དམིགས་བསལ་གྱི་དུས་སུ་དཀྲོག་གཏམ་སྤེལ་མཁན་ལ་ཁྲིམས་ཆད་ཕོག་ངེས་རེད།
སྤེལ་དུས 2020-02-20
ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་ལས་དོན་ཁང་།
རྩོམ་པ་པོ།
ཉེ་དུས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་འགོག་རྒོལ་དམག་འཐབ་ཚ་ཚ་འུར་འུར་ངང་རྒྱག་བཞིན་པའི་སྐབས་འདིར། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ། མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱས་ཏེ་བྱ་ཐབས་རབ་དང་རིམ་པ་སྤྱད་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱས་ཡོད། འོན་ཀྱང་། འགག་རྩའི་དུས་འདིར་མ་རུང་ཁོག་བཅངས་བྱེད་མཁན་གྱི་ཁྲིམས་འགལ་བ་ཁག་ཅིག་གིས་དམིགས་བསལ་གྱི་དུས་ཚོད་དེ་ཙེད་སྤྱད་ནས་པོད་ཕྲན་དང་། སྐད་འཕྲིན་ཚོགས་པ། གྲོགས་ཚོམས། འཁྱུག་དབྱིངས་སོགས་དྲ་རྒྱའི་ལས་སྟེགས་སུ་དཀྲོག་གཏམ་སྤེལ་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད། དྲ་སྦྲེལ་ནི་ཁྲིམས་ལས་འདས་པའི་ས་ཆ་མིན། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ། དྲ་འཕྲིན་དང་སྤྱི་བདེ་ཚན་པས་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏང་ངེས་ལ། རིགས་ཁག་གི་དྲ་རྒྱའི་ལས་སྟེགས་དང་རྒྱ་ཆེའི་དྲ་དམངས་ཚོས། དྲ་རྒྱའི་ཐོག་ཏུ་སྤེལ་བའི་ཆ་འཕྲིན་བདེན་རྫུན་འབྱེད་པའི་འཇོན་ཐང་ཆེ་རུ་བཏང་ནས། གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ཚད་མའར་འཛིན་དགོས་པ་དང་། ར་སྤྲོད་གསལ་པོ་མ་བྱུང་བ་དང་། ས་ཁོངས་གསལ་པོ་མེད་པའི་རིམས་ནད་ཀྱི་པར་རིས་དང་། བརྙན་ཐུང་། སྒྲ་ལམ་སོགས་ཀྱི་ཆ་འཕྲིན་རང་འགུལ་ངང་མི་སྤེལ་བ་དང་། བརྒྱུད་སྤེལ་མི་བྱེད་པ། དཔྱད་གཏམ་མི་སྤེལ་བ་བཅས་བྱས་ཏེ། དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྤེལ་བ་བཅས་བྱ་དགོས།