ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་ས་ནས་སྒོར་ཁྲི68བརྐུས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་འདུག

སྤེལ་དུས 2021-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཟླ8པའི་ཚེས24ཉིན་གྱི་ཆུ་ཚོད17ཙམ་ལ་སྟོད་ལུང་བདེ་ཆེན་ཁུལ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས་ཁོངས་གཏོགས་ཁུལ་གྱི་དངོས་ཟོག་འགྲོ་རྒྱུག་ཀུང་སི་ག་གེ་མོར་རྐུ་འཕྲོག་བྱས་པའི་གནས་ཚུལ་ཐོན་ཡོད་ཅེས་བཀོད་ཡོད། བཀའ་འབྱོར་རྗེས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་ཡུལ་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཕྱིན་ཞིང་། བརྟག་དཔྱད་བྱས་པ་བརྒྱུད་གྱོད་དོན་སྙན་སེང་ཞུ་མཁན་གྱིས་དངོས་ཟོག་འགྲོ་རྒྱུག་ཀུང་སིའི་ཉལ་ཁང་གི་ཐོག་སོ་གསུམ་པའི་ཁང་པའི་གྱང་ཟུར་གྱི་འགྱིག་ཤོག་ཁུག་མ་ཞིག་གི་ནང་བཞག་པའི་དངུལ་སྨར་སྒོར་ཁྲི68ཚང་མ་བརྐུས་པ་ཤེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཡུལ་དངོས་རྩད་ཞིབ་དང་མཐའ་སྐོར་དཔང་རྟགས་ལེན་པ་སོགས་ཀྱི་ལས་དོན་སྤེལ།

           སྟོད་ལུང་བདེ་ཆེན་ཁུལ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཁྲེན་ཕེང་ཡུས་ཀྱིས“ང་ཚོས་ཉེ་འཁོར་གྱི་ཁང་པ་རྣམས་སྒོ་བཅག་པའི་རྗེས་ཤུལ་མེད་ལ་ཡུལ་དངོས་གཏོར་སྐྱོན་ཕོག་པའི་རྗེས་ཤུལ་ཡང་མེད་པ་ཤེས་རྗེས་བརྙན་མིག་ལ་ལྟ་ཞིབ་བྱས་པ་དང་། རྐུ་ཤོར་བའི་དུས་ཚོད་དེའི་རིང་གི་བརྙན་རིས་མཐོང་རྒྱུ་མེད་པ་ཤེས། ང་ཚོས་ཐོག་མར་བརྙན་རིས་མེད་པར་བཟོས་པ་དོགས་པ་སྐྱེས་ཀྱང་བརྟག་དཔྱད་བྱས་པ་བརྒྱུད་མིས་གློག་བཅད་འདུག་པ་ཤེས། དེ་ནས་ང་ཚོས་ཉེ་འཁོར་གྱི་ས་ཆ་གཞན་དག་ཚང་མར་སྐད་ཆ་དྲིས་པས་གློག་ཆད་མེད་པས་ང་ཚོའི་ནང་ཁུལ་གྱི་མིས་གློག་བཅད་པར་དོགས་པ་སྐྱེས་བྱུང”ཞེས་བཤད།

           མྱུལ་ཞིབ་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དངོས་ཟོག་འགྲོ་རྒྱུག་ཀུང་སི་དེའི་ནང་ཁུལ་གྱི་མི་སྣར་བརྟག་དཔྱད་བྱས་པ་དང་། རྩད་ཞིབ་བྱས་པ་བརྒྱུད་གནོད་འཚེ་ཕོག་མཁན་གྱི་དགའ་རོགས་ཡིན་པའི་བུ་མོ་དེའི་གཅེན་པོ་ཧུའུ་ཆེ་གེ་མོ་དང་དེའི་བཟའ་ཟླ་ལུའེ་ག་གེ་མོར་གྱོད་གཞི་བཟོས་པའི་དོགས་པ་ཆེན་པོ་ཡོད་པ་དེ་འཕྲལ་ཤེས་རྟོགས་བྱུང་བ་རེད།

           “བརྟག་དཔྱད་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་ཉེས་ཅན་ལུའེ་ཆེ་གེ་མོ་གློག་སྒོའི་ཉེ་འགྲམ་ནས་ཕར་འགྲོ་ཚུར་འོང་བྱེད་བས། ང་ཚོས་ལུའེ་ཆེ་གེ་མོས་གྱོད་གཞི་བཟོས་པར་དོགས་པ་སྐྱེས་པ་དང་ཁོང་གི་ལག་ཐོག་ཁ་པར་ལ་བརྟག་དཔྱད་བྱས་པ་བརྒྱུད་ཁོ་མོས་ཁ་པར་བརྒྱབ་པའི་ཟིན་ཐོ་སུབ་འདུག་པ་ཤེས་རྟོགས་བྱུང་། དེ་རྗེས་ལུའེ་ཆེ་གེ་མོའི་ཁྱོ་ག་ཧུའུ་ཆེ་གེ་མོར་ཉེ་དུས་བོད་ལྗོངས་སུ་ཡོང་བའི་ཟིན་ཐོ་ཡོད་པ་མ་ཟད། ཁ་པར་བརྒྱབ་ནས་འབྲེལ་གཏུག་བྱེད་མ་ཐུབ་པས་ང་ཚོས་ཧུའུ་ཆེ་གེ་མོ་ཡང་རྐུ་འཕྲོག་ནང་ཞུགས་པའི་དོགས་པ་ཡོད”ཅེས་ཁྲེན་ཕེང་ཡུས་ཀྱིས་དེ་ལྟར་བཤད།

           2021ལོའི་ཟླ8པའི་ཚེས25ཉིན། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཧུའུ་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མཚན་མོ་དེ་རང་ཧུའུ་ཆེ་གེ་མོར་འཕྲལ་སྒྲུབ་འདྲི་རྩད་བྱས་ཏེ། ཧུའུ་ཆེ་གེ་མོས་དེ་མ་ཉིད་དུ་གྱོད་གཞི་བཟོས་པའི་བརྒྱུད་རིམ་ཞིབ་ཕྲ་ངོས་ལེན་ཞུས་པ་རེད།

           “སྐབས་དེ་དུས་ང་ནང་ས་ནས་བཟའ་ཟླའི(ལུའེ་ཆེ་གེ་མོ)ཁ་པར་འབྱོར་ནས་གཅུང་མོའི་ཚོང་ཁང་ནང་དངུལ་ཡོད་ཅེས་བཤད་རྗེས། ང་རང་གནམ་གྲུར་བསྡད་དེ་ལྷ་སར་ཡོང་བ་ཡིན། ཉིན་གཉིས་པར་ངས་མཉམ་སྤྱོད་གློག་སྒུལ་འཁོར་རིགས་ཤིག་ལ་ཞོན་ནས་གཅུང་མོའི་ཚོང་ཁང་དུ་ཕྱིན་ཏེ་སྒོ་བཅག་ནས་དངུལ་འཁྱེར་བ་དང་། དངུལ་བླངས་རྗེས་དམངས་འཚོའི་དངུལ་ཁང་དུ་སོང་ནས་དངུལ་རྣམས་རང་ཉིད་ཀྱི་གཱ་ཐོག་ཏུ་བཞག་པ་ཡིན”ཞེས་བཤད།

           དཔང་རྟགས་ཁུངས་བཙན་ཡོད་པའི་མདུན་དུ་ཉེས་བསགས་དོགས་ཡོད་ཧུའུ་ཆེ་གེ་མོས་རྐུ་འཕྲོག་བྱས་པའི་ཉེས་བསགས་དོན་དངོས་ངོས་ལེན་ཞུས་པ་དང་། མིག་སྔར་མི་དེ་གཉིས་ཁང་པའི་ནང་འཛུལ་ནས་རྐུ་འཕྲོག་བྱས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ཁོང་གཉིས་ལ་བཅའ་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག་འདེད་ལེན་བྱས་པའི་སྒོར་ཁྲི68དེ་ཉེ་ཆར་གནོད་འཚེ་ཕོག་མཁན་ལ་ཆ་ཚང་ཕྱིར་སྤྲད་ཟིན།
རྩོམ་སྒྲིག་པ། བདེ་སྒྲོལ།