན་དུ་གཞས་པ་གཞས་མར་གོ་དགོས། ཤོད་སྲོལ་ལ་དེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་བློན་ཆེན་ཞིག་ལ་དྲན་གསོ་ཞུ་ཆེད་དུ་འཁྲབ་ནས་དར་ཁྱབ་བྱུང་བ་ཞིག་ཡིན་པར་གྲགས། ས་གནས་དེ་གའི་མང་ཚོགས་ཀྱི་ངོ་སྤྲོད་ལྟར་ན། ཞབས་གཞས་ཡག་པ་ཡག་མ་དར་ནས་ད་བར་ཉུང་མཐར་ཡང་མི་ལོ་200ཡན་གྱི་ལོ་རྒྱུས་ལྡན་ཞིང་། རྩ་མདའི་ཤོན་དཔོན་ཞེས་འབོད་ཀྱི་ཡོད།
ཡག་པ་ཡག་མའི་འཁྲབ་སྟོན་ལ་སྤྱིར་ན་མི་གྲངས་13དགོས་པ་དང་ཡག་པའི་གཞས་སྣེ་ཁྲིད་མཁན་ལ་གཞས་དཔོན་ཟེར་བ་དང་ཡག་མའི་གཞས་སྣེ་ཁྲིད་མཁན་ལ་ཤོན་འགོ་ཞེས་ཟེར་ཞིང་། དེ་གཉིས་པོས་ཞབས་གཞས་གཉིས་ཀར་བྱང་ཆུབ་པོ་དགོས་ལ། བཀོད་འདོམས་ཀྱི་ནུས་པ་ཡང་ངེས་ཅན་ཞིག་ལྡན་དགོས།
ཡག་པ་ཡག་མས་ལོ་ལྟར་བོད་ཀྱི་ལོ་གསར་གྱི་སྐབས་སུ། འཁྲབ་སྟོན་ཐེངས་གཅིག་བྱེད་པ་ལས་རང་དགར་འཁྲབ་ཀྱི་མེད་པས་རྣམ་ཀུན་མཐོང་དཀོན་པོ་ཡོད། དེ་ལྟར་ཡིན་རུང་བོད་ཀྱི་ས་ཕྱོགས་གཞན་དུ་མཐོང་དཀོན་པའི་དམིགས་བསལ་གྱི་ཞབས་གཞས་འཛམ་གླིང་གི་ཡང་རྩེར་ངོ་མཚར་ཆེ་བའི་སྟངས་སྟབས་ཀྱི་འཁྲབ་རྩལ་སྟོན་བཞིན་ལོ་ངོ་དུ་མ་གནས་ཐུབ་པ་བྱུང་ཡོད།
རྩོམ་སྒྲིག་པ། སྣང་རྡོར།