གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

བོད་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་མི་རིགས་གསོ་རིག་གོང་དུ་སྤེལ་ཕྱོགས་ཐད་ཀྱི་བསམ་ཚུལ།

སྤེལ་དུས 2018-08-03 ཡོང་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། རྩོམ་པ་པོ། བྱམས་པ་བསྟན་འཛིན།
          དེ་ལ་འདིར་ཆེ་བ་བཅུ་གཅིག་དང་ལྡན་ཅིང་ངོ་མཚར་དཔལ་གྱིས་བརྗིད་ཆགས་པའི་བོད་ཀྱི་གསོ་བ་རིག་པ་ཞེས་འཛམ་གླིང་གསོ་རིག་གི་གྲལ་སྟར་རིང་པོའི་ནང་མ་ཉམས་པར་ཡོངས་སུ་ཚགས་པའི་རིག་གནས་འདི་ཉིད་ལག་ལེན་གྱི་ཁྲོད་དུ་དར་ནས་འཕེལ་བའི་བརྒྱུད་རིམ་སྣ་ཚོགས་ཀྱི་ལོ་རྒྱུས་བྱིན་རླབས་ཆེ་བ་རྣམས་ཇི་ལྟར་བྱས་ཏེ་གླེང་དགོས་པའམ་ཡང་ན་ད་ལྟའི་དུས་རབས་ལ་གནས་པའི་རྗེས་འཛིན་མི་སྣ་རྣམས་ཀྱིས་ཚུལ་ཇི་ལྟར་བྱས་ཏེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པ་སོགས་སྔར་དེང་གི་བྱ་བའི་ཆ་ཐམས་ཅད་ལ་བསམ་བློ་མི་གཏོང་ཐུ་མེད་ཡིན། དེར་བརྟེན་གུས་པ་རང་ཉིད་གཞོན་ནུ་དང་དར་མའི་དུས་དཀྱིལ་གྱི་ནང་ཕྱི་ལུགས་གསོ་རིག་ལ་སྦྱངས་པ་བྱས་མྱོང་བ་དང་། དེ་རྗེས་ལས་དོན་གྱི་དགོས་མཁོས་བོད་སྨན་བྱ་གཞག་གི་དོ་དམ་མི་སྣར་འཁོད་དེ་ལོ་ངོ་བརྒྱད་ཙམ་གྱི་མྱོང་བར་བརྟེན་ནས་འགོ་བརྗོད་ཀྱི་ནད་དོན་དང་ལྡན་པའི་བརྩམ་བྱ་འདི་ཀུན་སློང་ཤིན་ཏུ་རྣམ་པར་དག་པའི་བྱེད་ལས་ལ་བརྟེན་ནས་སྤེལ་བར་བྱའོ། 
དང་པོ། ལོ་རྒྱུས་ལས་གསོ་དཔྱད་ཀྱི་སྙིང་པོ་གཅིག་ཏུ་སྒྲིལ་བའི་སྐོར། 
          ད་ལྟ་རང་རེའི་འདྲེན་བྱེད་ཀྱི་ཡུལ་དུ་ལྷམ་མེ་ལྷན་ནེར་ཞུགས་ཤིང་མ་ཉམས་པར་གནས་པའི་བོད་རིགས་གསོ་རིག་གི་རིག་གཞུང་ཆེན་པོ་《དཔལ་ལྡན་རྒྱུད་བཞི་》ལ་སོགས་པའི་དཔེ་མང་རྣམས་དང་། དེའི་གཞུང་གི་མཛུབ་ཁྲིད་ལ་བརྟེན་པའི་ལག་ལེན་གྱི་རྣམ་གྲངས་མི་འདྲ་བ་རྣམ་པ་བཅོ་བརྒྱད་དུ་ཕྱེ་བའི་འགུལ་སྐྱོད་ཅི་རིག་པ་ཐམས་ཅད་ནི་མི་རིགས་རང་ཉིད་ཀྱི་ས་ཁུལ་དུ་དར་ཏེ་གནས་པ་དང་། མི་རིགས་རང་ཉིད་ཀྱི་སྔོན་བྱོན་མཁས་པ་ཚོས་ལག་ལེན་གྱི་ཤེས་རྟོགས་བརྒྱུད་དེ་བརྡར་དཔྱད་བྱས་པ་ཞིག་ཡིན་སྟབས་ས་འབབ་ཀྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཉམས་འགྱུར། མི་རིགས་ཀྱི་ཆགས་འཇིག་བཅས་དོན་དུ་མ་དང་འབྲེལ་བའི་སྒོ་ནས་གནས་ཐུབ་པ་དང་། གསོ་དཔྱད་ཀྱི་རྣམ་གྲངས་འགའ་རེ་ནི་འཛམ་གླིང་གི་ཕུལ་བྱུང་རིག་གིས་གཙོ་བོར་བྱས་པའི་རིག་གནས་ཁག་འཛམ་གླིང་ལ་དར་ཁྱབ་འགྲོ་བཞིན་པ་མ་ཟད། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་གཞག་ཐོག་ངོ་གནོང་མི་དགོས་པའི་བྱས་རྗེས་བཟང་པོ་འཇོག་བཞིན་ཡོད། རིག་གཞུང་དེ་ལ་འདི་ལྟ་བུའི་ཕན་ནུས་ཤིག་ཐོན་ཡོད་པ་ནི་ང་ཚོ་མི་རིགས་རང་ཉིད་ཀྱི་བསོད་ནམས་མཐུ་བོའི་རྩལ་ལ་བརྟེན་ནས་བྱུང་ངམ་ཞེ་ན་ལན་རྒྱག་པར་དཀའ་ལ་ལན་གསལ་པོ་ཞིག་བཏབས་ཀྱང་མི་ཐུབ། འོ་ན་རང་རེས་ངོས་འཛིན་གང་འདྲ་ཞིག་བྱ་དགོས་སམ་སྙམ་ན། དེ་ཡང་སྔོན་བྱོན་དམ་པའི་སྐྱེ་མཆོག་དུ་མས་ཕྱི་རབས་ཀྱི་སེམས་ཅན་རྣམས་ལ་འཇོག་པའི་རིན་བྲལ་ནོར་བུ་གསོག་ཕྱིར་རང་ལ་ཡོད་པའི་དངོས་རྒྱུར་བརྟེན་ནས་ཉེར་ལེན་དང་བརྒྱུད་རྒྱུ་སོགས་གཞན་མི་རིགས་ཀྱི་གསོ་དཔྱད་དང་། སྨན་རྫས། བརྟག་ཐབས་སོགས་སྒོ་དུ་མ་ནས་ཕྱེ་བར་མཛད་དེ་རང་གི་རིག་གཞུང་ཐོག་ཧྲག་བསྡུས་དང་ལེགས་སྒྲིག་བྱས་པ་དང་། དེ་ཡང་མཚོན་བྱེད་ཀྱི་དཔེར་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྐབས་དེའི་རྒྱལ་པོའི་སྲིད་ཀྱི་ཐབས་ཤེས་ལ་བརྟེན་ནས་རྒྱ་ནག་གི་གསོ་དཔྱད་མཁས་པ་བོད་དུ་གདན་དྲངས་ཏེ་བོད་ཀྱི་ཡུལ་ཁམས་ལ་མཐུན་པའི་བསྟན་བཅོས་རྩོམ་དུ་བཅུག་པ་དང་། རྒྱ་གར་དང་། སྟག་གཟིགཁྲོམ་སོགས་ཀྱི་ཡུལ་ནས་ཀྱང་གོང་དང་ཚུལ་མཚུངས་པའི་མཁས་པ་མང་པོ་ལྷན་ཅིག་ཏུ་འདུས་ཏེ་བསྟན་བཅོས་ཆེན་པོ་《མི་འཇིག་པའི་མཚོན་བྱ》ཞེས་བྱ་བ་རྩོམ་སྒྲིག་བྱས་ཏེ་བོད་ཀྱི་གསོ་རིག་འཕེལ་རྒྱས་བཏང་བ་དང་། གཡུ་ཐོག་པ་ཁོང་ཉིད་ཀྱིས་ཀྱང་རྒྱ་ནག་དང་། རྒྱ་གར་སོགས་སུ་ལན་གྲངས་དུ་མ་ཆིབས་བསྒྱུར་གནང་སྟེ་གཞན་ཡུལ་གྱི་ཕུལ་བྱུང་རིག་གནས་སྦྱངས་ཏེ་ཁོང་དུ་ཆུད་རྗེས་རང་ཡུལ་དུ་ཕེབས་ཏེ་སྦྱང་བྱའི་ཡོན་ཏན་རྣམས་ཁྱབ་གདལ་དང་གཞུང་ལུགས་རྩོམ་པ་བཅས་བྱས་ཏེ་དོན་དུ་མི་རིགས་རང་ཉིད་ཀྱི་གསོ་རིག་བྱ་གཞག་དང་ལག་ལེན་གྱི་རྣམ་གྲངས་ཁག་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཁྱད་པར་དུ་ཕྱི་ལུགས་གསོ་རིག་བོད་དུ་དར་བ་ནས་བཟུང་བོད་ཀྱི་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བ་དང་ཆབས་ཅིག་བོད་ཀྱི་གསོ་རིག་ཀྱང་དེའི་ཤུགས་རྐྱེན་འོག་སྨན་བཅོས་ཀྱི་སྒྲིག་གཞི་ཁག་ཆ་ཚང་དུ་ཕྱིན་པ་དང་། ནད་རྟགས་ངོས་འཛིན་བྱེད་ལུགས་མང་དུ་སོང་བ། སྨན་བཅོས་བྱ་ཚུལ་གྱི་གོ་རིམ་དང་རྣམ་གྲངས་རྒྱུན་ལྟར་སླེབས་པ། སྨན་དོན་དོ་དམ་དང་སྲིད་འཛིན་དོ་དམ་གྱི་བྱ་བའི་ཁ་ཕྱོགས་གཅིག་ཏུ་མཐུན་ཐུབ་པ། བཅོམ་དཀའ་ཉེན་ཆེ་དང་དོད་དྲག་རང་བཞིན་གྱི་ནད་ལ་སྨན་བཅོས་དང་གསོ་ཐབས་ཀྱི་ལག་རྩལ་དེ་བས་སྤུས་ཚད་མཐོ་རུ་འགྲོ་བ་སོགས་བོད་ཕྱི་ཟུང་འབྲེལ་གྱི་ཐབས་ཤེས་ཕུན་སུམ་ཇེ་ཚོགས་སུ་འགྱུར་བཞིན་པའོ། 
གཉིས་པ། ད་ལྟའི་གནས་ཚུལ་ལ་དཔྱད་པ། 
          བོད་ཀྱི་གསོ་བ་རིག་པས་ད་བར་བརྒྱུད་ཟིན་པའི་ལམ་བུ་ནི་ཡངས་ཤིང་རྒྱ་ཆེ་ལ་བདེ་འཁོད་སྙོམས་པ་དང་འབྲེལ་རྡོ་རྗེའི་རི་བོ་ལྟར་སྲ་ཞིང་བརྟན་པ་དང་། ལམ་བུ་དེ་བརྒྱུད་ནས་རང་རང་སོ་སོའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་བོད་ཀྱི་ངལ་རྩོལ་ནུས་ཤུགས་འདོན་སྤེལ་ནང་འགྲུབ་འབྲས་རླབས་ཆེན་སྐྱེས་སུ་འཕེལ་ཡོད། ལྷག་པར་དུ་ད་ལྟའི་སྤྱི་ཚོགས་འཕེལ་རིམ་གྱི་གནས་སྟངས་དང་། མི་རྣམས་ཀྱིས་ཚོང་ཟོག་དཔལ་འབྱོར་བ་བཅངས་པའི་ལྟ་བ་དེ་བས་ཆེ་བའི་དུས་སྐབས་ནང་དེས་གོ་སྐབས་དམ་འཛིན་བྱས་ཏེ་རང་ངོས་ཀྱི་གསོན་ཤུགས་ལ་བརྟེན་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་དོན་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱིན་འདུགའོན་ཀྱང་སྤྱི་ཚོགས་འཕེལ་རིམ་གྱི་དགོས་པ་དང་། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་པ་དང་ཆབས་ཅིག་འཕྲོད་བསྟེན་གྱི་རེ་བ་ཉིན་རེ་བཞིན་མཐོ་རུ་འགྲོ་བའི་དགོས་འདུན་ལ་བལྟས་ནས་ང་ཚོས་ད་ལྟ་ནང་བཞིན་གཞན་ལུགས་ལད་མོ་བྱས་ཏེ་རང་ངོས་ཀྱི་བྱ་གཞག་ཐོག་འདྲེས་སུ་བཅུག་པ་དང་། རང་ངོས་ཀྱི་ལྟ་བ་དེ་ནམ་ཡང་འགྱུར་མེད་རྟག་པར་འཛིན་པའི་བསམ་བློའི་འཆིང་རྒྱ་ལས་མ་མཐར་བར་གནས་པའི་སྣང་ཚུལ་དེ་རིགས་བརྒྱུད་འཛིན་སྔོགས་འདོན་ཞེས་པའི་ཚིག་རོ་སྐམ་པོ་དང་འབྲེལ་ཅི་ཐུབ་བྱས་པས་ག་ལ་ཕན། དེ་ཡང་ཡིན་ཏེ་ཉེ་བའི་ལོ་ཤས་ཀྱི་ནང་ངམ་ཡང་ན་ལོ་ངོ་བཅུ་ཕྲག་བཞི་ཙམ་ཕྱིན་པའི་དུས་ཡུན་དེའི་རིང་རང་རེའི་བོད་ཀྱི་གསོ་རིག་ལ་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་དོ་སྣང་དང་གཙིགས་སུ་འཛིན་དགོས་པའི་རྩ་དོན་རབ་རིམ་བཟོས་པ་ཡིན་ཀྱང་རིག་གནས་གསར་པ་ནང་འདྲེན་བྱེད་པའི་མཐོ་རླབས་འཕྱུར་བའི་དུས་རིག་གནས་རྙིང་པར་ཕོག་ཐུག་ཡོང་སྲིད་པ་ཡིན་སྟབས་བོད་ཀྱི་གསོ་རིག་གི་བྱ་གཞག་ལ་བྱ་འཕུར་བ་ལྟ་བུའི་འགྱུར་ལྡོག་བྱུང་མེད་ཅིང་། ལྷག་པར་དུ་རིག་གནས་རྙིང་པར་སྣང་འཇོག་ཆེ་ཙམ་བྱེད་པའི་དུས་སུ་སླེབས་སྐབས་བོད་ཀྱི་བྱ་གཞག་ཧྲིལ་པོ་འཕེལ་རྒྱས་མགྱོགས་པའི་རྐྱེན་གྱིས་རང་རེའི་གསོ་རིག་གིས་སྤྱི་ཚོགས་འཕེལ་རིམ་གྱི་རྣམ་པ་དང་རྗེས་ཡང་དག་པ་ཟིན་དཀའ་ཞིང་། ལོ་རབས་དྲུག་ཅུ་དང་བདུན་ཅུ་བཅས་ཀྱི་ནང་དུ་ཤེས་ལྡན་མི་སྣ་ཉུང་ཉུང་ལས་གསོ་སྐྱོང་བྱས་མེད་པར་བརྟེན་གོ་ཉིས་ཆོད་ཀྱི་དར་མའི་ཤེས་ཡོད་ཅན་མེད་སྟབས་ད་ལྟ་རང་ལྗོངས་སུ་བོད་སྨན་ཤེས་པས་ཕྱི་ལུགས་གསོ་རིག་གི་ཤེས་བྱ་སྦྱངས་ཁོམ་མེད་པས་དེའི་ཐད་ཀྱི་ཤེས་བྱ་དམན་པ་དང་། ཕྱི་ལུགས་ཤེས་པས་བོད་སྨན་ལ་སྣང་འཇོག་གཏན་ནས་བྱེད་ཀྱི་མེད་པར་བརྟེན་རིག་གནས་དེ་ཉིད་བར་ཐུན་མོང་གི་འབྲེལ་བ་བྱེད་ས་དང་། མཉམ་དུ་ཡར་རྒྱས་གཏོང་རྒྱུའི་བསམ་བློ་ཅུང་ཟད་ཀྱང་མེད་སྟབས་ད་ལྟའི་བར་བོད་སྨན་རྒྱུན་འཛིན་ཐུབ་པ་ཙམ་ལས་དོན་ངོ་མར་འཕེལ་རྒྱས་བྱུང་མེད། 
          དེ་ཡང་ཡིན་ཏེ་འདི་ག་ལྷོ་ཁ་སྨན་རྩིས་ཁང་ངོས་ནས་བཤད་ན། སྨན་དོན་གྱི་ལས་བཟོ་ཁྱོན་བསྡོམས་བརྒྱུད་ཅུ་མིན་ཙམ་ཡོད་པ་དེ་དག་ལས་འབྱུང་ཁུངས་བོད་སྨན་ཅན་མི་གྲངས་དྲུག་ཅུ་ལྷག་ཙམ་ཡོད་པའི་ཁྲོད་དུ་ལོ་རབས་ལྔ་བཅུ་པའི་གོང་གི་སྨན་པ་བགྲེས་སོང་འགའ་ཞིག་ཡོད་པའི་ཁར་ཤེས་ཡོན་ཅན་དར་མའི་སྨན་པ་མི་གྲངས་གཉིས་ལས་མེད། དེ་བྱིངས་ཀྱི་འཕྲོས་རྣམས་ནི་ལོ་རབས་བརྒྱད་ཅུ་པའི་ནང་དང་དགུ་བཅུ་པའི་ནང་འཚར་ལོངས་བྱུང་བའི་སྨན་པ་ཤ་སྟག་སོང་སྟབས་ལག་རྩལ་བརྒྱུད་སྤྲོད་ཀྱི་འཐུད་མཚམས་ཕྲེང་རྡོག་ཆེ་ཆུང་ཤོར་བའི་ངང་ཚུལ་འདིས་ཞོགས་འདེགས་བརྟག་དཔྱད་དེ། རྫས་འགྱུར།  གློག་པར། ཕོ་ཤེལ། སྙིང་པར།  Bཁྲའོ་སོགས་ཀྱི་ནད་ངོས་སྙན་ཞུ་ཡི་གོ་དོན་གསལ་པོ་མི་རྟོགས་པ་དང་། དེ་ཡང་གོང་སྨོས་སྨན་པ་བགྲེས་གྲས་རྣམས་ལ་རང་ངོས་ཀྱི་མྱོང་བྱ་ཟབ་མོ་ཡོད་པའི་ཁར་རྒྱུན་དུ་ན་ཚ་བལྟ་མཁན་མང་པོ་ཡོད་སྟབས་ཤེས་བྱ་གསར་པ་དང་ལེན་བྱེད་པའི་གོ་སྐབས་ཀྱིས་ཁོམ་མེད་ལ། ཤེས་བྱ་གསར་པ་སློབ་པའི་དགོས་པ་ཡང་མེད་མོད། འོན་ཀྱང་གསར་ཐོན་ན་གཞོན་གྱི་ཁྲོད་དུ་རང་རིགས་ཀྱི་ཤེས་ཡོད་དེ་ཡོད་པ་ཕུད་དེ་མིན་ཕྱི་ལུགས་གསོ་རིག་གི་གཞི་རྩའི་ཤེས་བྱ་ཅུང་ཙམ་རྟོགས་ཐུབ་མཁན་དགོས་པ་ཡིན་ཡང་བོད་སྨན་སློབ་གྲྭའི་ནང་གཙོ་བོ་བོད་སྨད་བསླབ་པ་དང་། གཉིས་ནས་དུས་ཐུང་གི་ནང་ངག་སྐྱོར་ཕུད་བོད་སྨན་གསོ་རིག་གི་ཤེས་བྱ་མང་པོ་ཞིག་སྦྱོང་དགོས་པའི་རྐྱེན་གྱིས་སློབ་གྲྭས་ཕྱི་ལུགས་གསོ་རིག་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད་ཀྱང་སློབ་ཕྲུག་ཚོའི་རྒྱ་ཡིག་རིག་གནས་ཆུ་ཚད་ཞན་པ་དང་། རང་ཉིད་བོད་སྨན་པ་ཡིན་སྙམ་པ་དང་ལྷན་ཁོང་ཚོ་ལག་ལེན་དངོས་ཀྱི་ནང་ཞུགས་མེད་སྟབས་སླད་ལས་ཀའི་ཐོག་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཡང་ཤེས་མེད་རྐྱེན་གཞུང་ལུགས་དེ་སྦྱོང་བར་སྣང་ཆུང་བྱས་པ་ལས་ད་ལྟའི་དུས་སུ་སླེབས་སྐབས་ནད་གཞིའི་བརྟག་པ་བྱེད་ལུགས་དང་སྨན་བཅོས་བྱ་ཚུལ་གྱི་གོ་རིམ་ཤེས་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ཞོགས་འདེགས་བརྟག་དཔྱད་ཀྱི་སྙན་ཞུ་ལྟ་ཀློག་དང་དོན་ཤེས་རྒྱུ་ཡང་དཀའ་ཚེགས་སུ་འགྱུར་ཡོད། དེར་བརྟེན་བོད་ཕྱི་ཟུང་འབྲེལ་གྱི་ཁ་ཕྱོགས་བརྒྱུད་ནས་མི་རིགས་གསོ་རིག་གི་བྱ་གཞག་གོང་དུ་སྤེལ་དགོས་པའི་རྩ་དོན་གྱི་ཁ་ཕྱོགས་ཡང་དག་པ་འདི་ད་ལྟའི་བར་ཁྱབ་གདལ་དང་སྲ་བརྟན་གཏོང་རྒྱུ་མ་བྱུང་བའི་ཁར་དེའི་ཐད་ཀྱི་ཐོག་མའི་བློས་བླངས་ཀྱི་ལྟ་ཚུལ་ཙམ་ཡང་མ་བྱུང་། 
          དེ་ལྟར་བོད་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་མི་རིགས་གསོ་རིག་གི་བྱ་གཞག་ཧྲིལ་པོ་གོང་དུ་མ་སྤེལ་ན་རང་ཅག་གི་དུས་རབས་འདིར་སྔོན་བྱོན་དམ་པའི་ལོ་རྒྱུས་དང་རྣམ་ཐར་སོགས་ཀྱི་རྡུང་རྡེག་ཕོག་ཉེན་ཡོད་ལ་ཁྱད་པར་ཕྱི་རབས་ཀྱི་བུ་སློབ་ཚོས་དེ་བས་ཀྱང་ང་ཚོའི་ལོ་རྒྱུས་ལ་བློ་ཕམ་དང་སྦྲགས་སྲིང་བལ་གྱི་དབུས་སུ་རྡོ་བ་སྒྲིལ་བའི་ཚིག་གསར་འགའ་རང་རེའི་མི་རབས་འཕོག་ཏུ་འཇུག་ངེས་ཕྱིར་ད་ལྟ་ནས་འགོ་བརྩམས་ཏེ་བོད་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་རང་རེའི་གསོ་རིག་འདི་ཉིད་སྐབས་གང་གི་ནང་དུའང་སླུ་མེད་དུ་སྤྱོད་ཆོག་པ་དང་། ལྷག་པར་དུ་ནད་ཐོག་ལག་རྩལ་གྱི་ཐོག་ཏུ་གདེང་ཚོད་ཡོད་པའི་མདའ་མོ་འཕེན་ཐུབ་པ་ཞིག་ཡོང་རྒྱུར་བརྩོན་པ་མི་ལྷོད་པ་གནང་དགོས་པ་ནི་རང་ཅག་ཚང་མའི་ཕྲག་ཏུ་འབབ་པའི་མིག་སྔའི་བྱ་བ་རླབས་ཆེན་འབའ་ཞིག་ཏུ་འཁུམས་སོ་ཞེས་པ་ལས་མ་འདས་སྙམ། 
གསུམ་པ། མ་འོངས་པའི་དཔྱད་ཡིག
          གོང་དུ་མི་ལྡེང་བའི་ཆ་མང་ཞིག་གླེང་བ་ལས་རང་རེའི་གསོ་རིག་ལ་ཐོབ་པའི་གྲུབ་འབྲས་ཟུར་བསྟན་ལེབ་མཐོང་གི་དཔེར་བཀོད་ཟིན། འོན་ཀྱང་ང་ཚོས་ད་དུང་ཡིན་ཚིམས་ཀྱི་སྣང་ཚུལ་མ་བཅངས་པར་སྔར་ལས་ལྷག་པའི་སྒོ་ནས་བོད་ཕྱི་ཟུང་འབྲེལ་གྱི་ཁ་ཕྱོགས་ལ་བརྟེན་ནས་མི་རིགས་གསོ་རིག་གི་སླད་དུ་ཐབས་དང་ཤེས་རབ་ཀྱི་རྩལ་ལ་འབད་འབུངས་ཀྱི་གོ་ཆ་བཙན་པར་བགོས་ཏེ་མ་འོངས་པར་ཞེན་ཆགས་བྱ་ཕྱིར་དེའི་སྐོར་གཙིགས་ཆེར་འཛིན་ཏེ་སྨྲ་ན་འོས་པ་ཡིན། 
          དང་པོ། རང་རིགས་ཀྱི་གསོ་རིག་འདི་ག་ཚོད་ཀྱིས་ལེགས་ནའང་ཕྱི་ལུགས་གསོ་རིག་དང་ཅུང་འགྲན་པར་དཀའ། རྒྱུ་མཚན་ནི་ཕྱི་ལུགས་གསོ་རིག་འདི་ད་ལྟ་འཛམ་གླིང་གི་སྤྱི་སྤྱོད་དུ་འགྱུར་ཡོད་པས་སློབ་གསོ་དང་། ཚན་རྩལ་ཞིབ་འཇུགདོ་དམ་གྱི་རྣམ་གྲངས་ནང་གི་ཐད་ནས་གླེང་ནའང་ནུས་ཤུགས་དེ་བས་ཆེ་བ་ཡིན། དེའི་ཕྱིར་ད་ལྟའི་མི་རབས་གསར་པ་འཚར་ལོངས་བྱུང་བའི་ཁྲོད་ནས་རང་ལོ་སོ་ལྔ་མན་གྱི་ན་གཞོན་གྱི་སྨན་པ་དམིགས་ཡུལ་ཡོད་པ་འགའ་བདམས་བསྲེས་ཀྱིས་བསྐྱེད་བསྲིང་བྱས་ཏེ་དགོས་མཁོ་ཆེར་ལྡན་པའི་ཆེད་ལས་ཀྱི་རིག་གཞུང་དང་ལག་ལེན་བརྩོན་དུ་འཇུག་པའི་ཁོར་ཡུག་གསར་པ་བསྐྲུན་དགོས། དེ་ལྟར་རྐང་འཛིན་པ་དེ་དག་ལོ་ངོ་གསུམ་ཙམ་གསོ་སྐྱོང་བྱས་པ་ཙམ་གྱིས་རང་རིགས་ཀྱི་གསོ་རིག་ཤེས་པའི་རྨང་གཞི་ལས་མིང་དོན་མཚུངས་པའི་རབ་འབྱམས་སྨན་པ་ཞིག་ཆགས་ཐུབ་ངེས་ཡིན། 
          གཉིས་པ། ལྗོངས་ཡོངས་ཀྱི་བོད་སྨན་ཁྱབ་ཁོངས་ཀྱི་ཐོག་ཏུ་ཕྱག་ལས་མཛད་མུས་ཡིན་པའི་བོད་སྨད་པ་དྲག་གྲས་ཡིན་ཁར་ཕྱི་ལུགས་གསོ་རིག་གི་རྨང་གཞི་ཕྲན་བུ་ཤེས་ཤིང་རྒྱའི་སྐད་ཡིག་དང་རྫས་དངོས་རྩིས་གསུམ་ལ་མཁྱེན་པ་ཅུང་ཡངས་པའི་ན་གཞོན་མིག་རྒྱངས་ཅན་འགའ་བདམས་བསྲེས་བྱས་ཏེ་ལྷན་འཛོམས་ཐོག་དུས་ཐུང་གི་ལོ་ཙྭའི་གླིང་ཞིག་བཙུགས་ཏེ་ཕྱི་ལུགས་གསོ་རིག་གི་རྩ་བའི་རྨང་གཞི་དང་ལག་ལེན་གྱི་དཔེ་དེབ་འགའ་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ་རྒྱ་ཡིག་རྨང་གཞི་ཞན་པའི་བོད་སྨན་པར་མཁོ་ཞིང་ལྡེང་ངེས་ཀྱི་དཔྱད་ཡིག་མཁོ་འདོད་བྱས་ནས་ཁོ་ཚོའི་མིག་རྒྱངས་རིང་དུ་གཏོང་བའི་ཐབས་ལམ་འཛུགས་དགོས། 
          གསུམ་པ། གོང་འཁོད་ཀྱི་དཔྱད་ཡིག་འདི་ཉིད་གོ་རིམ་བཞིན་དུ་བྱ་སྤྱོད་སྤེལ་བར་གྱུར་ཚེ་བདམས་སྐྱེལ་བྱས་ཏེ་གསོ་སྐྱོང་བྱས་པའི་མིང་དོན་མཚུངས་པའི་སྨན་པ་རྣམས་རང་རང་སོ་སོའི་ཚན་པར་སློབ་གྲྭ་ཐོན་ཏེ་འབྱོར་བ་དང་དུས་མཚུངས་རྒྱ་བསྒྱུར་བྱས་པའི་ཕྱི་ལུགས་ཀྱི་ཤེས་བྱ་རྣམས་སློབ་ཁྲིད་བྱེད་པའམ་ཡང་ན་རྒྱུན་དུ་ལག་ལེན་དུ་ཁྲིད་པའི་སྐབས་ཁོང་རྣམ་པས་བྱེད་སྟངས་བྱེད་ལུགས་དང་། གོ་བ་ལོན་སྟངས། བསམ་གཞིགས་བྱེད་སྟངས་བཅས་པ་སློབ་ཁྲིད་བྱ་ཐུབ་པར་བརྟེན་ཐུན་མོང་ཐོག་སྨན་པ་ཚོའི་ཤེས་བྱ་འཕེལ་ནས་གཏམ་སྨྲ་བ་དང་། དཔྱད་རྩོམ་འབྲི་བ། དཔེ་དབེ་རྩོམ་པ། ཕན་ཚུན་རྩོད་གླེང་བྱེད་པ་བཅས་ཀྱི་སྐབས་རིགས་བསྒྲེ་བའི་རྣམ་དཔྱོད་ལ་བརྟེན་ནས་ཕྱི་ལུགས་གསོ་རིག་གི་ཤེས་བྱ་ཁོང་དུ་ཆུད་པ་རྣམས་རང་རིགས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་བཅས་སུ་བསྲེས་ཏེ་རང་རེའི་གསོ་རིག་འདི་ཉིད་འཕེལ་རྒྱས་གཏོང་རྒྱུའམ་འཐུས་སྒོ་ཚང་དུ་གཏོང་ཐུབ་ངེས་ཡིན། བསམ་བློ་གཏོང་སྟངས་དང་བྱ་བ་བྱེད་ལུགས་འདི་འདྲ་ཚང་མ་ནི་མི་རིགས་ཞིག་གིས་མི་རིགས་གཞན་ཞིག་གི་རིག་གནས་བསླབས་ཏེ་རང་གི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སྐབས་ཀྱི་གོ་རིམ་ཞིག་ཡིན་སྟབས་ཉེས་སྐྱོན་སོགས་ཀྱི་དྲི་མས་ཅིས་ཀྱང་འགོས་པ་མ་ཡིན་པས་རང་རེས་ཀྱང་བྱ་ཐབས་འདི་ཉིད་སྤེལ་རྒྱུར་ཡ་མཚན་བྱ་དོན་གང་ཡང་མེད་སྙམ། འོན་ཀྱང་ཤེས་ནས་སྨྲ་བ་དང་། རྩོམ་པ། རྩོད་པ་ཞིག་དགོས་སྟབས་གཞུང་ལུགས་གསར་པ་སྦྱོང་སྐབས་དཀའ་ཁག་སྣ་ཚོགས་འཕྲད་རྒྱུ་ཡིན་པ་ནི་དགོས་པ་ཞིག་རེད། 
          བཞི་པ། རང་རེའི་གསོ་རིག་འཐབ་ཕྱོགས་ཐོག་གི་དབུ་འཛིན་རིམ་པ་དང་། རྩ་འཛུགས། བྱ་བ་དངོས་སྒྲུབ་མཁན་གྱི་སྨན་དོན་མི་རྣམས་ཀྱིས་རྟག་རྒྱུན་ཡིད་སེམས་ལ་འཆར་བར་བྱེད་པའི་གཟུགས་ལྟ་བུའི་གསོ་རིག་འདི་ཉིད་གོང་དུ་སྨོས་པ་གཅིག་པུས་མ་ཚད་པར་ད་དུང་གསོ་རིག་གི་རྨང་གཞིའི་སློབ་གསོ་གཉེར་སྐྱོང་བཅོས་སྒྲིག་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་མང་དུ་གཏོང་བ་དང་། ཆེད་ལས་ལྟ་བ་ཤུགས་ཆེ་རུ་གཏོང་བ། ཁྱད་པར་དུ་ད་ཡོད་ལས་ཐོག་མི་སྣ་བདམས་བསྲེས་ཀྱིས་སྨན་པའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་དོན་དུ་མནོ་བསམ་སླེབས་ཐུབ་པ་དང་ཆབས་ཅིག་དོན་འཁྱོལ་རིམ་བཞིན་བྱ་རྒྱུ་གཙོ་གནད་དུ་འཛིན་ཏེ་རང་རེའི་གསོ་རིག་གི་རྨང་གཞིའི་གཞུང་ལུགས་ནང་ནས་སྐྱེ་ཁམས་བཤགས་དཔྱད་རིག་པ། གཟུགས་ཁམས་རིག་པ། ནད་ཁམས་རིག་པ། དེ་མིན་གཙོ་བོའི་གནད་ཆེ་ས་སྟེ་ནད་ཐོག་སྐོར་གྱི་ལག་ལེན་བྱེད་ལུགས། ཐབས་ཤེས་སྤེལ་ལུགས། བཅོས་ཚུལ་གྱི་རྣམ་གྲངས་དང་སྤུས་ཚད་མཐོར་འདེགས་བཅས་ཀྱི་སླད་དུ་གསོ་རིག་ཚན་རིག་གི་ཞིབ་འཇུག་ལས་དོན་སྤེལ་རྒྱུ་དམ་འཛིན་དང་། ཀྲུང་ཧྭ་གསོ་རིག་སློབ་ཚོགས་བོད་སྨན་ཡན་ལག་ཚོགས་པའི་རིག་དཔྱད་ལས་དོན་སྔར་བས་དམ་འཛིན་བྱས་ཏེ་ཁ་མ་ཚང་བ་རྣམས་བསྐོང་གང་ཐུབ་དང་། ནུས་པ་ཞན་པ་ཤུགས་སྣོན་བརྒྱབ་སྟེ་གསོ་རིག་ཚན་རིག་གི་སྡོང་པོར་ལུགས་གཉིས་མཉམ་བཞད་ཀྱི་མེ་ཏོག་ཁྲ་ཆིལ་ལེར་བཞད་དེ་བོད་ཀྱི་གསོ་རིག་ལ་གཡུར་དུ་ཟར་བའི་འབྲས་བུ་མང་ཞིང་རྡོག་པོ་ཆེ་བ་ཞིག་འདོགས་རྒྱུའི་སླད་དུ་རང་ཅག་ཚང་མས་འབད་འབུངས་བྱ་རིགས་སོ། 
          གོང་དུ་གླེང་བའི་དཔྱད་གཏམ་རྣམས་མདོ་འགངས་ཧྲིལ་གྱིས་བསྒྲིལ་ནས་ཐབས་ལམ་བཟང་པོ་སྣ་ཚོགས་བརྒྱུད་དེ་རང་རེའི་གསོ་རིག་གི་བྱ་གཞག་འདི་ཉིད་དུས་རབས་ཀྱི་གོམ་བགྲོད་དང་ལྷན་དུ་འགྲོགས་ཐུབ་པ་དང་། སྔར་ལས་མང་བའི་ནད་གཞི་དུ་མ་ཞིག་སོ་སོས་ཐག་གཅོད་ཐུབ་སྟེ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་ཡོང་རྒྱུ་དེའི་ཆེད་ཡིན། སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོངས་རྒྱུ་གཡོལ་ཐབས་མེད་པས་གཟིགས་པ་པོས་སྤང་བླངས་མི་འཛོལ་བ་མཁྱེན་མཁྱེན། །