ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཟབ་གཟབ་བྱོས། ཁྱེད་ཉིད་ཀྱིས་གྱོན་པའི་ལྷམ་ལ“དུག”ཡོད་སྲིད།

སྤེལ་དུས 2021-09-15 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           དབྱར་དུས་དང་སྟོན་དུས་སུ་གནམ་གཤིས་ཚ་པོ་ཡོད་པས་རྟིང་མཐོ་བསིལ་ལྷམ་ལ་བུད་མེད་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད། འཛད་སྤྱོད་པས་སྐྱིད་སྣང་དོད་པ་དང་། གྱོན་ཐུབ་པ། བདེ་འཇགས་ལྡན་པ་བཅས་ཀྱི་རྟིང་མཐོ་བསིལ་ལྷམ་ཉོ་རྒྱུར་རོགས་རམ་བྱ་ཆེད། ཉིན་ཤས་གོང་ཧྲང་ཧའེ་གྲོང་ཁྱེར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་རྟིང་མཐོ་བསིལ་ལྷམ་ཞིབ་བསྡུར་ཚོད་ལྟ་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་རེད། མཇུག་འབྲས་ལས་མངོན་གསལ་ལྟར་ན། རྟིང་མཐོ་བསིལ་ལྷམ་ཁ་ཤས་ཀྱི་ལྟེ་བཅད་ཞིབ་བཤེར་བྱེད་སྐབས་ཆག་གས་བྱུང་བ་དང་། ལྷམ་ཁ་ཤས་ཀྱི་གནོད་ཡོད་དངོས་པོའི་འདུས་ཚད་ཚད་ལས་བརྒལ་ཡོད། 
           བཟོ་ལྟ་མང་པོའི་རྟིང་མཐོ་བསིལ་ལྷམ་གྱི་ལྟེ་བཅད་སྤུས་ཚད་ཚད་ལ་སླེབས་མེད། 
           བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་བཅད་ནི་རྟིང་མཐོ་བསིལ་ལྷམ་གྱི་ལྗིད་ཤུགས་ཐེབས་པའི་ལྷུ་ལག་གཙོ་བོའི་གྲས་ཤིག་ཡིན་པ་དང་། ལྷམ་གྱི་ནང་དུ་གནས་ཡོད། ལྷམ་རྐང་མགོར་གོན་ན་བརྟན་པོ་ཡིན་མིན་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ཚང་མ་ལྟེ་བཅད་ཀྱི་བྱེད་ནུས་ལ་བརྟེན་དགོས། གལ་ཏེ་ལྟེ་བཅད་ཐུང་དྲགས་པའམ་མཉེན་དྲགས་ན། འགྲོ་དུས་ལྷམ་འཁྱོག་སྲིད་པས། རྐང་བ་གཅུས་རྨས་འབྱུང་སླ་བ་རེད། 

           ད་ཐེངས་ཀྱི་ཞིབ་བསྡུར་ཚོད་ལྟའི་ནང་རྟིང་མཐོ་བསིལ་ལྷམ་ཆ་4ཡི་ལྟེ་བཅད་རྣམ་གྲངས་ཚད་གཞི་དང་མི་མཐུན་པ་ཤེས་རྟོགས་བྱུང་བ་དེ་ནི་གནད་དོན་ཡོད་པའི་དངོས་དཔེ་མང་ཤོས་ཀྱི་རྣམ་གྲངས་གྲས་ཤིག་ཡིན་པ་རེད། སོ་སོ་ནི་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཞི་ཐན་གྱོན་ཆས་ཚད་ཡོད་ཀུང་སིའི་honeyGIRLཐན་ཞིན་རྟགས་ཅན་གྱི་རྟིང་མཐོ་བསིལ་ལྷམ་དང་། ཧང་ཀྲོའུ་ཧྲུའུ་ཙེ་ཚོང་དོན་ཚད་ཡོད་ཀུང་སིའི་SCHUTZརྟགས་ཅན་གྱི་བསིལ་ལྷམ། ཧྲེན་ཀྲེན་གྲོང་ཁྱེར་པེ་ཧྲེ་སེན་ལྷམ་ལས་རིགས་ཚད་ཡོད་ཀུང་སིའི་PT·SONཐན་པེ་སེན་རྟགས་ཅན་གྱི་བསིལ་ལྷམ་དང་ཆའོ་ཀྲི་ཨ་མ(ཧྲང་ཧའེ)ཚོང་དོན་ཚད་ཡོད་ཀུང་སིའི་GIRGIO ARMNIརྟགས་ཅན་གྱི་རྟིང་མཐོ་བསིལ་ལྷམ་བཅས་རེད། 

           ད་ཐེངས་ཀྱི་ཞིབ་བསྡུར་ཚོད་ལྟའི་ནང་ད་དུང་རིན་གོང་མཐོན་པོ་ཡོད་པའི་རྟིང་མཐོ་བསིལ་ལྷམ་ཁག་གཅིག་གི་གཞི་རྩའི་བཀྱིག་ཐག་དང་ལྟེབ་ཐེག་གི་ནུས་པའི་ཐད་སྤུས་ཚད་ཡག་པོ་མེད་པས་ལྷམ་གྱི་བཀོལ་སྤྱོད་ནུས་པར་ཤུགས་རྐྱེན་ཚབས་ཆེན་བཟོ་བ་མ་ཟད། ད་དུང་ཐད་ཀར་ལྷམ་གྱི་སྤྱོད་ཡུན་ཐུང་དུ་གཏོང་བ་དང་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་གི་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་རེད། 
           ཚོར་ལྷག་ལོག་པ་དང་ནང་ཟགས་ཐོན་མ་ལག་ལ་གནོད་སྐྱོན་ཐེབས་སྲིད།
           དབྱར་དུས་དང་སྟོན་དུས་སུ་གནམ་གཤིས་དྲོ་བས། འཛད་སྤྱོད་པ་མི་ཉུང་བ་ཞིག་ལ་རྐང་བ་རྗེན་པར་ལྷམ་གྱོན་པའི་གོམས་གཤིས་ཡོད་ཅིང་། ལྷམ་ནི་ཡུན་རིང་དུ་པགས་པ་དང་ཐད་ཀར་འཕྲད་པས་གནོད་ལྡན་དངོས་རྫས་ཀྱི་ཚད་བཀག་ལ་སྣང་ཆུང་བྱེད་མི་རུང་། 
           བརྟག་དཔྱད་བྱས་འབྲས་ལས་མངོན་པར། བཟོ་ལྟ་བཞི་པོའི་རྟིང་མཐོ་བསིལ་ལྷམ་གྱི་ལུན་པུན་ཀ་སྐྱུར་གཉིས་ཀྱི་འདུས་ཚད་ཚད་ལས་བརྒལ་ཡོད། ཐོན་རྫས་བཞི་པོ་དེ་དག་ནི་སོ་སོ་ཧྲང་ཧའེ་ཡུའེ་ཙེ་ཁེ་ལས་དོ་དམ་བློ་འདྲི་ཚད་ཡོད་ཀུང་སིའི་73hoursརྟགས་ཅན་གྱི་དངོས་དཔེ་དང་། ཐེན་ཁྲོང་དར་སྲོལ་མ་རྐང་ཚད་ཡོད་ཀུང་སིའི་KISSCATརྟགས་ཅན་གྱི་དངོས་དཔེ། དབྱི་སེ་ཚད་ཡོད་ཀུང་སིའི་exullདབྱི་སི་Qརྟགས་ཅན་གྱི་དངོས་དཔེ། ཧྲེན་ཀྲེན་གྲོང་ཁྱེར་ཤིས་ཐན་གྱོན་ཆས་ཚད་ཡོད་ཀུང་སིའི་honeyGIRLཐན་ཤིན་རྟགས་ཅན་གྱི་ཚོང་རྟགས་ཀྱི་དངོས་དཔེ། དེའི་ནང་ཐན་ཤིན་རྟགས་ཅན་གྱི་བསིལ་ལྷམ་གྱི་ལུན་པུན་ཀ་སྐྱུར་གཉིས་ཀྱི་འདུས་ཚད་མཐོ་ཤོས་ཡིན་ཏེ་ཚད་གཞིའི་ཚད་བཀག་ལས་ལྡབ་6མཐོ་བ་རེད།

           ལྟ་ཞིབ་ཚད་ལེན་བཟོ་བཀོད་པ་ཞིག་གིས་ལུན་པུན་ཀ་སྐྱུར་གཉིས་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པའི“མཉེན་ཆས”ཤིག་ཡིན་པ་དང་། ལྷམ་རིགས་ཀྱི་རྒྱུ་ཆའི་ཁྲོད་དུ་བསྣན་ཚེ་ལྷམ་ཞབས་དང་། ནང་རྒྱན་སོགས་མཉེན་ལ་ལྡེམ་ལྡན་དུ་གྱུར་ནས་བདེ་ལ་བདེ་བའང་ཡོང་གི་ཡོད་ཅེས་བཤད་པ་རེད། ཤེས་རྟོགས་བྱུང་བའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ལུན་པུན་ཀ་སྐྱུར་གཉིས་ནི་དབུགས་ལམ་མ་ལག་དང་པགས་པ་བརྒྱུད་ནས་མིའི་ལུས་པོའི་ནང་བསྡུ་ལེན་བྱས་ཏེ། གསང་རྒྱུད་ཟགས་གཤེར་མ་ལག་དང་སྐྱེ་འཕེལ་མ་ལག་སོགས་ལ་གནོད་འཚེ་བཟོ་གི་ཡོད། 
           ལུན་པུན་ཀ་སྐྱུར་གཉིས་ཐད་ཀྱི་གཏན་འབེབས་ཕུད། དར་མའི་ལྷམ་ནང་གི་ལྕི་བའི་ལྕགས་རིགས་ཁིར་ཅཱ་དྲུག་གི་འདུས་ཚད་དེ་སྤྱི་རྒྱ་རེར་ཧའོ་ཁེ་10ལས་བརྒལ་མི་ཆོག་པའི་གཏན་འབེབས་ཡོད་པ་མངོན། མིའི་ལུས་ཁམས་ཀྱི་པགས་པར་ཁིར་ཅཱ་དྲུག་རེག་ན་མི་འཕྲོད་པར་འགྱུར་ལ། དབུགས་ལམ་བརྒྱུད་དེ་རྔུབ་ན་མཆིན་པ་དང་མཁལ་མའི་བྱེད་ནུས་ལ་གནོད་སྐྱོན་འབྱུང་ཞིང་། ཚབས་ཆེ་ན་འབྲས་སྐྲན་སློང་བས་རྒྱུད་འདེད་རྒྱུད་རྒྱུ་ལ་ཞན་ཆ་འབྱུང་། ད་ཐེངས་ཞིབ་བསྡུར་ཚོད་ལྟ་བྱས་པ་ལས་ཉིང་པོ་ཚ་རླུང་ཁེ་ལས་དོ་དམ་ཚད་ཡོད་ཀུང་སིའི་hotwindརྟགས་ཅན་གྱི་བསིལ་ལྷམ་ནི་ཁིར་ཅཱ་དྲུག་གི་འདུས་ཚད་ཚད་གཞིའི་ཚད་བཀག་ལས་ལྡབ་2.5མཐོ་ཡོད་པ་ཤེས་རྟོགས་བྱུང་ཡོད། 
           བསིལ་ལྷམ་ཇི་ལྟར་འདེམ་ཉོ་བྱེད་དགོས། ཆེད་མཁས་པས་ཐབས་ཤེས་འདོན།  
           འོ་ན་བསིལ་ལྷམ་ཇི་ལྟར་འདེམས་ཉོ་བྱེད་དགོས། ཞིབ་བཤེར་ཆེད་མཁས་པས་བཤད་རྒྱུར། འདེམ་ཉོའི་སྐབས་སུ་ཐོག་མར་ལྷམ་གྱི་གཏན་འཇགས་རང་བཞིན་བཟང་མིན་ལ་ཞིབ་བཤེར་བྱ་དགོས། 
           ཧྲང་ཧའེ་གསལ་འབྱེད་ར་སྤྲོད་ཀོ་ཆས་སྤུས་ཚད་ཞིབ་དཔྱད་ཚད་ལེན་ལག་རྩལ་ཚད་ཡོད་ཀུང་སིའི་ལག་རྩལ་འགན་འཁུར་བ་དབྱང་ལི་ཅེ་ཡིས། འགུལ་སྟངས་གཉིས་བརྒྱུད་དེ་རྟིང་མཐོ་ལྷམ་གྱི་བརྟན་བརླིང་རང་བཞིན་ཐག་གཅོད་བྱས་ཆོག་སྟེ། ཐོག་མར་རྟིང་མཐོ་ལྷམ་དེ་ཅུང་སྲ་ཞིང་བརྟན་པ་ཞིག་གི་ངོས་སུ་བཞག་སྟེ། དལ་མོའི་ངང་སྒུལ་དགོས། འགུལ་ཚད་ཆེ་ན་གཏན་འཇགས་རང་བཞིན་ཞན་པ་རེད། གཉིས་ནས་ལྷམ་ནང་གི་རྐང་སྙིང་གི་གནས་གནོན་ནས་མི་མཉེན་པ་དང་དབྱིབས་མི་འགྱུར་བ་ནི་བསིལ་ལྷམ་སྤུས་ཚད་ཡག་ཤོས་རེད། 
           གཞན་ཡང་། རིགས་གཅིག་མཁས་ཅན་གྱིས་འཛད་སྤྱོད་པས་རང་ཉིད་ཀྱི་རྐང་པར་གཞིགས་ནས་འོས་འཚམ་གྱི་ཐོན་རྫས་འདེམས་ཉོ་བྱས་ནས་རྐང་བཙིར་དང་རྐང་བརྡར་སོགས་ཀྱི་གནད་དོན་མི་ཐོན་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།