དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

སྤེལ་དུས 2020-03-01 ཡོང་ཁུངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས། རྩོམ་པ་པོ།

          ﹙1989ལོའི་ཟླ་2ཚེས་21ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་།
          2004ལོའི་ཟླ་8ཚེས་28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་དག་བཅོས་བྱས།
          2013ལོའི་ཟླ་6ཚེས་29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་《〈རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་〉སོགས་བཅའ་ཁྲིམས་བཅུ་གཉིས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་》གཞིར་བཟུང་ནས་དག་བཅོས་བྱས།﹚
དཀར་ཆག
          ལེའུ་དང་པོ། སྤྱིའི་དོན་ཚན།
          ལེའུ་གཉིས་པ། རིམས་ནད་སྔོན་འགོག་གི་སྐོར།
          ལེའུ་གསུམ་པ། རིམས་ནད་བྱུང་ཚུལ་སྙན་འབུལ་དང་བརྡ་གཏོང་སྤྱི་བསྒྲགས་བཅས་བྱེད་སྟངས་སྐོར།
          ལེའུ་བཞི་པ། རིམས་ནད་འགོག་ཕྱོགས་སྐོར།
          ལེའུ་ལྔ་པ། སྨན་བཅོས་སྲོག་སྐྱོབ་བྱེད་ཕྱོགས་སྐོར།
          ལེའུ་དྲུག་པ། ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར།
          ལེའུ་བདུན་པ། འགན་སྲུང་བྱེད་སྟངས་སྐོར།
          ལེའུ་བརྒྱད་པ། ཁྲིམས་འབྲེལ་འཁུར་འཁྲིའི་སྐོར།
          ལེའུ་དགུ་པ། ཞར་བྱུང་དོན་ཚན།
ལེའུ་དང་པོ། སྤྱིའི་དོན་ཚན།
          དོན་ཚན་དང་པོ། རིམས་ནད་འབྱུང་བ་དང་མཆེད་ཚུལ་སྔོན་འགོག་དང་། ཚོད་འཛིན། གཙང་སེལ་བཅས་བྱས་ནས་མིའི་ལུས་ཁམས་བདེ་ཐང་ཡོང་བར་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།
          དོན་ཚན་གཉིས་པ། རྒྱལ་ཁབ་གཞུང་ནས་རིམས་ནད་ཐད་སྔོན་འགོག་གཙོར་བཟུང་གི་བྱེད་ཕྱོགས་འཛིན་རྒྱུ་དང་། འགོག་བཅོས་ཟུང་འབྲེལ་དང་རིགས་བགོས་དོ་དམ། ཚན་རིག་དང་མང་ཚོགས་ལ་བརྟེན་པ་བཅས་བྱེད་དགོས།
          དོན་ཚན་གསུམ་པ། བཅའ་ཁྲིམས་འདིའི་ནང་དོ་དམ་བྱེད་དགོས་རྒྱུར་གཏན་འབེབས་བྱས་པའི་རིམས་ནད་དག་རིགས་ཀ་པ་དང་། ཁ་པ། ག་པ་བཅས་སུ་ཕྱེ་ཡོད།
          རིམས་ནད་རིགས་ཀ་པ་ནི་བྱི་རིམས་དང་སྐྱུག་བཤལ་གཉིས་ཡིན།
          རིམས་ནད་ཁ་པ་ནི་འགོ་བྱེད་དམིགས་བསལ་གློ་ཚད་གཉན་རིམས་དང་། ཨེ་ཙིའི་ནད། ནད་དུག་ཅན་གྱི་མཆིན་ཚད། རྒྱུངས་པ་ཐལ་འགྱུར་ཚད་ནད། མིར་ནད་ཤུགས་ཆེ་བའི་བྱ་རིགས་ཆམ་ནད་འགོས་པ། སིབ་ནད། རིམས་ནད་ཅན་གྱི་ཁྲག་དོན་ཚ་ནད། ཁྱི་སྨྱོན་གྱི་ནད། རིམས་ནད་ཅན་གྱི་ཀླད་ཚད་རིགས་ཁ་པ། ཏེང་གེ་ཚ་ནད། ས་ནད། འབུ་ཕྲ་ཅན་དང་ཨ་མི་པ་ཅན་གྱི་འཁྲུ་ནད། འདུས་འདྲིལ་གློ་གཅོང་། རྒྱུ་ཚད་དང་རྒྱུ་ཚད་ཕལ་པ། རིམས་ནད་ཅན་གྱི་ཀླད་རྒྱུངས་སྐྱི་ཚད། ལུ་བ་ཉིན་བརྒྱའི་ནད། མགྲིན་ནད། ཕྲུ་གུ་དམར་འབྱར་གྱི་རྨ་ངན་དུག་མཆེད། ཚ་རིམས་དམར་སྐྱ། འབུ་ཕྲ་བུ་ལུ་ཧྲི་འགོས་ནད། གྲང་གཞི། རེག་དུག འབུ་ཕྲ་ལྕགས་ཀྱུའི་དབྱིབས་ཅན་གྱི་རིམས་ནད། ཁྲག་འཇིབས་འབུ་ཕྲའི་ནད། འདར་ནད་བཅས་ཡིན།
          རིམས་ནད་ག་པ་ནི་རིམས་ནད་ཅན་གྱི་ཆམ་པ་དང་། རིམས་ནད་ཅན་གྱི་རྣ་རྩ་ཕུས་འདེབས། ཟྭ་འབྲུམ། མིག་འབྲས་སྐྱི་མོའི་གློ་བུར་ཁྲག་དོན་གྱི་གཉན་ཚད། མཛེ་ནད། རིམས་ནད་ཅན་དང་ས་གནས་གང་དེའི་རྒྱུ་ཚད་ཐོར་སིབ་ཅན། ཚ་ནག ཐུམ་འབུའི་ནད། རྐང་འབམ་བཅས་དང་། སྐྱུག་བཤལ་དང་། འབུ་ཕྲ་ཅན་དང་ཨ་མི་པ་ཅན་གྱི་འཁྲུ་ནད། རྒྱུ་ཚད་དང་རྒྱུ་ཚད་ཕལ་པ་བཅས་ཕུད་པའི་འགོས་ནད་རང་བཞིན་གྱི་གྲོད་ཁོག་བཤལ་ནད་དག་ཡིན།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་ནད་འབྱུང་ཚུལ་དང་མཆེད་ཚུལ། གནོད་ཚད་བཅས་ལ་གཞིགས་ཏེ། རིམས་ནད་རིགས་ཁ་པ་དང་ག་པའི་མང་ཉུང་ཐག་གཅོད་པའམ་སྙོམས་སྒྲིག་བྱས་ཆོག་པ་མ་ཟད། ཡོངས་བསྒྲགས་ཀྱང་བྱེད་དགོས།
          དོན་ཚན་བཞི་པ། རིམས་ནད་རིགས་ཁ་པའི་ནང་གི་འགོ་བྱེད་དམིགས་བསལ་གློ་ཚད་གཉན་རིམས་དང་། ས་ནད་ཁྲོད་ཀྱི་གློ་བའི་ནད། མིར་ནད་ཤུགས་ཆེ་བའི་བྱ་རིགས་ཆམ་ནད་འགོས་པ་བཅས་ལ་བཅའ་ཁྲིམས་འདིའི་ནང་གི་རིམས་ནད་རིགས་ཀ་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་བྱེད་དགོས། དེ་མིན་རིམས་ནད་རིགས་ག་པ་དང་འབྱུང་རྐྱེན་མི་གསལ་བའི་གློ་བུར་ཐོག་རྒྱག་གི་རིམས་ནད་ལ་བཅའ་ཁྲིམས་འདིའི་རིམས་ནད་རིགས་ཀ་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་བྱེད་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་དང་ལག་ལེན་བྱ་རྒྱུ།
          གོང་གི་གཏན་འབེབས་ལྟར་རིམས་ནད་ཀ་པར་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཕྱིར་འཐེན་བྱེད་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་བྱ་རྒྱུ།
          ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ངོས་སྲིད་འཛིན་ས་ཁོངས་ནང་རྒྱུན་ལྡན་དང་འབྱུང་སླ་བའི་ས་གནས་ཀྱི་ངོ་བོ་ལྡན་པའི་རིམས་ནད་ཐད་གནས་ཚུལ་ལ་གཞིགས་ཏེ་རིམས་ནད་རིགས་ཁ་པའམ་ག་པའི་དོ་དམ་བྱེད་སྟངས་གང་ཞིག་སྤྱོད་མིན་གཏན་འཁེལ་བྱས་ཆོག་པ་མ་ཟད་ཡོངས་བསྒྲགས་ཀྱང་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།
          དོན་ཚན་ལྔ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིམས་ནད་འགོག་བཅོས་ལས་དོན་ལ་འགོ་ཁྲིད་བྱེད་དགོས།
          རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམས་ནད་འགོག་བཅོས་ཀྱི་འཆར་གཞི་བཟོ་དགོས་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས་པ་དང་། རིམས་ནད་འགོག་བཅོས་བྱེད་པའི་ཐད་ནད་རིགས་སྔོན་འགོག་ཚོད་འཛིན་དང་། སྨན་བཅོས། ལྟ་སྐུལ་དོ་དམ་བཅས་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
          དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་དང་དེར་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་གཙོ་སྐྱོང་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དེ་གའི་སྲིད་འཛིན་ས་ཁོངས་ཀྱི་རིམས་ནད་འགོག་བཅོས་དང་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་འགན་འཁུར་རྒྱུ། 
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྡེ་ཁག་གཞན་དག་གིས་རང་འཁྲིའི་འགན་བབ་ནང་ཁོངས་སུ་རིམས་ནད་འགོག་བཅོས་ཀྱི་ལས་དོན་ལ་འགན་འཁུར་རྒྱུ།
          དམག་དཔུང་གི་རིམས་ནད་འགོག་བཅོས་ལས་དོན་ནི་བཅའ་ཁྲིམས་འདི་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས་པ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཁོངས་ཀྱི་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱ་རྒྱུ།
          དོན་ཚན་བདུན་པ། ནད་རིགས་སྔོན་འགོག་སྒྲིག་གཞི་རིམ་པ་ཁག་གིས་རིམས་ནད་ལྟ་ཞིབ་ཚད་ལེན། སྔོན་དཔག ནད་ཡམས་རིག་པ་རྟོག་ཞིབ། རིམས་ནད་བྱུང་ཚུལ་སྙན་འབུལ་དང་དེ་མིན་གྱི་སྔོན་འགོག ཚོད་འཛིན་ལས་དོན་སྒྲུབ་འགན་འཁུར་རྒྱུ།
          སྨན་བཅོས་སྒྲིག་གཞིས་སྨན་བཅོས་དང་འབྲེལ་བ་ཡོད་པའི་རིམས་ནད་འགོག་བཅོས་ལས་དོན་དང་འགན་འཁུར་དགོས་པའི་ས་ཁོངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་སྒྲུབ་འགན་འཁུར་རྒྱུ། གྲོང་ཁྱེར་གྱི་འདུས་སྡེ་དང་། གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་སྒྲིག་གཞིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིའི་ཁྲིད་སྟོན་འོག་གྲོང་ཁྱེར་གྱི་འདུས་སྡེ་དང་། གྲོང་གསེབ་ཀྱི་གཞི་རིམ་དུ་བབ་མཚུངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་སྒྲུབ་འགན་འཁུར་རྒྱུ།
          དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་དེང་རབས་ཀྱི་གསོ་རིག་དང་རྒྱ་ལུགས་ཀྱི་གསོ་རིག་སོགས་སྲོལ་རྒྱུན་གྱི་གསོ་བ་རིག་པ་གོང་འཕེལ་གཏོང་དགོས་པ་དང་། རིམས་ནད་འགོག་བཅོས་ཐད་ཀྱི་ཚན་རིག་ཞིབ་འཇུག་བྱེད་པ་དང་ རིམས་ནད་འགོག་བཅོས་ཐད་ཀྱི་ཚན་རིག་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱ་རྒྱུ།
          རིམས་ནད་འགོག་བཅོས་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་བསྔགས་སྐུལ་བྱ་རྒྱུ།
          དོན་ཚན་དགུ་པ། སྡེ་ཚན་དང་མི་སྒེར་རིམས་ནད་འགོག་བཅོས་ལས་དོན་དུ་ཞུགས་རྒྱུར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་དང་བསྔགས་སྐུལ་བྱ་རྒྱུ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྡེ་ཚན་དང་མི་སྒེར་རིམས་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་། རིམས་ནད་བྱུང་ཚུལ་སྙན་འབུལ། རང་མོས་ཀྱི་ཞབས་ཞུ་ལེགས་སྐྱེས་སུ་འབུལ་བ་བཅས་ཀྱི་བྱེད་སྒོར་ཞུགས་པར་སྟབས་བདེ་ཡོང་བར་བྱེད་དགོས།
          སྡོད་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་སྡོད་དམངས་དང་གྲོང་མི་རྣམས་འདུས་སྡེ་དང་གྲོང་གསེབ་ཀྱི་རིམས་ནད་འགོག་བཅོས་དང་ཚོད་འཛིན་ལས་སྒོར་ཞུགས་རྒྱུའི་རྩ་འཛུགས་བྱེད་དགོས།
          དོན་ཚན་བཅུ་པ། རྒྱལ་ཁབ་ཀྱིས་རིམས་ནད་སྔོན་འགོག་ཐད་ཀྱི་གཟུགས་གཞི་བདེ་ཐང་ཡོང་བའི་སློབ་གསོ་སྤེལ་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་གླ་མི་དགོས་པའི་རིམས་ནད་འགོག་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་སློབ་གསོའི་སྤྱི་ཕན་དྲིལ་བསྒྲགས་བྱ་རྒྱུ།
          སློབ་གྲྭ་རིམ་པ་ཁག་དང་རིགས་ཁག་གིས་སློབ་མ་རྣམས་ལ་གཟུགས་གཞི་བདེ་ཐང་སྐོར་གྱི་ཤེས་བྱ་དང་རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱའི་སློབ་གསོ་གཏོང་དགོས།
          གསོ་རིག་སློབ་གླིང་གིས་སྔོན་འགོག་ཐད་ཀྱི་གསོ་རིག་སློབ་གསོ་དང་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་དང་དེ་མིན་རིམས་ནད་འགོག་བཅོས་དང་འབྲེལ་བ་ཡོད་པའི་མི་སྣར་སྔོན་འགོག་གི་གསོ་རིག་སློབ་གསོ་དང་གསོ་སྐྱོང་བྱས་ཏེ་རིམས་ནད་འགོག་བཅོས་ཐད་ལ་ལག་རྩལ་ཐད་ཀྱི་རོགས་སྐྱོར་བྱེད་དགོས།
          ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་དུས་བཀག་ཐོག་རང་གི་ལས་བྱེད་མི་སྣར་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དང་ལག་རྩལ་ཐད་ཀྱི་གསོ་སྐྱོང་བྱེད་དགོས།
          དོན་ཚན་བཅུ་གཅིག་པ། རིམས་ནད་འགོག་བཅོས་ལས་དོན་ཁྲོད་གྲུབ་འབྲས་དང་ལེགས་སྐྱེས་མངོན་གསལ་ཕུལ་བའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་དང་བྱ་དགའ་སྤྲོད་རྒྱུ།
          རིམས་ནད་འགོག་བཅོས་ཀྱི་ལས་དོན་ལ་ཞུགས་ནས་ནད་ཕོག་པ་དང་། དབང་པོར་རྨས་སྐྱོན་བྱུང་བ། ཤི་སྐྱོན་བྱུང་རིགས་ལ་འབྲེལ་ཡོད་གཏན་འབེབས་ལྟར་རོགས་དངུལ་སྤྲོད་རྒྱུ་དང་འཆི་གོད་གྱོང་གསབ་བྱ་རྒྱུ།
          དོན་ཚན་བཅུ་གཉིས་པ། ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་རིམས་ནད་དང་འབྲེལ་ཡོད་ཀྱི་བརྟག་དཔྱད་དང་ཞིབ་བཤེར། མ་དཔེ་འཚོལ་བསྡུ། ལོགས་བཀར་སྨན་བཅོས་བྱེད་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་རིགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་སྡེ་ཚན་དང་མི་སྒེར་ཡོད་ཚད་ཀྱིས་ངེས་པར་དུ་དང་ལེན་ཞུས་ནས་གནས་ཚུལ་ཇི་མ་ཇི་བཞིན་ཞུ་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་མི་སྒེར་དང་འབྲེལ་བ་ཡོད་པའི་གསང་བའི་ཆ་འཕྲིན་དང་ཡིག་ཆ་རྣམས་ཕྱིར་གྱར་མི་ཆོག
          འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི། སྨན་བཅོས་སྒྲིག་གཞི་བཅས་ཀྱིས་སྲིད་འཛིན་དོ་དམ་མམ་ཡང་ན་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་རྣམས་ཁྲིམས་འགལ་གྱིས་ལག་ལེན་བྱས་པའི་དབང་གིས་སྡེ་ཚན་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཕོག་ཚེ་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ཁྲིམས་ལྟར་སྲིད་འཛིན་གྱི་བསྐྱར་གྲོས་ཡོང་རེ་ཞུ་བའམ་ཡང་ན་གཏུག་བཤེར་བྱས་ཆོག
ལེའུ་གཉིས་པ། རིམས་ནད་སྔོན་འགོག་གི་སྐོར།
          དོན་ཚན་བཅུ་གསུམ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མང་ཚོགས་ཀྱི་འཕྲོད་བསྟེན་བྱེད་སྒོ་སྤེལ་བའི་སྒྲིག་འཛུགས་བྱས་ནས་རིམས་ནད་སྔོན་འགོག་ཐད་ཀྱི་གཟུགས་གཞི་བདེ་ཐང་གི་སློབ་གསོ་གཏོང་པ་དང་། ཚུལ་ལྡན་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། མང་ཚོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་དམངས་ཀྱི་འདུ་ཤེས་དང་ཁ་གཏད་འཇལ་ནུས་ཇེ་ཆེར་གཏོང་བ། ཁོར་ཡུག་གི་འཕྲོད་བསྟེན་སྐྱོང་ཤུགས་ཆེ་རུ་གཏོང་བ། བྱི་བའི་གནོད་འཚེ་དང་དུག་སྦྲང་སྦྲང་ནག་སོགས་ནད་སྦྱོར་སྐྱེ་དངོས་ཀྱི་གནོད་འཚེ་སེལ་བ་བཅས་བྱེད་དགོས།
          མི་དམངས་སྲིད་གཞུང་རིམ་པ་ཁག་གི་ཞིང་ལས་དང་། ཆུ་བེད། ནགས་ལས་བཅས་ཀྱི་སྲིད་འཛིན་སྡེ་ཁག་གིས་འགན་འཁྲི་ལྟར་ལས་བགོས་བརྒྱབ་སྟེ་ས་ཞིང་དང་། མཚེའུ། ཆུ་རྒྱུད། འབྲོག་ཁུལ། ནགས་ཁུལ་བཅས་ཀྱི་བྱི་བའི་གནོད་འཚེ་དང་ཁྲག་འཇིབས་འབུ་ཕྲའི་གནོད་འཚེ། དེ་མིན་རིམས་ནད་མཆེད་པར་བྱེད་པའི་སྲོག་ཆགས་དང་ནད་སྦྱོར་སྐྱེ་དངོས་གནོད་འཚེ་སེལ་བའི་སློབ་སྟོན་དང་རྩ་འཛུགས་བྱེད་དགོས།
          ལྕགས་ལམ་དང་འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་སྲིད་འཛིན་སྡེ་ཁག་གིས་འགྲིམ་འགྲུལ་ཡོ་བྱད་དང་དེ་འབྲེལ་ཁོར་ཡུག་གི་བྱི་བའི་གནོད་འཚེ་དང་དུག་སྦྲང་སྦྲང་ནག་སོགས་ནད་སྦྱོར་སྐྱེ་དངོས་ཀྱི་གནོད་འཚེ་སེལ་བའི་རྩ་འཛུགས་བྱེད་འགན་འཁུར་དགོས།
          དོན་ཚན་བཅུ་བཞི་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་འཆར་གཞི་ལྡན་པའི་སྒོ་ནས་སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་ལེགས་བཅོས་དང་འཛུགས་སྐྲུན་བྱེད་དགོས་པ་དང་། འཐུང་ཆུའི་འཕྲོད་བསྟེན་ཇེ་ལེགས་སུ་གཏོང་བ། བཙོག་ཆུ་དང་བཙོག་དངོས། གཅིན་སྐྱག་བཅས་གནོད་མེད་གཙང་སེལ་བྱེད་དགོས།
          དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་འཆར་ལྡན་ཐོག་སྔོན་འགོག་སྨན་ཁབ་རྒྱག་པའི་ལམ་ལུགས་ལག་ལེན་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་པའི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དགོས་མཁོ་ལྟར་རིམས་ནད་སྔོན་འགོག་སྨན་ཁབ་རྒྱག་པའི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་རྩ་འཛུགས་ཀྱང་བྱེད་དགོས། རིམས་འགོག་སྨན་ཁབ་ཀྱི་སྤུས་ཀ་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པར་བྱེད་དགོས།
          རྒྱལ་ཁབ་ཀྱིས་བྱིས་པར་སྔོན་འགོག་སྨན་ཁབ་བརྒྱབ་པའི་དཔང་ཡིག་ལམ་ལུགས་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་རྣམ་གྲངས་སྐོར་གྱི་སྔོན་འགོག་སྨན་ཁབ་རྒྱག་པར་རིན་སྤྲོད་མི་དགོས་པར་བྱ་རྒྱུ་དང་། སྨན་བཅོས་སྒྲིག་གཞི་དང་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་གཉིས་དང་བྱིས་པ་བདག་སྐྱོང་བྱེད་མཁན་བར་གཞོགས་འདེགས་བྱེད་རེས་བྱས་ཏེ་བྱིས་པར་དུས་ཐོག་ཏུ་སྔོན་འགོག་སྨན་ཁབ་རྒྱག་ཐུབ་པའི་འགན་ལེན་བྱེད་དགོས། བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་འབེབས་རྒྱུ།
          དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་རིམས་ནད་འགོས་པའི་ནད་པ་དང་། ནད་གཞི་ཡོད་མཁན། རིམས་ནད་འགོས་པའི་དོགས་གཞི་ཡོད་པའི་ནད་པ་བཅས་ལ་སེམས་ཁུར་དང་རོགས་རམས་བྱས་ཏེ་དེར་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་བྱེད་དགོས། སྡེ་ཚན་དང་མི་སུ་ཞིག་གིས་ཀྱང་རིམས་ནད་འགོས་པའི་ནད་པ་དང་། ནད་གཞི་ཡོད་མཁན། རིམས་ནད་འགོས་པའི་དོགས་གཞི་ཡོད་པའི་ནད་པ་བཅས་ལ་མཐོང་ཆུང་བྱེད་མི་རུང་།
          རིམས་ནད་འགོས་པའི་ནད་པ་དང་། ནད་གཞི་ཡོད་མཁན། རིམས་ནད་འགོས་པའི་དོགས་གཞི་ཡོད་པའི་ནད་པས་ནད་མ་དྲག་གོང་ངམ་ཡང་ན་རིམས་ནད་ཡོད་པའི་དོགས་གཞི་མ་སེལ་གོང་ལ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་བཅས་ནས་རིམས་ནད་འགོས་རྒྱ་ཆེ་རུ་འགྲོ་བའི་ལས་རིགས་གཏན་འགོག་དགོས་ཚུལ་གཏན་ལ་ཕབ་པའི་ལས་ཀའི་རིགས་བྱས་མི་ཆོག
          དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་རིམས་ནད་ལྟ་ཞིབ་ཚད་ལེན་ལམ་ལུགས་འཛུགས་རྒྱུ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་དང་འཆར་གཞི་བཟོ་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་དང་འཆར་གཞི་གཞིར་བཟུང་ནས་སྲིད་འཛིན་ས་ཁོངས་དེ་གའི་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་དང་འཆར་གཞི། ལས་ཀའི་བྱེད་སྟངས་གཏན་འབེབས་བྱ་རྒྱུ།
          ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་རིམ་པ་ཁག་གིས་རིམས་ནད་བྱུང་བ་དང་མཆེད་ཚུལ་དག་དང་དེ་མིན་རིམས་ནད་བྱུང་བ་དང་མཆེད་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། ཕྱི་རྒྱལ་ལ་ཐོན་པ་དང་རྒྱལ་ནང་ལ་ད་དུང་མ་བྱུང་བའི་རིམས་ནད་དང་ཡང་ན་རྒྱལ་ནང་ལ་གསར་དུ་ཐོན་པའི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ།
          དོན་ཚན་བཅོ་བརྒྱད་པ། ནད་རིགས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞི་རིམ་པ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་གཤམ་གསལ་གྱི་འགན་འཁྲི་སྒྲུབ་དགོས་པ་སྟེ།
          (གཅིག) རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཆར་འགོད་དང་འཆར་གཞི་བཟོ་བ་དང་ཇུས་འགོད་བཅས་བྱ་རྒྱུ་དང་།
          (གཉིས།)རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་བསྡུ་ལེན་དང་དབྱེ་ཞིབ། སྙན་འབུལ་བཅས་བྱས་ཏེ་རིམས་ནད་བྱུང་ཚུལ་དང་མཆེད་སྟངས་ལ་སྔོན་དཔག་བྱ་རྒྱུ།
          (གསུམ།)རིམས་ནད་མཆེད་ཚུལ་དང་གློ་བུར་དུ་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བྱུང་བའི་ནད་ཡམས་རིག་པའི་བརྟག་དཔྱད་དང་ནད་ཡམས་མཆེད་གནས་གཙང་བཅོས་དང་དེའི་ཕན་འབྲས་ལ་གདེང་འཇོག་བྱ་རྒྱུ།
          (བཞི།) རིམས་ནད་ཚོད་ལྟ་ཁང་དུ་རིམས་ནད་ཞིབ་དཔྱད་ཚད་ལེན་དང་ནད་བརྟག ནད་རྐྱེན་རིག་པའི་ཐོག་ནས་ངོས་འཛིན་བཅས་བྱ་རྒྱུ།
          (ལྔ།) རིམས་འགོག་གི་འཆར་གཞི་ལག་ལེན་བྱས་ཏེ་སྔོན་འགོག་རིགས་ཀྱི་སྨན་རྫས་བེད་སྤྱོད་པར་དོ་དམ་བྱེད་འགན་འཁུར་རྒྱུ།
          (དྲུག) ལུས་ཁམས་བདེ་ཐང་གི་སློབ་གསོ་དང་བློ་འདྲི་བྱས་ཏེ་རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་གཏོང་རྒྱུ།
          (བདུན།) འོག་རིམ་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་དེའི་ལས་བྱེད་མི་སྣར་རིམས་ནད་ལྟ་ཞིབ་ཚད་ལེན་ལས་དོན་ཐད་ཁྲིད་སྟོན་དང་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ།
          (བརྒྱད།) རིམས་ནད་སྔོན་འགོག་ཐད་ཉེར་སྤྱོད་རང་བཞིན་གྱི་ཞིབ་འཇུག་དང་འཕྲོད་བསྟེན་གདེང་འཇོག་བྱེད་པར་ལག་རྩལ་ཐད་ཀྱི་བློ་འདྲི་བྱ་ཡུལ་ལྡན་པར་བྱ་རྒྱུ་བཅས་ཡིན།
          རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་བྱུང་ཚུལ་དང་མཆེད་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། རིམས་ནད་ཚབས་ཆེན་མཆེད་ཚུལ་སྔོན་དཔག་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་ཐབས་ཇུས་འདོན་དགོས་ལ། གློ་བུར་ཐོལ་བྱུང་གི་ནད་ཡམས་བརྟག་དཔྱད་དང་ཐག་གཅོད་བྱེད་པར་ཞུགས་ནས་སློབ་སྟོན་ཡང་བྱས་ཏེ་རིམས་ནད་འབྱུང་ཁུངས་རིག་པའི་ཐད་ནས་གསལ་འབྱེད་དང་། སྤུས་ཚད་ཞིབ་དཔྱད་ཚོད་འཛིན་བྱེད་པའི་མ་ལག་འཛུགས་པ། ཉེར་སྤྱོད་ལྡན་རིགས་ཞིབ་འཇུག་དང་འཕྲོད་བསྟེན་ལ་གདེང་འཇོག་བཅས་བྱེད་དགོས།
          ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང་རིམ་པའི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་འགོད་དང་འཆར་གཞི་ལག་ལེན་བྱ་རྒྱུ་དང་། རིམས་འགོག་ཁབ་རྒྱག་དང་དུག་སེལ། ནད་སྦྱོར་སྐྱེ་དངོས་ཀྱི་གནོད་པར་ཚོད་འཛིན། རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་བཅས་བྱེད་པའི་རྩ་འཛུགས་བྱ་རྒྱུ་དང་། ས་ཁུལ་དེ་གའི་ནད་ཡམས་དང་གློ་བུར་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཞིབ་དཔྱད་ཚད་ལེན་དང་སྙན་ཞུ་བྱེད་འགན་འཁུར་རྒྱུ། ནད་ཡམས་རིག་པའི་བརྟག་དཔྱད་དང་རྒྱུན་འབྱུང་ནད་གཞིའི་སྐྱེ་དངོས་ཕྲ་རབ་ལ་ཞིབ་དཔྱད་ཚད་ལེན་བྱེད་དགོས།
          དོན་ཚན་བཅུ་དགུ་པ། རྒྱལ་ཁབ་ཀྱིས་རིམས་ནད་སྔོན་བརྡ་གཏོང་བའི་ལམ་ལུགས་འཛུགས་རྒྱུ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རིམས་ནད་བྱུང་ཚུལ་དང་མཆེད་ཚུལ་ལ་སྔོན་དཔག་བྱས་པར་གཞིགས་ཏེ་དུས་ཐོག་ཏུ་རིམས་ནད་ཀྱི་སྔོན་བརྡ་གཏོང་དགོས་ལ་གནས་ཚུལ་ལ་གཞིགས་ནས་ཡོངས་བསྒྲགས་ཀྱང་བྱེད་དགོས།
          དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཆར་གཞི་གཏན་ལ་ཕབ་ནས་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།
          རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཆར་གཞིར་གཤམ་གྱི་ནང་དོན་གཙོ་བོ་རྣམས་ཚུད་ཡོད་དེ།
          (གཅིག) རིམས་ནད་སྔོན་འགོག་ ཚོད་འཛིན་བཀོད་འདོམས་པུའུ་གྲུབ་སྟངས་དང་དེ་འབྲེལ་སྡེ་ཁག་གི་འགན་ནུས་དང་།
          (གཉིས།) རིམས་ནད་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་བསྡུ་ལེན། དབྱེ་ཞིབ། སྙན་ཞུ། བརྡ་ཁྱབ་གཏོང་བ་བཅས་ཀྱི་ལམ་ལུགས།
          (གསུམ།)རིམས་ནད་བྱུང་སྐབས་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིའི་ལས་འགན་དང་འགན་འཁྲི།
          (བཞི།) རིམས་ནད་གློ་བུར་བྱུང་བ་དང་མཆེད་ཚུལ་རིམ་པ་དབྱེ་རྒྱུ་དང་དེ་དང་མཐུན་པའི་མཁོ་བསྟུན་ལས་དོན་སྒྲུབ་སྟངས།
          (ལྔ།) རིམས་ནད་སྔོན་འགོག་དང་། རིམས་ནད་ཡོད་ས་དང་འབྱུང་ཁུལ་ཚོད་འཛིན་བྱེད་པ། མཁོ་བསྟུན་སྒྲིག་བཀོད་དང་། སྒྲིག་ཆས། སྨན་བཅོས་བྱེད་པའི་སྨན་རྫས་དང་སྨན་བཅོས་ཡོ་བྱད། དེ་མིན་དངོས་ཟོག་དང་ལག་རྩལ་གསོག་འཇོག་དང་བསྡུ་སྤྱོད་བྱ་རྒྱུ་བཅས་ཡིན།
          ས་གནས་མི་དམངས་སྲིད་གཞུང་དང་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་བཏང་བའི་རིམས་ནད་སྔོན་བརྡ་འབྱོར་རྗེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཚད་གཞི་ལྟར་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་དགོས།
          དོན་ཚན་ཉེར་གཅིག་པ། སྨན་བཅོས་སྒྲིག་གཞིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ནས་གཏན་ལ་ཕབ་པའི་དོ་དམ་ལམ་ལུགས་དང་བཅོས་ཐབས་ཚད་ལྡན་ལག་ལེན་ནན་པོ་བྱས་ཏེ་རིམས་ནད་སྨན་བཅོས་བྱེད་སྐབས་འགོས་ཚུལ་དང་སྨན་ཁང་ནས་འགོས་ཚུལ་བཀག་འགོག་བྱ་རྒྱུ།
          སྨན་བཅོས་སྒྲིག་གཞིས་སྡེ་ཁག་དང་མི་སྣ་ཆེད་མངགས་གཏན་འཁེལ་བྱས་ཏེ་རིམས་ནད་འགོ་ཚུལ་སྙན་འབུལ་དང་། སྡེ་ཚན་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན། འགན་འཁུར་ཁུལ་གྱི་རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་འགན་འཁུར་རྒྱུ་དང་། སྨན་བཅོས་ལས་སྒོའི་ཁྲོད་སྨན་ཁང་ལས་ནད་འགོས་པའི་ཉེན་ཁའི་རྒྱུ་རྐྱེན་རྣམས་ལ་ལྟ་ཞིབ་ཚད་ལེན་དང་། ཉེན་མེད་འགོག་སྲུང་། དུག་སེལ། ལོགས་སུ་འཇོག་པ། སྨན་བཅོས་ཀྱི་སྙིགས་རོ་གཙང་བཅོས་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་ཏུ་འཇུག་རྒྱུ།
          ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་མི་སྣ་ཆེད་མངགས་དམིགས་འཛུགས་བྱས་ཏེ་སྨན་བཅོས་སྒྲིག་གཞི་ནང་གི་རིམས་ནད་སྔོན་འགོག་ལས་དོན་ལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་པ་དང་། ནད་ཡམས་རིག་པའི་ཐད་བརྟག་དཔྱད་བྱེད་དུ་འཇུག་རྒྱུ།
          དོན་ཚན་ཉེར་གཉིས་པ། ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། སྨན་བཅོས་སྒྲིག་གཞིའི་ཚོད་ལྟ་ཁང་དང་ནད་འབྱུང་སྐྱེ་དངོས་ཚོད་ལྟ་བྱེད་མཁན་སྡེ་ཚན་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་ལག་རྩལ་གྱི་ཚད་དང་མཐུན་དགོས་པ་དང་། ལྟ་སྐུལ་དང་དོ་དམ་ལམ་ལུགས་ནན་པོ་བཙུགས་ཏེ་ནད་ཡམས་ཀྱི་ནད་འབྱུང་མ་དཔེ་གཏན་ལ་ཕབ་པའི་བྱེད་ཐབས་ལྟར་ལྟ་སྐུལ་དོ་དམ་ནན་པོར་བྱས་ཏེ་རིམས་ནད་ཀྱི་ནད་འབྱུང་མ་དཔེ་ཚོད་ལྟ་ཁང་དུ་འགོས་ཚུལ་དང་ནད་རྒྱུ་དངོས་ཕྲ་རབ་ཁྱབ་རྒྱ་ཇེ་ཆེར་འགྲོ་ཚུལ་སྔོན་འགོག་ནན་པོ་བྱེད་དགོས།
          དོན་ཚན་ཉེར་གསུམ་པ། ཟུངས་ཁྲག་འཐེན་སྤྲོད་སྒྲིག་གཞི་དང་སྐྱེ་དངོས་ཀྱི་ཐོན་རྫས་བཟོ་མཁན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་ནན་ཏན་བྱས་ནས་ཁྲག་དང་ཁྲག་བཟོའི་ཐོན་རྫས་ཀྱི་སྤུས་ཀར་འགན་ལེན་བྱེད་དགོས། ཁྲིམས་འགལ་གྱིས་ཁྲག་འཚག་པའམ་ཡང་ན་མི་གཞན་པ་རྩ་འཛུགས་བྱས་ནས་ཁྲག་འཚོང་དུ་འཇུག་རིགས་གཏན་འགོག་བྱེད་དགོས།
          ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་ཁྲག་དང་ཁྲག་བཟོའི་ཐོན་རྫས་བེད་སྤྱོད་བྱེད་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱས་ཏེ་ཁྲག་བླུགས་པ་དང་ཁྲག་བཟོས་ཐོན་རྫས་བེད་སྤྱོད་བྱས་པའི་དབང་གིས་ནད་འགོས་ཚུལ་མི་ཐོན་པ་བྱེད་དགོས།
          དོན་ཚན་ཉེར་བཞི་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཨེ་ཙིའི་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་དེ་ཨེ་ཙིའི་ནད་མི་མཆེད་པ་བྱེད་དགོས། བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།
          དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ནགས་ལས་སྲིད་འཛིན་སྡེ་ཁག་དང་དེ་མིན་གྱི་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་མི་ཕྱུགས་གཉིས་ཀར་ཕོག་པའི་རིམས་ནད་དང་འབྲེལ་བ་ཡོད་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དོ་དམ་བྱེད་འགན་འཁུར་རྒྱུ།
          མི་ཕྱུགས་གཉིས་ཀར་ཕོག་པའི་རིམས་ནད་དང་འབྲེལ་ཡོད་རི་དྭགས་དང་། ཁྱིམ་བྱ་དང་ཕྱུགས་རིགས་བཅས་ལ་འགོས་ནད་ཞིབ་བཤེར་བྱས་ཏེ་ཚད་ལོན་ཚེ་འཚོང་བ་དང་སྐྱེལ་འདྲེན་བྱས་ཆོག
          དོན་ཚན་ཉེར་དྲུག་པ། རྒྱལ་ཁྱབ་ཀྱིས་རིམས་ནད་ཀྱི་འབུ་ཕྲའི་རིགས་དང་དུག་འབུའི་མཛོད་ཁང་འཛུགས་རྒྱུ།
          རིམས་ནད་འབུ་ཕྲའི་རིགས་དང་དུག་འབུ། རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་པའི་མ་དཔེ་བཅས་བསྡུ་ལེན་དང་ཉར་ཚགས། འཁྱེར་སྐྱོད། སྐྱེལ་འདྲེན། བེད་སྤྱོད་བཅས་བྱེད་པར་རིགས་འབྱེད་དོ་དམ་བྱེད་དགོས་པ་དང་འཐུས་སྒོ་ཚང་བའི་དོ་དམ་གྱི་ལམ་ལུགས་ནན་པོ་འཛུགས་དགོས།
          རིམས་ནད་རིགས་ཀ་པ་ཁྱབ་སྲིད་ཉེན་ལྡན་པ་དང་དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱས་པའི་འབུ་ཕྲའི་རིགས་དང་དུག་འབུ། རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་པའི་མ་དཔེ་བཅས་དངོས་སུ་བསྡུ་ལེན་དང་ཉར་ཚགས། འཁྱེར་སྐྱོད། སྐྱེལ་འདྲེན། བེད་སྤྱོད་བྱེད་དགོས་བྱུང་ཚེ། ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཞུ་དགོས། བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།
          དོན་ཚན་ཉེར་བདུན་པ། རིམས་ནད་ཀྱི་ནད་རྒྱུས་བཙོག་པས་སྦགས་པའི་ཆུ་དང་དངོས་པོ། ས་ཆ། དངོས་རྫས་རྣམས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ངེས་པར་དུ་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་མཛུབ་ཁྲིད་འོག་གམ་ཡང་ན་དེའི་འཕྲོད་བསྟེན་གྱི་བླང་བྱ་ལྟར་དུག་སེལ་ནན་པོ་བྱེད་དུ་འཇུག་དགོས། དུག་སེལ་མི་བྱེད་མཁན་ལ་ས་གནས་དེའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གམ་ཡང་ན་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་བཙན་ཤེད་ཀྱིས་དུག་སེལ་བྱ་རྒྱུ།
          དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱིས་རང་བྱུང་གི་རིམས་ནད་ཐོན་ས་ཡིན་པ་ངེས་གཏན་འཁེལ་ཡུལ་དུ་ཆུ་བེད་དང་། འགྲིམ་འགྲུལ། ཡུལ་སྐོར། ནུས་ཁུངས་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་སྐྲུན་རྒྱུའི་འཆར་གཞི་འདིང་སྐབས། སྔོན་ལ་ཞིང་ཆེན་རིམ་པ་ཡན་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་འཛུགས་སྐྲུན་བྱེད་ཡུལ་ལ་འཕྲོད་བསྟེན་ཐད་ཀྱི་རྟོག་ཞིབ་བྱེད་དགོས།
          འཛུགས་སྐྲུན་སྡེ་ཚན་གྱིས་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་དགོངས་འཆར་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དགོས་ངེས་སྤྱོད་དགོས། བཟོ་སྐྲུན་བྱེད་རིང་འཛུགས་སྐྲུན་སྡེ་ཚན་གྱིས་བཟོ་སྐྲུན་བྱེད་སའི་འཕྲོད་བསྟེན་རིམས་འགོག་ལས་དོན་སྒྲུབ་འགན་འཁུར་མཁན་ཆེད་མངགས་འཛུགས་དགོས། བཟོ་སྐྲུན་གྲུབ་རྗེས་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་ཐོན་སྲིད་པའི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།
          དོན་ཚན་ཉེར་དགུ་པ། རིམས་ནད་འགོག་བཅོས་སུ་སྤྱོད་པའི་དུག་སེལ་ཐོན་རྫས་དང་འཐུང་ཆུ་མཁོ་སྤྲོད་སྡེ་ཚན་གྱིས་སྤྲོད་པའི་འཐུང་ཆུའམ་འཐུང་ཆུ་དང་འབྲེལ་བ་ཡོད་པའི་འཕྲོད་བསྟེན་ཉེན་མེད་ཀྱི་ཐོན་རྫས་རྣམས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཚད་གཞི་དང་མཐུན་པ་དང་འཕྲོད་བསྟེན་གྱི་ཚད་དང་ལྡན་པ་ཡོང་བ་བྱེད་དགོས།
          འཐུང་ཆུ་མཁོ་སྤྲོད་སྡེ་ཚན་གྱིས་ཐོན་སྐྱེད་དམ་མཁོ་འདོན་གྱི་ལས་སྒོ་སྒྲུབ་པར་ཁྲིམས་མཐུན་ལྟར་གཙང་སྦྲའི་འཁྲོལ་འཛིན་འཐོབ་དགོས།
          རིམས་ནད་འགོག་བཅོས་སུ་སྤྱོད་པའི་དུག་སེལ་ཐོན་རྫས་ཐོན་སྐྱེད་བྱེད་མཁན་སྡེ་ཚན་དང་རིམས་ནད་འགོག་བཅོས་སུ་སྤྱོད་པའི་དུག་སེལ་ཐོན་རྫས་ཐོན་སྐྱེད་བྱེད་པར་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཆོག་མཆན་ཐོབ་དགོས། བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།
ལེའུ་གསུམ་པ། རིམས་ནད་བྱུང་ཚུལ་སྙན་འབུལ་དང་། བརྡ་གཏོང་།
སྤྱི་བསྒྲགས་བཅས་བྱེད་སྟངས་སྐོར།
          དོན་ཚན་སུམ་ཅུ་པ། ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། སྨན་བཅོས་སྒྲིག་གཞི། ཟུངས་ཁྲག་འཐེན་སྤྲོད་སྒྲིག་གཞི་བཅས་དང་དེའི་ལས་འགན་སྒྲུབ་མཁན་གྱིས་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་རིམས་ནད་བྱུང་ཚུལ་ལམ་ཡང་ན་རིམས་ནད་གཞན་དག་ལངས་པ་དང་། མཆེད་པ། དེ་བཞིན་རྒྱུ་རྐྱེན་མི་གསལ་བའི་རིམས་ནད་གཞན་དག་གློ་བུར་བྱུང་བ་ཤེས་ཚེ། རིམས་ནད་སྙན་ཞུ་ས་གནས་རང་ཁོངས་ཀྱིས་དོ་དམ་བྱེད་པའི་རྩ་དོན་བརྩི་སྲུང་ཞུ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་སམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་གཏན་ལ་ཕབ་པའི་ནང་དོན་དང་། གོ་རིམ། བྱེད་ཐབས། དུས་བཀག་བཅས་ལྟར་སྙན་སེང་ཞུ་རྒྱུ།
          དམག་དཔུང་གི་སྨན་བཅོས་སྒྲིག་གཞིས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་དུས་གོང་གསལ་ནང་གསེས་དོན་ཚན་དུ་གཏན་ལ་ཕབ་པའི་རིམས་ནད་བྱུང་ཚུལ་ཤེས་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་གཏན་འབེབས་ལ་གཞིགས་ནས་སྙན་སེང་ཞུ་དགོས།
          དོན་ཚན་སོ་གཅིག་པ། སྡེ་ཚན་དང་མི་སྒེར་གང་ཞིག་ཡིན་རུང་རིམས་ནད་ཕོག་མཁན་ནམ་ཡང་ན་རིམས་ནད་ཕོག་པར་དོགས་པའི་ནད་པ་ཡིན་པ་ཤེས་ཚེ། ཉེ་འདབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའམ་ཡང་ན་སྨན་བཅོས་སྒྲིག་གཞི་ལ་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ།
          དོན་ཚན་སོ་གཉིས་པ། གྲུ་ཁ་དང་། གནམ་གྲུ་ཐང་། ལྕགས་ལམ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་དེ་བཞིན་རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་ལས་ཁུངས་ཀྱིས་རིམས་ནད་རིགས་ཀ་པ་ཕོག་པའི་ནད་པ་དང་། ནད་རྒྱུ་ཁྱེར་ཡོད་མཁན། རིམས་ནད་ཕོག་པར་དོགས་པའི་ནད་པ་བཅས་ཡིན་པ་ཤེས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་མཚམས་ཐོན་སྒོ་གནས་སའི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའམ་ཡང་ན་ས་གནས་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ཆབས་ཅིག་ཕན་ཚུན་ལ་བརྡ་ཁྱབ་གཏོང་རྒྱུ།
          དོན་ཚན་སོ་གསུམ་པ། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་ཁྱབ་ཚུལ་གྱི་ཆ་འཕྲིན་རང་འགུལ་གྱིས་བསྡུ་རུབ་དང་། དབྱེ་ཞིབ། བརྟག་དཔྱད། ཞིབ་བསྡུར་བཅས་བྱེད་དགོས། རིམས་ནད་རིགས་ཀ་པ་དང་ཁ་པ་མཆེད་ཚུལ་གྱི་སྙན་ཞུ་འབྱོར་བའམ་ཡང་ན་རིམས་ནད་གློ་བུར་བྱུང་བ་དང་མཆེད་པ་ཤེས་ཚེ། ས་གནས་དེ་གའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་འཕྲལ་མར་སྙན་སེང་ཞུ་རྒྱུ་དང་། དུས་མཚུངས་གོང་རིམ་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལའང་དུས་གཅིག་ཏུ་སྙན་སེང་ཞུ་རྒྱུ།
          རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་ཆེད་དམིགས་ཀྱི་སྡེ་ཁག་འཛུགས་པའམ་ཡང་ན་མི་སྣ་དམིགས་འཛུགས་བྱས་ནས་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་དོ་དམ་ལས་ཀའི་འགན་འཁུར་དུ་འཇུག་དགོས་པ་དང་། རིམས་ནད་བྱུང་ཚུལ་སྐོར་གྱི་སྙན་ཞུར་དུས་ཐོག་ཏུ་ཞིབ་བསྡུར་དང་དབྱེ་ཞིབ་བྱེད་དགོས།
          དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རང་ངོས་སྲིད་འཛིན་ས་ཁོངས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞི་ལ་རིམས་ནད་བྱུང་ཚུལ་དང་དེ་བཞིན་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས། བརྡ་ཁྱབ་འབྱོར་བའི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་རང་སྡེ་ཚན་གྱི་འབྲེལ་ཡོད་མི་སྣར་དུས་ཐོག་ཏུ་བརྡ་ལན་སྤྲོད་རྒྱུ།
          དོན་ཚན་སོ་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ཁག་ལ་རྒྱལ་ཡོངས་ཀྱི་རིམས་ནད་བྱུང་ཚུལ་དང་དེ་བཞིན་ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ་གཏོང་བའི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་གཏོང་རྒྱུ།
          ཉེ་འབྲེལ་ལམ་ཡང་ན་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རང་ངོས་སྲིད་འཛིན་ས་ཁོངས་ཀྱི་རིམས་ནད་བྱུང་ཚུལ་དང་དེ་བཞིན་ལྟ་ཞིབ་ཚད་ལེན། ཉེན་བརྡ་བཅས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཕན་ཚུན་ལ་བརྡ་ཁྱབ་གཏོང་རེས་བྱེད་དགོས།
          རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་བྱུང་ཚུལ་ཤེས་སྐབས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།
          ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་རིམས་ནད་བྱུང་ཚུལ་ཤེས་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས།
          དོན་ཚན་སོ་དྲུག་པ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྒྲིག་གཞི་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་སྲོག་ཆགས་བར་དང་མིའི་བར་མི་ཕྱུགས་མཉམ་ཕོག་གི་རིམས་ནད་མཆེད་ཚུལ་དང་དེ་བཞིན་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཕན་ཚུན་བརྡ་ཁྱབ་གཏོང་རེས་བྱ་རྒྱུ།
          དོན་ཚན་སོ་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་རིམས་ནད་ཁྱབ་ཚུལ་སྙན་སེང་ཞུ་འགན་ཡོད་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི། སྨན་བཅོས་སྒྲིག་གཞི། ཟུངས་ཁྲག་འཐེན་སྤྲོད་སྒྲིག་གཞི་དང་དེའི་ལས་བྱེད་མི་སྣས་རིམས་ནད་ཁྱབ་ཚུལ་སྦ་གསང་དང་། རྫུན་ཞུ། འགྱངས་ཞུ་བཅས་བྱས་མི་ཆོག
          དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱིས་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་བཟོ་རྒྱུ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རིམས་ནད་བྱུང་ཚུལ་སྐོར་གྱི་ཆ་འཕྲིན་དུས་ངེས་གཏན་ནང་ཁྱབ་བསྒྲགས་བྱ་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་དུས་ངེས་གཏན་ནང་ཁྱབ་བསྒྲགས་བྱ་རྒྱུ།
          རིམས་ནད་ལངས་པ་དང་། མཆེད་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་སྤྱི་ཚོགས་ཐོག་སྤྱི་བསྒྲགས་བྱེད་འགན་འཁུར་དགོས་པ་མ་ཟད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་སྲིད་འཛིན་ཁུལ་དེ་གའི་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དབང་བསྐུར་ཆོག
          རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་དེ་དུས་ཐོག་དང་གནད་ལ་འཁེལ་བ་ཡིན་དགོས། 
ལེའུ་བཞི་པ། རིམས་ནད་འགོག་ཕྱོགས་སྐོར།
          དོན་ཚན་སོ་དགུ་པ། སྨན་བཅོས་སྒྲིག་གཞིས་རིམསས་ནད་རིགས་ཀ་པ་བྱུང་བ་ཤེས་སྐབས། དུས་ཐོག་ཏུ་སྤྱོད་དགོས་པའི་བྱེད་ཐབས་གཤམ་གསལ་ལྟར།
          (གཅིག) ནད་པ་དང་། རིམས་ནད་སློང་བའི་དུག་གཞི་འཁྱེར་མཁན་ཟུར་འཇོག་སྨན་བཅོས་བྱེད་དགོས་པ་དང་། ཟུར་འཇོག་བྱེད་པའི་དུས་བཀག་ནང་གསོ་རིག་གི་བརྟག་དཔྱད་བྱས་འབྲས་གཞིར་བཟུང་ནས་གཏན་འཁེལ་རྒྱུ་དང་།
          (གཉིས།) རིམས་ནད་ཡིན་པར་དོགས་པའི་ནད་པའི་ནད་གཞི་གཏན་ཁེལ་མ་བྱུང་གོང་དམིགས་འཛུགས་ཀྱི་གནས་སུ་ཁེར་རྐྱང་ལོགས་སུ་བཞག་ནས་སྨན་བཅོས་བྱ་རྒྱུ།
          (གསུམ།) སྨན་བཅོས་སྒྲིག་གཞི་ནང་གི་ནད་པ་དང་། རིམས་ནད་སློང་བའི་དུག་གཞི་འཁྱེར་ཡོད་མཁན། རིམས་ནད་ཡིན་པར་དོགས་པའི་ནད་པ་བཅས་དང་རེག་ཐུག་ཉེ་བཅར་བྱེད་མཁན་ལ་དམིགས་འཛུགས་ཀྱི་གནས་སུ་གསོ་རིག་གི་ལྟ་ཞིབ་བྱ་རྒྱུ་དང་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་རྒྱུ།
          ཟུར་འཇོག་སྨན་བཅོས་བྱ་རྒྱུ་དང་ལེན་མ་བྱས་པའམ་ཡང་ན་ཟུར་འཇོག་བྱེད་ཡུན་མ་འཐིམས་གོང་ནས་ཟུར་འཇོག་སྨན་བཅོས་བྱེད་པ་ནས་རང་དགར་ཐོན་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་སྒྲིག་གཞི་ལ་རོགས་སྐྱོར་བྱས་ནས་བཙན་ཤེད་ཀྱིས་ཟུར་འཇོག་སྨན་བཅོས་བྱེད་ཐབས་སྤྱོད་རྒྱུ།
          སྨན་བཅོས་སྒྲིག་གཞིས་རིམས་ནད་རིགས་ཁ་པའམ་ཡང་ན་ག་པ་ཕོག་པའི་ནད་པ་ཡིན་པ་ཤེས་ན། ནད་རྟགས་ལ་གཞིགས་ནས་དགོས་ངེས་ཀྱི་སྨན་བཅོས་དང་འགོག་ཐབས་སྤྱོད་རྒྱུ།
          སྨན་བཅོས་སྒྲིག་གཞིས་རང་སྡེ་ཚན་ཁོངས་སུ་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའི་གནས་དང་། ཅ་དངོས་དེ་བཞིན་སྨན་བཅོས་སྙིགས་རོ་བཅས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ངེས་པར་དུ་དུག་སེལ་དང་གནོད་མེད་དུ་གྱུར་བའི་བཀོད་སྒྲིག་བྱེད་དགོས།
          དོན་ཚན་བཞི་བཅུ་པ། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་བྱུང་ཚུལ་ཤེས་པའམ་ཡང་ན་རིམས་ནད་བྱུང་ཚུལ་གྱི་སྙན་ཞུ་འབྱོར་ཚེ། འཕྲལ་མར་སྤྱོད་དགོས་པའི་བྱེད་ཐབས་གཤམ་གསལ་ལྟར།
          (གཅིག) རིམས་ནད་བྱུང་ཚུལ་ལ་རྒྱུན་ནད་རིག་པའི་བརྟག་དཔྱད་བྱ་རྒྱུ་དང་། བརྟག་དཔྱད་བྱས་ཚུལ་ལ་གཞིགས་ནས་རིམས་ནད་བྱུང་ས་དང་། རིམས་ནད་བྱུང་ཁུལ་དབྱེ་མཚམས་གཅོད་རྒྱུའི་གྲོས་འགོ་བཏོན་ནས། རིམས་ནད་ཀྱིས་སྦགས་པའི་གནས་ལ་འཕྲོད་བསྟེན་གྱི་གཙང་སེལ་བྱ་རྒྱུ་དང་། རེག་ཐུག་ཉེ་བཅར་བྱེད་མིར་དམིགས་འཛུགས་བྱེད་གནས་སུ་གསོ་རིག་གི་ལྟ་ཞིབ་དང་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་གཞན་དག་སྤྱོད་རྒྱུ་དང་ཆབས་སྦྲགས་སུ་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་རིམས་ནད་འགོག་པའི་ཇུས་གཞི་འདོན་རྒྱུ་དང་།
          (གཉིས།) རིམས་ནད་ལངས་པ་དང་། མཆེད་དུས། རིམས་ནད་བྱུང་ས་དང་རིམས་ནད་བྱུང་ཁུལ་དུ་འཕྲོད་བསྟེན་གྱི་དུག་སེལ་གཙང་བཅོས་བྱ་རྒྱུ་དང་། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་རིམས་ནད་འགོག་པའི་ཇུས་གཞི་འདོན་རྒྱུ་དང་ཆབས་སྦྲགས་སུ་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གྱི་བླང་བྱ་བཞིན་བྱེད་ཐབས་སྤྱོད་རྒྱུ།
          (གསུམ།) འོག་རིམ་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་ལ་རིམས་ནད་སྔོན་འགོག་དང་། ཚོད་འཛིན་བྱེད་ཐབས་ཀྱི་མཛུབ་ཁྲིད་བྱ་རྒྱུ་དང་། འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་དང་དེར་མཛུབ་སྟོན་བྱས་ནས་རིམས་ནད་བྱུང་ཚུལ་ལ་ཁ་གཏད་འཇལ་རྒྱུ་བཅས་ཡིན།
          དོན་ཚན་ཞེ་གཅིག་པ། རིམས་ནད་རིགས་ཀ་པ་ཕོག་པའི་ནད་པ་གནས་ཡུལ་ལམ་ཡང་ན་གནས་ཡུལ་དེ་ཁོངས་ཀྱི་དམིགས་བསལ་ཁུལ་གྱི་མི་སྣ་ཡིན་ན། ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཟུར་འཇོག་བྱེད་ཐབས་སྤྱད་ཆོག་པ་དང་ཆབས་སྦྲགས་སུ་རིམ་གཅིག་མཐོ་བའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས། སྙན་ཞུ་འབྱོར་བའི་གོང་རིམ་མི་དམངས་སྲིད་གཞུང་གིས་འཕྲལ་མར་ཆོག་མཆན་འགོད་མིན་གྱི་གྲོས་ཐག་གཅོད་དགོས། གོང་རིམ་མི་དམངས་སྲིད་གཞུང་གིས་ཆོག་མཆན་མི་འགོད་པའི་གྲོས་ཐག་བཅད་ན། ཟུར་འཇོག་བྱེད་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་ཟུར་འཇོག་བྱེད་ཐབས་འཕྲལ་མར་མེད་པ་བཟོ་དགོས།
          ཟུར་དུ་འཇོག་རིང་། ཟུར་འཇོག་བྱེད་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་ཟུར་འཇོག་མི་སྣའི་འཚོ་བར་འགན་ལེན་བྱེད་དགོས་པ་དང་། ལས་ཚན་ཡོད་པའི་ཟུར་འཇོག་མི་སྣར་དེ་ཉིད་གནས་སའི་སྡེ་ཚན་གྱིས་དེའི་ལོགས་སུ་འཇོག་རིང་གི་ལས་སྒྲུབ་གླ་ཆ་སྤྲོད་མཚམས་བཞག་མི་ཆོག
          ཟུར་འཇོག་བྱེད་ཐབས་མེད་པ་བཟོ་རྒྱུ་ནི་དེ་སྔོན་གྲོས་ཐག་གཅོད་མཁན་ལས་ཁུངས་དེ་གས་ཐག་གཅོད་རྒྱུ་དང་ཁྱབ་བསྒྲགས་ཀྱང་བྱ་རྒྱུ།
          དོན་ཚན་ཞེ་གཉིས་པ། རིམས་ནད་ལངས་པ་དང་། མཆེད་དུས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྟོབས་ཤུགས་འཕྲལ་མར་སྒྲིག་འཛུགས་བྱས་ནས། སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྔོན་ཇུས་བཞིན་འགོག་སེལ་བྱས་ནས་རིམས་ནད་མཆེད་ཐབས་མེད་པར་བཟོ་དགོས་པ་དང་། དགོས་པ་ཡོད་ཚེ། རིམ་གཅིག་མཐོ་བའི་མི་དམངས་སྲིད་གཞུང་ལ་ཞུས་ནས་གྲོས་ཐག་བཅད་རྗེས་འཕྲལ་མྱུར་གྱི་བྱེད་ཐབས་གཤམ་གསལ་སྤྱད་ཆོག་པ་དང་སྤྱི་བསྒྲགས་བྱེད་ཐབས་ཀྱང་སྤྱད་ཆོག
          (གཅིག ) ཚོང་འདུས་དང་། གློག་བརྙན་ཟློས་གར་ཁང་གི་འཁྲབ་སྟོན་ནམ་ཡང་ན་མི་ཚོགས་འདུ་འཛོམས་བྱེད་པའི་བྱེད་སྒོ་གཞན་དག་སྤེལ་མཚམས་འཇོག་པའམ་ཡང་ན་ཚོད་འཛིན་བྱ་རྒྱུ་དང་།
          (གཉིས།) ལས་མཚམས་འཇོག་པ་དང་། ཚོང་མཚམས་འཇོག་པ། སློབ་གྲྭ་ཚོགས་མཚམས་འཇོག་པ།
          (གསུམ།) རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའི་སྤྱི་པའི་འཐུང་ཆུའི་ཆུ་ཁུངས་དང་། བཟའ་བཅའ་དེ་བཞིན་འབྲེལ་ཡོད་ཅ་དངོས་བཀག་སྡོམ་མམ་ཡང་ན་ཐམ་མནན་ཉར་ཚགས་བྱ་རྒྱུ།
          (བཞི།) རིམས་ནད་འགོས་པའི་བདག་མེད་སྲོག་ཆགས་དང་སྒོ་ཕྱུགས་ཁྱིམ་བྱ་བཅས་གསོད་པའམ་ཡང་ན་ཚོད་འཛིན་བྱ་རྒྱུ།
          (ལྔ།) རིམས་ནད་མཆེད་ཉེན་ཆེ་བའི་གནས་ཀྱི་སྒོ་རྒྱག་རྒྱུ་བཅས་ཡིན།
          གོང་རིམ་མི་དམངས་སྲིད་གཞུང་ལ་ནང་གསེས་དོན་ཚན་གོང་མའི་ནང་གསལ་འཕྲལ་མྱུར་བྱེད་ཐབས་སྤྱད་པའི་སྐོར་གྱི་འོག་རིམ་མི་དམངས་སྲིད་གཞུང་གི་སྙན་ཞུ་འབྱོར་ན། འཕྲལ་མར་གྲོས་ཐག་གཅོད་དགོས།
          འཕྲལ་མྱུར་བྱེད་ཐབས་མེད་པ་བཟོ་རྒྱུ་ནི་གྲོས་ཐག་གཅོད་མཁན་ལས་ཁུངས་དེ་གས་ཐག་གཅོད་རྒྱུ་དང་ཁྱབ་བསྒྲགས་ཀྱང་བྱ་རྒྱུ།
          དོན་ཚན་ཞེ་གསུམ་པ། རིམས་ནད་རིགས་ཀ་པ་དང་ཁ་པ་ལངས་པ་དང་། མཆེད་སྐབས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམ་གཅིག་མཐོ་བའི་མི་དམངས་སྲིད་གཞུང་ལ་ཞུས་ནས་གཏན་འཁེལ་བྱུང་ན། རང་ངོས་སྲིད་འཛིན་ས་ཁོངས་ཧྲིལ་པོའམ་ཡང་ན་ཆ་ཤས་རིམས་ནད་བྱུང་ཁུལ་ཡིན་པ་ཁྱབ་བསྒྲགས་བྱས་ཆོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཡུག་འབྲེལ་རྒྱུད་ཀྱི་རིམས་ནད་བྱུང་ཁུལ་གཏན་འཁེལ་བྱེད་པ་མ་ཟད། ཁྱབ་བསྒྲགས་ཀྱང་བྱས་ཆོག རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམས་ནད་བྱུང་ཁུལ་ནང་ཁོངས་སུ་བཅའ་ཁྲིམས་འདིའི་དོན་ཚན་ཞེ་གཉིས་པར་གཏན་ལ་ཕབ་པའི་འཕྲལ་མྱུར་བྱེད་ཐབས་སྤྱད་ཆོག་པ་མ་ཟད། རིམས་ནད་བྱུང་ཁུལ་དུ་ཡར་འཛུལ་མར་ཐོན་བྱེད་མི་དང་། དངོས་རྫས། འགྲིམ་འགྲུལ་ཡོ་བྱད་བཅས་ལ་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ཡང་བྱས་ཆོག
          ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ངོས་སྲིད་འཛིན་ཁུལ་ཁོངས་ཀྱི་རིམས་ནད་རིགས་ཀ་པ་བཀག་སྡོམ་བྱེད་པའི་གཏན་འཁེལ་བྱས་ཆོག འོན་ཀྱང་གྲོང་ཁྱེར་ཆེ་འབྲིང་གྲས་ཀྱི་རིམས་ནད་བྱུང་ཁུལ་བཀག་སྡོམ་མམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཡུག་འབྲེལ་རྒྱུད་ཀྱི་རིམས་ནད་བྱུང་ཁུལ་བཀག་སྡོམ་དང་། དེ་བཞིན་རིམས་ནད་བྱུང་ཁུལ་བཀག་སྡོམ་བྱས་པ་ལས་གཞུང་ལམ་གྱི་འགྲིམ་འགྲུལ་ཆད་པའམ་ཡང་ན་རྒྱལ་མཚམས་བཀག་སྡོམ་བྱེད་དགོས་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འཁེལ་བྱ་རྒྱུ།
          རིམས་ནད་བྱུང་ཁུལ་གྱི་བཀག་སྡོམ་མེད་པ་བཟོ་རྒྱུ་ནི་དེ་སྔོན་གཏན་འཁེལ་བྱེད་མཁན་ལས་ཁུངས་དེ་གས་གཏན་འཁེལ་བྱ་རྒྱུ་དང་ཁྱབ་བསྒྲགས་ཀྱང་བྱ་རྒྱུ།
          དོན་ཚན་ཞེ་བཞི་པ། རིམས་ནད་རིགས་ཀ་པ་བྱུང་དུས། རིམས་ནད་དེ་ཉིད་འགྲིམ་འགྲུལ་ཡོ་བྱད་དང་དེའི་ཐོག་གི་འགྲུལ་བཞུད་བྱེད་མི་དང་དངོས་ཟོག་བརྒྱུད་ནས་གང་སར་མཆེད་ཚུལ་བཀག་འགོག་བྱེད་ཆེད། འགྲིམ་འགྲུལ་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་བྱས་ཆོག བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱ་རྒྱུ།
          དོན་ཚན་ཞེ་ལྔ་པ། རིམས་ནད་ལངས་པ་དང་། མཆེད་དུས། རིམས་ནད་བྱུང་ཚུལ་ཚོད་འཛིན་བྱ་རྒྱུའི་དགོས་མཁོར་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སམ་ཡང་ན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཡུག་འབྲེལ་གྱི་ཁྱབ་ཁོངས་ནང་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་ངོས་སྲིད་འཛིན་ཁུལ་གྱི་ཁྱབ་ཁོངས་ནང་དུ་མི་སྣའམ་ཡང་ན་གསོག་འཇོག་དངོས་ཟོག་འཕྲལ་མྱུར་བསྡུ་རུབ་བམ་ཡང་ན་བཀོལ་སྤྱོད་བྱེད་དབང་དང་། ཁང་པ་དང་འགྲིམ་འགྲུལ་ཡོ་བྱད་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་སྐབས་འཕྲལ་གཞུང་སྤྱོད་བྱེད་དབང་ཡོད།
          མི་སྣ་འཕྲལ་མྱུར་བསྡུ་རུབ་བྱས་རིགས་ལ། གཏན་འབེབས་བཞིན་ལུགས་མཐུན་གྱི་གླ་ཆ་སྤྲོད་དགོས། ཁང་པ་དང་། འགྲིམ་འགྲུལ་ཡོ་བྱད་དེ་བཞིན་འབྲེལ་ཡོད་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྐབས་འཕྲལ་དུ་གཞུང་སྤྱོད་བྱས་རིགས་ལ། ཁྲིམས་ལྟར་སྐྱིན་ཚབ་འཇལ་དགོས། ཕྱིར་སློག་བྱེད་ཐུབ་རིགས་དུས་ཐོག་ཏུ་ཕྱིར་སློག་བྱེད་དགོས།
          དོན་ཚན་ཞེ་དྲུག་པ། རིམས་ནད་ཀ་པའི་རིགས་དང་ས་ནད་ཕོག་ནས་འཆི་རིགས་ཀྱི་ཕུང་པོར་འཕྲལ་མར་འཕྲོད་བསྟེན་གྱི་དུག་སེལ་གཙང་བཅོས་བྱས་ནས་ཐག་གང་ཉེར་ཞུགས་འབུལ་གཏོང་དགོས། རིམས་ནད་གཞན་པ་ཕོག་ནས་འཆི་བའི་རིགས་ལ། དགོས་པ་ཡོད་ཚེ། ཕུང་པོར་འཕྲོད་བསྟེན་གྱི་དུག་སེལ་བྱི་དོར་བྱས་རྗེས་ཞུགས་འབུལ་གཏོང་རྒྱུའམ་ཡང་ན་གཏན་འབེབས་བཞིན་དོང་ཟབ་པོའི་ནང་ས་སྦས་གཏོང་དགོས།
          རིམས་ནད་ཕོག་རྐྱེན་བཙལ་རྙེད་ཐུབ་ཕྱིར། དགོས་པ་ཡོད་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་གཏན་འབེབས་ལ་གཞིགས་ནས་སྨན་བཅོས་སྒྲིག་གཞིས་རིམས་ནད་ཕོག་མཁན་གྱི་ཕུང་པོའམ་ཡང་ན་རིམས་ནད་ཡིན་པར་དོགས་པའི་ནད་པའི་ཕུང་པོ་གཤག་དཔྱད་བྱེད་ཆོག་པ་དང་སྦྲགས་གཤིན་པོའི་ཁྱིམ་མིར་བརྡ་གཏོང་དགོས།
          དོན་ཚན་ཞེ་བདུན་པ། རིམས་ནད་བྱུང་ཁུལ་དུ་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའམ་ཡང་ན་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་ཤས་ཆེ་བའི་དངོས་རྫས་ལ་དུག་སེལ་བྱས་རྗེས་བེད་སྤྱོད་བྱེད་ཆོག་པ་ཡིན་ན། ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་མཛུབ་ཁྲིད་འོག དུག་སེལ་བྱས་རྗེས་གཞི་ནས་བེད་སྤྱོད་དང་། ཕྱིར་འཚོང་། དབོར་འདྲེན་བཅས་བྱེད་ཆོག
          དོན་ཚན་ཞེ་བརྒྱད་པ། རིམས་ནད་བྱུང་ཚེ། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཆེད་དུ་མངགས་པའི་རིམས་ནད་དང་འབྲེལ་བ་ཡོད་པའི་ཆེད་ལས་ལག་རྩལ་སྒྲིག་གཞི་གཞན་དག་རིམས་ནད་བྱུང་ས་དང་། རིམས་ནད་བྱུང་ཁུལ་དུ་བསྐྱོད་ནས་བརྟག་དཔྱད་དང་། མ་དཔེ་ལེན་པ། ལག་རྩལ་དབྱེ་ཞིབ་ཞིབ་དཔྱད་བཅས་བྱས་ཆོག
          དོན་ཚན་ཞེ་དགུ་པ། རིམས་ནད་ལངས་པ་དང་མཆེད་དུས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་། མཁོ་སྤྲོད་བྱེད་མཁན་སྡེ་ཚན་གྱིས་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་དུས་ཐོག་ཏུ་ཐོན་སྐྱེད་དང་མཁོ་འདོན་བྱེད་དགོས། ལྕགས་ལམ་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་གྲུ་ལ་སོགས་པ་གཉེར་སྐྱོང་སྡེ་ཚན་གྱིས་ངེས་པར་དུ་རིམས་ནད་སྨན་བཅོས་མི་སྣ་དང་དེ་བཞིན་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་སྔོན་ལ་དབོར་འདྲེན་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྒྲིག་འཛུགས་དང་མཐུན་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། 
ལེའུ་ལྔ་པ། སྨན་བཅོས་སྲོག་སྐྱོབ་བྱེད་ཕྱོགས་སྐོར།
          དོན་ཚན་ལྔ་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམས་ནད་སྨན་བཅོས་སྲོག་སྐྱོབ་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། རིམས་ནད་འགོག་བཅོས་ཀྱི་མཐུན་རྐྱེན་དང་ནུས་པ་ཡོད་པར་དམིགས་འཛུགས་བྱས་པའི་སྨན་བཅོས་སྒྲིག་གཞིས་རིམས་ནད་འགོག་བཅོས་ཀྱི་ལས་འགན་འཁུར་རྒྱུའམ་ཡང་ན་རིམས་ནད་འགོག་བཅོས་ཀྱི་དགོས་མཁོ་དང་བསྟུན་ནས་རིམས་ནད་སྨན་ཁང་འཛུགས་དགོས།
          དོན་ཚན་ང་གཅིག་པ། སྨན་བཅོས་སྒྲིག་གཞིའི་གཞི་རྩའི་ཚད་གཞི་དང་། ཨར་སྐྲུན་གྱི་བཀོད་པ། ཞབས་འདེགས་ཞུ་རིམ་བཅས་པ་རིམས་ནད་སྨན་ཁང་ནང་དུ་སྔོན་འགོག་ཐུབ་པའི་བླང་བྱ་དང་མཐུན་དགོས།
          སྨན་བཅོས་སྒྲིག་གཞིས་གཏན་འབེབས་ལ་གཞིགས་ནས་སྤྱོད་པའི་སྨན་བཅོས་ཡོ་བྱད་ལ་དུག་སེལ་བྱེད་དགོས་པ་དང་། གཏན་འབེབས་ལྟར་སྤྱོད་ཐེངས་གཅིག་གི་སྨན་བཅོས་མཁོ་ཆས་ཡིན་ཕྱིན་བེད་སྤྱད་རྗེས་མེད་པར་གཏོང་དགོས།
          རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གཏན་ལ་ཕབ་པའི་རིམས་ནད་རྟགས་དཔྱད་ཚད་གཞི་དང་སྨན་བཅོས་ཀྱི་བླང་བྱར་གཞིགས་ནས་སྨན་བཅོས་སྒྲིག་གཞིས་བབ་བསྟུན་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་སྨན་བཅོས་སྲོག་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
          དོན་ཚན་ང་གཉིས་པ། སྨན་བཅོས་སྒྲིག་གཞིས་རིམས་ནད་ཕོག་མཁན་ནམ་ཡང་ན་རིམས་ནད་ཡིན་པར་དོགས་པའི་ནད་པར་སྨན་བཅོས་སྲོག་སྐྱོབ་དང་། གནས་དེ་གར་སྐྱོབ་རོགས། ནད་རྟགས་སྨན་བཅོས་བཅས་བྱེད་དགོས་པ་དང་། ནད་ཐོ་དང་འབྲེལ་ཡོད་དཔྱད་གཞི་གཞན་དག་འབྲི་དགོས་པ་མ་ཟད་ཉར་ཚགས་དོ་ནན་བྱེད་དགོས།
          སྨན་བཅོས་སྒྲིག་གཞིས་རིམས་ནད་སྔོན་དཔྱད་དང་ཁག་བགོས་ནད་དཔྱད་ལམ་ལུགས་ལག་ལེན་བསྟར་དགོས་པ་དང་། རིམས་ནད་ཕོག་མཁན་དང་། རིམས་ནད་ཡིན་པར་དོགས་པའི་ནད་པ་བལྟོས་བཅས་སུ་ཟུར་འཇོག་ནད་དཔྱད་ཡན་ལག་ས་ཚིགས་སུ་འཁྲིད་ནས་ནད་རྟགས་རགས་ཙམ་དཔྱད་རྒྱུ། སྨན་བཅོས་སྒྲིག་གཞི་ལ་བབ་བསྟུན་གྱི་འགོག་བཅོས་བྱེད་ནུས་མེད་ན། ནད་པ་དང་དེའི་པར་སློག་བརྒྱབ་པའི་ནད་ཐོ་གཉིས་བབ་མཚུངས་ཀྱི་འགོག་བཅོས་ནུས་པ་ལྡན་པའི་སྨན་བཅོས་སྒྲིག་གཞི་ལ་སྐྱེལ་དགོས། བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། 
ལེའུ་དྲུག་པ། ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར།
          དོན་ཚན་ང་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་ནད་འགོག་སེལ་ལས་ཀར་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་འཁུར་དགོས་པ་གཤམ་གསལ།
          (གཅིག) འོག་རིམ་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་འདིར་གཏན་ལ་ཕབ་པའི་རིམས་ནད་འགོག་སེལ་གྱི་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་།
          (གཉིས།) རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། སྨན་བཅོས་སྒྲིག་གཞིའི་རིམས་ནད་འགོག་སེལ་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
          (གསུམ།) ཟུངས་ཁྲག་འཐེན་སྤྲོད་སྒྲིག་གཞིའི་ཟུངས་ཁྲག་འཐེན་སྤྲོད་ལས་སྒོར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
          (བཞི།) རིམས་ནད་འགོག་སེལ་ལ་སྤྱོད་པའི་དུག་སེལ་ཐོན་རྫས་དང་དེའི་ཐོན་སྐྱེད་སྡེ་ཚན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་མ་ཟད། འཐུང་ཆུ་མཁོ་སྤྲོད་སྡེ་ཚན་གྱིས་ཐོན་སྐྱེད་དམ་ཡང་ན་མཁོ་སྤྲོད་ཀྱི་བྱེད་སྒོ་གཉེར་བ་དང་དེ་བཞིན་འཐུང་ཆུའི་འཕྲོད་བསྟེན་ཉེན་མེད་ཡོང་བ་དང་འབྲེལ་བ་ཡོད་པའི་ཐོན་རྫས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
          (ལྔ།) རིམས་ནད་འབུ་ཕྲའི་རིགས་དང་། ནད་སློང་དུག་གཞི། རིམས་ནད་ཞིབ་དཔྱད་མ་དཔེ་བཅས་བསྡུ་བ་དང་། ཉར་ཚགས། འཁྱེར་བ། དབོར་འདྲེན། བེད་སྤྱོད་བཅས་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
          (དྲུག) སྤྱི་པའི་ཚོགས་ར་དང་འབྲེལ་ཡོད་སྡེ་ཚན་གྱི་འཕྲོད་བསྟེན་གྱི་མཐུན་རྐྱེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་བཅས་ཡིན།
          ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་འགོག་གི་དོན་དག་གལ་ཆེན་ཐག་གཅོད་བྱ་རྒྱུ་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ།
          དོན་ཚན་ང་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས། ཞིབ་བཤེར་བྱ་ཡུལ་གྱི་སྡེ་ཚན་དང་རིམས་ནད་བྱུང་སར་བརྟག་དཔྱད་ཁུངས་དཔང་ལེན་པར་འཛུལ་དབང་དང་། འབྲེལ་ཡོད་ཀྱི་དཔྱད་ཡིག་དང་བསྡུ་ལེན་མ་དཔེ་ལྟ་ཀློག་གམ་པར་སློག་རྒྱག་དབང་ཡོད། ཞིབ་བཤེར་བྱ་ཡུལ་སྡེ་ཚན་གྱིས་རམ་འདེགས་བྱེད་དགོས་པ་ལས་ཁས་མི་ལེན་པ་དང་། བཀག་འགོག་བྱས་མི་ཆོག
          དོན་ཚན་ང་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས། རིམས་ནད་སློང་བའི་དུག་གཞིས་སྦགས་པའི་སྤྱི་པའི་འཐུང་ཆུའི་ཆུ་ཁུངས་དང་། བཟའ་བཅའ། དེ་བཞིན་འབྲེལ་ཡོད་ཅ་དངོས་ལ་རིམས་ནད་སློང་བའི་དུག་གཞིས་སྦགས་པ་ཤེས་ཀྱང་དུས་ཐོག་ཏུ་ཚོད་འཛིན་གྱི་བྱེད་ཐབས་མ་སྤྱད་ན་རིམས་ནད་འགོས་ཉེན་དང་མཆེད་ཉེན་ཡོད་ཚེ། སྤྱི་སྤྱོད་འཐུང་ཆུའི་ཆུ་ཁུངས་འགོག་པ་དང་། བཟའ་བཅའ་དང་འབྲེལ་ཡོད་ཅ་དངོས་བཀག་བཅུག་ཉར་ཚགས་བྱེད་པའམ་ཡང་ན་གནས་སྐབས་བཙོང་མི་ཆོག་པའི་སྐབས་འཕྲལ་གྱི་ཚོད་འཛིན་བྱེད་ཐབས་སྤྱད་ཆོག་པ་དང་སྦྲགས་ཞིབ་དཔྱད་དམ་ཡང་ན་དུག་སེལ་བྱེད་དགོས། ཞིབ་དཔྱད་བྱས་པ་བརྒྱུད་རིམས་ནད་ཀྱི་དུག་གཞིས་སྦགས་པའི་བཟའ་བཅའ་ཡིན་ན་མེད་པར་གཏོང་རྒྱུ། དུག་གཞིས་སྦགས་མེད་པའི་བཟའ་བཅའ་འམ་ཡང་ན་དུག་སེལ་བྱས་རྗེས་བེད་སྤྱོད་ཆོག་པའི་ཅ་དངོས་ཡིན་ན། ཚོད་འཛིན་གྱི་བྱེད་ཐབས་མེད་པར་བཟོ་དགོས།
          དོན་ཚན་ང་དྲུག་པ། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་སྐབས། མི་གཉིས་ལས་ཉུང་མི་ཆོག་པ་མ་ཟད། ཁྲིམས་བསྟར་ལག་ཁྱེར་བསྟན་དགོས་པ་དང་། འཕྲོད་བསྟེན་ཁྲིམས་བསྟར་ཡིག་རིགས་འབྲི་དགོས།
          འཕྲོད་བསྟེན་ཁྲིམས་བསྟར་ཡིག་རིགས་ལ་ཞིབ་བསྡུར་བྱས་པ་ལས་འཕྱུགས་མེད་ཡིན་ཚེ། འཕྲོད་བསྟེན་ཁྲིམས་བསྟར་མི་སྣ་དང་དོ་བདག་གཉིས་ཀྱིས་མིང་རྟགས་འགོད་དགོས། དོ་བདག་གིས་མིང་རྟགས་མ་བཀོད་ན། འཕྲོད་བསྟེན་ཁྲིམས་བསྟར་མི་སྣས་གསལ་བཤད་འབྲི་དགོས།
          དོན་ཚན་ང་བདུན་པ། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཁྲིམས་ལྟར་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། རང་གི་ལས་བྱེད་མི་སྣས་ཁྲིམས་བཀོད་འགན་དབང་དང་གོ་རིམ་ལ་གཞིགས་ནས་འགན་འཁྲི་བསྒྲུབས་ཚུལ་ལ་ལྟ་སྐུལ་བྱེད་དགོས།
          འོག་རིམ་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་ནང་གི་དོན་དག་དུས་ཐོག་ཏུ་ཐག་གཅོད་མི་བྱེད་པའམ་འགན་འཁྲི་མི་སྒྲུབ་པ་གོང་རིམ་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ནས་ཤེས་ཚེ། ཡོ་བསྲང་བྱེད་འགན་དཀྲི་བའམ་ཡང་ན་ཐད་ཀར་ཆད་པ་གཅོད་རྒྱུ།
          དོན་ཚན་ང་བརྒྱད་པ། འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་དེའི་ལས་བྱེད་མི་སྣས་འགན་འཁྲི་སྒྲུབ་སྐབས་སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་ཞུ་དགོས། སྡེ་ཚན་དང་མི་སྒེར་ལ་གོང་རིམ་མི་དམངས་སྲིད་གཞུང་དང་དེའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་ལ་བཅའ་ཁྲིམས་འདི་དང་འགལ་བའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཡོད། ཐེར་འདོན་ཞུ་ཡིག་འབྱོར་བའི་འབྲེལ་ཡོད་མི་དམངས་སྲིད་གཞུང་ངམ་ཡང་ན་དེའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དུས་ཐོག་ཏུ་བརྟག་དཔྱད་བྱས་ནས་ཐག་གཅོད་བྱེད་དགོས།
ལེའུ་བདུན་པ། འགན་སྲུང་བྱེད་སྟངས་སྐོར།
          དོན་ཚན་ང་དགུ་པ། རྒྱལ་ཁབ་ཀྱིས་རིམས་ནད་འགོག་སེལ་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་དུ་བཙུད་རྒྱུ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམས་ནད་འགོག་སེལ་ལས་དོན་དེ་རང་ངོས་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་དུ་བཙུད་རྒྱུ།
          དོན་ཚན་དྲུག་ཅུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་སྲིད་གཞུང་གི་འགན་འཁྲི་བཞིན་རང་ངོས་སྲིད་འཛིན་ས་ཁོངས་ནང་གི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། ལྟ་སྐུལ་བཅས་ཀྱི་ལས་དོན་གྱི་འཆར་ཅན་འགྲོ་གྲོན་གཏོང་འགན་འཁུར་རྒྱུ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རིམས་ནད་མཆེད་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། འགོག་བཅོས། ལྟ་སྐུལ་ཚོད་ལེན། སྔོན་དཔག ཉེན་བརྡ། ལྟ་སྐུལ་ཞིབ་བཤེར་ལ་སོགས་པའི་རྣམ་གྲངས་གཏན་ཁེལ་བྱ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཆེ་བའི་ས་ཁུལ་ལ་རིམས་ནད་འགོག་སེལ་གྱི་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།
          ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ངོས་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་རིམས་ནད་མཆེད་ཚུལ་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གཏན་ལ་ཕབ་པའི་རྣམ་གྲངས་ཀྱི་ཁྱབ་ཁོངས་སུ་རིམས་ནད་སྔོན་འགོག་དང་། ཚོད་འཛིན། ལྟ་སྐུལ་ལ་སོགས་པའི་རྣམ་གྲངས་གཏན་ཁེལ་བྱ་རྒྱུ་མ་ཟད། རྣམ་གྲངས་ལག་བསྟར་འགྲོ་གྲོན་འགན་ལེན་བྱ་རྒྱུ།
          དོན་ཚན་རེ་གཅིག་པ། རྒྱལ་ཁབ་ཀྱིས་གཞི་རིམ་གྱི་རིམས་ནད་འགོག་སེལ་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་ཕོངས་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིམས་ནད་འགོག་སེལ་གྱི་ལས་དོན་ལ་རོགས་སྐྱོར་བྱ་རྒྱུ།
          ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གྲོང་ཁྱེར་གྱི་འདུས་སྡེའི་ཁུལ་དང་། གྲོང་གསེབ་གཞི་རིམ་གྱི་རིམས་ནད་སྔོན་འགོག་ལས་དོན་གྱི་འགྲོ་གྲོན་འགན་ལེན་བྱེད་དགོས།
          དོན་ཚན་རེ་གཉིས་པ། རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་རིམས་ནད་ཕོག་པའི་དཀའ་ངལ་ཆེ་བའི་མི་ཚོགས་ལ་སྨན་བཅོས་ཀྱི་སྐྱོབ་རོགས་བྱས་ནས་སྨན་བཅོས་ཀྱི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནོར་སྲིད་སྡེ་ཁག་སོགས་པའི་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ།
          དོན་ཚན་རེ་གསུམ་པ། མཁོ་དུས་སྤྱོད་བདེ་ཡོང་ཕྱིར། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། དངོས་རྫས་གཞན་དག་བཅས་པ་གསོག་འཇོག་བྱེད་འགན་འཁུར་རྒྱུ།
          དོན་ཚན་རེ་བཞི་པ། རིམས་ནད་སྔོན་འགོག་དང་། སྨན་བཅོས། ཚན་ཞིབ། སློབ་ཁྲིད། རིམས་ནད་བྱུང་སར་སྨན་བཅོས་བཅས་བྱེད་མི་དང་། དེ་བཞིན་ཐོན་སྐྱེད་དང་ལས་སྒྲུབ་ཁྲོད་དུ་རིམས་ནད་ཀྱི་ནད་སློང་དུག་གཞི་དང་རེག་ཐུག་ཉེ་བཅར་བྱེད་པའི་མི་སྣ་གཞན་དག་བཅས་ལ། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཏན་འབེབས་ལ་གཞིགས་ནས་ཕན་ནུས་ལྡན་པའི་འཕྲོད་བསྟེན་འགོག་སྲུང་བྱེད་ཐབས་དང་སྨན་བཅོས་ལུས་གསོའི་བྱེད་ཐབས་སྤྱོད་རྒྱུ་མ་ཟད། འཚོ་བའི་རོགས་དངུལ་འོས་འཚམས་ཀྱང་སྤྲོད་རྒྱུ། 
ལེའུ་བརྒྱད་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།
          དོན་ཚན་རེ་ལྔ་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་སྙན་སེང་ཞུ་འགན་མ་འཁུར་བའམ་ཡང་ན་རིམས་ནད་ཁྱབ་ཚུལ་སྦ་གསང་དང་། རྫུན་ཞུ། འགྱངས་ཞུ་བཅས་བྱེད་པའམ་ཡང་ན་རིམས་ནད་ལངས་པ་དང་མཆེད་སྐབས། དུས་ཐོག་ཏུ་བཅོས་སྐྱོབ་སྒྲིག་འཛུགས་དང་ཚོད་འཛིན་གྱི་བྱེད་ཐབས་མ་སྤྱད་པའི་རིགས་ལ། གོང་རིམ་མི་དམངས་སྲིད་གཞུང་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། རིམས་ནད་ལངས་པ་དང་མཆེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་ཡོད་ན། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མིར་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
          དོན་ཚན་རེ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་བཅའ་ཁྲིམས་འདིར་གསལ་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཤམ་འཁོད་གྲས་བྱས་ན། རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་། གོང་རིམ་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ།
          རིམས་ནད་ལངས་པ་དང་མཆེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བྱུང་ན། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མི་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།
          (གཅིག) རིམས་ནད་བྱུང་ཚུལ་བརྡ་ཁྱབ་གཏོང་བ་དང་སྙན་སེང་ཞུ་བའམ་ཡང་ན་སྤྱི་བསྒྲགས་བྱེད་པའི་འགན་འཁྲི་ཁྲིམས་མཐུན་ལྟར་མ་འཁུར་བའམ་ཡང་ན་རིམས་ནད་ཁྱབ་ཚུལ་སྦ་གསང་དང་། རྫུན་ཞུ། འགྱངས་ཞུ་བྱས་རིགས་དང་།
          (གཉིས།) རིམས་ནད་བྱུང་བའམ་ཡང་ན་བྱུང་ཉེན་ཡོད་སྐབས། སྔོན་འགོག་དང་། ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་སྤྱད་མེད་རིགས།
          (གསུམ།) ཁྲིམས་མཐུན་ལྟར་ལྟ་སྐུལ་ཞིབ་དཔྱད་ཀྱི་འགན་འཁྲི་འཁུར་མེད་པའམ་ཡང་ན་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་ཤེས་ཀྱང་དུས་ཐོག་ཏུ་རྩད་གཅོད་བྱས་མེད་རིགས།
          (བཞི།) འོག་རིམ་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རིམས་ནད་འགོག་སེལ་གྱི་འགན་འཁྲི་མ་འཁུར་བ་སྡེ་ཚན་དང་མི་སྒེར་གྱིས་ཐེར་འདོན་བྱས་ཚུལ་དུས་ཐོག་ཏུ་བརྟག་དཔྱད་དང་། ཐག་གཅོད་བྱས་མེད་རིགས།
          (ལྔ།) བཅའ་ཁྲིམས་འདི་དང་འགལ་བའི་འགན་ཤོར་དང་འགན་འཛོལ་གྱི་བྱ་སྤྱོད་གཞན་དག་བཅས་ཡིན།
          དོན་ཚན་རེ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་རིམས་ནད་འགོག་སེལ་དང་འགན་སྲུང་བྱེད་འགན་མ་འཁུར་ན། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ།
          རིམས་ནད་ལངས་པ་དང་མཆེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་ན། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མི་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
          དོན་ཚན་རེ་བརྒྱད་པ། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་བཅའ་ཁྲིམས་འདིར་གསལ་གཏན་འབེབས་ལས་འགལ་ནས་གཤམ་འཁོད་ཀྱི་གྲས་བྱས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དུས་བཀག་ནང་ཚུན་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མི་གཞན་དག་ལ་ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། གཏན་འབུད་བཅས་ཀྱི་ཆད་པ་གཅོད་རྒྱུ་མ་ཟད། འབྲེལ་ཡོད་འགན་འཁྲི་འཁུར་མིའི་ལས་གཉེར་ལག་ཁྱེར་ཡང་ཁྲིམས་ལྟར་ཕྱིར་བསྡུ་བྱས་ཆོག བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།
          (གཅིག) རིམས་ནད་ལྟ་སྐུལ་ཚད་ལེན་གྱི་འགན་འཁྲི་ཁྲིམས་ལྟར་མ་འཁུར་བ་དང་།
          (གཉིས།) རིམས་ནད་བྱུང་ཚུལ་སྙན་སེང་ཞུ་བ་དང་། བརྡ་ཁྱབ་གཏོང་བའི་འགན་འཁྲི་ཁྲིམས་ལྟར་མ་འཁུར་བའམ་ཡང་ན་རིམས་ནད་བྱུང་ཚུལ་སྦ་གསང་དང་། རྫུན་ཞུ། འགྱངས་ཞུ་བྱས་རིགས།
          (གསུམ།) རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རང་འགུལ་གྱིས་བསྡུ་རུབ་མ་བྱས་པའམ་ཡང་ན་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་དང་རིམས་ནད་བྱུང་ཚུལ་གྱི་སྙན་ཞུར་དུས་ཐོག་ཏུ་དབྱེ་ཞིབ་དང་། བརྟག་དཔྱད། ཞིབ་བསྡུར་བཅས་བྱས་མེད་རིགས།
          (བཞི།) རིམས་ནད་བྱུང་བ་ཤེས་སྐབས་འགན་འཁྲིར་གཞིགས་ནས་བཅའ་ཁྲིམས་འདིར་གསལ་གཏན་འབེབས་ཀྱི་བྱེད་ཐབས་དུས་ཐོག་ཏུ་སྤྱད་མེད་རིགས།
          (ལྔ།) རིམས་ནད་ཕོག་མཁན་དང་། རིམས་ནད་ཀྱི་དུག་གཞི་ཁྱེར་ཡོད་མཁན། རིམས་ནད་ཡིན་པར་དོགས་པའི་ནད་པ། དེ་དག་དང་རེག་ཐུག་གཤིབ་འདྲིས་ཆེ་བའི་མི་བཅས་ཀྱི་སྒེར་གྱི་གསང་བ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དང་དཔྱད་ཡིག་རྐང་བཙུགས་ནས་ཕྱིར་གྱར་རིགས་བཅས་ཡིན།
          དོན་ཚན་རེ་དགུ་པ། སྨན་བཅོས་སྒྲིག་གཞིས་བཅའ་ཁྲིམས་འདིར་གསལ་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་གཤམ་འཁོད་གྲས་བྱས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། ཐ་ཚིག་སྒྲོག་རྒྱུ། རིམས་ནད་ལངས་པ་དང་མཆེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་ཡོད་ན། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མིར་ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། གཏན་འབུད་བཅས་ཀྱི་ཆད་པ་གཅོད་རྒྱུ་མ་ཟད། འབྲེལ་ཡོད་འགན་འཁྲི་འཁུར་མིའི་ལས་གཉེར་ལག་ཁྱེར་ཁྲིམས་ལྟར་ཕྱིར་འཐེན་བྱས་ཆོག བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།
          (གཅིག) གཏན་འབེབས་ལྟར་རང་སྡེ་ཚན་གྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན་བྱེད་པའི་ལས་ཀ་དང་། སྨན་ཁང་ནས་འགོས་ཚུལ་ཚོད་འཛིན་པའི་ལས་འགན། འགན་འཁུར་ས་ཁོངས་ནང་གི་རིམས་ནད་སྔོན་འགོག་ལས་ཀ་བཅས་ཀྱི་འགན་འཁུར་དགོས་ཀྱང་མ་འཁུར་བའི་རིགས་དང་།
          (གཉིས།) གཏན་འབེབས་ལྟར་རིམས་ནད་བྱུང་ཚུལ་སྙན་སེང་ཞུ་དགོས་པ་མ་ཞུས་པའམ་ཡང་ན་རིམས་ནད་བྱུང་ཚུལ་སྦ་གསང་དང་། རྫུན་ཞུ། འགྱངས་ཞུ་བྱས་རིགས།
          (གསུམ།) རིམས་ནད་བྱུང་ཚུལ་ཤེས་དུས། རིམས་ནད་ཕོག་མཁན་དང་། རིམས་ནད་ཡིན་པར་དོགས་པའི་ནད་པར་གཏན་འབེབས་ལྟར་སྨན་བཅོས་སྲོག་སྐྱོབ་དང་། རིམས་ནད་བྱུང་སར་སྐྱོབ་རོགས། ནད་བརྟག ཁག་བགོས་ནད་བརྟག་བཅས་བྱས་མེད་པའམ་ཡང་ན་ཁག་བགོས་ནད་བརྟག་བྱ་རྒྱུ་དང་ལེན་མི་ཞུ་བའི་རིགས།
          (བཞི།) རང་ངོས་སྡེ་ཚན་ནང་གི་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའི་གནས་དང་ཅ་དངོས་དེ་བཞིན་སྨན་བཅོས་སྙིགས་རོ་བཅས་ལ་གཏན་འབེབས་ལྟར་དུག་སེལ་ལམ་ཡང་ན་གནོད་མེད་གཙང་སེལ་བཟོ་དགོས་པ་མ་བཟོས་པའི་རིགས།
          (ལྔ།) སྨན་བཅོས་ཡོ་བྱད་ལ་གཏན་འབེབས་ལྟར་དུག་སེལ་བྱེད་དགོས་ཀྱང་མ་བྱས་པའམ་ཡང་ན་གཏན་འབེབས་ལྟར་སྤྱོད་ཐེངས་གཅིག་གི་སྨན་བཅོས་ཡོ་བྱད་དག་མེད་པར་མ་བཟོས་པར་བསྐྱར་སྤྱོད་བྱེད་རིགས།
          (དྲུག) སྨན་བཅོས་སྐྱོབ་རོགས་བྱེད་རིམ་ཁྲོད་དུ་གཏན་འབེབས་ལྟར་གསོ་རིག་གི་ཐོ་འགོད་དཔྱད་གཞི་ཉར་ཚགས་བྱེད་དགོས་པ་བྱས་མེད་རིགས།
          (བདུན།) རིམས་ནད་ཕོག་མཁན་དང་། ནད་སློང་དུག་གཞི་འཁྱེར་ཡོད་མཁན། རིམས་ནད་ཡིན་པར་དོགས་པའི་ནད་པ། ས་ནད་ཕོག་མཁན་དང་། དེ་དག་དང་གཤིབ་འདྲིས་ཐུག་རེག་ཆེ་བའི་མི་སྣ་བཅས་པའི་མི་སྒེར་གྱི་གསང་བ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དང་དཔྱད་ཡིག་རྐང་བཙུགས་ནས་ཕྱིར་གྱར་རིགས་བཅས་ཡིན།
          དོན་ཚན་བདུན་ཅུ་པ། ཟུངས་ཁྲག་འཐེན་སྤྲོད་སྒྲིག་གཞིས་རིམས་ནད་བྱུང་ཚུལ་གཏན་འབེབས་བཞིན་སྙན་སེང་མ་ཞུས་པའམ་ཡང་ན་རིམས་ནད་བྱུང་ཚུལ་སྦ་གསང་དང་། རྫུན་ཞུ། འགྱངས་ཞུ་བྱས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་མ་བསྟར་བར་ཟུངས་ཁྲག་བླུགས་པའི་དབང་གིས་ཟུངས་ཁྲག་བརྒྱུད་ནས་རིམས་ནད་འགོས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་། ཐ་ཚིག་སྒྲོག་རྒྱུ། རིམས་ནད་ལངས་པ་དང་མཆེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་ན། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མི་གཞན་དག་ལ་ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། གཏན་འབུད་བཅས་ཀྱི་ཆད་པ་གཅོད་རྒྱུ་མ་ཟད། ཟུངས་ཁྲག་འཐེན་སྤྲོད་སྒྲིག་གཞིའི་ལས་གཉེར་ཆོག་འཐུས་ལག་ཁྱེར་ཁྲིམས་ལྟར་ཕྱིར་འཐེན་བྱས་ཆོག བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
          ཁྲིམས་འགལ་གྱིས་ཟུངས་ཁྲག་འཐེན་པའམ་ཡང་ན་མི་གཞན་སྒྲིག་འཛུགས་བྱས་ནས་ཟུངས་ཁྲག་བཙོངས་པ་ཡིན་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཕྱིར་འཐེན་བྱ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་སྒོར་ཆིག་འབུམ་མན་གྱི་དངུལ་ཆད་བཅད་ཆོག བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
          དོན་ཚན་དོན་གཅིག་པ། རྒྱལ་མཚམས་འཕྲོད་བསྟེན་རིམས་ནད་བརྟག་དཔྱད་ལས་ཁུངས་དང་། སྲོག་ཆགས་རིམས་ནད་སྔོན་འགོག་སྒྲིག་གཞིས་རིམས་ནད་བྱུང་ཚུལ་བརྡ་ཁྱབ་གཏོང་འགན་འཁུར་དགོས་པ་མ་འཁུར་བ་ཡིན་ན། འབྲེལ་ཡོད་སྡེ་ཁག་གི་རང་གི་འགན་འཁྲི་འཁུར་ཁོངས་ནང་དུ་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། རིམས་ནད་ལངས་པ་དང་། མཆེད་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་ཡོད་ན། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མིར་ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། གཏན་འབུད་བཅས་ཀྱི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
          དོན་ཚན་དོན་གཉིས་པ། ལྕགས་ལམ་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ་གཉེར་སྐྱོང་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལ་གཞིགས་ནས་རིམས་ནད་སྨན་བཅོས་བྱེད་མཁན་དང་དེ་བཞིན་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་སྔོན་ལ་དབོར་འདྲེན་བྱེད་དགོས་པ་བྱས་མེད་རིགས་ལ་འབྲེལ་ཡོད་སྡེ་ཁག་གིས་དུས་བཀག་ནང་ཚུན་དུ་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མིར་ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། གཏན་འབུད་བཅས་ཀྱི་ཆད་པ་གཅོད་རྒྱུ།
          དོན་ཚན་དོན་གསུམ་པ། བཅའ་ཁྲིམས་འདིར་གསལ་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཤམ་འཁོད་གྲས་ཡོད་པའི་དབང་གིས་རིམས་ནད་ལངས་པ་དང་། མཆེད་ཉེན་ཡོད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དུས་བཀག་ནང་ཚུན་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཆབས་སྦྲགས་སུ་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་བཅད་ཆོག ཆོག་འཐུས་ལག་ཁྱེར་ཐོབ་པ་ཡིན་ན། ལག་ཁྱེར་སྤྲོད་མཁན་སྡེ་ཚན་དེ་གས་ཆོག་འཐུས་ལག་ཁྱེར་ཁྲིམས་ལྟར་གནས་སྐབས་ཕྱིར་བསྡུའམ་ཡང་ན་ཕྱིར་འཐེན་བྱས་ཆོག བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།
          (གཅིག) འཐུང་ཆུ་མཁོ་འདོན་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་འཐུང་ཆུ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཚད་གཞི་དང་འཕྲོད་བསྟེན་ཚད་བཀག་དང་མི་མཐུན་པའི་རིགས་དང་།
          (གཉིས།) འཐུང་ཆུའི་འཕྲོད་བསྟེན་ཉེན་མེད་དང་འབྲེལ་བ་ཡོད་པའི་ཐོན་རྫས་དེ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཚད་གཞི་དང་འཕྲོད་བསྟེན་ཚད་བཀག་དང་མི་མཐུན་པའི་རིགས།
          (གསུམ།) རིམས་ནད་འགོག་སེལ་ལ་སྤྱོད་པའི་དུག་སེལ་ཐོན་རྫས་དེ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཚད་གཞི་དང་འཕྲོད་བསྟེན་ཚད་བཀག་དང་མི་མཐུན་པའི་རིགས།
          (བཞི།) རིམས་ནད་བྱུང་ཁུལ་དུ་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའམ་ཡང་ན་རིམས་ནད་ཀྱི་ནད་སློང་དུག་གཞིས་སྦགས་ཤས་ཆེ་བའི་དངོས་རྫས་ཕྱིར་འཚོང་དང་། དབོར་འདྲེན་བྱེད་སྐབས་དུག་སེལ་བྱས་མེད་པའི་རིགས།
          (ལྔ།) སྐྱེ་དངོས་བཟོས་རྫས་ཐོན་སྐྱེད་སྡེ་ཚན་གྱིས་ཐོན་སྐྱེད་བྱས་པའི་ཟུངས་ཁྲག་ཐོན་རྫས་དག་རྒྱལ་ཁབ་ཀྱི་སྤུས་ཀའི་ཚད་གཞི་དང་མི་མཐུན་པའི་རིགས་བཅས་ཡིན།
          དོན་ཚན་དོན་བཞི་པ། བཅའ་ཁྲིམས་འདིར་གསལ་གཏན་འབེབས་དང་འགལ་ནས་གཤམ་འཁོད་བྱ་སྤྱོད་གྲས་ཡོད་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། ཆོག་འཐུས་ལག་ཁྱེར་ཐོབ་རིགས་ལ། ཁྲིམས་ལྟར་ཆོག་འཐུས་ལག་ཁྱེར་གནས་སྐབས་ཕྱིར་བསྡུའམ་ཡང་ན་ཕྱིར་འཐེན་བྱས་ཆོག རིམས་ནད་ལངས་པ་དང་མཆེད་པ་དང་དེ་བཞིན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་རིགས་ལ། འགན་འཁྲི་ཡོད་པའི་གཙོ་འགན་འཁུར་མི་དང་འགན་འཁྲི་ཐད་ཀར་འཁུར་མིར་ཁྲིམས་ལྟར་རིམ་འབེབས་དང་། གནས་དབྱུང་། གཏན་ཕུད་བཅས་ཀྱི་ཆད་པ་གཅོད་རྒྱུ་དང་སྦྲགས་འབྲེལ་ཡོད་འགན་འཁུར་མི་སྣའི་ལས་གཉེར་ཆོག་འཐུས་ལག་ཁྱེར་ཁྲིམས་ལྟར་ཕྱིར་བསྡུ་བྱས་ཆོག བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།
          (གཅིག) རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། སྨན་བཅོས་སྒྲིག་གཞི། ནད་སློང་འབུ་ཕྲའི་ཚོད་ལྟ་བྱེད་པའི་སྡེ་ཚན་བཅས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ཆ་རྐྱེན་དང་ལག་རྩལ་གྱི་ཚད་གཞི་དང་མི་མཐུན་པར་རིམས་ནད་ཀྱི་ནད་སློང་འབུ་ཕྲའི་མ་དཔེར་གཏན་འབེབས་བཞིན་དོ་དམ་ནན་པོ་མ་བྱས་པའི་དབང་གིས་ཚོད་ལྟ་ཁང་ནས་འགོས་པ་དང་ནད་སློང་འབུ་ཕྲ་མཆེད་ཁྱབ་བྱུང་རིགས་དང་།
          (གཉིས།) རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རིམས་ནད་ཀྱི་འབུ་ཕྲའི་རིགས་དང་། དུག་གཞི། རིམས་ནད་ཞིབ་དཔྱད་མ་དཔེ་བཅས་བསྡུ་བ་དང་། ཉར་ཚགས། ཁྱེར་བ། དབོར་བ། སྤྱོད་པ་བཅས་དང་།
          (གསུམ།) རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་། སྨན་བཅོས་སྒྲིག་གཞིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་མ་བསྟར་བར་ཟུངས་ཁྲག་བླུགས་པ་དང་། ཟུངས་ཁྲག་ཐོན་རྫས་སྤྱད་པའི་དབང་གིས་ཟུངས་ཁྲག་བརྒྱུད་ནས་རིམས་ནད་འགོས་ཚུལ་བྱུང་རིགས་བཅས་ཡིན།
          དོན་ཚན་དོན་ལྔ་པ། མི་ཕྱུགས་མཉམ་ཕོག་རིམས་ནད་དང་འབྲེལ་བ་ཡོད་པའི་བདག་མེད་སྲོག་ཆགས་དང་། སྒོ་ཕྱུགས་ཁྱིམ་བྱའི་རིགས་ལ་རིམས་ནད་བརྟག་དཔྱད་མ་བྱས་པར་ཕྱིར་འཚོང་དང་། དབོར་འདྲེན་བྱས་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲོག་ལས་ཕྱུགས་རིགས་སྨན་པའི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་རྒྱུ་དང་སྦྲགས་ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ།
          དོན་ཚན་དོན་དྲུག་པ། རྒྱལ་ཁབ་ཀྱིས་ངེས་གཏན་འཁེལ་བའི་རང་བྱུང་གི་རིམས་ནད་བྱུང་སར་ཆུ་བེད་དང་། འགྲིམ་འགྲུལ། ཡུལ་སྐོར། ནུས་ཁུངས་ལ་སོགས་པའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་སྐྲུན་པ་དང་། འཕྲོད་བསྟེན་བརྟག་དཔྱད་མ་བྱས་པར་ལས་འགོ་བཙུགས་པའམ་ཡང་ན་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་དགོངས་འཆར་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་ངེས་མ་སྤྱད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་དུས་བཀག་ནང་ཚུན་དུ་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་དང་། སྒོར་ལྔ་སྟོང་ཡན་ནས་སུམ་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ། དུས་བཀག་འཐིམས་ཀྱང་ཡོ་བསྲང་མ་བྱས་ན། སྒོར་སུམ་ཁྲི་ཡན་ནས་ཆིག་འབུམ་མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་དབང་མཚམས་ལ་གཞིགས་ནས་ཨར་ལས་བྱེད་མཚམས་འཇོག་པ་དང་སྒོ་རྒྱག་པའི་བཀའ་འབེབས་རེ་ཞུས་ཆོག
          དོན་ཚན་དོན་བདུན་པ། སྡེ་ཚན་དང་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་དབང་གིས་རིམས་ནད་ལངས་པ་དང་མཆེད་དེ་སྐྱེ་བོ་གཞན་གྱི་གཟུགས་གཞི་དང་། རྒྱུ་ནོར་ལ་གྱོང་གུན་བཟོས་ན། ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་འཁུར་དགོས། 
ལེའུ་དགུ་པ། ཞར་བྱུང་དོན་ཚན།
          དོན་ཚན་དོན་བརྒྱད་པ། བཅའ་ཁྲིམས་འདིའི་ནང་གི་གཤམ་གསལ་མིང་ཚིག་གི་གོ་དོན་ནི།
          (གཅིག) རིམས་ནད་ཕོག་མཁན་དང་། རིམས་ནད་ཡིན་པར་དོགས་པའི་ནད་པ་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་《རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་དོ་དམ་བྱེད་དགོས་པར་གཏན་འབེབས་བྱས་པའི་རིམས་ནད་ཀྱི་ནད་བརྟག་ཚད་གཞི་》ལ་གཞིགས་ནས། རིམས་ནད་ཕོག་མཁན་དང་རིམས་ནད་ཡིན་པར་དོགས་པའི་ནད་པའི་ནད་བརྟག་ཚད་གཞི་དང་མཐུན་པའི་སྐྱེ་བོར་ཟེར།
          (གཉིས།) རིམས་ནད་ཀྱི་དུག་གཞི་ཁྱེར་ཡོད་མཁན་ཞེས་པ་ནི་རིམས་ནད་ཀྱི་དུག་གཞི་འགོས་ཡོད་པའི་ནད་རྟགས་མངོན་ཚུལ་གང་ཡང་མེད་ཀྱང་རིམས་ནད་ཀྱི་དུག་གཞི་ཡོད་པའི་སྐྱེ་བོར་ཟེར།
          (གསུམ།) ནད་ཡམས་རིག་པའི་བརྟག་དཔྱད་ཅེས་པ་ནི་མི་ཚོགས་ཀྱི་ཁྲོད་དུ་ནད་གཞིའམ་ཡང་ན་གཟུགས་གཞི་བདེ་ཐང་གནས་སྟངས་དང་དེའི་གནད་འགག་གི་རྒྱུ་རྐྱེན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་གཟུགས་པོ་སྐྱོང་ཐབས་འདོན་པ་ལ་ཟེར།
          (བཞི།) རིམས་ནད་བྱུང་ས་ཞེས་པ་ནི་རིམས་ནད་ཀྱི་དུག་གཞི་དེ་འགོས་ནད་འབྱུང་ཁུངས་ནས་མཐའ་འཁོར་དུ་མཆེད་པའི་མཆེད་ཁོངས་ཅུང་ཆུང་བའམ་ཡང་ན་འགོས་ནད་བྱུང་ས་རྐྱང་པ་ལ་ཟེར།
          (ལྔ།) རིམས་ནད་བྱུང་ཁུལ་ཞེས་པ་ནི་མི་ཚོགས་ཀྱི་ཁྲོད་དུ་རིམས་ནད་ལངས་པ་དང་། མཆེད་པ་དང་། དེའི་ནད་སློང་དུག་གཞི་དེ་མཐའ་འཁོར་དུ་མཆེད་སྐབས་གནོད་འཚེ་ཐེབས་པའི་ས་ཁུལ་ལ་ཟེར།
          (དྲུག) མི་ཕྱུགས་མཉམ་ཕོག་གི་རིམས་ནད་ཅེས་པ་ནི་མི་དང་སྒལ་ཚིགས་སྲོག་ཆགས་གཉིས་ཀར་མཉམ་དུ་ཕོག་པའི་རིམས་ནད་ལ་ཟེར་བ་སྟེ་དཔེར་ན་བྱི་རིམས་དང་། ཁྱི་སྨྱོན་ནད། ཁྲག་འཇིབས་འབུ་ཕྲའི་ནད་སོགས་པ་ཡིན།
          (བདུན།) རང་བྱུང་གི་རིམས་ནད་འབྱུང་གནས་ཞེས་པ་ནི་མིའི་རིགས་ཀྱི་རིམས་ནད་སློང་བའི་ནད་སློང་དུག་གཞི་ཁག་ཅིག་རང་བྱུང་ཁམས་ཀྱི་བདག་མེད་སྲོག་ཆགས་ཁྲོད་དུ་དུས་ཡུན་རིང་པོར་གནས་པ་དང་འཁོར་རྒྱུག་བྱེད་པའི་ས་ཁུལ་ལ་ཟེར།
          (བརྒྱད།) ནད་སྦྱོར་སྐྱེ་དངོས་ཞེས་པ་ནི་ནད་སློང་དུག་གཞི་དེ་མིའམ་ཡང་ན་སྲོག་ཆགས་གཞན་དག་གི་ཐོག་ནས་མི་ལ་མཆེད་ནུས་པའི་སྲོག་ཆགས་ལ་ཟེར། དཔེར་ན་དུག་སྦྲང་དང་། སྦྲང་བུ། ལྗི་བ་སོགས་པ་ཡིན།
          (དགུ།) སྨན་བཅོས་ནད་འགོས་ཞེས་པ་ནི་གསོ་རིག་ཀྱི་ཞབས་ཞུ་སྤེལ་བའི་ཁྲོད་དུ་རིམས་ནད་ཀྱི་དུག་གཞི་མཆེད་པའི་དབང་གིས་འགོས་པ་ལ་ཟེར།
          (བཅུ།) སྨན་ཁང་ནས་འགོས་པ་ཞེས་པ་ནི་སྨན་ཁང་ནང་ཉར་བའི་ནད་པར་སྨན་ཁང་ནང་ནས་ནད་གཞི་འགོས་པ་ལ་ཟེར་བ་སྟེ་སྨན་ཁང་ནང་ཉར་རིང་དུ་འགོས་ནད་འགོས་པ་དང་སྨན་ཁང་ནས་ཕྱིར་བསློགས་རྗེས་ནད་རྟགས་ཐོན་པའི་འགོས་ནད་ཀྱང་ཚུད་ཡོད། འོན་ཀྱང་སྨན་ཁང་དུ་མ་ཉར་གོང་ནས་འགོས་འགོ་ཚུགས་པའམ་ཡང་ན་སྨན་ཁང་དུ་ཞུགས་དུས་ནད་རྟགས་མི་མངོན་པའི་ནད་པ་ཡིན་པ་ཚུད་མེད། སྨན་ཁང་གི་ལས་བྱེད་མི་སྣར་སྨན་ཁང་ནང་ནས་འགོས་པའང་སྨན་ཁང་ནས་འགོས་པའི་ཁོངས་སུ་གཏོགས་པ་ཡིན།
          (བཅུ་གཅིག) ཚོད་ལྟ་ཁང་ནས་འགོས་པ་ཞེས་པ་ནི་ཚོད་ལྟ་ཁང་དུ་ལས་ཀ་བྱེད་དུས་རིམས་ནད་ཀྱི་དུག་གཞིར་རེག་ཐུག་བྱས་པ་ལས་འགོས་པའི་རིགས་ལ་ཟེར།
          (བཅུ་གཉིས།) འབུ་ཕྲའི་རིགས་དང་དུག་གཞི་ཞེས་པ་ནི་བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་རིམས་ནད་སློང་ཉེན་ཆེ་བའི་འབུ་ཕྲའི་རིགས་དང་རིམས་ནད་ཀྱི་དུག་གཞིའི་རིགས་ལ་ཟེར།
          (བཅུ་གསུམ།) དུག་སེལ་ཞེས་པ་ནི་རྫས་འགྱུར་དང་། དངོས་ལུགས། སྐྱེ་དངོས་བཅས་ཀྱི་བྱ་ཐབས་སྤྱད་ནས་ཁོར་ཡུག་ཁྲོད་ཀྱི་དུག་གཞི་ཡོད་པའི་ནད་འབུ་ཕྲ་རབ་བསད་པའམ་མེད་པར་བཟོས་པ་ལ་ཟེར།
          (བཅུ་བཞི།) རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་ཞེས་པ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྒོ་སྤེལ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་དེ་བཞིན་གོང་སྨོས་སྒྲིག་གཞི་དང་ལས་སྒོ་གཅིག་མཚུངས་ཡིན་པའི་སྡེ་ཚན་ལ་ཟེར།
          (བཅོ་ལྔ།) སྨན་བཅོས་སྒྲིག་གཞི་ཞེས་པ་ནི་《སྨན་བཅོས་སྒྲིག་གཞི་ལ་དོ་དམ་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག་》གཞིར་བཟུང་ནས་སྨན་བཅོས་སྒྲིག་གཞིའི་ལས་གཉེར་ཆོག་འཐུས་ལག་ཁྱེར་ཐོབ་པ་དང་། ནད་བརྟག་དང་ནད་བཅོས་བྱེད་སྒོ་སྤེལ་བའི་སྒྲིག་གཞི་ལ་ཟེར།
          དོན་ཚན་དོན་དགུ་པ། རིམས་ནད་འགོག་སེལ་བྱེད་པའི་ཁྲོད་དུ་བཟའ་བཅའ་དང་། སྨན་རྫས། ཟུངས་ཁྲག ཆུ། སྨན་བཅོས་སྙིགས་རོ། དུག་གཞིའི་ནད་འབུ་ཕྲ་རབ་བཅས་ཀྱི་དོ་དམ་དང་དེ་བཞིན་སྲོག་ཆགས་ཀྱི་རིམས་འགོག་དང་རྒྱལ་ཁབ་ཀྱི་མཐའ་མཚམས་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བཅས་ཀྱི་སྐོར་བཅའ་ཁྲིམས་འདིར་གཏན་འབེབས་བྱས་མེད་རིགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞན་དག་སོ་སོར་སྤྱད་འཐུས།
          དོན་ཚན་བརྒྱད་ཅུ་པ། བཅའ་ཁྲིམས་འདི་2004ལོའི་ཟླ་12ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།