ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཁྱེད་ཀྱིས་འོང་སྐོར་གཏོང་སྲོལ་ལ་རྒྱུས་མངའ་ཇི་ཙམ་ཡོད་དམ།

སྤེལ་དུས 2021-07-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

       འོང་སྐོར་ནི་བོད་ཀྱི་གྲོང་གསེབ་ཕལ་ཆེ་བར་གཏོང་སྲོལ་ཡོད་ཅིང་། ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་རེད། དུས་ཆེན་དེ་གཏོང་སྐབས་གྲ་རྒྱས་བསྡུས་ཙམ་མ་གཏོགས་ཁྱད་པར་དེ་ཙམ་ཆེན་པོ་མེད།

 

       དུས་ཆེན་དེ་ནི་ལུང་པ་ཚང་མར་ལོ་ལྟར་ལོ་ཏོག་སྨིན་ནས་བཙས་མ་རྔ་རན་པའི་སྐབས་སུ་གཏོང་གི་ཡོད་པར་བརྟེན། སྟོན་ཏོག་སྨིན་སྔ་ཕྱིའི་ཁྱད་པར་བཞིན་འོང་སྐོར་ལའང་ཉིན་འགའ་ཤས་སམ་བཅུ་ལྷག་ཙམ་བར་གྱི་ཁྱད་པར་ཡོང་གི་ཡོད། འོང་སྐོར་གྱི་ཉིན་མོར་ལུང་པའི་སྐྱེས་ཕོ་མོ་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ། རྟ་བཞོན་པའམ་ཡང་ན་རྐང་ཐང་མར་ཞིང་ཁར་སྐོར་བ་རྒྱག་གི་ཡོད་པས་འོང་སྐོར་ཞེས་པའི་མིང་དེ་བྱུང་བ་རེད། 

 

       དེ་ནི་ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བའི་དགའ་སྟོན་ཡིན་ལ། ལོ་བཅུད་དང་ས་བཅུད་འཕེལ་བའི་རྟེན་འབྲེལ་ཡང་ཡིན་པས། དེ་ཉིན་འོང་ཁ་སྐོར་ཟིན་རྗེས་གླིང་ཁའམ་ས་ཆ་གུ་ཡངས་ཤིང་སྐྱིད་ས་ཞིག་ཏུ་དགའ་འཛོམས་ཀྱིས་ཁྱིམ་ཚང་གཉིས་གསུམ་མཉམ་དུ་གུར་བརྒྱབ་པ་དང་ཡོལ་བ་འཐེན་པ་སོགས་བྱས་ནས། ཟས་རིགས་དང་ཇ་ཆང་སོགས་ལ་རོལ་ཏེ་དུས་ཆེན་དགའ་གཏོང་བྱེད་པ་དང་། དེ་ནས་རྟ་རྒྱུག་པ་དང་རྟ་ཐོག་ནས་མདའ་འཕེན་པ་སོགས་ཕོ་རྩལ་འགྲན་པ་དང་དགའ་བའི་གཞས་དང་སྐྱིད་པའི་གླུ་ལེན་པ་སོགས་དགའ་བདེའི་དཔལ་ལ་རོལ་གྱི་ཡོད། 
 
      རྟ་རྒྱུག་ཚུལ་ནི་ཐོག་མར་ས་ཤུར་གྱི་ནང་དུ་མདའ་དང་མེ་མདའ་མ་བརྒྱབ་པར་སྟོང་རྒྱུག་ཐེངས་གཉིས་རེ་གཏོང་བ་དང་དེ་ནས་རྟ་རྒྱུག་ཞོར་དུ་འབེན་ལ་མདའ་དང་མེ་མདའ་འཕེན་གྱི་ཡོད།  ཨང་ཀི་དང་པོ་ནས་གསུམ་པ་བར་ལ་དམིགས་བསལ་དཔའ་དར་དང་གཟིགས་གཟོས་སྤྲོད་པ་དང་།  ཚ་ཁ་ཕོག་ཐེངས་རེ་ལ་ཚ་དར་ཡང་སྤྲོད་སྲོལ་ཡོད།  སྤྱིར་བཏང་དབུས་གཙང་གི་ལུང་པ་མང་ཆེ་བར་འོང་སྐོར་ཉིན་གཉིས་གསུམ་ཙམ་གཏོང་གི་ཡོད་མོད། ཉིན་དང་པོར་མ་གཏོགས་ཉིན་གཉིས་པ་དང་གསུམ་པར་འོང་ཁ་སྐོར་བར་འགྲོ་སྲོལ་མེད།

 


རྩོམ་སྒྲིག་པ། སྣང་རྡོར།