གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

རླུང་མཁྲིས་བད་ཀན་གསུམ་གྱི་མིང་གི་བྱུང་ཚུལ་ལ་དཔྱད་པ།

སྤེལ་དུས 2018-06-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཉལ་སྨན་བཀྲ་ཤིས་ཚེ་རིང་།
          རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་འདི་ནི་བོད་ས་མཐོའི་གསོ་རིག་གཞུང་ལུགས་ལས་སྣང་བའི་མིང་བརྡ་ཞིག་དང་། མི་རིགས་རང་ཉིད་ཀྱི་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྟེན་ནས་གསར་དུ་སྒྲུབ་པའི་མིང་བརྡ་ཞིག་རེད། འདི་ནི་བོད་ཀྱི་གསོ་བ་རིག་པའི་གཞི་འཛིན་གྱི་སྒྲོམ་ལྟ་བུ་ཞིག་ཡིན་པ་དང་། འདི་ཉིད་ངོས་འཛིན་ལེགས་པོ་མ་ཐུབ་ན་སྨན་པ་སློབ་ཡུན་ལོ་ན་བཅུ་ཕྲག་འགའ་འདས་ཀྱང་སྨན་པའི་གྲས་སུ་མི་ཚུད་ཅིང་།  ཐ་སྙད་འདིའི་ཡན་ལག་ཆེ་ལོང་ཙམ་མ་ཤེས་ན་ནད་གཞི་ངོས་འཛིན་བྱེད་ཐབས་བྲལ་ལ།  སྨན་ཞིག་སྦྱིན་པའི་ཚེ་ནའང་ནད་པར་ཕན་འབྲས་ཐོན་རྒྱུ་ལྟ་ཞོག་སྲོག་གི་གཤེད་མ་ཉིད་དུ་འགྱུར་རྒྱུ་ཉག་གཅིག་རེད། དེར་བརྟེན་མིའི་ཚེ་སྲོག་ཇི་སྲིད་གནས་ཐུབ་པའི་རྒྱུ་མཚན་འཚོལ་ནའང་འདི་རང་གི་སྟེང་ནས་གོ་བ་ལེན་དགོས་པ་དང་། ནད་རིགས་ངོས་འཛིན་བྱེད་པའི་ཚེ་ནའང་འདིའི་དོན་མི་རྟོགས་ཐབས་མེད་ཡིན་པར་མ་ཟད། སྨན་བཅོས་གཏན་འཁེལ་བྱེད་པའི་སྐབས་སུའང་འདི་དོན་མ་ཤེས་ན་གཉེན་པོ་སྟེར་ཐབས་བྲལ་བ་རེད། རྒྱུ་མཚན་དེ་ལྟའི་ཕྱིར་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་གྱི་ཆུ་ཚད་མཐོང་རུ་གཏོང་དགོས་ན་རླུང་མཁྲིས་བད་ཀན་གསུམ་གྱི་མིང་གི་འབྱུང་གཞིར་ཞིབ་འཇུག་མ་བྱས་ན་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་མི་ཐུབ། ལོ་རྒྱུས་དང་འབྲེལ་ལ་རིག་གཞུང་གི་དགོངས་པའང་ཟབ་པའི་ཐ་སྙད་དེ་གསུམ་ལ་དཔྱད་ཞིབ་མཛད་རྒྱུའི་ལས་དོན་དེ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ནའང་། རིགས་ལམ་གསར་པའི་ལྟ་ཚུལ་གྱི་སྒོ་ནས་ཐ་སྙད་འདིའི་འབྱུང་གཞི་རྣམ་པ་གསུམ་ལ་དབྱེ་ནས་གླེང་རྒྱུ་ཡིན་པས་དཔྱད་ཞིབ་མཛད་གནང་ཞུའོ། ། 
དང་པོ།  ཐ་སྙད་འདི་ལྷ་སྒྲུང་དང་འདྲེས་ནས་བྱུང་ཟེར་བ་དེར་མི་འཐད་པའི་ཚུལ་ལ་དཔྱད་པ། 
          རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་འདི་ལྷ་སྒྲུང་གི་རྣམ་པའི་སྒོ་ནས་འདིའི་འབྱུང་གཞི་གསལ་བཤད་བྱེད་པའི་རྣམ་པ་དེ་ཉུང་ཉུང་ཞིག་གཏན་ནས་མ་རེད། དེའི་དབང་གིས་བོད་ཀྱི་གསོ་བ་རིག་པ་འདི་རང་བྱུང་ཚན་རིག་གི་རིག་གནས་མིན་པར་འགྱུར་འགྲོ་གི་ཡོད་པ་རེད། ལྷ་སྒྲུང་གི་རྣམ་པ་དང་འདྲེས་ཏེ་འདིའི་ཐ་སྙན་ཀྱི་འབྱུང་གཞི་ལ་རྒྱབ་རྟེན་བྱེད་པའི་ལུང་ནི་བོད་ཀྱི་གསོ་བ་རིག་པའི་ཡིག་ཆ་མང་པོའི་ནང་ཡོད་པ་དང་།  འདིར་《བེེ་སྔོན》ལྟར་བྱས་ན།  དེ་ཉིད་ལས་“‘རླུང་ལྷའི་རླུང་སྨན་སྦྱོར་བྱས་པས། །  རླུང་རྐྱལ་ཞགས་པས་རླུང་ནད་འབྱུང་། །  དེ་གསོ་བ་ལ་ཏིལ་མར་མཆོག། ’ཅེས་པ་ལྟར་སྔོན་གྱི་དུས་སུ་རླུང་ལྷ་འབར་བས་ཕྱིའི་རྒྱ་མཚོར་ཁྲུས་ལ་ཕྱིན་པས་རླུང་སྨན་མོ་ནོར་བུ་འཛིན་པ་ཞེས་བྱ་བ་ལུས་ལ་རྒྱན་སྣ་ཚོགས་པར་བརྒྱན་པ་ཡིད་དུ་འོང་བ་ཞིག་དང་ཕྲད་པས་འདོད་ཆགས་སྐྱེས་ཏེ་རླུང་ལྷས་སྦྱོར་བ་བྱས་པས་རླུང་གི་རྐྱལ་པ་ཞགས་པའི་རླུང་ཤོར་ནས་རླུང་གི་ནད་བྱུང་བར་བཤད་ལ་”ཞེས་ཐ་སྙད་འདིའི་འབྱུང་གཞི་གཏམ་རྒྱུད་དེ་འདྲ་ཞིག་གིས་ཁུངས་བསྐྱེད་ཡོད།  དེ་བཞིན་དུ་མཁྲིས་པའང་དེ་ཉིད་ལས་《བདུད་རྩི་མཆོག་གི་ལུང་》ཞེས་པ་ལས་དྲངས་ཏེ་“‘རྒྱལ་པོ་ཤེས་བརྟན་ཅན་ཞེས་པས། །  ལྷ་དང་དྲང་སྲོང་རྣམས་ལ་ནི། །  མཆོད་སྦྱིན་རྒྱ་ཆེན་བྱས་པ་བས། །  ལྷ་ཆེན་དབང་ཕྱུག་དྲག་པོ་དེ། །  ཀུན་གྱི་གྲལ་གཞུག་སྤྱན་དྲངས་པའི། །  ལྷ་ཆེན་དྲག་པོ་དེ་ཁྲོས་ནས། །  ལྷ་ཆེན་དེ་ཡི་དཔྲལ་བ་ལས། །  མེ་འབར་མིག་དེ་རབ་ཁྲོས་ཏེ། །  ཁྲག་མིག་གཟིར་བས་བལྟས་པ་ཡིས། །  མཁྲིས་པ་ཚ་བའི་ནད་སྣ་དར། ། ’ཞེས་པ་ལྟར་སྔོན་བསྐལ་པ་ལྔ་ཁྲི་ལྔ་སྟོང་འདས་པ་ན་སྐྱེ་དགུའི་བདག་པོས་ལྷ་ཆེན་དྲག་པོ་མཆོད་སྦྱིན་ལ་གདན་དྲངས་པས། ལྷ་ཆེན་ཀུན་གྱི་གྲལ་གཞུག་ལ་བཞག་པས་ལྷ་ཆེན་ཁྲོས་ཏེ་སྐྱེ་དགུའི་བདག་པོའི་མཆོད་སྦྱིན་མ་བཞེས་པར་བརླག་པར་བྱས་སོ། ། ཞེ་སྡང་གིས་ལྷ་ཆེན་དྲག་པོས་མིག་དྲག་ཏུ་བསྒྲིལ་བ་ལས་མཁྲིས་པ་ཚ་བའི་ནད་རིགས་སྣ་ཚོགས་བྱུང་བ་དང་”ཞེས་མཁྲིས་པའང་རླུང་དང་འདྲ་བར་བཤད་འདུག དེ་ལྟར་དུ་བད་ཀན་ཡང་དེ་ཉིད་ལས་《སེ་སྒྲོམ་སྨུག་པོ་》ཞེས་པ་ལས་ལུང་དྲངས་ཏེ།  “‘སྔོན་གྱི་བསྐལ་པ་དང་པོ་ལ། །  བཙུན་མོ་ར་ཡི་མིང་ཅན་བྱུང་། །  བཙུན་མོ་བློན་པོ་སྦྱོར་བྱས་པས།  རྒྱལ་པོ་ཁྲོས་ཏེ་མཚོ་ལ་བསྐྱུར། །  སྨོན་ལམ་ལོག་པས་བྱད་དུ་ཆུག བྱད་ནད་བད་ཀན་ནད་ཀྱིས་ཐེབས། །  རྒྱལ་པོ་ཁྲོས་པས་བཤང་གཅི་གཏོར། །  བྱ་ཆེན་ཁྱུང་གི་སྤུ་གསེབ་འཐུམས། །  བྱ་ཆེན་མི་ཡུལ་བབས་པ་ཡི། །  མི་ལ་བད་ཀན་ནད་འབྱུང་ངོ། ། ’ཞེས་པ་ལྟར་སྔོན་རྒྱལ་པོ་རྒྱལ་བའི་མིང་ཅན་ལ་བཙུན་མོ་ར་མ་ཞེས་བྱ་བ་ཞིག་ཡོད་པས།  བཙུན་མོས་བློན་པོ་རྟ་མགོ་ཅན་ལ་འགྲོགས་པས་རྒྱལ་པོ་ཁྲོས་ཏེ་བཙུན་མོ་དང་བློན་པོ་གཉིས་ཀ་མཚོ་ལ་བསྐྱུར་བས་ཁོང་གཉིས་ཀྱིས་སྨོན་ལམ་བཏབ་པ་ནི།  རྒྱལ་ངན་རྒྱལ་བའི་མིང་ཅན་དེར།  ཀླུ་དང་བྱད་ཀྱིས་ནད་ཐོབ་ལ། །  ཐར་མེད་མཚོ་དང་འདྲ་བ་ཡི། །  བྱད་ནད་བད་ཀན་ནད་ཀྱིས་ཐོབ། །  བྱས་པས་ཁོང་གཉིས་ཀྱི་སྨོན་ལམ་འགྲུབ་སྟེ།  རྒྱལ་པོར་བད་ཀན་ནད་ཀྱིས་ཐེབས་སོ། །  དེ་ནས་རྒྱལ་པོ་ཁྲོས་ཏེ་མདོམས་ཀྱི་བཤང་གཅི་གཏོར་བས་བྱའི་སྤུ་གསེབ་ཏུ་འཐུམས་ནས་མི་ཡུལ་དུ་བྱ་བབས་པ། མིས་བྱ་ཁྱུང་རྙི་ལ་བཟུང་ནས་ཁྱུང་ཤ་ཟོས་པས་བད་ཀན་གྱི་ནད་བྱུང་ངོ་། ། ”ཞེས་པའང་གོང་དང་འདྲ་བར་ལྷ་སྒྲུང་གི་རྣམ་པ་དེ་འདྲ་ཞིག་གིས་བད་ཀན་ནད་ཀྱི་འབྱུང་གཞིའི་ཁུངས་བྱས་ཡོད། 
          ལྷ་སྒྲུང་གི་གཏམ་རྒྱུད་དེ་ལས་རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་དེ་འདོད་ཆགས་ཀྱི་རླུང་སྐྱེ་ཚུལ་དང་། ཞེ་སྡང་གིས་མཁྲིས་པ་སྐྱེ་ཚུལ་གྱི་རྒྱུ་མཚན་ཅུང་ཟད་བཤད་ཡོད་ཀྱང་ཐ་སྙད་དེ་རང་བཞིན་དུ་འོང་བ་ཞིག་ལས་རྒྱུ་རྐྱེན་གང་དང་གང་ལ་བརྟེན་ནས་མིང་ཚིག་དེ་གསར་དུ་བྱུང་བའི་སྐོར་གཏམ་རྒྱུད་འདིས་གསལ་བཤད་བྱེད་ཐུབ་མེད་ལྷག་པར་དུ་གཏམ་རྒྱུད་དེའི་ནང་རླུང་ནད་དང་།  མཁྲིས་ནད་།  བད་ཀན་ནད་བཅས་ཀྱི་སྐྱེ་ཚུལ་ཁ་མ་ཚང་བ་རེ་བཤད་པ་ལས་མིའི་ལུས་ཁམས་བདེ་ཐང་དུ་གནས་པར་རླུང་མཁྲིས་བད་ཀན་གྱིས་དོན་བྱེད་མི་ནུས་ཞེས་པ་ཤུགས་སུ་གོ་རྒྱུ་ཡོད་པས་དེ་བས་ཀྱང་ཡིད་བརྟོན་རུང་བ་གང་ཡང་མེད། ཡིན་ནའང་གཏམ་རྒྱུད་དེ་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་པ་དང་། དེའི་དབང་གིས་སྐབས་དེའི་སྤྱི་ཚོགས་སམ་ལོ་རྒྱུས་ཀྱི་གནས་ཚུལ་ལ་ང་ཚོས་ཞིབ་འཇུག་མི་བྱེད་ཀ་མེད་རེད།  དེ་ཡང་ངལ་རྩོལ་བརྒྱུད་ནས་མིའི་རིགས་ཀྱི་ལག་རྩལ་དང་བློ་གྲོས་སོགས་ཡར་ཐོན་གསར་དུ་བྱུང་བ་དང་། ངལ་རྩོལ་ལ་བརྟེན་ནས་རིག་གནས་བཟོས་པ་ཞིག་ཡིན་སྟབས་གོང་གསལ་གྱི་གཏམ་རྒྱུད་དེ་ནི་ངལ་རྩོལ་བརྒྱུད་ནས་བྱུང་བ་ཞིག་རེད། ལྷ་སྒྲུང་དེ་འདྲ་ཞིག་འགུལ་བསྐྱོད་བྱེད་པའི་སྤྱི་ཚོགས་ཀྱི་གནས་ཚུལ་འདི་འདྲ་ཞིག་ཡིན་བསམས་ཏེ། རང་རེའི་གངས་ཅན་གྱི་མེས་པོ་རྣམས་ཀྱིས་ཟས་སུ་རྩི་ཐོག་དང་། ཤིང་ཏོག་ལ་སོགས་པའི་མ་རྨོས་ཀྱི་ལོ་ཏོག་བཟའ་བ་དང་། གོས་སུ་རི་དྭགས་དང་ཤིང་གི་པགས་པ་གྱོན་པའི་དུས་སྐབས་དེར། འཚོ་བའི་ཆུ་ཚད་ཧ་ཅང་དམའ་བའང་ཡང་ན་དེ་ལས་ཀྱང་ཡར་ཐོན་དུ་གནས་པའི་འཚོ་བའི་ཁོར་ཡུག་གི་སྐབས་ཤིག་སྟེ། ཤིང་དང་རྩྭའི་སྤྱིལ་བུ་སོགས་ཀྱིས་ཁང་པའི་བཀོད་པ་གསར་དུ་བསྐྲུན་པ་དང་། རྡོ་བ་སོགས་ལ་ཉ་ག་འཐེན་པའམ། རྡོ་ཡིས་ར་བ་བསྐོར་ཏེ་ཁང་ཁྱིམ་གྱི་རྣམ་པ་གསར་དུ་གཏོད་པ་བཅས་ཀྱི་སྐབས་ཤིག་ཡིན་ཅིང་། སྐབས་དེར་དཔའ་རྩལ་ཆེ་བའི་མི་ཞིག་མཐོང་མ་ཐག་རང་བཞིན་གྱིས་དེར་དད་གུས་ཀྱི་གནས་སུ་བལྟ་བ་དང་། མི་དེའི་གྲས་ནི་གནམ་ནས་འོངས་པའང་ཡང་ན་ཡུལ་གཞན་ཞིག་ནས་ཡོང་བར་དགོངས་ཏེ་རང་བྱུང་ཁམས་ཀྱི་དངོས་པོའི་ཆོས་ཉིད་ལ་གོ་བ་ལོན་སྟངས་རིམ་བཞིན་མཐོ་རུ་ཕྱིན་ཏེ་ལྷ་ལ་དད་པ་སྐྱེས་པའི་སྣང་ཚུལ་དེ་ཐོན་པ་རེད།  དེ་ནི་གདོད་མའི་སྤྱི་ཚོགས་ཀྱི་རིག་གནས་ཤིག་ཡིན་པ་དང་།  ཁོང་ཚོས་སྤྱི་ཚོགས་དེའི་ཁོར་ཡུག་ལ་བརྟེན་ནས་ད་གཟོད་ང་ཚོའི་འདྲེན་བྱེད་ཀྱི་ལམ་དུ་མངོན་པའི་རིག་གནས་དེ་དག་གི་རྨང་གཞི་བཏིང་བ་རེད། རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་ཀྱི་འབྱུང་གཞི་ལ་ངོས་འཛིན་བྱེད་པའི་དུས་རབས་དེའི་འཚོ་བའི་ཆུ་ཚད་དམའ་བ་དང་། རིག་གནས་ཀྱི་འཚོ་བ་དེང་སྐབས་དང་བསྡུར་ན་གནམ་ས་གཉིས་ཀྱི་ཁྱད་པར་ཡོད་ཅིང་། དེའི་དུས་སུ་རང་བྱུང་ཁམས་ཀྱི་དངོས་པོའི་སྣང་ཚུལ་ལ་འགྲེལ་བཤད་དེ་འདྲ་ཞིག་རྒྱག་ཐུབ་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ལྷ་སྒྲུང་གི་གཏམ་རྒྱུད་གང་ཞིག་ཡིན་རུང་དེ་ནི་རང་རེའི་མེས་པོ་རྣམས་ཀྱིས་གསར་གཏོད་བྱས་པ་ཞིག་དང་། བོད་ཀྱི་ཤེས་རིག་གི་ཁོངས་སུ་གཏོགས་ཀྱི་ཡོད། གཏམ་རྒྱུད་དེ་དག་གི་ཁྲོད་ནས་ཀྱང་གནའ་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་ངོ་སྤྲོད་བྱེད་ཀྱི་ཡོད་པར་བརྟེན། ད་གཟོད་སྤྱི་ཚོགས་ཀྱི་གནས་བབས་འདི་ཙམ་དུ་སླེབས་ཡོད་ཀྱང་ང་ཚོས་ལྷ་སྒྲུང་གི་ཤོད་རྒྱུན་དེའི་རིགས་ལ་ཞིབ་འཇུག་མཛད་རྒྱུ་ནི་དུས་རབས་འདིར་སྐབས་སུ་བབ་པའི་ལས་འགན་བླ་ན་མེད་པ་ཞིག་ཡིན་སྙམ་མོ། ། 
གཉིས་པ།  ཐ་སྙད་དེ་ཆོས་ལུགས་ཀྱི་བཤད་སྟངས་དང་འདྲེས་ཡོད་པར་དཔྱད་པ། 
          སྤྱིར་ན་བོད་ཀྱི་རིག་གནས་ཀྱི་ནང་དུ་ཆོས་ལུགས་ཀྱི་ཤན་མང་ཙམ་ཞུགས་ཡོད་པ་དང་། དེ་ནི་དེང་སྐབས་ཀྱི་རིག་གནས་ནང་དུ་ཆབ་སྲིད་འདྲེས་ནས་ཡོད་པ་དང་ཧ་ཅང་འདྲ་པོ་ཞིག་རེད། བོད་ཀྱི་གསོ་བ་རིག་པའི་ནང་དུའང་ཆོས་ལུགས་ཀྱི་ནང་དོན་མང་ཙམ་ཁྱབ་ཡོད་པ་དེ་ནི་བོད་ཀྱི་གསོ་བ་རིག་པ་འདི་བོད་ཀྱི་རིག་གནས་གཞན་དག་དང་འདྲ་བར་བོད་མི་རིགས་རང་ཉིད་ཀྱིས་གསར་གཏོད་བྱས་པ་མཚོན་པ་དང་། རིག་གནས་འདི་ཉིད་མི་རིགས་རང་ཉིད་ལ་གཙང་མར་བདག་རྒྱུའི་ལམ་ཡང་སྟོན་གྱི་ཡོད་པ་རེད། ངས་ཆོས་ལུགས་ཀྱི་ཤན་ཞུགས་པ་ཞེས་པ་དེ་རྨོངས་དད་ཀྱི་ཤན་ཞུགས་པ་ཞེས་པའི་དོན་མིན་ཏེ། སྤྱིར་ཆོས་ཞེས་པ་ནི་ང་རྨ་ཞེས་པའི་སྒྲ་ལས་གཟུང་བའམ་འཛིན་པའི་དོན་སྟོན་པ་དང་། གཟུང་བའམ་འཛིན་རུང་བ་ནི་དངོས་པོ་ཉིད་དུ་སྒྲུབ་ཅིང་། དངོས་པོ་ཉིད་ནི་མངོན་ལྐོག་གཉིས་ཀྱི་སྟེང་དུ་བསྡད་ཡོད་པས་མངོན་གྱུར་དང་ལྐོག་གྱུར་གཉིས་ཀ་ཁས་ལེན་དགོས་པ་མ་གཏོགས་མངོན་སུམ་གྱི་སྣང་ཡུལ་དུ་འཆར་བ་ཐམས་ཅད་བདེན་པ་ཉིད་དུ་མཐོང་བ་དང་། ལྐོག་གྱུར་ལ་གནས་པ་ཐམས་ཅད་མངོན་སུམ་དུ་མི་སྣང་བས་བདེན་རྫུན་དབྱེ་རྒྱུ་མེད་པར་བཞག་ན་དངོས་པོ་ཐམས་ཅད་ཡང་མི་དག་པར་ངོས་འཛིན་བྱེད་སྲིད་པ་རེད། དེའི་ཕྱིར་རླུང་མཁྲིས་བད་ཀན་གསུམ་གྱི་འབྱུང་གཞིའི་རྒྱུ་ནི་ལྐོག་གྱུར་ཉིད་ལས་གནས་པ་ཞིག་ཡིན་ཅིང་། རླུང་མཁྲིས་བད་ཀན་གསུམ་པོ་ཁོ་ན་ཉིད་ནི་ལྐོག་གྱུར་གྱི་རྒྱུ་དེའི་འབྲས་བུ་རེད།  དེ་ཡང་གསོ་རིག་《རྒྱུད་བཞི་》ལས་“ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ། །  བདག་མེད་དོན་མ་རྟོགས་པས་མ་རིག་ཅེས། །  དཔེར་ན་བྱ་ནི་མཁའ་ལ་ལྡིང་གྱུར་ཀྱང་། །  རང་གི་གྲིབ་མ་དེ་དང་མི་འབྲལ་ཞིང་། །  འགྲོ་ཀུན་བདེ་བར་གནས་ཤིང་སྤྱོད་ནའང་། །  མ་རིག་ལྡན་པས་ནད་དང་འབྲལ་མི་སྲིད། ། ”ཅེས་གསུངས་ཤིང་།  འདིའི་དོན་ནི།  ནད་རྣམས་ཀྱི་རྒྱུ་ནི་གཅིག་པུ་འདིར་འདུས་ཏེ།  གཅིག་པུ་གང་ཞེ་ན། དོན་དམ་པར་གང་ཟག་དང་། ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་ཁོ་ན་ཡིན་ཀྱང་ཀུན་རྫོབ་ཏུ་འཁྲུལ་ནས་བདག་མེད་བདག་ཏུ་བཟུང་བས་ན་རང་གི་ངོ་བོ་མ་རྟོགས་པས་དེར་མ་རིག་པ་ཞེས་བྱ་བ་ཡིན། དཔེར་ན། འདབ་ཆགས་གཤོག་རྩལ་ལྡན་པ་གང་ཞིག་ནམ་མཁར་འཕུར་ལྡིང་བྱེད་པའི་ཚེ་ན་འདབ་ཆགས་དེའི་གྲིབ་མ་སྐད་ཅིག་ཙམ་ཡང་ཁོ་རང་གི་ལུས་དང་མི་འབྲལ་བར་དེའི་རྗེས་སུ་འབྲངས་པ་བཞིན་དུ་འགྲོ་བ་སེམས་ཅན་ཀུན་ཀྱང་རེ་ཞིག་ཐ་མལ་ནད་མེད་དུ་བདེ་བར་གནས་ནས་རང་རང་གི་ཕུན་སུམ་ཚོགས་པའི་འཚོ་བར་ལོངས་སྤྱོད་པའི་ཚེ་ནའང་མ་རིག་པ་དེ་ཉིད་རྒྱུད་ལ་གནས་པའི་སྟབས་ཀྱིས་ནད་འབྱུང་བའི་རྒྱུ་དང་ཇི་སྲིད་འབྲལ་མི་སྲིད། དེ་ནི་ནད་ཀྱི་སྤྱིའི་རྒྱུ་ཡིན་པར་ངོས་འཛིན་བྱས་ཡོད། དེས་ན་མ་རིག་པ་ལས་རྒྱུ་བྱས་ཏེ། ཡུལ་ཡིད་དུ་འོང་བ་ལ་འདོད་པས་ཆགས་ཞེས་སྐྱེས་པ་ལས་རླུང་ནད་བྱུང་བ་དང་། ཡུལ་ཡིད་དུ་མི་འོང་བ་ལ་ཁོན་ཞིང་ཞེ་སྡང་བས་མཁྲིས་པའི་ནད་བྱུང་བ། དེ་གཉིས་གང་གི་ཆ་ལའང་བླང་དོར་གྱི་གནས་མི་རྟོགས་པས་བད་ཀན་གྱི་ནད་བྱུང་བ་བཅས་ནད་གཞི་སྐྱེ་ཚུལ་གྱི་ཐད་ནས་རླུང་མཁྲིས་བད་ཀུན་གསུམ་གྱི་འབྱུང་གཞི་དེ་འདྲ་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།  ཡུལ་ཡིད་དུ་འོང་མི་འོང་དང་།  ཡང་ན་དེ་གཉིས་གང་རུང་ཡང་མི་རྟོགས་པ་བཅས་ཀྱིས་རླུང་མཁྲིས་བད་ཀན་གྱི་ནད་སྐྱེད་ཚུལ་ཐད་ཆོས་ལུགས་ཀྱི་ཤོད་སྟངས་འདི་རིགས་དང་འདྲ་བར་ནད་ཀྱི་སློང་རྐྱེན་དེ་འདྲ་རྟག་ཏུ་སྤྱི་ཚོགས་ཀྱི་ཐོག་ལ་མཐོང་རྒྱུ་ཡོད་པ་ཞིག་ཡིན་ཅིང་། དེའི་ཐོག་ནས་ཆོས་ལུགས་ནི་དངོས་གཙོ་རིང་ལུགས་སྨྲ་བ་ཞིག་ཡིན་པ་མཐོང་ཐུབ་པ་དེ་ག་རེད། ཡིན་ནའང་སྐྱོན་ཞིག་ཀྱང་ངེས་པར་མཐོང་ཐུབ་པ་ཡིན་ཏེ། སྤྱིར་རླུང་མཁྲིས་བད་ཀན་གསུམ་པོ་མིའི་ལུས་ཁམས་ལ་ཐོག་མ་ནས་གནས་ཡོད་པ་དེས་མིའི་ལུས་ཁམས་འཚོ་གནས་ཐུབ་པའི་བྱ་བ་བྱེད་ཀྱི་ཡོད་ནའང་སྐབས་དེའི་ནང་མ་རིག་པའི་དབང་གིས་རླུང་མཁྲིས་བད་ཀན་གསུམ་པོས་ནད་ཀྱི་རྒྱུ་བྱེད་པ་ཙམ་ལས་བདེ་ཐང་སྐབས་ཀྱི་བྱེད་ལས་གསལ་པོ་ཡོད་པ་མ་རེད། ཕྱོགས་མཚུངས་ཡུལ་ཡིད་དུ་འོང་མི་འོང་སོགས་ཀྱི་རྐྱང་པ་ཁོ་ནས་ནད་ཀྱི་རྒྱུ་བྱེད་ཐུབ་པའང་མེད་དེ་གློ་བུར་ཉིད་དུ་མིའི་ལུས་ཁམས་གཡང་ས་ནས་ལྷུང་བའམ་ཡང་ན་དམའ་རྡོ་གྲི་སོགས་ཕོག་པའི་དབང་གིས་ནད་རྒྱུ་བྱེད་སྲིད་པའང་ཡོད་པའི་ཕྱིར་རོ། ། གཞན་ཡང་རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་དེའི་འབྱུང་གཞི་ངོ་མའི་ཐོག་གནས་གསལ་བཤད་ཕྱོགས་རེ་འགའ་ཐུབ་པ་ལས་རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་དེའི་མིང་ཚིག་ཇི་ལྟར་གྲུབ་མིན་དེའི་ཐད་ནས་གསལ་བཤད་གནང་ཐུབ་མེད། དེར་བརྟེན་འོག་ནས་གླེང་རྒྱུའི་རང་ལུགས་ལས་གསལ་ཁ་གཏོད་ཐུབ་པ་ཡིན། 
གསུམ་པ། རང་བྱུང་ཁམས་ཀྱི་དངོས་པའི་ཆོས་ཉིད་ལས་ཐ་སྙད་དེའི་བྱུང་ཚུལ་དཔྱད་པ། 
          ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྟེན་ནས་རླུང་མཁྲིས་བད་ཀན་གསུམ་གྱི་ན་ཐ་སྙད་ཀྱི་འབྱུང་གཞི་ལ་བརྟག་པའི་ཚུལ་འདི་་ནི་ནད་ཅན་དང་ནད་མེད་གང་གི་ལུས་ཁམས་སུ་ཁྱབ་མཉམ་དུ་གནས་པ་དེ་ཡང་དག་པའི་སྒོ་ནས་གསལ་བཤད་བྱེད་ཐུབ་པ་ཞིག་རེད།  རྒྱུ་མཚན་ནི།  གསོ་རིག་《རྒྱུད་བཞི》ལས་“དེ་ཉིད་མངའ་དུ་གྲུབ་པའི་ཚུལ་བསྟན་པ། །  སྐྱེ་བའི་དང་པོ་ཁུ་བ་ཁྲག་ལ་གནས། །  དཔེར་ན་དུག་ཅན་སྲིན་བུའི་དུག་སྐྱེད་མཚུངས། ། ”ཞེས་པ་ལྟར་རླུང་མཁྲིས་བད་ཀན་གསུམ་པོ་དེ་མའི་མངལ་དུ་གྲུབ་ཚུལ་ནི། ལུས་མཁས་ཆགས་ཤིང་ཆེར་སྐྱེ་བའི་རྒྱུ་དང་པོ་ནི་ཕ་མ་གཉིས་ཀྱི་ཁུ་ཁྲག་ཡིན་ཅིང་། ཁུ་ཁྲག་དེ་གཉིས་པོ་ནི་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་འབའ་ཞིག་ལས་བྱུང་བ་དང་། ཁམས་དཀར་དམར་དེ་ཉིད་ལས་གྲུབ་པའི་ལུས་ཁམས་འདི་ཉིད་ནི་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་ལས་གྲུབ་པ་ཡིན། ཚུལ་དེས་གང་ཞིག་གསལ་བཤད་ཐུབ་ཀྱི་ཡོད་ཅེ་ན། རླུང་མཁྲིས་བད་ཀན་གསུམ་གྱི་འབྱུང་གཞི་ངོ་མ་དེ་རང་བྱུང་ཁམས་ཀྱི་མི་གསལ་བའི་དངོས་པོའི་དྭངས་མ་ལས་བྱུང་བ་ཉིད་གསལ་བཤད་ལེགས་པོ་བྱས་པ་རེད། རང་བྱུང་ཁམས་ཀྱི་མི་གསལ་བའི་དངོས་པོ་ཉིད་ཀྱིས་རླུང་མཁྲིས་བད་ཀན་གསུམ་གྱི་འབྱུང་གཞི་དང་མིང་གྲུབ་ཚུལ་ནི། རླུང་ནི་གཡོ་བའི་དོན། མཁྲིས་པ་འབར་བའི་དོན། བད་ཅེས་པ་དང་ཀན་ཞེས་པ་ཆུར་བརྗོད་པས་ན་འབྱུང་བ་རླུང་བ་དང་། མེ། ས་དང་ཆུ་ལས་རླུང་མཁྲིས་བད་ཀན་གསུམ་གྱི་ཐ་སྙད་བྱུང་བ་དེ་ག་རང་རེད། དེ་ནི་དངོས་པོའི་སྣང་ཚུལ་མངོན་དུ་བྱུང་བ་དང་། མིང་རྗེས་སུ་བྱུང་བའི་ཆོས་ཉིད་དང་འདྲ་པོ་རེད།  དེ་ལ་རྗེས་གྲུབ་དོན་བདེན་དུ་བཏགས་ན་དེ་ལས་འཚམ་པ་གང་ཡང་མེད།  དེ་ཡང་རླུང་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པའི་མིང་ཡིན་པ་དང་། མཁྲིས་པ་དང་བད་ཀན་གཉིས་ནི་ངོ་བོའི་སྒོ་ནས་བཏགས་པའི་མིང་ཁོ་ན་རེད། དེ་གསུམ་འབྱུང་བའི་ནུས་པ་ཤས་ཆེ་ཆུང་དབང་གིས་མིང་དེ་ལྟར་བཏགས་པ་ལས་འབྱུང་བའི་ནུས་པ་ཀུན་ལ་མ་ཁྱབ་ཟེར་ན་ག་ནས་འགྲིག་སྟེ། དཔེར་ན། མཁྲིས་པས་མིའི་ལུས་ཁམས་ཀྱི་དྲོད་ཀྱི་ཆ་ཤས་ཡོངས་རྫོགས་འཛིན་པར་བྱས་པ་དེ་ལྟར་རུང་དྲོད་འཛིན་པའི་ཆ་ཤས་དེ་ལ་རླུང་གི་ནུས་པ་མེད་ན་མིའི་ལུས་ཁམས་བསྲེགས་པར་འགྱུར་བ་ཡིན་ཅིང་། དེའི་ཕྱིར་འབྱུང་བ་དེ་དག་ཕན་ཚུན་མཉམ་གནས་ཀྱིས་རླུང་མཁྲིས་བད་ཀན་གསུམ་པོ་སྙོམས་སྒྲིག་བྱས་ཏེ་མིའི་ལུས་ཁམས་འཛིན་གྱི་ཡོད། ཡང་བསྐྱར་གཏིང་ཟབ་ཏུ་བཏང་ན། གཉིད་ཡེར་བའམ་གང་སར་འགྲོ་སྐྱོད་མང་ལ་སེམས་པ་བརྗེད་ངས་ཆེ་བ་སོགས་བྱུང་བ་རྣམས་ནི་གཡོ་བའི་ཆོས་ཉིད་ཁོ་ན་ཡིན་པ་དང་། གཡོ་བའི་རྒྱུ་མཚན་དེ་ལ་བལྟས་ནས་རླུང་ཞེས་པའི་ཐ་སྙད་དེ་ཕྱི་རོལ་ཡུལ་གྱི་འབྱུང་བའི་གྲས་སུ་ཡོད་པའི་རླུང་དེའི་མིང་ཚུར་སྦྱར་བ་དང་། ཡང་མིའི་ལུས་ཁམས་ཀྱི་དྲོད་ཚད་ཐམས་ཅད་མེའི་ཆོས་ཉིད་ལས་བྱུང་བའི་དབང་གིས་མཁྲིས་པར་འབར་བ་ཞེས་བཏགས་པ་དང་། མཁྲིས་པ་ལའང་ཉེས་པའི་མཁྲིས་པ་ཞེས་པ་ཞིག་དང་། སྣོད་ཀྱི་མཁྲིས་པ་ཞེས་པ་གཉིས་ཡོད་པ་ལས་ཉེས་པའི་མཁྲིས་པ་ནི་འབར་བ་ཞེས་པ་དེ་ཡིན་ཅིང་། སྣོད་ཀྱི་་མཁྲིས་པའི་མིང་ལ་བརྟེན་ནས་འབར་བ་ཞེས་པ་དེ་ཉེས་པའི་མཁྲིས་པར་བཅོས་པ་རེད། ཉེས་པའི་མཁྲིས་པ་ནི་མཐོང་དུ་མི་རུང་བ་དང་། སྣོད་ཀྱི་མཁྲིས་པ་ནི་མིའི་ལུས་ཁམས་ཀྱི་མཆིན་པའི་མཚམས་ན་ཡོད་པ་དེ་ཡིན་པས་དེ་གཉིས་གཅིག་ལ་ངོས་འཛིན་བྱེད་མི་རུང་། ཡང་མིའི་ལུས་ཁམས་ཀྱི་སྲ་ཞིང་འཐས་པའི་དངོས་པོ་དང་། རླན་ཞིང་བཤེར་བའི་དངོས་པོ་རྣམས་ནི་ས་དང་ཆུའི་ཆོས་ཉིད་དང་མཐུན་པས་ཕྱི་རོལ་ཡུལ་གྱི་ས་ཆུའི་མིང་ལ་བརྟེན་ནས་བད་ཀན་ཞེས་བཏགས་པ་རེད། དེར་བརྟེན་མིའི་ལུས་ཁམས་བདེ་ཐང་དུ་གནས་ཐུབ་པའི་རྒྱུ་མཚན་འཚོལ་དགོས་ནའང་ཕྱི་རོལ་གྱི་འབྱུང་བ་རླུང་དང་། མེ། ས་ཆུ་བཞི་པོའི་ཆོས་ཉིད་ལ་བརྟེན་ནས་ནང་དུ་མིའི་ལུས་ཁམས་སུ་མི་མངོན་པའི་འབྱུང་བ་ལས་བྱུང་བའི་རླུང་མཁྲིས་བད་ཀན་གསུམ་གྱིས་མིའི་ལུས་ཁམས་འཛིན་པ་དེ་ཤེས་དགོས་པ་དང། ནད་རྟགས་ཀྱི་སྐབས་སུ་ཡང་མི་མངོན་པའི་འབྱུང་བ་དེ་རིགས་འཕེལ་བའམ་ཡང་ན་ཟད་པའམ་འཁྲུགས་པར་གྱུར་པའི་སྣང་ཚུལ་རྣམས་བསམ་དགོས་པ་ལས་འདོད་ཆགས། ཞེ་སྡང་། ། གཏི་མུག་བཅས་ཀྱི་སྟེང་དུ་མགོ་འཁོར་ནས་བསྡད་ན་ནད་གཞི་གཏན་འཁེལ་ཡོང་རྒྱུ་དཀའ་མོ་རེད།  དེའི་ཕྱིར་“དཔེར་ན་མཁའ་ལ་ཟླ་བ་ཡང་། །  རླུང་གིས་འཛིན་ཞིང་གནས་པ་ལྟར། །  དེ་བཞིན་འགྲོ་བའི་ལུས་འདི་ཉིད། །  རླུང་མཁྲིས་བད་ཀན་གསུམ་གྱིས་འཛིན། ། ”ཞེས་པ་ལྟར་ནམ་མཁར་ཡོད་པའི་ཉི་ཟླ་རླུང་གིས་འཛིན་ཞིང་གནས་ཡོད་པ་དེ་ལྟར་དུ་མིའི་ལུས་ཁམས་ཉིད་ཀྱང་རླུང་མཁྲིས་བད་ཀན་གསུམ་པོས་འཛིན་ཞེས་པ་འདི་ལེགས་བཤད་ཀྱི་སྒྲོན་མེ་རྨད་དུ་བྱུང་བ་ཞིག་ཡིན། གང་ལགས་ཟེར་ན་ཕྱི་ལུགས་གསོ་བ་རིག་པས་མིའི་ལུས་ཁམས་ནི་ཕྲ་ཕུང་གིས་གྲུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། བོད་ཀྱི་གསོ་བ་རིག་པས་གཅིག་མཐུན་གྱིས་རླུང་མཁྲིས་བད་ཀན་གསུམ་པོ་དེ་ཕྱི་ནང་གི་འབྱུང་བའི་ཕྲ་ཕུང་ཡིན་པར་ངོས་འཛིན་གནང་རྒྱུ་དེ་ནི་ཧ་ཅང་གིས་ཡང་དག་པ་ཞིག་རེད། དེས་བོད་ཀྱི་གསོ་བ་རིག་པ་འདི་རང་བྱུང་ཚན་རིག་ལ་བརྟེན་ནས་གསར་གཏོད་བྱས་པ་ཞིག་དང་། རང་བྱུང་ཁམས་ཀྱི་དངོས་པོས་རང་བྱུང་ཁམས་ཀྱི་དངོས་པོའི་གཤིས་རྒྱུད་བཏུལ་ནས་ཕན་ཚུན་སྙོམས་སྒྲིག་དང་།  མཉམ་གནས་བྱེད་པའི་སྣང་ཚུལ་དེར་ངོས་འཛིན་གཅིག་མཐུན་ཡོང་སྲིད་པ་རེད། 
སྡོམ་ཚིགས་དང་བསམ་གཞིགས། 
          ཁོ་བོས་གོང་དུ་བརྗོད་པའི་ལྟ་བ་གསུམ་པོ་དེ་དཔེ་ཆའི་ནང་དུ་སྔར་ནས་བཀོད་ཡོད།  ཡིན་ནའང་དེ་དག་རྣམས་ཕན་ཚུན་འདྲེས་ནས་བསྡད་ཡོད་པའི་དབང་གིས་རླུང་མཁྲིས་བད་ཀན་གསུམ་གྱི་མིང་གི་འབྱུང་གཞི་ངོ་མ་དེ་གང་ཡིན་མིན་ཐད་ལྐོག་གྱུར་ལ་གནས་ནས་ཐེ་ཚོམ་གྱི་དྲ་བར་ཚུད་པ་དང་། ཞིབ་འཇུག་ཅིག་བྱེད་པའི་དབང་དུ་བཏང་ནའང་ལྟ་བ་གསར་པའི་རང་ལུགས་འཇོག་རྒྱུ་མེད་པ་ལྟར་ལུས་ནས་བསྡད་ཡོད། དེར་བརྟེན་དཔྱད་གཞི་འདིར་བརྟེན་ནས་ད་དུང་ཐ་སྙད་དེ་གསུམ་གྱི་དབྱེ་བ་དང་།  མཚན་ཉིད།  འཕེལ་འགྲིབ།  རང་བཞིན་སོགས་ལུས་ཀྱི་གྲུབ་ཚུལ་རིག་པ་དང་། ནད་ཁམས་རིག་པ་སོགས་ཀྱི་སྟེང་ནས་དབྱེ་ཞིབ་གཏིང་ཟབ་པོ་མཛད་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་།  མཚན་ཉིད།  འཕེལ་འགྲིབ། རང་བཞིན་སོགས་ལུས་ཀྱི་གྲུབ་ཚུལ་རིག་པ་དང་། ནད་ཁམས་རིག་པ་སོགས་ཀྱི་སྟེང་ནས་དབྱེ་ཞིབ་གཏིང་ཟབ་པོ་མཛད་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་འཕེལ་རིམ་བཅས་ཀྱི་གནས་ཚུལ་མང་པོ་ཁ་གསལ་དུ་འགྲོ་བ་ཡིན་པས་དེའི་ཕྱིར་ཞིབ་འཇུག་མང་ཙམ་དང་། ལྷག་པར་དཔྱད་རྩོམ་འདིའི་ནང་གི་རིག་པ་གསར་པ་བཀོད་པ་རྣམས་དོན་ལ་མི་གནས་པ་འདུག་ན་ཐད་ཀར་སྐྱོན་བརྗོད་དང་རོགས་རམ་གནང་རོགས་ཞུ།