ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཟས་ཚོད་རན་པར་ཟོས་ན་ལུས་པོ་བདེ་ཐང་ཡོང་བ།

སྤེལ་དུས 2018-01-09 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མི་གསལ།
          ང་ཚོ་མི་སུ་དང་སུ་ཡིན་རུང་ཟས་ཚོད་རན་པར་བཟའ་བ་ནི་གལ་ཆེན་ཞིག་ཡིན་ལ།དུས་དང་རྣམ་པ་ཀུན་ཏུ་ཟས་སྐོམ་གྱི་ཚོད་ཟིན་ཏེ་ཟོས་ན་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་དང་། མེ་དྲོད་དེ་སྟོབས་དང་ལྡན་པར་གྱུར་ན་གཅོང་ནད་ཐམས་ཅད་ཀྱི་རྩ་བ་མ་ཞུ་བ་སོགས་མི་འབྱུང་ཞིང་།ལུས་ཀྱི་སྟོབས་དང་ཚེ་ཡུན་རིང་དུ་གནས་ཐུབ་པ་རེད། དེ་ཡིན་ན་ཟས་ཀྱི་ཚད་དེའང་གཙོ་བོ་ཟས་རིགས་རྣམས་ཀྱི་ནུས་པ་ལྕི་བ་དང་ཡང་བ་གཉིས་རང་གིས་ཤེས་པར་བྱས་ཏེ་མཉམ་འཇོག་བྱ་དགོས་པ་ཞིག་རེད། དཔེར་ན།སྐམ་སར་གནས་པའི་རི་དྭགས་ཀྱི་ཤ་བཙོས་པ་དང་སྐམ་སའི་ཡུལ་ནས་སྐྱེས་པའི་ནས་དེ་བརྔོས་པ་ལས་བྱུང་བའི་རྩམ་པ་སོགས་ནུས་པ་ཡང་ལ་དྲོ་བས་འཇུ་སླ་བ་ཅན་ཡིན་ཕྱིན་ལྟོ་བ་འགྲངས་པར་བཟའ་དགོས། འདི་ལས་ལྡོག་པའི་ཁ་ཟས་ཀྱི་ནུས་པ་ལྕི་ལ་བསིལ་བའི་རིགས་སྟེ། ར་ཤ་དང་སྒོག་སྐྱ། ལ་ཕུག་སོགས་ནི་འཇུ་དཀའ་བ་ཡིན་པས་ལྟོ་བའི་ཕྱེད་འགྲངས་ཙམ་བཟའ་དགོས་པ་ཡིན། ཡང་གལ་ཏེ་ཟས་ཚོད་མ་ཟིན་པར་བསྟེན་ཉུང་ནའང་མི་འགྲིག་སྟེ་ལུས་ཀྱི་སྟོབས་དང་གཟི་མདངས་སོགས་འཕེལ་མི་ཐུབ་པར་ལུས་ཟུངས་ཤོར་ལ་རླུང་ནད་སོགས་འབྱུང་སྲིད་པ་རེད། གལ་ཏེ་ཁ་ཟས་བསྟེན་ཚད་ཆེ་ནའང་མ་ཞུ་བའི་ནད་མཐའ་དག་འབྱུང་ངེས་པས་ཁ་ཟས་ཀྱི་ནུས་པ་ལྕི་ཡང་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་ཆུང་ལ་གཞིག་ནས་ཁ་ཟས་མང་ཉུང་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་གཉིས་སྦྱར་ཏེ་གང་འོས་ཤིག་ལོངས་སུ་སྤྱོད་དགོས། དེ་ཡང་ཟས་ཚོད་བཟུང་བ་ལའང་སྐྱེ་བོ་གང་ཞིག་མེ་དྲོད་ཤས་ཆུང་ཞིང་རླུང་མཁྲིས་ཀྱི་ནད་མེད་པ་དང་། ལས་ཀ་མང་པོ་སྒྲུབ་མི་དགོས་པར་ལུས་བདེ་ཞིང་དལ་བར་འདུག་པ་རྣམས་ཀྱིས་ལྟོ་བ་དེ་ཆ་བཞི་ལ་བགོས་པ་ལས་བཞི་ཆ་གཉིས་ཟས་ཀྱིས་བཀང་བར་བྱ་བ་དང་བཞི་ཆ་གཅིག་སྐོམ་ཆུས་བཀང་བར་བྱ་བ། ཆ་བཞི་བ་དེ་ཕོ་བའི་ནང་གི་ཟས་སྐོམ་འགུལ་བསྐྱོད་བྱེད་པའི་རླུང་གི་གནས་སུ་སྟོང་བར་བཞག་སྟེ་ཟོས་ཚེ་འོས་ཤིང་འཚམ་པ་ཞིག་རེད།
          དེས་མི་ཚད་སྐོམ་ཆུ་བསྟེན་ཚུལ་ལ་ཡང་ཟ་མ་ཟོས་རྗེས་སུ་སྐོམ་ཆུའི་རིགས་གང་རུང་བཏུངས་ན་ལུས་སྟོབས་འཕེལ་བར་བྱེད་ལ་ཕོ་བའི་མེ་དྲོད་ཆུང་བ་ལ་ཤ་རན་པར་ཟོས་རྗེས་ཆང་འཐུང་བར་བྱས་ན་ཕན་ཐོགས་ཡོད་པ་དང་། ཟས་མི་འཇུ་བར་སྦོ་བརྒྱངས་བྱེད་པ་ཡིན་ན་ཟོས་པའི་རྗེས་ལ་ཆུ་སྐོལ་བཏུང་ན་ཕན་པ་དང་ཡང་ན་ཆུ་སྐོལ་ནང་དུ་རྒྱམ་ཚྭ་ཉུང་ཙམ་རེ་བཏབ་སྟེ་བསྟེན་ན་བདེ་བར་འགྱུར་བ་རེད། ཤ་སྐེམ་པོ་རྒྱས་པར་བྱེད་ན་ཟོས་རྗེས་བཟི་བ་མ་ཡིན་ཙམ་དུ་ཆང་བཏུངས་ན་ལེགས། ཡང་ལུས་ཚོ་ཆེ་བ་དག་སྐམ་པོར་གྱུར་འདོད་ན་ཟས་ཟོས་རྗེས་སུ་སྦྲང་རྩི་དང་སྦྱར་བའི་ཆུ་ཡང་ཡང་བཏུང་བར་བྱ་དགོས།
          གཞན་ཡང་ཆང་བཏུངས་པའི་རྗེས་དང་ཆུ་བཏུངས་པའི་རྗེས། སྦྲང་རྩི་རྣམས་ཟོས་པའི་རྗེས་སུ་ན་བ་དང་ཡང་ན་ན་བཞིན་མེད་པ་གང་ཡིན་རུང་དེ་ཉིད་དུ་གངས་ཆུ་སོགས་ཆུ་བསིལ་གྲང་མོའི་རིགས་བཏུངས་ན་ཕན་ཞིང་ལུས་བདེ་བར་འགྱུར་བ་རེད། དེ་མ་ཡིན་པར་སྐོམ་ཆུ་གང་རུང་ཞིག་བཏུངས་མང་ན་སྐད་འགག་པ་དང་གློ་བའི་ནད། ལུད་པ་འཕེལ་བ། ཆམ་པའི་ནད་སོགས་ལུས་སྟོད་ཡན་ཆད་ཀྱི་ནད་རྣམས་ལ་གནོད་པ་འབྱུང་སྲིད་པ་རེད།
          དེ་བས་ཟས་སྐོམ་གྱི་ཚོད་དེ་ལེགས་པོར་བཟུང་ན་རླུང་མཁྲིས་བད་ཀན་གྱི་ཉེས་པ་རྣམས་རང་རང་ལམ་དུ་ཞུགས་ཏེ་ལུས་ཀྱི་མེ་དྲོད་བསྐྱེད་དེ་ཟས་སྐོམ་རྣམས་བདེ་བླག་ཏུ་འཇུ་བ་དང་ལུས་ཁམས་སྙོམས་ཤིིང་དབང་པོོ་རྣམས་གསལ་བ། ལུས་ཀྱི་སྟོབས་ཆེ་ཞིང་ཁམས་སྙོམས་པར་འགྲོ་བས་བཤང་གཅི་དང་འོག་རླུང་བདེ་བར་རྒྱུ་ཞིང་ཕྱི་རོལ་ཏུ་འབྱིན་ཐུབ་པ་བཅས་འབྱུང་ཕྱིར་ལུས་པོ་བདེ་ཐང་དང་ཚེ་རིང་བར་གནས་ཐུབ་པ་རེད། །