དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

སྨན་རྩིས་གཉིས་ཀྱི་འབྲེལ་བ་ནི་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་བཞུགས་སོ།

སྤེལ་དུས 2018-10-18 ཡོང་ཁུངས། ཁྲོ་རུ་ཚེ་རྣམ་གྱི་གསུང་རྩོམ། རྩོམ་པ་པོ། ཁྲོ་རུ་ཚེ་རྣམ།
          མཚན་གྱི་ཡེ་གེ་བེེ་ཌཱུརྱ་ཡི་མདངས། ། ཡིད་ལ་ཐང་ཅིག་ཙམ་ཞིག་བཀོད་པས་ཀྱང་། ། སྲིད་པའི་རིམས་ནད་མཐའ་དག་གཞིལ་བའི་སྨན། །ཅི་དགའ་འཇོ་བའི་དྲང་སྲོང་སྨན་པའི་མཆོག །རྩིས་ཀྱི་ཡོལ་གོ་གྲུ་བཞིའི་ཐང་ཡངས་པོར། །ངོ་མཚར་རི་མོའི་རྣམ་འགྱུར་ངོམ་ཙམ་གྱིས། །གནམ་ས་གོ་ལའི་ལྐོག་གྱུར་གནད་རྣམས་ཀུན། །ཇི་བཞིན་སྟོན་མཛད་གངས་ཅན་རྩིས་སྟོན་ཆེ། །འཇིག་རྟེན་འདི་ན་སྲོག་གིས་བཟུང་བའི་འགྲོ། ། ཀུན་ལ་མཁོ་བ་རིན་འཚོའི་ཚེ་ཡིན་ཞིང་། ། དེ་ལ་ཕན་པ་བདུད་རྩི་སྨན་གྱི་ལས། ། ཡིན་ཕྱིར་འདི་ནི་འགྲོ་མང་དགའ་བས་བཀུར། །ནམ་མཁའི་གོ་ལ་བཅུ་གཉིས་ཁྱིམ་གྱི་གཞིར། །རྒྱུ་སྐར་ལྷ་མོའི་འཛུམ་གྱིས་བསུས་པའི་མོད། །དྲང་སྲོང་གཟའ་དགུས་སྤྱོད་པའི་ལེགས་ཉེས་རྩིས། ། དུས་བཞིའི་བླང་དོར་སྟོན་པའི་ཚན་རིག་ཡིན། ། དེ་ཕྱིར་གཟུར་གནས་བློ་གྲོས་ཆེ་ལྡན་ཞིང་། ། སྐྱེདགུའི་ཕན་བདེ་སྒྲུབ་པའི་ཆེ་རྣམས་ཀྱང་།། དགྱེས་ཞལ་པད་དཀར་བཞད་པའི་མདངས་འདྲ་བ། །འཛུམ་དཀར་སྟོང་དུ་གྲོལ་བས་དབུགས་དབྱུང་མཛད། །           (གཅིག་)རིག་པའི་གནས་ཕན་ཚུན་བར་གྱི་འབྲེལ་བ།
          སྤྱིར་སྒྲ་དང་ཚད་མ་བཟོ་གསོ་བ་ནང་དོན་རིག་པ་སྟེ་རིག་པའི་གནས་ཆེ་བ་ལྔ་དང་། སྐར་རྩིས་སྙན་ངག་སྡེབ་སྦྱོར་མངོན་བརྗོད་ཟློས་གར་ཏེ་རིག་པའི་གནས་ཆུང་བ་ལྔ་ཞེས་གྲགས་པ་བཅས་བཅུ་ཕྲག་རིག་པའི་གནས་ཆེ་ཆུང་དེ་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་འབྲེལ་བ་ཞིག་ཡིན། དེར་བརྟེན་རིག་པའི་གནས་ཆེ་བ་ཞིག་ལེགས་པར་ཤེས་པར་བྱེད་པ་ལ་རིག་པའི་གནས་གཞན་རྣམས་ཀྱང་བྱང་ཆུབ་པ་ཞིག་གམ་ཐ་ན་རགས་ཙམ་ཞིག་ནི་ངེས་པར་དུ་ཤེས་དགོས། གལ་ཏེ་རིག་པའི་གནས་གཞན་དག་གི་འགྲོ་ཚུལ་མ་ཤེས་ན་དེ་དག་དང་འབྲེལ་བ་ཡོད་པའི་རིག་པའི་གནས་གཞན་དེ་ཆ་ཚང་བ་ཞིག་ཤེས་དཀའ། དཔེར་ན་སྡེབ་སྦྱོར་ལྟ་བུ་ལ་མཚོན་ནའང་། ངོ་མཚར་རྟོགས་བྱེད་ཀྱི་ཆོ་གའི་ནང་གི་ཡང་བའི་ཡི་གེ་ཇི་སྙེད་བསྡོམས་ཞེས་སོགས་ཀྱང་རྩིས་ཀྱི་རིག་པ་དང་ཁ་བྲལ་ཐབས་མེད་པ་ལྟ་བུ་ཞིག་ཡིན་ལ།དེ་བཞིན་དུ་སྐར་རྩིས་ཀྱི་གཞུང་རྩ་བ་ཡིན་པ་དུས་ཀྱི་འཁོར་ལོའི་རྒྱུད་ལས་སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ། སྐར་རྩིས་མངོན་བརྗོད་སོགས་ཀྱི་ནང་དོན་དང་། བརྡ་ཆད་ཅི་རིགས་པ་ཞིག་བསྟན་ཡོད་སྟབས་དུས་ཀྱི་འཁོར་ལོའི་རྒྱུད་ལེགས་པར་ཤེས་པར་བྱེད་པ་ལ་རིག་པའི་གནས་དེ་དག་གི་ནང་དོན་རགས་ཙམ་ཞིག་ནི་ངེས་པར་དུ་ཤེས་དགོས་པ་དང་། དེ་བཞིན་དུ་རིག་པའི་གནས་དེ་དག་ཇི་བཞིན་ཤེས་པར་བྱེད་པ་ལའང་དུས་ཀྱི་འཁོར་ལོའི་རྒྱུད་དོན་གྱི་འགྲོ་ཚུལ་ཤེས་དགོས་པ་ལྟ་བུ་ཡིན། ལྷག་པར་དུ་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་ཀྱི་རིག་པ་ནི་ནང་དང་གཞན་དུས་ཀྱི་འཁོར་ལོ་སོགས་རིག་པའི་གནས་གཞན་དག་དང་འབྲེལ་བ་ཡོད་པར་མ་ཟད། གསོ་བ་རིག་པ་ལ་མེད་དུ་མི་རུང་བའི་འབྲེལ་བ་ཞིག་གྲུབ་ཡོད།
          (གཉིས་)བྱེ་བྲག་སྨན་རྩིས་གཉིས་ཀྱི་འབྲེལ་བ།
          གསོ་བ་རིག་པ་ལེགས་པར་ཤེས་པར་བྱེད་པ་ལ་རིག་པའི་གནས་གཞན་དག་བསླབས་ཤིང་ཤེས་དགོས་པར་མ་ཟད། རྩིས་ཀྱི་རིག་པ་ནི་དེ་བས་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། དེ་ཅིའི་ཕྱིར་ཞེ་ན། སྨན་པས་རྩ་དང་ཆུ་ལ་བརྟེན་ནས་ནད་བརྟག་པའི་སྐབས་དང་། ནད་གསོག་ལྡང་ཞི་གསུམ་གྱི་དུས་མཚམས་ངེས་པར་བྱེད་པ། ནད་སྔོན་འགོག་བྱེད་པ། དུས་སུ་སྤྱོད་པའི་ལམ་གྱི་སྐབས་རྣམས་སུ་དུས་མི་འགྱུར་བའི་གཟེར་ཤེས་པར་བྱེད་པ་སོགས་སྐབས་མང་པོ་ཞིག་གཙུག་ལག་རྩིས་ཀྱི་རིག་པ་ལ་བརྟེན་ནས་ཤེས་དགོས་ཀྱི་ཡོད་པའི་ཕྱིར་ནའོ། །
          དེ་ཡང་རེག་པ་རྩ་ལ་བརྟེན་ནས་ནད་བརྟག་པའི་སྐབས་《རྩ་མདོ་》ལས། དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི། །དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། ། མ་བུ་དགྲ་གྲོགས་བཞི་ཡིས་སྐོར་འགོ་བརྩི། །ཞེས་བསྟན་ཡོད། དེ་ནི་དཔྱིད་ཀ་ལ་སོགས་པའི་ཕྱིའི་དུས་བཞི་དུས་མཚམས་བཅས་ལྔ་དང་། མཆིན་པ་ལ་སོགས་པའི་ནང་གི་དོན་ལྔའི་ཁམས་རྣམས་རྩའི་འཕར་སྟངས་དང་ལྷན་ཅིག་ཏུ་སྦྱར་ནས་རྒྱུན་རྩ། དུས་རྩ། ནད་རྩ་བཅས་སོ་སོར་ངེས་པར་བྱེད་དགོས་པའི་དོན་ཏེ་དཔྱིད་དབུགས་ཐོབ་པ་ནས་བཟུང་ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ཤིང་རྩི་ཁ་འབུས་པ་སོགས་ཀྱི་ཆོས་ཉིད་དང་མཐུན་པར་ནང་གི་འབྱུང་བ་ཤིང་ཁམས་མཆིན་རྩ་ཕྲ་ལ་གྲིམས་པར་འཕར་བ། དེ་བཞིན་དུ་དབྱར་ས་ཟླའི་དབུགས་ཐོབ་པ་ནས་བཟུང་ཕྱི་འབྱུང་བ་འདབ་རྒྱས་ཆར་དུས་ཀྱི་ཆོས་ཉིད་དང་མཐུན་པ་ནང་གི་མེ་ཁམས་སྙིང་རྩ་སྦོམ་ལ་རིང་བར་འཕར་བ་དང་། སྟོན་དུས་ཞག་༧༢རིང་ལ་ལྕགས་ཁམས་གློ་རྩ་ཐུང་ལ་རྩུབ་པར་འཕར་བ། དགུན་དུས་ཞག་༧༢རིང་ལ་ཆུ་ཁམས་མཁལ་རྩ་འཇམ་ལ་དལ་བར་འཕར་བ། དུས་མཚམས་བཅོ་བརྒྱད་ཕྲག་བཞི་སྟེ་ཞག་༧༢རིང་ལ་ས་ཁམས་མཆེར་རྩ་ཐུང་ལ་འཇམ་པར་འཕར་བ་བཅས་ཀྱི་ཚུལ་འདི་དག་དུས་བཞི་སོ་སོར་ཕྱིའི་འབྱུང་བའི་ཁམས་མི་འདྲ་བ་རེ་ཡོད་པ་བཞིན་དུ་ནང་གི་དོན་ལྔའི་རླུང་ཁྲག་གི་རྒྱུ་བའང་མི་འདྲ་བ་རེ་འགྱུར་འགྲོ་གི་ཡོད་པའི་རྐྱེན་གྱིས་རྩའི་འཕར་སྟངས་ཀྱང་མི་འདྲ་བ་རེ་ཡོང་གི་ཡོད་པ་རེད། འདི་ནི་ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྟེན་འབྲེལ་ལས་འབྱུང་བ་ཞིག་ཡིན་ཞིང་།གནད་འདི་ཞིབ་ཕྲ་ཤེས་པར་བྱེད་པ་ནི་སྐར་རྩིས་ཀྱི་གཞུང་ནས་བསྟན་པའི་ཟླ་བ་སོ་སོའི་དབུགས་ཐོབ་སྒང་ཚད་ཁྱིམ་སླེབས་སོགས་དུས་བཞི་མི་འགྱུར་བའི་གཟེར་ལ་བརྟེན་ནས་དཔྱིད་དབྱར་སྟོན་དགུན་གྱི་དུས་མཚམས་རྣམས་ལེགས་པར་ངོས་ཟིན་པ་ལ་རགས་ལས་པ་ཞིག་ཡིན། གནད་འདི་ལེགས་པར་མ་རྟོགས་ན་རྒྱུན་རྩ་དང་།དུས་རྩ། ནད་ཅན་དང་། ནད་མེད་ཀྱི་རྩའི་དབྱེ་བ་འབྱེད་མི་ཐུབ་ལ། འབྱུང་བ་རྣམས་ཀྱི་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ལེགས་པར་མ་ཤེས་ན་ངོ་མཚར་རྩ་བདུན་སོགས་ཀྱང་བརྟག་མི་ཤེས་ཤིང་ནད་ངོས་ཀྱང་ལེགས་པར་ཟིན་པར་དཀའ། ནད་ངོས་ལེགས་པར་མ་ཟིན་ན་བཅོས་ཐབས་གནད་ལ་འཁེལ་བ་ཞིག་ག་ལ་ཡོང་ཐུབ། དེས་ན་དེ་དག་ཤེས་པའི་ཆེད་དུ་གཙོ་ཆེར་འབྱུང་རྩིས་ཀྱི་རིག་པ་ལ་བརྟེན་ནས་དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་བརྩིས་ནས་ཤེས་དགོས་པས་རེག་པ་རྩ་ལ་བརྟེན་ནས་ནད་བརྟག་པའི་ཐབས་འདི་ནི་གཙུག་ལག་རྩིས་ཀྱི་རིག་པ་དང་འབྲེལ་བ་ཆེས་ཆེ་བ་ཞིག་ཏུ་གྲུབ་པར་མ་ཟད། ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས། ། ཞེས་པའི་སྐབས་སོགས་ཆུ་ལ་བརྟག་པའི་ཚེའང་རྩིས་ཀྱི་རིག་པ་ལ་བརྟེན་ནས་རྟོགས་དགོས་པ་འགའ་ཞིག་ཡོད་ལ། ནད་གསོག་ལྡང་ཞི་གསུམ་གྱི་དུས་མཚམས་ངེས་པར་བྱེད་པ་དང་། དུས་བཞི་མི་འགྱུར་བའི་གཟེར་རྣམས་ཚུལ་བཞིན་ཤེས་པ་ལ་རགས་ལས་པ་ཞིག་ཡིན། ཡང་བཤད་པའི་རྒྱུད་དུ། སྐད་ཅིག་ལ་སོགས་ཐང་ཅིག་ཡུད་ཙམ་སྟེ། །ཉིན་ཞག་ཟླ་བ་དུས་དང་ལོར་འགྱུར་ཏེ། །ཉི་མ་བརྒྱད་གསུམ་དབྱར་དགུན་དབུས་སུའང་ལྡོག ། གསུམ་ནི་ལྷོ་དང་བྱང་དུ་འགྲོ་ཞེས་བྱ། ། ཞེས་པ་སོགས་ནད་སྔོན་འགོག་བྱེད་པ་དུས་སུ་སྤྱོད་པའི་སྤྱོད་ལམ་གྱི་སྐབས་འདིར་ནི་ཕྱི་རྒྱུད་རྩ་མདོའི་སྐབས་འབྱུང་རྩིས་ལྟར་དུས་བཞི་ལ་རབ་འབྲིང་ཐ་མའི་རྣམ་བཞག་མཛད་པ་དང་མི་འདྲ་བར། དགུན་སྟོད་དགུན་སྨད་དཔྱིད་དང་སོ་ག་དང་། ། དབྱར་སྟོན་དགུན་ཟླ་ར་སོགས་གཉིས་རིམ་བཞིན། །ཞེས་འདུལ་མངོན་ལྟར་དུས་དྲུག་གི་རྣམ་བཞག་མཛད་པ་དང་། ལོ་འགོ་ཡང་མཆུ་ཟླ་བ་ནས་མི་འཛིན་པ་དང་། དེ་ནས་དགུན་ཟླ་ཐ་ཆུང་ལ་སོགས་པ། ། ཉི་མ་བྱང་དུ་འགྲོ་བའི་དུས་ཀྱི་ཚེ། །ཞེས་སོགས་མར་ངོ་སྔོན་འགྲོ་མཛད་པ་སོགས་སྤྱིར་རྒྱུད་གོང་འོག་ཅུང་ཟད་མི་འདྲ་བའི་སྣང་ཚུལ་ཡོད་པ་དེ་དག་གི་རྣམ་བཞག་ཞིབ་ཕྲ་ཤེས་པ་དང་། བྱེ་བྲག་ལྡོག་གཉིས། མཉམ་གཉིས། འབྲུག་སྒྲ་སྒྲོགས་ཆད་སོགས་ཟླ་བ་སོ་སོའི་དུས་གཟེར་གྱི་ཞིབ་ཆ་རྣམས་སྐར་རྩིས་ཀྱི་རིག་པ་ལ་བརྟེན་ནས་ཤེས་དགོས་པ་ཤ་སྟག་ཡིན། གཞན་ཡང་སྨན་སྦྱོར་དང་། སྨན་གཏོང་བ། དཔྱད་བྱེད་པའི་དུས་སོགས་སུ་ཉེ་བར་མཁོ་བ། སྨན་སྦྱོར་བ་ལ་ཉི་སྐར་ནས། ། སྨན་པ་སྨན་ཐུར་སྨན་ཕོར་བཅས། །ནད་པ་རྣམས་ལ་བདུན་བདུན་ཏེ། །ཟླ་བའི་སྐར་མ་གར་གནས་བརྟག ། ཅེས་དང་། མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། ། ཀླུ་ཚེས་ལག་མིག་བུག་ཟུང་སྔ། ། ཞེས་པ་སོགས་གསོ་རིག་གཞུང་གི་སྐབས་དོན་མང་པོ་ཞིག་རྩིས་ཀྱི་རིག་པ་ལ་བརྟེན་དགོས་པ་ཡིན་སྟབས་སྨན་པ་རྣམས་ཀྱིས་སྨན་སློབ་པའི་ཚེའང་རྩིས་ཀྱི་རིག་པ་འདི་ལ་མ་བརྟེན་ཐབས་མེད་པ་ལྟ་བུ་ཞིག་ཡིན། དེ་བཞིན་དུ་རྩིས་པ་ཞིག་ཡིན་ནའང་གསོ་རིག་གི་སྐབས་ནས་བཤད་པའི་མིའི་ལུས་ཀྱི་ཆགས་ཚུལ་དང་། ཆགས་ཟིན་པའི་མིའི་ལུས་ཀྱི་རྩ་དང་རླུང་ཁྲག་རྒྱུ་བའི་གནས་ལུགས་སོགས་ལེགས་པར་ཤེས་ན། ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྒྱུ་མཚན་གྱིས། རྩིས་ཀྱི་སྐབས་ནས་བཤད་པའི་ཟླ་བ་སོ་སོའི་དབུགས་སྒང་ཁྱིམ་སླེབས་སོགས་དུས་གཟེར་གྱི་གནད་དང་།ཕྱི་དུས་བཞིའི་འགྱུར་བ་དང་། ནང་མིའི་ལུས་ཀྱི་རྩ་རླུང་གི་རྒྱུ་བ་རྣམས་ཕན་ཚུན་ཇི་ལྟར་འབྲེལ་བའི་ཚུལ། ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྒྱུ་མཚན་བཅས་ལ་གོ་དོན་ངེས་ཅན་ཞིག་སྟེར་ནུས་པ་ཡིན། དེ་ལྟར་བཅུ་ཕྲག་རིག་པའི་གནས་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་།གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་འབྲེལ་བ་ཞིག་ཡིན་ལ། ལྷག་པར་དུ་སྨན་རྩིས་གཉིས་ནི་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཞིག་གྲུབ་ཡོད་སྟབས་དུས་ནམ་ཡང་མཉམ་སློབ་མཉམ་སྤྱོད་བྱེད་དགོས་ཀྱི་ཡོད་པ་རེད།
          (གསུམ་)སྨན་རྩིས་གཉིས་མཉམ་དུ་དར་རྒྱས་བྱུང་བའི་བརྒྱུད་རིམ།
          རང་རེ་བོད་ཀྱི་མེས་པོ་རྣམས་ཀྱི་སྐུ་དུས་ནས་གསོ་དཔྱད་ཀྱི་ལག་ལེན་བྱུང་བ་དང་ཆབས་ཅིག་ཏུ་གནམ་རིག་སྐར་རྩིས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ནི་ཧ་ཅང་རིང་པོ་ཞིག་ཡོད་པ་རེད། བོད་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པའི་ལོ་རྒྱུས་ཡོད་ལ།  དེ་ནས་རིམ་བཞིན་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཡོངས་སུ་གྲགས་འདི་བཞིན། ད་ལྟའི་སྐར་རྩིས་རིག་པ་འདི་མ་དར་བའི་ལོ་ངོ་༢༠༠༠ལྷག་ཙམ་གྱི་སྔོན་ནས་ལས་ལ་བརྩོན་ཞིང་ཤེས་རབ་ལྡན་པའི་བོད་རིགས་མི་དམངས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པ་སོགས་དུས་བརྟགས་ཀྱི་རྩིས་རིག་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་པ་དང་། དེ་ནས་རིམ་གྱིས་འཕེལ་ཏེ་ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་ཉི་མའི་འགྲོ་ཕྱོགས། ཟླ་བའི་འཕེལ་འགྲིབ། ལོ་ཟླ་ཞག་གསུམ་བརྩི་སྲོལ་གྱི་སྒྲོམ་གཞི་ཆགས། ལྷོ་ཁ་གཡའ་བཟང་གི་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ནང་། ཟླ་བའི་འཕེལ་འགྲིབ་དང་། དུས་ཚིགས་ཀྱི་འགྱུར་བ། དངོས་པོ་དང་གནམ་གཤིས་ཀྱི་འབྲེལ་བ་བཅས་བཀོད་ཡོད། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་ནག་ནས་འུན་ཤིང་ཀོང་ཇོ་ཁབ་ཏུ་བསུས། དེས་སྨན་རྩིས་ཀྱི་གཞུང་ལུགས་ཁག་གཅིག་བསྣམས་ཕེབས་པ་བོད་སྐད་དུ་བསྒྱུར། རྒྱ་གར།རྒྱ་ནག ཏ་ཟིག་གསུམ་ནས་སྨན་པ་སྤྱན་དྲངས། ཐུན་མོང་དུ་མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་ལུགས་ཆེན་གསུམ་གྱི་གཞུང་དུ་གྲགས་པ་བརྩམས། ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་མེས་རྒྱལ་ནས་གྱིམ་ཤིན་ཀོང་ཇོས་བསྣམས་ཕེབས་པའི་རྒྱ་ནག་ལུགས་ཀྱི་སྨན་རྩིས་ཀྱི་གཞུང་འགའ་ཞིག་བསྒྱུར་ཐོག་མཉམ་དུ་དར་སྤེལ་བཏང་ནས་སྨན་རྩིས་ཀྱི་གཞུང་ལུགས་དར་རྒྱས་འགྲོ་བའི་ཐབས་ལམ་རྒྱ་ཆེར་བཏང་།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་གར། རྒྱ་ནག ཏ་ཟིག་བཅས་ནས་རིམ་བཞིན་དྷརྨ་རཱ་ཛ། མཧཱ་ཀྱིན་ད། ཙན་པ་ཤི་ལ་ཧ་བཅས་བོད་དུ་ཕེབས་ནས་རྒྱལ་ཁམས་སོ་སོའི་ལུགས་དང་བསྟུན་པའི་སྨན་དཔྱད་ཀྱི་བསྟན་བཅོས་རིན་ཆེན་སྤུངས་པ་ཞེས་པ་བརྩམས།རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་བོད་དུ་ཐེངས་འགའ་ཕེབས། སྔ་རབས་བོད་ཀྱི་བརྩི་སྲོལ་གྱི་སྟེང་མཧཱ་ཙི་ནའི་ལུགས་ཀྱི་ཧོང་ལེ་བརྩི་བའི་དར་སྲོལ་ཡང་ཆགས། ལོ་ཆེན་བེེ་རོ་ཙ་ནས་རྒྱ་གར་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བསྒྱུར། སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས་གསོ་རིག་སྨན་དཔྱད་ཀྱི་ཕྱག་ལེན་རྒྱ་ཆེར་གནང་བ་དང་ཆབས་ཅིག་སྐར་རྩིས་རི་བོ་རྡུལ་འབེབས། ནག་རྩིས་འཁོར་འདས་གཏན་འབེབས་སོགས་ཀྱི་གཞུང་ལུགས་འགའ་ཞིག་སློབ་སྦྱོང་དང་འཆད་སྤེལ་གནང་ཐོག ཀོང་པོ་སྨན་ལུང་དུ་སློབ་གྲྭ་བཙུགས་ནས་སྨན་རྩིས་རབ་འབྱམས་པ་མང་པོ་གསོ་སྐྱོང་གནང་སྟེ་སྨན་རྩིས་ཟུང་འབྲེལ་གྱི་རྒྱུན་སྲོལ་དར་སྤེལ་བཏང་བར་གྲགས། དེ་སྔོན་མདོ་སྡེ་ཕལ་པོ་ཆེའི་བྱེ་མ་རྡུལ་རྩིས་སུ་གྲགས་པ་དང་། རྒྱ་ཆེར་རོལ་པར་རྩིས་ལ་སྦྱོང་བའི་ཚུལ་བསྟན་པ་སོགས་ལས་བརྩམས་ཏེ་གྲངས་དང་རྩིས་ཀྱི་རིག་པ་རྣམས་བོད་ཀྱི་མཁས་པ་རྣམས་ཀྱིས་ལག་ལེན་ཅི་རིགས་གནང་གི་ཡོད། དེ་སྐོར་ནས་སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན་གྱིས་སྨན་གཞུང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།རང་འགྲེལ་བཅས་བསྒྱུར་སྤེལ་བྱས། ལོ་ཆེན་རིན་ཆེན་བཟང་པོས་ཡན་ལག་བརྒྱད་པ། འགྲེལ་ཆེན་ཟླ་ཟེར་སོགས་བསྒྱུར་བཤད་དར་སྤེལ་བཏང་། དེ་བཞིན་ད་ལྟ་འདི་ནས་ཡར་བརྩིས་པའི་ལོ་༩༥༨པ་སྟེ་(སྤྱི་ལོ་༡༠༢༧)རབ་བྱུང་དང་པོའི་ཐོག་མ་མེ་ཡོས་ལོར་རྭ་འབྲོ་ཙ་མི་པཎ་ཆེན་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་བོད་སྐད་དུ་བསྒྱུར་གནང་མཛད། དེ་ནི་སྐར་རྩིས་རིག་པའི་གཞུང་རྩ་བ་ཡིན་ལ་གསོ་བ་རིག་པའི་གཞུང་ལུགས་ཀྱང་ཡིན། དེའི་ནང་དུ་ཕྱི་དུས་ཀྱི་འཁོར་ལོ་གནམ་སའི་གོ་ལ་གཏན་ལ་ཕབ་སྟེ། གནམ་ལ་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་། ས་ལ་དུས་བཞིའི་མངོན་རྟོགས་ཇི་ལྟར་ངོམ་པའི་ཚུལ་གྱི་རྣམ་བཞག་རྒྱ་ཆེར་བསྟན་ཡོད་པས་ལོ་ཐོ་རྩོམ་སྒྲིག་སོགས་ད་ལྟའི་སྐར་རྩིས་ཀྱི་ལག་ལེན་རྣམས་དེ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་། དེ་བཞིན་དུ། ནང་མིའི་ལུས་ལ་ཐོག་མར་རྩ་དད་རླུང་སོགས་ཇི་ལྟར་ཆགས་པའི་ཚུལ་དང་། བར་དུ་ཇི་ལྟར་འཕེལ་ཞིང་རྒྱས་ལ་གནས་པའི་ཚུལ། ཐ་མ་ལུས་ལ་ནད་ཇི་ལྟར་བྱུང་ཞིང་མཐར་འཇིག་པའི་ལྟས་སོགས་ཀྱི་རྣམ་བཞག་མང་དུ་བསྟན་པར་མ་ཟད། ནད་གསོ་བའོ་ཟས་དང་སྨན་གྱི་ཚུལ་བསྟན་ཡོད་ལ། ལྷག་པར་དུ་རེན་ཆེན་དངུལ་ཆུའི་སྦྱོར་བ་སོགས་ཀྱི་གཞུང་རྩ་བའང་ཡིན་པ་བཅས་དུས་ཀྱི་འཁོར་ལོའི་རྒྱུད་ལས་ཀྱང་སྨན་རྩིས་གཉིས་ཟུང་འབྲེལ་གྱེ་ཚུལ་དུ་བསྟན་ཡོད་། དེར་བརྟེན་བོད་ཀྱི་མཁས་པ་རྣམས་ནས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ལེར་གནམ་ས་གོ་ལའི་ངེས་པ་རྒྱ་ཆེར་བསྟན་པ་དེ་དག་རྩ་བར་བཟུང་། སྔ་རབས་ཀྱི་དུས་བརྟག་གནམ་དཔྱད་ཀྱིས་ཟུར་བརྒྱན་ཏེ་ལོ་རེའི་གནམ་སའི་འགྱུར་ལྡོག་དང་། ལེགས་ཉེས་བླང་དོར་གང་ལ་ཇི་འོས་གསལ་པོར་སྟོན་ཐུབ་པའི་ལོ་ཐོ་རྩོམ་སྒྲིག་བྱེད་པ་སོགས་ལ་བརྟེན་ནས་སྔར་ཡོད་ཀྱི་སྐར་རྩིས་རིག་པ་དེ་ཚན་རིག་གི་རང་བཞིན་དང་། ཕྱོགས་ཡོངས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཕུན་སུམ་ཚོགས་པའི་དུས་རིམ་འདི་འདྲ་ཞིག་ལ་འཕེལ་རྒྱས་བྱུང་བ་རེད།དུས་མཚུངས་སུ་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོའི་ཐུགས་རྗེའི་འཕྲིན་ལས་ལས་བྱུང་བ་གསོ་དཔྱད་ཀུན་རྒྱལ་དཔལ་ལྡན་རྒྱུད་བཞི་ཡང་སྙན་བརྒྱུད་སློབ་བཤད་ནས་རིམ་པར་ཚགས་བཤད་ཀྱི་སྒོ་ནས་་དར་རྒྱས་བྱུང་བའི་རྒྱན་ལས། བྱང་ཟུར་མཁས་པའི་བཀའ་སྲོལ་གྱི་ཆུ་བོ་ཆེན་པོ་གཉིས་བརྒྱུད་ནས་ད་ལྟ་འདི་བཞིན་འཕེལ་རྒྱས་ བྱུང་བ་ཞིག་ཡིན། 
          (སྤྱི་ལོ༡༢༦༠)ལོར་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྲིད་དབང་བཟུང་སྟེ་བོད་གཅིག་གྱུར་བྱུང་བའི་སྐབས་དེར། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་ཀུན་དགའ་དཔལ་བ་སོགས་གནམ་རིག་རྩིས་ལ་མཁས་པ་རྣམས་ཀྱིས་བོད་རང་གི་གནམ་གཤིས་དང་ས་ཆའི་དུས་བབ་ལ་ཞིབ་འཇུག་ནན་ཏན་མཛད་རྗེས། མཧྭརྩི་ནའི་ཧོང་ལེ་ལ་དཔེར་མཛད་ནས་བོད་ཀྱི་ལོ་ཟླ་ཞག་དུས་ཀྱི་བབ་དང་སྦྱར་ནས་ས་སྐྱའི་ལོ་ཐོ་ཞེས་པ་རྩོམ་སྒྲིག་གནང་སྟེ་བོད་ཀྱོ་ལོ་ཐོའི་སྲོལ་སྔར་ལས་ལྷག་པའི་གོང་འཕེལ་བྱུང་ཞིང་། ཆབས་ཅིག་ཏུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་སོགས་ལྗགས་རྩོམ་གནང་སྟེ་སྨན་དཔྱད་ཀྱི་ཕྱག་ལེན་ཡང་མཉམ་དུ་དར་སྤེལ་མཛད། དེ་ནས་རབ་བྱུང་ལྔ་པའི་ས་རྟ་(སྤྱི་ལོ་༡༣༡༨)ལོར། རྗེ་རང་བྱུང་རྡོ་རྗེས་བསྡུས་རྒྱུད་འཇིག་རྟེན་ཁམས་ལེའི་ཚིག་རྣམས་གོ་བདེ་བའི་སླད་དུ་བདུན་ཚིག་ཏུ་བཀྲལ། རྒྱུད་ལས་མ་བཀག་པའི་རྩིས་ཉེ་བར་མཁོ་བ་འགའ་ཞིག་ཀྱང་བསྣན།དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ་ནས་རྩིས་ཀུན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་མཛད་ཅིང་། སྨན་མིང་རྒྱ་མཚོ་སོགས་སྨན་དཔྱད་ཀྱི་གཞུང་ཡང་བརྩམས་ནས་ལག་ལེན་གནང་ཡོད། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་རབ་བྱུང་ལྔ་པའི་མེ་སྟག་ལོར་རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད་ཡན་ལག་དང་བཅས་པ་བརྩམས་པ་དང། ཞ་ལུར་ཡན་ལག་བརྒྱད་པའི་བཤད་པ་རྒྱ་ཆེར་གནང་ནས་སྨན་རྩིས་མཉམ་འབྲེལ་གྱི་སྒོ་ནས་དར་རྒྱས་བཏང་། གཞན་ཡང་མཁས་གྲུབ་ཨ་རྒྱན་པ། ཀུན་མཁྱེན་དོལ་པོ་སངས་རྒྱས། འགོས་ལོ་ཡིད་བཟང་ཙི་པ། བྱང་པ་རྣམ་རྒྱལ་གྲགས་བཟང་། ཟུར་མཁར་བློ་གྲོས་རྒྱལ་པོ། ཇོ་ནང་ཏཱ་ར་ནཱ་ཐ་སོགས་བོད་ཀྱི་སྨན་རྩིས་མཁས་པ་རྣམས་ནས་སྨན་རྩིས་གཉིས་ཀའི་བསྟན་བཅོས་བརྩམས་ཤིང་འཆད་ཉན་ལག་ལེན་གྱི་སྒོ་ནས་མཉམ་དུ་དར་སྤེལ་བཏང་གནང་མཛད་དེ་བོད་ཀྱི་སྨན་རྩིས་རིག་པར་ལེགས་སྐྱེས་མང་དུ་ཕུལ་ཡོད།
          དེ་ནས་རབ་བྱུང་༨པའི་མེ་ཡོས་ལོར། མཚུར་ཕུ་འཇམ་དབྱངས་དོན་འགྲུབ་འོད་ཟེར་གྱིས་རྗེ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ་རྩིས་ཀྱི་གཞུང་ལུགས་ཆེན་པོ་མཛད། མཚུར་ཕུའོ་ལོ་ཐོ་ཞེས་པ་ཐོག་མར་བཏོན། སྔ་རབས་ཀྱི་བྱ་ཞག་རྩིས་ལ་སོགས་པའི་དུས་བརྟག་ གནམ་དཔྱད་རྣམས་ཚེས་ཁོངས་སུ་བཀོད་པ་ཟླ་རེའི་གནམ་གཤིས་འགྱུར་ལྡོག ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེ་གང་ཡོད་བཅས་ཀྱི་སྔོན་བརྡ་བསྟན་ཡོད་པས་དུས་ཕྱིས་བར་དབུས་གཙང་ཁུལ་དུ་འདི་དར་ཁྱབ་ཆེ།    རྩིས་ཀུན་བསྡུས་པ་ལ་འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱི་རྩིས་འགྲེལ་རིན་ཆེན་གཏེར་མཛོད་མཛད་པ་སོགས་ཀྱིས་དར་སྤེལ་བཏང་བ་ལ་མཚུར་ལུགས་ཞེས་སུ་གྲགས། ལོ་འདི་ནས་རྩིས་འགོ་བཟུང་སྟེ་གཙང་ཆུང་ཆོས་གྲགས་རྒྱ་མཚོ། མཁས་དབང་ནོར་བཟང་རྒྱ་མཚོ་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོས་རྩིས་ཀྱི་ལེགས་བཤད་པད་དཀར་ཞལ་ལུང་མ་བུ་དང་། དྲི་མེད་འོད་རྒྱན་སོགས་རིམ་པར་བརྩམས། བོད་ཀྱི་ཡུལ་དུས་དང་འཚམས་པའི་དུས་བརྟག་གནམ་དཔྱད་གཏན་ལ་ཕབ་སྟེ་ལོ་ཐོ་སྦྱོར་སྲོལ་གྱི་བྱ་གཞག་རིམ་གྱིས་གོང་འཕེལ་བཏང་། རྩིས་སྟོན་བསམ་རྒྱལ་བ་སོགས་ཀྱིས་རིམ་བཞིན་སྤེལ་བ་ལ་གྲ་མདའ་ཕུག་པའི་རིང་ལུགས་ཞེས་ཡོངས་སུ་གྲགས་པ་སྟེ་བཀའ་སྲོལ་ཆེན་པོ་རྣམ་པ་གཉིས་བྱུང་། དེ་དག་གི་རྒྱུན་ལས་ཕྱིས་རབ་བྱུང་༡༢པའི་མེ་ཡོས་ལོར་སྡེ་སྲིད་མི་དབང་པཎྚི་ཏ་སངས་རྒྱས་རྒྱ་མཚོས་རྩིས་ཀྱི་བསྟན་བཅོས་བེེ་ཌཱུརཡ་དཀར་པོ་མ་བུ་བརྩམས་ནས་དཀར་ནག་དབྱངས་གསུམ་ཀའི་དོན་ཤིན་ཏུ་རྒྱས་པར་བཤད། ཉི་སྐར་དང་བསྒྲིགས་ནས་དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ། ལྡོག་གཉིས་དབུགས་སྒང་སོགས་ཀྱི་ཚད་གཞི་རི་མོའི་སྒོ་ནས་ངེས་གཏན་འཁེལ་བ་གནང་། ལོ་ཟླ་ཞག་དུས་ཀྱི་ས་བདག་རྒྱུ་བ། སྤར་སྨེ། རྟེན་འབྲེལ་སོགས་ཉེ་བར་མཁོ་བ་རྣམས་ཚེས་ཁོངས་སུ་བཀོད་པ་སོགས་ལོ་ཐོ་རྩོམ་སྒྲིག་གི་ཚུལ་ལུགས་སྔར་ལས་ཤིན་ཏུ་རྒྱུས་པར་གཏན་ལ་ཕབ་པ་དང་ཆབས་ཅིག་ཏུ་དཔལ་ལྡན་རྒྱུད་བཞིའི་ཚིག་དོན་ཆ་ལ་དེ་སྔོན་ཡིག་ནོར་ཤོར་ནས་མ་དག་རྒྱུན་འབྱམས་སུ་སོང་རིགས་ལ་ཞིབ་མོར་དཔྱད་པའི་ཞུས་དག་གནང་སྟེ་པར་དུ་བརྐོས། རྒྱུད་བཞི་ཀའི་འགྲེལ་ཆེན་བེེ་ཌཱུརཡ་སྔོན་པོ་དང་། མན་ངག་ལྷན་ཐབས་སོགས་རྩོམ་གནང་བ་དང་། ལྕགས་རི་གྲྭ་ཚང་སོགས་འཆད་ཉན་གྱི་སློབ་གྲྭ་བཙུགས་ནས་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་གནང་སྟེ་སྨན་རྩིས་མཉམ་སློབ་མཉམ་སྤྱོད་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་བས་བོད་ཁམས་ཡོངས་སུ་ཁྱབ་པར་གྱུར།དེ་བཞིན་རབ་བྱུང་༡༢པའི་ཤིང་རྟ་ལོར་སྨན་གླིང་ལོ་ཆེན་དྷརྨ་ཤྲཱིས་རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བ་མ་བུ་ཆ་ལག་བཅས་དང་།   དེའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་བརྩམས་ནས་སྨིན་གྲོལ་གླིང་གི་ལོ་ཐོ་ཞེས་བཏོན་ནས་བར་སྐབས་སུ་དབུས་གཙང་ཁུལ་དུ་ལོ་ཐོ་འདི་ཉིད་གཙོ་བོ་གནང་སྲོལ་ཡོད། སྨིན་གླིང་རང་དུ་སྨན་རྩིས་སོགས་རིག་གནས་སློབ་གྲྭ་བཙུགས་ནས་ངག་དབང་དཔལ་བཟང་སོགས་ནས་སྨན་རྩིས་གཉིས་ཀ་འཆད་ཉན་དང་ལག་ལེན་རྒྱ་ཆེར་བྱས་ནས་གསོ་རིག་དང་། གནམ་རིག་སྐར་རྩིས་ཀྱི་བྱ་བ་མཉམ་འབྲེལ་ཐོག་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་བཏང་།རྩིས་གཞུང་ཆེན་པོ་ཕྱི་མ་འདི་གཉིས་ནི་ད་ལྟ་རང་རེས་རྒྱུན་དུ་སྤྱོད་པའི་རྩིས་ཀྱི་ལག་ལེན་ཕལ་ཆེར་གྱི་ཁུངས་གཏུགས་ས་ཞིག་ཏུ་གྱུར་སྟབས་ཤིན་ཏུ་གྲགས་ཆེ་ཞིང་གྲ་མདའ་ཕུག་པའི་རིང་ལུགས་དར་ཁྱབ་འགྲོ་བའི་འཕྲིན་ལས་ཀྱི་གཙོ་བོར་གྱུར།
          མདོ་ཁམས་སྟོད་དུ་སི་ཏུ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་སྔར་སྲོལ་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལག་ལེན་དང་བཅས་པ་འཆད་ཉན་དར་སྤེལ་ཤུགས་ཆེན་གནང་བའི་ཁར། མེས་རྒྱལ་ནས་གསོ་རིག་སྐོར་དང་། མདོ་སྡེ་སྟག་སྣ། འབྱུང་རྩིས། རྒྱ་ནག་གླང་རྩིས་སོགས་རྩིས་སྐོར་དང་། རྩ་མདོ་སོགས་སྨན་དཔྱད་སྐོར་འགའ་བོད་སྐད་དུ་བསྒྱུར་གནང་བ་དང་། རྒྱ་གར་དང་བལ་ཡུལ་ནས་འབྲས་རྩིས་མྱུར་བར་རྟོགས་བྱེད་སོགས་རིག་པའི་གནས་ཀྱི་གཞུང་ལུགས་ཁག་གཅིག་བླངས་ཐོག་ཉི་ཟླ་གཟའ་འཛིན་དང་། ཉི་ལྡོག་སོགས་དུས་བརྟག་གནམ་དཔྱད་སྐོར་ལ་ཞིབ་འཇུག་མང་དུ་གནང་སྟེ་ཡུལ་གྲུ་སོ་སོའི་ཁྱད་ཆོས་ཀྱི་དུས་གཟེར་རྣམས་གཏན་ལ་ཕབ། སྡེ་དགེ་དཔལ་སྤུངས་སུ་སྨན་རྩིས་སོགས་རིག་པའི་གནས་ཀྱི་སློབ་གྲྭ་བཙུགས་ནས་སྨན་རྩིས་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་གནང་།མཚུར་ལུགས་གཙོ་བོར་བྱེད་པའི་གཞུང་ལུགས་ལག་ལེན་བཅས་དར་སྤེལ་ཤུགས་ཆེན་གནང་སྟབས་མདོ་ཁམས་ཡོངས་སུ་དེའོ་རྒྱུན་སྲོལ་དར་ཁྱབ་བྱུང་བ་མ་ཟད། བོད་ཡོངས་ལ་ཤུགས་རྐྱེན་ཆེ།ལྷག་པར་དུ་རྒྱ་ནག་གླང་རྩིས་ཀྱི་ལག་ལེན་གསར་འགྱུར་མཛད་ནས་རྒྱ་ནག་ལུགས་ཀྱི་བཀའི་ས་གླང་བརྟག་པའི་བརྩི་སྲོལ་ཐོག་མར་གསར་གཏོད་གནང་བ་བོད་ཁམས་ཡོངས་ལ་དར་ཁྱབ་གྱུར་ཡོད། དེ་ནས་བཟུང་སྟེ་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཡོངས་ནས་ལོ་རེ་བཞིན་ཐན་ཞོད་ཆེ་ཆུང་། ལོ་ཕྱུགས་ལེགས་ཉེས། བཙའ་སད་སེར་བ་སོགས་ཇི་ལྟར་འབྱུང་བའི་སྐོར་ལ་རྩིས་འབྲས་གཞན་དག་ལས་ཀྱང་ས་གླང་གི་འབྲས་བུ་གཙོ་བོར་དཔྱད་དེ་གླེང་མོལ་དང་དོ་སྣང་བྱེད་པའི་གོམས་སྲོལ་ཆགས་ཡོད་སྟབས་སྙན་གྲགས་ཆེ་ལ་ཡིད་ཆེས་གཏིང་ཟབ་བྱེད་ཀྱི་ཡོད། དེ་རྗེས་རབ་བྱུང་༡༢པའི་ཆུ་བྱི་ལོར་དཔལ་སྤུངས་རྗེ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་རྩིས་ཀྱི་ལག་ལེན་ཉེར་མཁོ་བུམ་བཟང་བརྩམས་པ་དང་། མཚུར་ལུགས་གྲུབ་རྩིས་དཔལ་སྤུངས་ལོ་ཐོ་ཞེས་པ་སྔར་ལས་རྒྱས་པ་ཞིག་བཏོན། དུས་ཀྱི་གཟེར་རྣམས་མཚུར་ཕུ་འཇམ་དབྱངས་ཆེན་པོ་དང་རྗེ་མི་བསྐྱོད་རྡོ་རྗེའི་ལུགས་བཞིན་བཀོད། འབྱུང་རྩིས་ཀྱི་ལོ་འགོ་བཟུང་ས་མི་འདྲ་བའི་ཁྱད་པར་ལས་ས་བདག་གི་རྒྱུ་ཁྲ་མི་འདྲ་བ་དང་། གྱོ་ཁང་རེའུ་མིག་ཚེས་ཁོངས་སུ་བཀོད་པ་སོགས་ཕུག་ལུགས་གྲུབ་རྩིས་ཀྱི་བཞེད་སྲོལ་དང་ཅུང་ཟད་ཐ་དད་དུ་བྱས་པ་འདི་ལ་དུས་ཕྱིས་མཚུར་ལུགས་ལོ་ཐོ་ཞེས་གྲགས་སྟབས་བཀའ་སྲོལ་འདི་བཞིན་ལག་ལེན་བྱེད་མཁན་ཡང་མང་དུ་ཡོད། སྐབས་དེ་ཙམ་ནས་དཔལ་སྤུངས་ཀྱི་སྨན་གྲྭ་ཞེས་ཤིན་ཏུ་གྲགས་ཆེ་ཞིང་སློབ་མ་མཁས་པ་མང་དུ་ཐོན། མཁས་པའི་དབང་ཕྱུག་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་སྨན་རྩིས་ཀྱི་སློབ་སྦྱོང་གནང་ས་ཡང་གཙོ་ཆེ་བ་དཔལ་སྤུངས་ཀྱི་སྨན་གྲྭ་དེ་ནས་ཡིན་ལ་དེས་ཀྱང་སྨན་རྩིས་རིག་པའི་གཞུང་ལུགས་མང་དུ་བརྩམས་ཡོད། མདོ་ཁམས་སྡེ་དགེའི་ཀཿཐོག་ཏུའང་རིག་གནས་སློབ་གྲྭ་བཙུགས་ནས་སྒྲ་ཚད་སོགས་རིག་པའི་གནས་ཕལ་ཆེར་འཆད་ཉན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་རྩིས་ཀྱི་བསྟན་བཅོས་ཨུཧྥལ་སྔོན་པོའི་དོ་ཤལ་ཞེས་པ་རྩིས་དཀར་ནག་གཉིས་ཀའི་གཞུང་ཆ་ཚང་བ་དང་། གསོ་རིག་སྤྱི་དོན་པད་མ་རཱ་གའི་ལྡེ་མིག་སོགས་བརྩམས་གནང་བ་བཅས་ལ་བརྟེན་གཙོ་ཆེར་སྨན་རྩིས་ཟུང་འབྲེལ་གྱི་སྦྱངས་བརྩོན་དང་ལག་ལེན་གནང་བའི་སྲོལ་རྒྱུན་ཆགས་ཡོད་ལ་ལོ་རེ་བཞིན་དུ་ཕུག་ལུགས་གཙོར་བཏོན་གྱི་ལོ་ཐོ་རྩོམ་སྒྲིག་བྱས་ནས་མདོ་ཁམས་ཀྱི་ས་གནས་མང་པོ་ཞིག་ལ་ཁྱབ་གདལ་འགྲོ་གི་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨན་པ་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་སོ་སོར་བཙུགས་ནས་སྨན་རྩིས་རབ་འབྱམས་པ་མང་པོ་གསོ་སྐྱོང་གནང་བའི་རྒྱུན་ལས་མདོ་སྨད་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ། ལྷག་པར་དུ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་རབ་ཚེས་མེ་ཡོས་ལོར་ཕུག་ལུགས་རྩིས་ཀྱི་བསྟན་བཅོས་རིགས་ལྡན་མཆོད་པའི་འོད་སྣང་ཞེས་པ་བརྩམས་ནས་ཕུག་ལུགས་རྩ་བར་བཟུང་། ལོ་ཐོ་སྦྱོར་འགྲེལ་གྱི་ཚུལ་བེེ་དཀར་དང་ཉིན་སྣང་ལྟར་བཀོད། རྒྱ་རྩིས་ཀྱི་རི་མོ་རྣམ་དག་གིས་ཟུར་བརྒྱན་པ་སོགས་ལ་བརྟེན་ནས་སྐར་རྩིས་ཀྱི་ལག་ལེན་རྒྱུན་མ་ཆད་པར་གོང་འཕེལ་ཕྱིན་པའི་འཕྲིན་ལས་ཀྱི་འོད་སྣང་ད་ལྟའང་གསལ་བཞིན་ཡོད། ལྷག་པར་དུ་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་མཚོའི་བདག་ཉིད་མཁས་དབང་སྐུ་ཞབས་མཁྱེན་རབ་ནོར་བུ་མཆོག་ནས་བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་གནང་སྟེ་ཕྱོགས་ཀྱི་སློབ་མ་བརྒྱ་ཕྲག་མང་པོར་རིག་པའི་གནས་སྤྱི་དང་། བྱེ་བྲག་སྨན་རྩིས་གཉིས་ཀྱི་གཞུང་ལུགས་སློབ་ཁྲིད་དང་།ཕྱག་ལེན་རྒྱ་ཆེར་གནང་སྟེ་མཁས་ཤིང་ཉམས་མྱོང་ལྡན་པའི་སྨན་རྩིས་བརྒྱུད་འཛིན་པ་མང་པོ་གསོ་སྐྱོང་མཛད་པའི་འཕྲིན་ལས་ཀྱིས་བོད་ཁམས་ཡོངས་སུ་ཁྱབ། སྨན་སྦྱིན་རྒྱ་ཆེར་གནང་ནས་འགྲོ་བ་ནད་པ་ཁྲི་ཕྲག་མང་པོར་མི་འཇིགས་སྲོག་གི་སྐྱབས་སྦྱིན་བྱུང།རབ་བྱུང་༡༦པའི་མེ་ཡོས་ལོར་རྩིས་ཀྱི་ལག་ལེན་རིགས་ལྡན་སྙིང་ཐིག་རྩིས་འགོ་སྤོས་གནང་ནས་ཕུག་ལུགས་གཙོ་བོར་བྱས་པའི་ལོ་ཐོ་རྩོམ་སྒྲིག་གནང་སྟེ་རྒྱ་གར་གྱི་དུས་དབྱངས། རྒྱ་རྩིས་ཧོང་ལེ།འབྱུང་རྩིས། སྔ་རབས་བོད་ཀྱི་ཉམས་མྱོང་ལས་བྱུང་བའི་དུསབརྟག་གནམ་དཔྱད་ཀྱི་སྟེང་སྐུ་ཞབས་རང་ཉིད་ཀྱིས་ཉམས་མྱོང་བསགས་པའི་གནམ་དཔྱད་དུས་གཟེར་འགའ་ཞིག་གཏན་ལ་ཕབ་ནས་ལོ་བཤད། ཟླ་བཤད། ཉིན་བཤད། རགས་ཞིབ་སོགས་ཤིན་ཏུ་རྒྱས་པར་བཀོད་ནས་ལོ་རེ་བཞིན་ཤིང་པར་བརྐོས་ཏེ་འགྲེམསསྤེལ་བྱས་པར་བརྟེན་བོད་ཀྱི་ལོ་ཐོ་ཞེས་གྲགས་པ་བོད་ཡོངས་སུ་ཁྱབ་ནས་ཀུན་གྱིས་ཚད་མར་འཛིན་པར་བྱེད། དེ་ལྟར་སྨན་རྩིས་ཟུང་འབྲེལ་གྱེ་སློབ་ཚུལ་ལག་ལེན་དང་བཅས་པ་ལ་ཡང་དག་པའི་སྲོལ་རྒྱུན་བཟང་པོ་བཙུགས་པ་བཅས་སྔར་ལས་ལྷག་པའི་སྒོ་ནས་གོའཕེལ་བཏང་། ད་ལྟའང་སྨན་རྩིས་ཁང་གི་སྨན་རྩིས་སློབ་གཉེར་བ་རྣམས་ནས་དེང་དུས་དང་མཐུན་པའི་རིག་པའི་གནས་ཕལ་ཆེར་ལ་སློབ་གཉེར་གནང་གི་ཡོད་ཀྱང་། གཙོ་བོར་སྨན་རྩིས་གཉིས་ལ་སློབ་སྦྱོང་དང་། ལག་ལེན་བྱས་ཏེ་སློབ་སྲོལ་ཕྱག་ལེན་དང་བཅས་ལ་སྔར་གྱི་ཕྱག་རྒྱུན་མ་ཉམས་པའི་ཐོག་གོང་འཕེལ་འགྲོ་གི་ཡོད་པ་འདི་བཞིན་དང་། གཞན་ཡང་དེང་དུས་སུ་གཞིས་རྩེ་སྨན་རྩིས་ཁང་།ལྷོ་ཁ་སྨན་རྩིས་ཁང་། ནག་ཆུ་སྨན་རྩིས་ཁང་། མངའ་རིས་སྨན་རྩིས་ཁང་། སྡེ་དགེ་སྨན་རྩིས་ཁང་ཞེས་སོགས་བོད་ལུགས་སྨན་ཁང་ཅུང་ཆེ་གྲས་ཕལ་ཆེར་ལ་སྨན་རྩིས་ཁང་ཞེས་པའི་མིང་ཆགས་ཡོད་ལ།དེ་ལྟར་མཉམ་འབྲེལ་ལག་ལེན་བྱེད་ཀྱི་ཡོད་པ་ལྟ་བུས་མཚོན་སྨན་རྩིསགཉིས་ཀྱི་འབྲེལ་བ་ནི་དུས་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན།
          (བཞི)སྨན་རྩིས་གཉིས་ཀྱི་དགོས་དོན།
          སྨན་གྱི་བྱ་བ་ནི་འགྲོ་བ་མིའི་རིགས་རྣམས་མི་ན་བ་བདེ་བར་གནས་པར་བྱེད་པ་དང་། ན་བ་རྣམས་གསོས་ནས་ཚེ་ཡུན་རིང་དུ་བསྲིང་བའི་ཐབས་བླ་ན་མེད་པ་ཞིག་ཡིན་སྟབས་དུས་ནམ་ཡང་མེད་དུ་མི་རུང་བ་ཞིག་ཡིན་ལ། དེ་བཞིན་དུ་གནམ་རིག་སྐར་རྩིས་ཀྱི་བྱ་བ་ནི་ལོ་ཐོ་རྩོམ་སྒྲིག་བྱེད་པ་སོགས་ལ་བརྟེན་ནས་གནམ་ལ་ཉི་ཟླ་གཟའ་སྐར་གྱི་འགྲོས་བཞི་ཇི་ལྟར་རྩོམ་པའི་ཚུལ་གཏན་ལ་ཕབ་སྟེ་གནམ་སའི་འགྱུར་ལྡོག་གི་ཁྱད་པར་ལས་ལོ་རེ་བཞིན་དུ་ཆར་ཆར་ཆུ་བཟང་ངན། ཐན་པ་ཆེ་ཆུང་། བཙའ་སད་སེར་བ། ས་གཡོ་ཤྭ་འོད། གྲང་ལྷགས་རླུང་འཚུབ། ལོ་ཏོག་ལེགས་ཉེས། ཕྱུགས་རིགས་བདེ་གཟར། ཉི་ཟླ་གཟའ་འཛིན་སོགས་རང་བྱུང་ཁམས་ལས་ཕན་སྟེར་གནོད་སྦྱིན་ཇི་ལྟར་འབྱུང་བའི་དོན་རྣམས་ངེས་རྟོགས་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གནས་ཡུལ་གྱི་ས་བབ་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་སྔོན་འགོག་དང་གྲ་སྒྲིག་གི་ལས་ཀ་ཇི་ལྟར་དགོས་པའི་ཚུལ་དང་། ས་བོན་འདེབས་འཛུགས་དང་།ཞིང་ཆུ་འདྲེན་གཏོང་། རུ་བ་སྐྱས་སྤོ་ལ་སོགས་དངོས་གཞིའི་ལས་ཀའི་དུས་ཚོད་སྔ་ཕྱི་(སྔ་འདེབས་བར་འདེབས་ཕྱི་འདེབས་ལྟ་བུ་)དང་། ལས་ཀའི་བྱེད་ཐབས་བཅས་ཀྱི་སྔོན་བརྡ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལག་ལེན་དངོས་ཀྱི་ནང་དུ་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་སྒྲུབ་པའི་སྒོ་ནས་བོད་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཕན་ཡོད་ཀྱི་ནུས་པ་འདོན་ཐུབ་ཀྱི་ཡོད་པར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཀྱི་ཡོད། དཔེར་ན།སྨན་རྩིས་ཁང་གི་ལོ་ཐོ་ཁྲི་༢༠ཡས་མས་པར་བརྒྱབ་ནའང་མང་ཚོགས་ཀྱིས་འཚང་ག་བརྒྱབ་ནས་ཉོས་ཏེ་ད་དུང་འདང་གི་མེད་པ་རེད།སྤྱིར་རིག་པའི་གནས་རྣམས་ནི་དུས་སྐབས་གང་འདྲ་ཞིག་ལའང་དགོས་གལ་ཆེ་ཞིང་བེད་སྤྱོད་བྱེད་དགོས་པ་ཞིག་ཡིན་ལ་སྨན་རྩིས་གཉིས་ནི་དེ་བས་ཀྱང་མཁོ་གལ་ཆེ་ཞིང་མཉམ་འབྲེལ་གྱི་སྒོ་ནས་བེད་སྤྱོད་བྱེད་དགོས་ཀྱི་ཡོད།
          དེའི་ཕྱིར། མིའི་རིགས་ཡོངས་ལ་ཕན་སྦྱིན་གནོད་སྲུང་གི་ནུས་པ་ལྡན་པའི་རིག་པའི་གནས་འདི་རྣམས་ནི་འཇིག་རྟེན་ཁམས་མི་ཉམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཐབས་ལ་འབད་བརྩོན་གནང་འོས་པ་ཞིག་ཡིན། ལྷག་པར་དུ་བོད་རིགས་མི་དམངས་ཚོས་བོད་ཀྱི་གསོ་བ་རིག་པ་དང་། རྩིས་ཀྱི་རིག་པ་གཉིས་ཀྱིས་གཙོས་པའི་རིག་པའི་གནས་རིན་ཐང་བྲལ་བའི་ནོར་བུ་རིན་པོ་ཆེ་འདི་ཉིད་ལ་ཕྱོགས་ཡོངས་ནས་སྦྱངས་བརྩོན་མཐར་ཕྱིན་པ་དང་།ལག་བསྟར་གནད་ལ་འཁེལ་བའི་སྒོ་ནས་བྱི་དོར་ལེགས་པར་བྱས་ནས་མེས་རྒྱལ་གྱི་རིག་གནས་བང་མཛོད་ཆེན་པོའི་ནང་དུ་གཟི་འོད་ལྷམ་མེར་འཕྲོ་བ་ཞིག་ཡོང་རྒྱུའི་འབད་བརྩོན་གནང་སྟེ་རང་རྒྱལ་དེང་རབས་ཅན་བཞི་མངོན་དུ་འགྱུར་བའི་ཆེད་དུ་ལེགས་སྐྱེས་འབུལ་དུ་འཇུག་དགོས།
          སླར་སྨྲས་པ། འདུ་བ་མ་སྙོམས་སྙོམས་པར་བྱེདཔའི་སྨན། །ཤེས་བའི་རྣམ་གྲངས་གྲངས་ཀྱིས་གཞལ་བའི་རྩིས། །ཀུན་ཏུ་མཉམ་འབྲེལ་འབྲེལ་བའི་ལོ་རྒྱུས་བཅས། །སྨྲས་པ་འདི་འདྲ་འདྲ་བ་བསྡུར་ཆེད་མིན། ། འགྲོ་བ་ཀུན་སྨན་སྨན་གྱི་རིག་པ་དང་། ། བླང་དོར་ཀུན་རྩིས་རྩིས་ཀྱི་རིག་པ་གཉིས། ། གཅིག་ལ་གཅིག་བརྟེན་བརྟེན་ཅིང་འབྲེལ་བའི་ཚུལ། ། འབྲི་བ་ནན་བསྐུལ་བསྐུལ་ངོ་མ་ལྡོག་ཙམ། །འདི་ལ་འགལ་དང་མ་འབྲེལ་ཟློས་པ་སོགས། །ཉེས་པ་སྨྲས་གང་སྨྲ་བོ་བླུན་པོའི་སྐྱོན། ། མཁས་རྣམས་གཟུ་བོའི་བློ་ཡིས་བསྐྱོན་མཛད་ན། །གུས་བཅས་ནོངས་པ་འཐོལ་ཞིང་འཆགས་ལ་རིངས། ཞེས་ཞུའོ། །ཞེས་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་ཁྲོ་རུ་ཚེ་རྣམ་འབོད་པས་སྤྱི་ལོ་༡༩༨༦ལོ་ལ་སྦྱར་བའོ། །