དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་། ། སྤྲུལ་རྫུན་སྐེ་ལ་བབས་སོང་། །

སྤེལ་དུས 2021-02-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ལུའི་ཅིང་ཕིན་གྱིས་ཉེན་རྟོག་པས་བསྟན་པའི་འདྲ་པར་ལ་བལྟས་མ་ཐག་ཏུ་ཕ་ཡུལ་གཅིག་པའི་ཡུལ་མི་དབྱང་ཧུང་ཁྲེན་ངོས་ཟིན་བྱུང་།
          “1991ལོར་ངེད་གཉིས་གྲོང་ཁྱེར་ཏ་ལེན་ལ་མཉམ་དུ་གླ་རྒྱག་པར་འགྲོ་མྱོང་། ཕྱིས་སུ2000ལོ་ཡས་མས་ལ་ངས་ཁོ་མཐོང་དུས་སུ་ཁོའི་མིང་ལ‘བཀྲ་ཤིས་སངས་རྒྱས’ཟེར་ཞིང་གཟན་ཤམ་ཞིག་ཀྱང་གྱོན་འདུག”
          མི་རིགས་ཀྱི་ཐོབ་ཐང་རྫུན་མ་དང་།  ཆོས་ལུགས་ཀྱི་ཐོབ་ཐང་རྫུན་མ། ཆོས་ལུགས་ཀྱི་བྱེད་སྒོ་རྫུན་མ་བཅས་ཉེས་རྫུན་གསུམ་ལྡན་གྱི“སྤྲུལ་སྐུ”འདིས་རྒྱུ་ནོར་གཡོ་ལེན་དང་ལོག་གཡེམ། ཁྲིམས་འགལ་གྱིས་ནད་བཅོས་པ་བཅས་ལ་བརྟེན་ནས། བག་མེད་རྒྱས་སྤྲོས་དང་འཆལ་སྤྱོད་ཚུལ་མིན་གྱིས་འཚོ་བ་སྐྱེལ་བཞིན་གདའ།
          དམ་ཆོས་མི་འདོད་རྒྱུ་ནོར་འདོད། 
          2016ལོའི་ཟླ6པར“བླ་མ”འདིས་ཀྲེང་དབྱི(རྫུས་མིང)ཡི་བཟའ་ཚང་ལ་གཏོར་བརླག་བྱས་པས། ཀྲེང་དབྱི་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཧྲེན་ཀྲེན་གྲོང་ཁྱེར་ཧྥུ་ཐེན་ཆུས་མི་རིགས་ཆོས་ལུགས་ལས་དོན་ཅུས་སུ་སོང་ནས“བླ་མ་བཀྲ་ཤིས་སངས་རྒྱས”ཀྱི་ནག་ཉེས་ཐེར་འདོན་བྱས།
          སྔོན་ཆད་ཀྲེང་དབྱི་ཡིས“བླ་མ”འདི་ནི“སྐྱེས་བུ་དམ་པ”ཞིག་ཡིན་པར་འདོད་ཀྱང་། ལས་དོན་མི་སྣས་ཆ་འཕྲིན་ལ་ཞིབ་བཤེར་བྱས་རྗེས་སུ“མི་འདི་འདྲ་ཞིག་མི་འདུག”ཅེས་གསལ་པོར་བཤད།

དབྱང་ཧུང་ཁྲེན་གྱིས“ཆོས་ལུགས་ཀྱི་བྱེད་སྒོ”སྤེལ་བཞིན་པ།
          ཀྲེང་དབྱི་སྔོན་ཆད་ཁོར་དོགས་པ་སྐྱེས་མྱོང་ཡང་གནས་ཚུལ་འདི་འདྲ་ཞིག་ཡིན་པ་བློ་ཡུལ་ལས་འདས་པ་ཞིག་རེད། ཁོས“དྲང་མོར་བཤད་ན། ངའི་སེམས་ལ་ཐེ་ཚོམ་སྐྱེ་བཞིན་ཁོ་རང‘སྤྲུལ་སྐུ’ཞིག་དང་འདྲ་ཡི་མི་འདུག་སྙམ་བྱུང”ཞེས་བཤད། ཁོས“བླ་མ”ཡིས་དུས་རྒྱུན་དུ་དངུལ་ལེན་པ་དང་།  ཐ་མག་འཐེན་པ་དང་།ཏག་སེ་རྩེ་བ་དང་། རོལ་རྩེད་རྩེ་བ་དང་། Kགླུ་ལེན་པ་སོགས་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་བུད་མེད་སློབ་མ་དང་མཉམ་དུKTVལ་འགྲོ་རྒྱུར་དགའ་བ་སོགས་ལ་ཕྱིར་དྲན་བྱས་རྗེས། ད་གཟོད་རང་ཉིད་ལ་མགོ་སྐོར་ཐེབས་པ་ཚོར་ཏེ་འཕྲལ་མར་ཧྲེན་ཀྲེན་གྲོང་ཁྱེར་སྤྱི་བདེ་ཅུས་ཧྥུ་ཐེན་ཡན་ལག་ཅུས་སུ་ཞུ་གཏུག་བྱེད་དུ་སོང་།
          ཀྲེང་དབྱི་ཡིས“རང་ཉིད་ཀན་སུའུ་བླ་བྲང་དགོན་པའི་གྲྭ་པ‘བཀྲ་ཤིས་སངས་རྒྱས’ཡིན་ཟེར་བའི་སྐྱེས་པ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་ཡིན་ཁུལ་གྱིས་མགོ་སྐོར་གཏོང་བཞིན་འདུག”ཅེས་ཉེན་རྟོག་པར་སྙན་ཞུ་བྱས་ཤིང་། ཉིན་དེར་ཆ་འཕྲིན་དེ་མགྱོགས་མྱུར་སྒོས་གོང་རིམ་དུ་སྙན་སེང་ཞུས།
          ཀྲེང་དབྱི་ཡིས་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་གྱོད་དོན་བསྒྲུབ་ཆེད་དུ་ཟླ་འགའི་རྗེས་སུ་ཡང་བསྐྱར་ཧྥུ་ཐེན་ཡན་ལག་ཅུས་སུ་སླེབས་ཤིང་། ཉིན་དེར་ཁོའི་དོགས་པ་ཡོད་ཚད་རྩ་བ་ནས་སེལ།
          “བཀྲ་ཤིས་སངས་རྒྱས”ཟེར་བ་འདི་ཡང་སྙིང་དབྱང་ཧུང་ཁྲེན་ཡིན་ཏེ། མི་རིགས་རྒྱ་རིགས་ཡིན་པ་དང་། 1971ལོའི་ཟླ4པར་སྐྱེས། མི་རིགས་ཀྱི་ཐོབ་ཐང་རྫུན་བཟོ་དང་། ཆོས་ལུགས་ཀྱི་ཐོབ་ཐང་རྫུན་བཟོ་དང་། ཆོས་ལུགས་ཀྱི་བྱེད་སྒོ་རྫུན་བཟོ་བཅས་བྱས་པའི“སྤྲུལ་སྐུ”རྫུན་མ་འདིས་ལོ་མང་པོའི་རིང་ལ་ཀོང་ཏུང་དང་།ལེའོ་ཉིང་ །ཧོ་པེ། ཅང་སུའུ། སི་ཁྲོན་སོགས་སུ་མི་རྣམས་ལ་མགོ་སྐོར་བཏང་། སྤྱི་བདེ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། དབྱང་ཧུང་ཁྲེན་ལ་དངུལ་ཁང་གི་ཐོ་ཁུངས11ཡོད་པར་ཁྱོན་བསྡོམས་སྒོར་ཁྲི2638ལས་བརྒལ་བ་དང་། དེའི་ནང་དུ་སྒོར་ཁྲི1278ནི་དད་ལྡན་པ32དང་དེ་འབྲེལ་གྱི་མིའི་དངུལ་ཁོངས་ནས་རྩིས་སྒྱུར་བྱས་པ་གསལ་ཐག་ཆོད།
          “བླ་མ”འདིས་ནམ་རྒྱུན་ཁ་ནས“ཆོས་ནི་སྟོང་པར་མ་ཆད་པ”ཞེས་ཟེར་བཞིན། སློབ་མ་ཚང་མས“མཆོད་འབུལ”དང་།“རིམ་གྲོ”དང་། “ནད་བཅོས”དང་།“བུ་སློང་བ”སོགས་ལ་མཆོད་ཡོན་སྣ་ཚོགས་པ་ཞིག་འབུལ་དགོས།
ཁོས་ཐ་ན་དེ་དག་ལ“རིན་གོང་རེའུ་མིག”ཅིག་ཀྱང་བཟོས་འདུག་སྟེ། བླ་མར་བསྟེན་ན་སྒོར་ཁྲི5དང་། གཟུངས་ཤོག་ཅིག་བྲིས་ན་སྒོར་ཁྲི་དུ་མ། ལོ་གསར་དང་དུས་ཆེན་གྱི་སྐབས་སུ་གསོལ་རྟེན་འབུལ་བ། རིམ་གྲོ་ཐེངས་གཅིག་སྒྲུབ་ན་སྒོར་ཁྲི10ནས་ཁྲི50བར་དགོས། ཐ་ན་ཁ་པར་ལ“བཀྲ་ཤིས་པའི་ཨང་གྲངས”ཤིག་འོས་སྦྱོར་བྱས་ནའང་སྒོར18000ལེན་པ་རེད།
          ཐེངས་ཤིག་ལ་བཟའ་ཟླ་གཉིས་ཀྱིས་བུ་ཕྲུག་ཁྲིད་དེ་སྐྱབས་འགྲོ་ཞུ་བའི་སྐབས་སུ་འབུལ་བ་ཉུང་དྲགས་པས“བླ་མ”ཡིས་ཅི་མི་སྙམ་པར་ཁོ་གཉིས་ཀྱི་བུ་ཕྲུག་དེ་སྐྱེ་བ་རྗེས་མར་ཁྱིམ་གཞན་དུ་སྐྱེ་བའི་དམོད་བོར་བར་བཟའ་ཚོ་གཉིས་ཀ་སྐྲག་ཐག་ཆོད་ནས་ལམ་སེང་སྒོར་ཁྲི5ཡི་འབུལ་བ་ཕུལ་བ་རེད།
དབྱང་ཧུང་ཁྲེན་རྒྱུ་ནོར་ལ་ཧམ་པ་ཤིན་ཏུ་ཆེ་བ་དེས“དད་ལྡན་པ”ཚོར་གནོན་ཤུགས་ཆེན་པོ་སྤྲད། ཀྲང་ཝེ(རྫུས་མིང)ནི་སྔོན་ཆད་སྐད་གྲགས་ཆེ་བའི་ཀུང་སི་ཞིག་གི་མཐོ་རིམ་དོ་དམ་པ་ཡིན། ཁྱིམ་ཚང་ཕྱུག་པོར་ཆགས་པ་དང་ཁྱིམ་མི་ཚང་མ“ཆོས་ལ་ཞུགས”སུ་བཅུག་རྗེས།ལོ་དེ་དག་རིང“བླ་མ”ཡི་མདུན་ནས་ལྷ་སྐུ་ཉོས་པ་ཁོ་ན་ལའང་སྒོར་ཁྲི300ལྷག་བཏང་།“བླ་མ”ལ་དད་པ་ཆེ་བས་ཁོས་ལྷ་སྐུ་དེ་དག་གི་ཁྲོམ་རའི་རིན་གོང་རྩད་གཅོད་བྱེད་མ་ཕོད། ལོ་གསར་དང་། དུས་ཆེན་དང་།རིམ་གྲོ་དང་།སྐྱེས་སྐར་བཅས་ཀྱི་སྐབས་སུའང་དངུལ་སྤྲོད་རྐྱང་བྱེད་པ་ལས་སྐད་ཆ་གཞན་ཅི་ཡང་བཤད་མི་ཕོད། རྒྱུ་མཚན་ནི“བླ་མ”ཐུགས་མ་དགྱེས་ཚེ་ངན་སྔགས་གཏོང་བར་སྐྲག་པ་ཡིན།
          “ང་རང་ཆེས་སྐྲག་ས་ནི་ཁོས་ང་ལ‘སྐུ་ངོ་ཀྲང་ལགས’ཞེས་འབོད་པ་དེ་ཡིན།ནམ་རྒྱུན་ཁོས་འདི་ལྟར་འབོད་སྐབས་ཁོ་ལ་དངུལ་སྟེར་དགོས་པ་ཤེས་ཀྱིན་ཡོད།ཀྲང་ཝེ་ཡིས་དབུགས་རིང་འབྱིན་བཞིན“འདི་ལྟར་དཀོན་མཆོག་ལ་སྐྱབས་སུ་སོང་ན།  དངོས་ནས་ཐང་ཆད་ཀྱིན་འདུག”ཅེས་བཤད།
          དགེ་ལས་མི་བརྩོན་སྡིག་ལས་གསོག
          དངུལ་རག་ཐབས་བྱེད་པ་ལས་གཞན། དབྱང་ཧུང་ཁྲེན་གྱིས་ཉེ་འགྲམ་གྱི་བུད་མེད་སློབ་མ་རྣམས་ལ་སེམས་ངན་བཅངས།
          དབྱང་ཧུང་ཁྲེན་གྱིས་ལོ་མང་པོའི་རིང་དུ་ནར་མ་སོན་པ་ཚུད་པའི་སློབ་མ50ལྷག་བསྡུས་ཤིང་། དེ་ལས་མང་ཆེ་བ་ནི་དཔལ་འབྱོར་གྱི་ཆ་རྐྱེན་ལེགས་པའི་གཞོན་ནུ་མ་ཤ་སྟག་རེད། ཁོས་དུས་རྒྱུན་དུ་བུད་མེད་སློབ་མ་དག་ལ་ཞབས་ཏོག་སྒྲུབ་ཏུ་འཇུག་པ་དང་ཞོར་དུ་ལུས་དང་གདོང་དང་བརླ་ལ་རེག་པ།ཆགས་གཏམ་བཤད་པ། ཐ་ན་མི་མང་པོའི་མདུན་ནས་བུད་མེད་སློབ་མ་དག་ལ་འོ་ཡང་བྱེད།

དབྱང་ཧོང་ཁྲེན་གྱིས་བུད་མེད་སློབ་མ་ཚོ་དང་མཉམ་དུKTVནང་དུ་གཞས་གཏོང་བ།
          ཕྱིས་སུ་ཁོས་སྔར་ལས་ཀྱང་འཛེམ་བག་མེད་པར“དམ་ཆོས་མྱུར་ལམ”དང“ལུས་རྗེན་བཅོས་ཐབས”ཞེས་པར་ཁ་གཡར་ནས་དད་ལྡན་བུད་མེད་མང་པོར་བཙན་གཡེམ་བྱས་པ་དང་། གལ་ཏེ་ངོ་རྒོལ་བྱས་ཚེ“བླ་མ་དང་འགལ་ན་ངེས་པར་དུ་དམྱལ་བར་ལྷུང་ངེས”ཞེས་སྐྲག་སློང་། ཉེན་རྟོག་པའི་བདེན་དཔང་ལྟར་ན་ཁོས་ཉུང་མཐར་ཡང་བུད་མེད་སློབ་མ7ལ་བཙན་གཡེམ་བྱས་འདུག
          ཡེ་ཅིང(རྫུས་མིང)གིས“བླ་མ”ཡི་བྱ་སྤྱོད་ལ་ཕྱིར་དྲན་བྱེད་སྐབས་སེམས་སྡུག་ཆེན་པོས་ངུས་བྱུང་། མོས“ཁེར་རྐྱང་དུ་སྡོད་པའི་གོ་སྐབས་ཡོད་ཚེ་ཁོས་འཁྲིག་སྤྱོད་ཀྱི་རེ་བ་འདོན་པ་དང་ཐ་ན་ང་ཚོ་བུད་མེད་སློབ་མ་གཉིས་ཁོ་དང་མཉམ་དུ་མཆོད་ཁང་ནས་ལུས་འབྲེལ་བྱུང་མྱོང་ཡང་ངས་བཀག་འགོག་གཏན་ནས་བྱེད་མ་ཕོད”ཅེས་བཤད།
          ཀྲེང་དབྱི་ཡི་ཆུང་མ་ཡང་དབྱང་ཧུང་ཁྲེན་ལ་དད་པ་བྱེད་མཁན་ཞིག་ཡིན་ལ། ཕྱིས་སུ་ཁོའི་ཟུར་མོར་གྱུར་པ་མ་ཟད་ཁོ་གཉིས་ལ་བུ་མོ་ཞིག་ཀྱང་སྐྱེས་ཡོད། “དེ་ནི་ང་ལ་བཏང་བའི་གནོད་འཚེ་ཆེ་ཤོས་རེད།”ཀྲེང་དབྱི་ཡིས་སྔོན་ཆད་ངེད་བཟའ་ཟླ་གཉིས་ཀའི་འབྲེལ་བ་འཆམ་པོ་ཡོད་ཀྱང་རྗེས་སུ་ཆུང་མ་རྒྱུན་དུ་དབྱང་ཧུང་ཁྲེན་དང་མཉམ་དུ་གཞུང་དོན་སྒྲུབ་པར་སོང་བས་ཁོ་གཉིས་ཀྱི་འབྲེལ་བ་ཇེ་ཉེར་གྱུར། ཁོས“བླ་མ”ལ་རང་གི་ཆུང་མའི་བློ་ཁ་ཚུར་འཁོར་དུ་འཇུག་པའི་ཞུ་བ་བྱས་ཀྱང་དབྱང་ཧུང་ཁྲེན་གྱིས་མོས་མཐུན་མ་བྱས་པར་མཐར་ཁྱིམ་ཚང་ཁ་འཐོར་དུ་སོང་ཡོད་ཅེས་བཤད།
          ནོར་ལེན་འཆལ་སྤྱོད་ཀྱི་ཞོར་དུ་དབྱང་ཧུང་ཁྲེན་ད་དུང“ལྷ་རྗེ”བྱས་པ་སྟེ།དབྱང་ཧུང་ཁྲེན་ལ་སྨན་བཅོས་བྱེད་པའི་ཐོབ་ཐང་མེད་ནའང་ནད་པའི་ནད་ལ་བལྟས་ཆོག་ཅེས་བརྗོད་ནས་དད་ལྡན་ནད་པས་ཚད་ལྡན་གྱི་སྨན་བཅོས་དང་ལེན་བྱེད་པར་བཀག་སྡོམ་ཁ་ཏ་བྱེད་ཀྱིན་ཡོད། ཐེངས་ཤིག་ལ་ནད་ལྕི་མོ་ཕོག་པའི་ཞང་ཀང་གི་བུད་མེད་ཅིག་ལ་དབྱང་ཧུང་ཁྲེན་གྱི་མགོ་སྐོར་བསླུ་བྲིད་ཐེབས་ཏེ། ཚད་ལྡན་གྱི་སྨན་བཅོས་མ་བྱས་པར་ཨུ་ཚུགས་ཀྱིས་ཧྲེན་ཀྲེན་དུ་ཡོང་ནས་དབྱང་ཧུང་ཁྲེན་གྱི་གམ་ནས་སྨན་བཅོས་དང་ལེན་བྱས།རྗེས་སུ་ནད་གཞི་ཇེ་ལྕི་རུ་སོང་ནས་དབྱང་ཧུང་ཁྲེན་གྱི“མཆོད་ཁང”དུ་འདས་པ་རེད།
          ད་རུང་ཐེངས་ཤིག་ལ་ཧྲེན་ཀྲེན་གྱི་སྦྲུམ་མ་ཞིག་གིས་བུ་བཙའ་འདོད་པས་དབྱང་ཧུང་ཁྲེན་ལ་རོགས་རམ་བྱེད་དུ་བཅུག་པ་དང་། ཁོས་མཁོ་འདོན་བྱས་པའི་སྨན་ཕྱེ་འཐུང་རྗེས་ཡུན་རིང་མ་འགོར་བར་མངལ་གྱི་ཕྲུ་གུ་འགུལ་རྒྱུ་མེད་པར་གྱུར་ཅིང་། སྨན་ཁང་ནས་བརྟག་དཔྱད་བྱས་པས་ཕྲུ་གུ་ཁོག་ནས་འདས་ཟིན་པ་ཤེས། སྨན་པས་འཕྲལ་དུ་གཤགས་བཅོས་བྱེད་དགོས་པའི་རེ་བ་བཏོན་ཡང་དབྱང་ཧུང་ཁྲེན་གྱིས་སྔར་བཞིན་མོར་སེམས་ཁྲལ་བྱ་མི་དགོས་ཟེར།ཕྱིས་སུ་སྨན་པས་གཤགས་བཅོས་མ་བྱས་ན་ཚེ་སྲོག་ལ་ཉེན་ཁ་ཡོད་ཅེས་ཐ་ཚིག་བསྒྲགས་པ་ན་ད་གཟོད་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཏེ་སྲོག་ཉེན་ལས་ཐར།
          ངན་འབྲས་སྨིན་ནས་ཁྲིམས་ལ་སྦྱར།
          2000ལོའི་སྔ་རྗེས་སུ་དབྱང་ཧུང་ཁྲེན་གྱིས་ས་ཆ་ལ་ལར་ཐེམ་ཐོར་དོ་དམ་ནན་པོ་མེད་པའི་ཞན་ཆ་སྤྱད་དེ། སྔ་རྗེས་སུ“བཀྲ་ཤིས་དོན་གྲུབ”དང“སྐལ་བཟང་ཤེས་རབ་རྒྱ་མཚོ”ཞེས་པའི་ཐོབ་ཐང་རྫུན་མ་གཉིས་བཟོས་ནས་རང་ཉིད“བོད་རིགས”སུ་བརྫུས་ཏེ“སྤྲུལ་སྐུ”བྱེད་པའི་གོམ་པ་དང་པོ་སྤོས།
གྱོད་གཞི་འདིའི་ཞུ་སྦྱོར་ཕྱི་མ་གཞན་པ་ཐེང་ཧྥན་གོ་དང་དབྱང་ཧུང་ཁྲེན་གཉིས་ནི་གྲོང་ཚོ་གཅིག་ནས་འཚར་ལོངས་བྱུང་ཞིང་། དབྱང་ཧུང་ཁྲེན་གྱི“དབང་ཐང་རྒྱས”རྗེས་སུ་ཁོའི་རྗེས་དེད་ནས་རླངས་འཁོར་གཏོང་བ་དང་། དངུལ་བསྡུ་བ། ཉོ་སྒྲུབ་བྱེད་པ་བཅས་གང་སར་བསྐྱོད་དེ་བྱེད་སྒོ་སྣ་ཚོགས་སྤེལ། དབྱང་ཧུང་ཁྲེན་གྱིས་ཐོབ་ཐང་སྦ་གསང་བྱེད་པའི་དམིགས་ཡུལ་ནི་དད་ལྡན་མང་ཚོགས་ལ་མགོ་སྐོར་གཏོང་བའི་ཆེད་དུ་ཡིན་པ་དང་། གལ་སྲིད་མུ་མཐུད་དུ་འདྲི་རྟོག་བྱེད་མཁན་བྱུང་ཚེ་རང་ཉིད་སྐྱེ་ས་ནི་ནང་ལོགས་བྱང་ཤར་ས་ཁུལ་ཡིན་ཡང་ཆུང་དུས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་པར་སོང་ནས་རབ་ཏུ་བྱུང་བ་ཡིན་ཞེས་བཤད་སྲིད།
          དབྱང་ཧུང་ཁྲེན་ལོ་ན་གཞོན་དུས་སུ་བླ་བྲང་དགོན་དུ་འཁྱམས་ནས་བསྡད་པས་དགོན་པ་དེའི་གྲྭ་པ་ཁ་ཤས་ངོ་ཤེས་ཤིང་ཁོ་ཚོ་དང་འདྲིས་རྗེས་སུ་རང་ཉིད་ཀྱང་དགོན་པ་དེའི་གྲྭ་པ་ཡིན་ཞེས་ཟེར་ཡང་དོན་དུ་ཁྲིམས་མཐུན་གྱི་ཐོ་འགོད་བྱས་མེད། གཞན་གྱིས་རང་ཉིད་ལ་ཡིད་ཆེས་བྱེད་ཕྱིར་དབྱང་ཧུང་ཁྲེན་གྱིས་ད་དུང“ལྷ་བབས་རིང་བསྲེལ”དང“གནམ་གཏེར་ལེན་པ”སོགས་མིག་འཁྲུལ་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ལ་མགོ་སྐོར་བཏང་།
          《བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་དོན་མི་སྣའི་ཐོབ་ཐང་ངོས་འཛིན་བྱེད་ཐབས》དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས》གཉིས་སུ་གཏན་འབེབས་བྱས་པ་ལྟར་ན།བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་དོན་མི་སྣ་དང་སྤྲུལ་སྐུས་ངེས་པར་དུ་ཁྲིམས་དང་མཐུན་པའི་ཞིབ་མཆན་ཐོ་འགོད་ཀྱི་གོ་རིམ་བརྒྱུད་དགོས་མོད། “སྤྲུལ་སྐུ”ཡི་ཆ་རྐྱེན་གཅིག་ཀྱང་མི་འཛོམས་པའི་དབྱང་མིང་པས་གཡོ་ཐབས་ལ་བརྟེན་ནས་རང་ཉིད་སྤྲུལ་སྐུའི“ཡང་སྲིད”དུ་བསྒྱུར་པ་རེད།

2017ལོའི་ཟླ11པའི་ཚེས26ཉིན།དབྱང་ཧུང་ཁྲེན་ཧྲེན་ཀྲེན་ཉེན་རྟོག་པས་བཟུང་བ།
          ཆོས་དོན་ལོག་འགྲེལ་བྱས་ནས་དད་ལྡན་མང་ཚོགས་ཀྱི་བསམ་བློར་ཚོད་འཛིན་བྱ་རྒྱུ་ནི་དབྱང་ཧུང་ཁྲེན་གྱི་དམིགས་ཡུལ་ཆེས་གཙོ་བོ་དེ་རེད། 
          དབྱང་ཧུང་ཁྲེན་གྱི《བླ་མ་བསྟེན་ཚུལ》ཞེས་པའི་དེབ་ཆུང་དུ་སློབ་མ་ཚོས་རང་ཉིད་ཀྱི་ཡོད་ཚད་བླ་མར་འབུལ་དགོས་ཤིང་བླ་མ་དང་འགལ་མི་རུང་བའི་བླང་བྱ་བཏོན་ཡོད་ལ། བླ་མའི་བྱིན་རླབས་ཐོབ་མིན་ནི་བླ་མ་ལ་ཡིད་ཆེས་དང་།གུས་བཀུར་དང་།འབུལ་བ་མང་ཉུང་བཅས་ལ་རགས་ལས་ཚུལ་སོགས་བཤད་ཡོད།
          དེབ་དེར་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་ལ་རྦད་དེ་ལོག་འགྲེལ་བྱས་པར་མ་ཟད། དེབ་དེའི་ཁྲོད་དུ་འུད་སྒྲོག་བྱས་པའི“མཆོད་འབུལ་བྱེད་པ”དང“སྐྱབས་སུ་འགྲོ་བ།” “བྱིན་གྱི་རློབ་པ”སོགས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བཤེས་གཉེན་བསྟེན་ཚུལ་དང་གཏན་ནས་མི་མཐུན།དེ་དག་གིས་སློབ་མར་འཇིགས་སྣང་བཟོས་ནས་དུས་ཡུན་རིང་པོར་བསམ་བློར་ཚོད་འཛིན་བྱས་པར་མ་ཟད།ཐ་ན་ཉེན་རྟོག་པས་དབྱང་ཧུང་ཁྲེན་གྱི་ཉེས་གསོག་དོན་དངོས་གསལ་བཤད་བྱས་ནའང་།སློབ་མ་ཁག་ཅིག་གིས“ང་ཚོས་ཉེན་རྟོག་པར་གཞོགས་འདེགས་བྱས་ན་ཁོས་དམོད་སྲིད་དམ”ཞེས་སེམས་ཁྲལ་བྱེད་ཀྱིན་ཡོད།
          2017ལོའི་ཟླ11པའི་ཚེས26ཉིན།མགྲོན་ཁང་དུ་སློབ་མ་གཉིས་དང་མཉམ་དུ་ཏག་སེ་རྩེ་བཞིན་པའི་དབྱང་ཧུང་ཁྲེན་ཧྲེན་ཀྲེན་ཉེན་རྟོག་པས་འཛིན་བཟུང་བྱས།ཞིབ་བཤེར་བྱས་པ་ལྟར་ན།དབྱང་ཧུང་ཁྲེན་གྱིས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི“སྤྲུལ་སྐུའི”ཐོབ་ཐང་རྫུན་བཟོ་བྱས་པ་དང་།གསང་སྔགས་ཀྱི་དབང་ལུང་གི་མིང་ཐོག་ནས་ཆོས་དོན་ལོག་འགྲེལ་བྱས་ཏེ“སྐྱབས་འགྲོ”དང་།“མཆོད་འབུལ”དང་།“སྦྱིན་བསྲེགས”སོགས་བྱེད་སྒོ་སྤེལ་ནས་དད་ལྡན་མང་ཚོགས་ལ་མགོ་སྐོར་དང་།རྒྱུ་ནོར་འཛེམ་བག་མེད་པར་གཡོ་ལེན།བུད་མེད་ལ་བཙན་གཡེམ་བཅས་བྱས་པ་རྟོགས།

ཧྲེན་ཀྲེན་ཉེན་རྟོག་པས་དབྱང་ཧུང་ཁྲེན་གྱི་ལག་ནས་དངུལ་སྨར་འབོར་ཆེན་རྩད་ཆོད།
          2020ལོའི་ཟླ2པར་ཧྲེན་ཀྲེན་གྲོང་ཁྱེར་ནན་ཧྲན་ཁུལ་མི་དམངས་ཁྲིམས་ཁང་གིས་དབྱང་ཧུང་ཁྲེན་གྱི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ་དང་།དབྱང་ཧུང་ཁྲེན་གྱིས་རྨོངས་དད་ལ་བརྟེན་ནས་བཅའ་ཁྲིམས་ལག་ལེན་ལ་བཀག་འགོག་བཟོས་པའི་ཉེས་པ་དང་།ཁ་བསླུས་ཀྱི་ནག་ཉེས།བཙན་གཡེམ་གྱི་ནག་ཉེས།གོ་ཐོབ་ཧམ་བཟུང་གི་ཉེས་པ་བཅས་ཉེས་མང་བསྡེབས་གཅོད་བྱས་ཏེ་མཉམ་དུ་དུས་བཀག་བཙོན་འཇུག་ལོ18ཀྱི་ཁྲིམས་ཐག་བཅད་པ་དང་།དེ་བྱིངས་ཀྱི་ཞུ་སྦྱོར་ཕྱི་མ་པ4ལ་སོ་སོར་དུས་བཀག་བཙོན་འཇུག་ལོ3ནས5བར་གྱི་ཉེས་ཆད་བཅད།2020ལོའི་ཟླ4པའི་གྱོད་གཞི་དེའི་འདྲི་གཅོད་ཐེངས་གཉིས་པ་ལ་ཐོག་མའི་ཁྲིམས་ཆད་སོར་འཇོག་བྱས།
དེར་བརྟེན།དབྱང་ཧུང་ཁྲེན་གྱིས་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་དུ་བོད་རིགས་ཀྱི་ཐོབ་ཐང་རྫུན་མ་བཟོས་པ་དང་།རང་ཉིད“སྤྲུལ་སྐུ”རུ་བརྫུས་པ།ཆོས་དོན་ལོག་འགྲེལ་བྱས་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་སྒོ་སྤེལ་བ་བཅས་ཀྱི་ནག་ཉེས་ཚང་མར་མཇུག་མཐར་ཁྲིམས་ཐག་བཅད་པ་རེད།
          གྱོད་གཞི་ཐག་གཅོད།
          “སྤྲུལ་སྐུ”རྫུན་མ་དབྱང་ཧུང་ཁྲེན་གྱིས་ཆོས་ལུགས་ལ་ཁ་གཡར་ནས་ནོར་ལེན་པ་དང་།  སྲོག་འཕྲོག་པ་དང་། ལོག་པར་གཡེམ་པ་སོགས་སྤྱོད་ངན་སྣ་ཚོགས་སྤེལ་ཏེ་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ལ་གནོད་པ་བཟོས་པར་མ་ཟད། ཁྲིམས་འགལ་གྱི་ནག་ཉེས་ཀྱང་བཟོས་ཡོད།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཚན་ཁག་གི་ཚན་དཔོན་གཞོན་པ་ལྷ་བྱམས་རྒྱལ་གྱིས“དབྱང་ཧུང་ཁྲེན”ལྟ་བུའི་སྤྲུལ་རྫུན་ཚོའི་ལམ་ཁ་རྦད་དེ་བཅད་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་ལས་གཞན།  བོད་བརྒྱུད་ནང་བསྟན་གྱི་ཆོས་པར་བརྫུས་པ་སོགས་སྤྱོད་ངན་མཐའ་དག་ལ་ཞིབ་བཤེར་ཐག་          གཅོད་ནན་མོ་བྱ་དགོས་པར་མ་ཟད།  བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་གྱི་ལས་དོན་ཡག་པོར་སྤེལ་ནས། དད་ལྡན་མང་ཚོགས་དགོས་མཁོ་ཅན་དག་ལ་དམིགས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ཤེས་ཁྱབ་གདལ་གཏོང་དགོས་པ་དང་དོ་དམ་གྱི་སྐྱོན་ཆ་བསལ་དགོས་ཞེས་བཤད།
          2016ལོར་ཆེད་དུ་སྤེལ་བའི“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག”གིས་དྲ་ཐོག་ནས་དད་ལྡན་མང་ཚོགས་ལ་སྤྲུལ་སྐུའི་གནས་ཚུལ་བློས་འགེལ་ཆོག་པ་དང་ཁ་གསལ་པོ་ཞིག་མཁོ་འདོན་བྱས་ཡོད།
          རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཆོས་ལུགས་བྱེད་སྒོའི་ནང་དུ་ཞུགས་ན་ཚད་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་འགྲོ་བ་ལས་རྨོངས་ཚོད་ཀྱིས་དད་མོས་བྱེད་མི་རུང་བ་དང་ངེས་པར་དུ་ཆོས་ལུགས་མི་སྣའི་ཐོབ་ཐང་དབྱེ་འབྱེད་དང་ཁོ་ཚོའི་གཏམ་སྤྱོད་ལ་བརྟག་དཔྱད་གཟབ་ནན་བྱེད་དགོས་ལ།གལ་ཏེ་གནད་དོན་ལ་འཕྲད་ཚེ་ས་གནས་རང་གི་མི་རིགས་ཆོས་ལུགས་ལས་དོན་ཅུས་སམ་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱ་དགོས།  ལྷག་པར་དུ་བུད་མེད་དད་ལྡན་མང་ཚོགས་ཀྱིས་རང་སྲུང་འདུ་ཤེས་ཇེ་མཐོར་གཏོང་དགོས་ཤིང་།གལ་ཏེ་ཆོས་ལུགས་བྱེད་སྒོའི་ཁྲོད་དུ་ཆགས་སྤྱོད་དང་བརྙས་བཅོས་བྱེད་པའི་གནས་ཚུལ་དང་འཕྲད་ཚེ་ཉེན་རྟོག་པར་ཞུ་གཏུག་བྱ་དགོས། 
རྩོམ་སྒྲིག་པ། བདེ་སྒྲོལ།