ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་ཇི་ལྟར་བྱ་ཐབས།

སྤེལ་དུས 2018-12-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                གཅིན་པ་མངར་འགྱུར་གྱི་ནད་འདི་དབྱིན་སྐད་དུ།   ཏའེ་པེ་ཐིས། ཟེར།    རྒྱ་སྐད་དུ།   糖尿病ཟེར།   གནའ་བོའི་རྒྱ་སྨན་དང་བོད་སྨན་གཉིས་ཀའི་ནང་དུ་ནད་དེའི་མིང་དང་།  བཅོས་ཐབས་སོགས་ཀྱི་ཤེས་བྱ་གང་ཡང་མེད་ཀྱང་།  དེང་དུས་རྒྱ་བོད་གཉིས་ཀས་ཡོད་ཚུལ་དྲིལ་བསྒྲགས་བྱེད་ཅིང་འདུག   འོན་ཀྱང་དེ་ལ་ཕན་པའི་སྨན་ནི་བོད་རྒྱ་གཉིས་ཀ་ལ་ད་ལྟའི་བར་དམིགས་སུ་མེད་ཅིང་།    ནད་དེས་ཟིན་པའི་ནད་རྟགས།  
                གཅིན་པ་མངར་གྱུར་ནད་རིགས་ཨང་དང་པོ།
                ཕལ་ཆེར་བྱིས་པ་དང་ན་གཞོན་རིགས་ལ་མང་། ན་ཚོད་མ་ངེས་པ་ལའང་ཡོང་སྲིད། ནད་ཀྱི་ངོ་བོ་དྲག་ཅིང་ལུས་ཀྱི་ནང་དུ་དབྱིན་སུ་ལིན་གྱིས་གཏན་ནས་མི་འདང་ཕྱིར་ལུས་ལ་དབྱིགས་དུག་གིས་ནད་འབྱུང་སྲིད་པས། ངེས་པར་དབྱིན་སུ་ལིན་གྱིས་བཅོས་ན་ནུས་པ་ཐོན་སྲིད། དེ་མིན་ན་ཚེ་སྲོག་འཕྲོག་པའི་ཉེན་ཁ་ཡོད།
                གཅིན་པ་མངར་གྱུར་ནད་རིགས་ཨང་གཉིས་པ།
                ཕལ་ཆེར་ལོ་གྲངས་35~40་རྗེས་ཀྱི་མི་རྣམས་ལ་འབྱུང་། གཅིན་པ་མངར་གྱུར་ནད་པ་བརྒྱ་ཆ་90% ཡན་ཆད་གཅིན་སྙི་ཨང་གཉིས་པའི་རིགས་ཡིན། གཅིན་སྙི་ཨང་གཉིས་པ་ནི་ལུས་ཁམས་ཀྱི་དབྱིན་སུ་ལིན་རྩ་བ་ནས་མེད་པ་གྱུར་པ་ཞིག་མ་རེད། ནད་པ་འགའ་ཞིག་ལུས་ལ་དབྱིན་་སུ་ལིན་མང་དྲགས་པ་འབྱུང་། འོན་ཀྱང་དབྱིན་སུ་ལིན་གྱིས་ནུས་པ་ཐོན་གྱི་པ་རེད། དེས་ན་ནད་པའི་ལུས་ཁམས་ལ་དབྱིན་སུ་ལིན་ལྟོས་བཅས་ཀྱི་སྒོ་ནས་མི་འདང་བར་བྱུང་ཡོད། དེ་ལ་སྨན་རྫས་འགའ་ཞིག་ཁ་ནས་བཏུང་ཏེ་དབྱིན་སུ་ལིན་གྱི་ངར་འདོན་བཞིན་ཡོད་པ་རེད། ཡིན་ནའང་ནད་པ་འགའ་ཞིག་མཐའ་གཞུགས་དབྱིན་སུ་ལིན་གྱི་ཁབ་བརྒྱབ་ནས་བཅོས་དགོས་ཀྱི་ཡོད་པ་རེད། 
                མིའི་གཟུགས་ཁམས་ནི་ཕྲ་ཕུང་སྣ་ཚོགས་དང་། འབྱུང་བའི་རྫས་རིགས་མི་འདྲ་བ་སྣ་ཚོགས་འདུས་ནས་གྲུབ་པའི་ཕུང་པོ་ཞིག་རེད། ལུས་ཀྱི་ཆ་ཤས་ཐམས་ཅད་ལ་རྫས་རིགས་རྣམས་གཅིག་གིས་གཅིག་ལ་བརྟེན་ནས་ལས་ཀ་བྱེད་ཅིང་ཡོད་པ་རེད། དེས་ན་གཅིན་པ་མངར་གྱུར་གྱི་ནད་ཀྱི་རྒྱུ་རྐྱེན་ནི་མིའི་གཟུགས་ཁམས་ལ་དབྱིན་སུ་ལིན་(Insulin 胰岛素) ཞེས་པའི་རྫས་དེས་མི་འདང་པའམ་ཡང་ན་ཆད་ཟིན་པ་རེད། རྫས་དེའི་བྱེད་ལས་གཙོ་བོར་གང་ཞེ་ན། ང་ཚོས་ཟས་སྐོམ་གང་ཞིག་ཟོས་རྗེས་ཕོ་བའི་ནང་དུ་བད་ཀན་མྱག་བྱེད་ཀྱིས་མྱག །མཁྲིས་པ་འཇུ་བྱེད་ཀྱིས་བཞུས། རླུང་མེ་མཉམ་གྱིས་དྭངས་སྙིགས་གཉིས་སུ་ཕྱེས་པའི་ཟས་སྐམ་གྱི་དྭངས་པ་དེ་དག་ཁྲག་གི་ནང་དུ་སླེབས་པ་དང་། ཁྲག་གི་ནང་དུ་ལུས་སྟོབས་རྒྱས་བྱེད་ཀྱི་ཕྲ་ཕུང་མང་པོ་ཞིག་ཡོད་པ། ཕྲ་ཕུང་དེ་དག་ལ་ཟས་ཀྱི་དྭངས་མ་རྣམས་སིམ་པས་ཟས་སྐོམ་གྱི་བཅུད་དེ་ལུས་ཀྱི་ཟུངས་བཅུད་དུ་གྱུར་ནས་ལུས་སྟོབས་རྒྱས་ཡོང་གི་ཡོད་པ་རེད། 

                འོན་ཀྱང་ཕྲ་ཕུང་གིས་ཟས་སྐོམ་གྱི་བཅུད་རྣམས་དང་ལེན་བྱེད་ཐུབ་པ་ལ་དབྱིན་སུ་ལིན་གྱི་རྫས་དགོས་ཤིང་ཡོད་པ་རེད། དབྱིན་སུ་ལིན་གྱི་རྫས་མེད་ན་ཕྲ་ཕུང་དེ་དག་གིས་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེས་ན་ཟས་སྐོམ་གྱི་བཅུད་དེ་དག་ཁྲག་གི་ནང་དུ་སླེབས་པ་དང་ལུས་བཅུད་ལ་འགྱུར་མ་ཐུབ་པ། ཁྲག་གི་མངར་ཆའི་ཀ་རའི་རྫས་སུ་གྱུར་སྟབས། ལུས་ཀྱི་ཁྲག་རྩ་སྤྱི་དང་། ལྷག་པར་དུ་སྙིང་གི་འཕར་རྩ། མིག་གི་དབང་རྩ་། དེ་བཞིན་མཆིན་པ་དང་། མཁལ་མ་སོགས་ལུས་ཀྱི་དོན་སྣོད་དང་། དབང་པོ་རྣམས་ཀྱི་ནུས་པ་གཏོར་བརླག་བྱེད་ཅིང་ཡོད་པ་མ་ཟད། ཟས་སྐོམ་གྱི་བཅུད་རྣམས་ལུས་བཅུད་དུ་འགྱུར་མ་ཐུབ་སྟབས་མིའི་ལུས་ཟུངས་ཟད་ནས་སྟོབས་མེད་པར་གྱུར། དེའི་རྐྱེན་གྱིས་ཁྲིད་པའི་ནད་སྣ་ཚོགས་དང་། ལྷག་པར་དུ་མིག་དང་། མཁལ་མ། སྙིང་། ཁྲག་རྩ། རྩ་དཀར་རྣམས་ལ་གནོད་སྐྱོན་ཕོག་ནས་རིམ་བཞིན་བྱེད་ལས་ཀྱི་ནུས་པ་ཉམས་འགྲོ་ཡི་ཡོད་པ་རེད། 
                ཟས་བཅུད་ལུས་སྟོབས་སུ་འགྱུར་ཚུལ།
                ཕོ་བའི་ནང་དུ་ཟས་སྐོམ་རྣམས་བཞུས་ཟིན་པའི་དྭངས་མ་རྣམས་ལུས་ཟུངས་ཏེ་མངར་ཆ་ལ་འགྱུར་ཞིང་། མངར་ཆ་དེ་དག་ཁྲག་གི་ནང་དུ་འགྲོ་བ་དང་། ཁྲག་གི་ནང་དུ་ལུས་ཟུངས་རྒྱས་བྱེད་ཀྱི་ཕྲ་ཕུང་གྲངས་མེད་པ་ཞིག་ཡོད་པ་ཕྲ་ཕུང་དེ་དག་གིས་ཁྲག་གི་མངར་ཆ་རྣམས་འཇིབ་པས། མངར་ཆ་ཐམས་ཅད་ལུས་སྟོབས་རྒྱས་པའི་ཟུངས་བཅུད་འགྱུར་བཞིན་ཡོད་པ་རེད།

                ཕྲ་ཕུང་གིས་ཁྲག་གི་མངར་ཆ་འཇིབ་ཐུབ་པའི་མཐུན་རྐྱེན་ནི། དབྱིན་སུ་ལིན་ཞེས་པ་རྒྱ་སྐད་དུ། 胰岛素 ཞེས་པའི་རྫས་ཡོད་དགོས། རྫས་དེ་ནི་ཕྲ་ཕུང་གི་ལྡེའུ་མིག་དང་འདྲ་བས་ཕྲ་ཕུང་རྣམས་སྒོ་ཕྱེ་ཞིང་། རྫས་དེ་ཁྲག་གི་ནང་དུ་མེད་ན་ཕྲ་ཕུང་རྣམས་ནི་རོ་དང་འདྲ་བས་ལས་ཀ་མི་བྱེད་དོ།
                དབྱིན་སུ་ལིན་རྫས་ཀྱི་བྱུང་ཁུངས།      
                འོ་ན་དབྱིན་སུ་ལིན་ཞེས་པའི་རྫས་དེ་གང་ལས་བྱུང་ཞེ་ན། རྫས་དེ་མཆེར་པའི་གཤེར་རྨེན་གྱིས་ཉིན་ལྟར་མིའི་ལུས་ཁམས་ལ་གང་དགོས་བཟོ་སྐྲུན་བྱེད་ཅིང་ཡོད། གཤེར་རྨེན་གྱིས་དབྱིན་སུ་ལིན་ལུས་ལ་དགོས་ཚད་གསར་སྐྲུན་བྱེད་ཚར་པ་དང་ཁྲག་གི་ནང་དུ་གཏོང་བ་དང་། དེས་ལུས་སྟོབས་རྒྱས་བྱེད་ཀྱི་ཕྲ་ཕུང་གསོན་ཐུབ་པ་དང་། ཟས་སྐོམ་གྱི་བཅུད་རྣམས་གཟུགས་སྟོབས་རྒྱས་བྱེད་ཀྱི་ཕྲ་ཕུང་ནང་དུ་སིམ་ཐུབ་པར་བྱེད་པའི་ནུས་པ་ཡོད་པ་རེད།
                ཟས་བཅུད་རྣམས་ཁྲག་གི་ནང་དུ་སླེབས་པ་དང་དབྱིན་སུ་ལིན་གྱིས་དེ་དག་ཟུངས་སྟོབས་དང་གཟི་མདངས་སུ་བསྒྱུར་ཞིང་ཡོད་པ་རེད།  །ཟས་བཅུད་རྣམས་ཕྲ་ཕུང་ནང་དུ་འཇིབ་ནུས་པའི་དཔེ་རིས།
                ཕྲ་ཕུང་གིས་ལུས་སྟོབས་བསྐྱེད་མི་ནུས་པ།
                ནམ་ཞིག་མཆེར་པའི་གཤེར་རྨེན་གྱི་དབྱིངས་སུ་ལིན་གསར་བཟོའི་ནུས་པ་ཉམ་གུད་ཕྱིན་པ་དང་། མིའི་ལུས་ཁམས་ཀྱི་ཁྲག་གི་ནང་དུ་དབྱིངས་སུ་ལིན་མེད་པར་གྱུར་ནས། ལུས་སྟོབས་རྒྱས་བྱེད་ཀྱི་ཕྲ་ཕུང་རྣམས་བྱེད་ལས་ཀྱི་ནུས་པ་ཉམ་ནས་ཟས་སྐོམ་གྱི་བཅུད་རྣམས་འཇིབ་མི་ཐུབ་པར་གྱུར་པ་རེད། དེས་ན་ཟས་སྐོམ་གྱི་བཅུད་རྣམས་ཁྲག་གི་མངར་ཆ་ཀ་ར་ལ་གྱུར་ནས་གཅིན་པ་མངར་གྱུར་གྱི་ནད་དམ་རྒྱ་སྐད་དུ། 糖尿病 ཞེས་པ་འདི་བྱུང་བ་རེད། །ཟས་བཅུད་རྣམས་ཕྲ་ཕུང་གིས་འཇིབ་མ་ཐུབ་པ་ཁྲག་གི་ནང་དུ་ཀ་ར་གྱུར་པའི་དཔེ་རིས།  
                མཆེར་པའི་གཤེར་རྨེན་ལ་སྐྱོན་འབྱུང་རྐྱེན།
                མཆེར་པའི་གཤེར་རྨེན་གྱིས་དབྱིན་སུ་ལིན་གསར་བཟོ་བྱེད་མི་ཐུབ་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་ལས། ཟས་དང་སྤྱོད་ལམ་གྱིས་རྐྱེན་ནི། སྣུམ་རིགས་སོགས་ཟས་བཅུད་ཆེན་རིགས་ཀྱི་བཟའ་བཏུང་མང་དྲགས་པ་དང་། ལུས་ཀྱི་འགུལ་བསྐྱོད་ཉུང་དྲགས་པ། ཤ་རྒྱགས་པར་ཆགས་པ། ཆང་རག་བཏུང་མང་བ་སོགས་ཀྱིས་མཆེར་རྨེན་གྱིས་ནུས་པ་ལ་གནོད་སྐྱོན་ཐེབས་ཏེ་དབྱིན་སུ་ལིན་གསར་བཟོ་བྱེད་མི་ཐུབ་པ་གྱུར་པ་རེད།
                གཅིན་པ་མངར་གྱུར་གྱི་ནད་རིགས་སྔོན་འགོགས་དང་ཚོད་འཛིན་བྱེད་ཐབས།
                ཕ་མེས་སོགས་ལ་གཅིན་པ་མངར་གྱུར་ནད་ཀྱི་རིགས་བརྒྱུད་ཡོད་མཁན་རྣམས་ཀྱིས་སྔ་ཚེ་ནས་གཅིན་པ་མངར་གྱུར་ནད་མི་འབྱུང་བ་ཐབས་ཤེས་བྱ་དགོས། རྒྱུན་ལྡན་དུ་ཤ་མར་སོགས་བཟའ་བཏུང་སྣུམ་ཅན་དང་། ཆང་རག་སོགས་ཉུང་དགོས། ལྟོ་ཐེངས་གཅིག་ལ་བཟའ་ཚོད་ཀྱང་རན་པར་བྱ་སྟེ་ཧ་ཅང་རྒྱག་ཆེས་པ་ཟ་མི་རུང་། ཉིན་ལྟར་འགུལ་བསྐྱོད་རྒྱུན་འཁྱོངས་བྱ་དགོས། ཧ་ཅང་དལ་བར་བསྡད་ཆེས་པ་དང་། གནས་གཅིག་ཏུ་འགུལ་བསྐྱོད་མེད་པར་ལས་ཀའི་ཆེད་དུ་རིག་པ་བསྒྲིམས་ནས་འདུག་དྲགས་པ་དང་། གློག་ཀླད་སོགས་ལ་གཡེང་ཆེས་པ་བཅས་ནི་ནད་འདིར་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་འདུག 
                གཅིན་པ་མངར་གྱུར་གྱི་ནད་པས་འཚོ་བའི་སྤྱོད་ལམ་དང་སྨན་བསྟེན་ཐབས།
                གཅིན་པ་མངར་གྱུར་ནད་པས་ཟས་སྤྱོད་གཟབ་དགོས་པ་ནི་གནད་འགག་གལ་ཆེ་ཤོས་ཤིག་རེད། རྒྱུན་ལྡན་དུ་སྣུམ་བཅུད་ཉུང་བའི་ཟས་རིགས་སྔོ་ཚལ་དང་། ནས་དང་། བྲ་བོ། སྲན་མ་སོགས་ཀྱི་རྩམ་པ། ཤ་དཀར་པོའི་རིགས་ཏེ་དཔེར་ན། ཉ་ཤ་དང་། བྱ་ཤ་སོགས་ཉུང་ངུ་རྒྱུན་བསྟེན་བྱ། དེ་ཡང་བཟའ་ཐེངས་གཅིག་ལ་ཧ་ཅང་རྒྱག་མི་དྲགས་པར་ཚད་རན་པོ་ཟ་བ། ཉིན་རེ་བཟའ་ཐེངས་མང་ཙམ་སྟེ་གནའ་བོའི་བོད་ལུགས་ལྟར། ཉིན་རེར་ཟས་ཚོད་ཉུང་ཞིང་བཟའ་ཐེངས་ལྔ་རེ་བྱས་ན་ལེགས། སྣུམ་རིགས་དང་། མངར་ཆ། ཆང་རག་སོགས་ལ་ཤིན་ཏུ་འཛེམས་དགོས། 
                ལུས་འགུལ་བསྐྱོད་ཀྱི་སྐོར།
                ཉིན་ལྟར་ལུས་ཀྱི་འགུལ་བསྐྱོད་མང་པོ་བྱེད་རྒྱུ་ནི་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་ཡས་ཀྱི་ཐབས་ཤེས་ལེགས་ཤོས་དེ་ཡིན། དཔེར་ན། འཆར་ཅན་དུ་ཉིན་རེ་བཟའ་བཏུང་རྗེས་སུ་གོམ་བགྲོད་བྱ་རྒྱུ་དང་། ཡང་ན་རྟེན་ལ་ཕྱག་བསྐོར་བྱ་རྒྱུ། ཡང་ན་པགས་རློག་དང་། པིང་པོང་རྒྱག་རྒྱུ་སོགས་ལུས་རྩལ་སྦྱོང་བརྡར་རིགས་རྣམས་རྒྱུན་འཁྱོངས་བྱ་དགོས། དེ་བཞིན་ཁུངས་ལྡན་གྱི་སློབ་དཔོན་ལ་བསྟེན་ནས་རྩ་རླུང་འཕྲུལ་འཁོར་གྱི་ལུས་སྦྱོང་བྱས་ནས་ལུས་སེམས་གཉིས་ཀ་ལ་ཕན་ཐོགས་ཆེན་པོ་ཡོད་པར་ངེས། 
                སྨན་རྫས་སྐོར།
                མིག་སྔར་གྱི་གནས་གནས་ཚུལ་དང་བསྟུན་ན་དབྱིན་སུ་ལིན་གྱི་སྨན་ཁབ་བརྒྱབ་རྒྱུ་ནི་རང་ལུས་སྲུང་སྐྱོབ་ཀྱི་ཐབས་ཡག་ཤོས་དེ་རེད། འདིས་མཁལ་མ་དང་། མཆིན་པ་སོགས་ལ་གནོད་པ་ཆུང་ཞིང་། མཆེར་རྨེན་ཡང་ལ་ཡང་ངལ་གསོ་ཐེབས་པ་རེད་ཟེར། དབྱིན་སུ་ལིན་གྱི་སྨན་ཁབ་རྒྱབ་དགོས་པའི་རྒྱུ་མཚན་གང་ཞེ་ན། རྒྱུན་ལྡན་དུ་མིའི་ལུས་ལ་དབྱིན་སུ་ལིན་ཇི་ཙམ་དགོས་པ་དེ་ཙམ་དུ་མཆེར་པའི་གཤེར་རྨེན་གྱིས་གསར་བཟོ་བྱས་ནས་ཁྲག་གི་ནང་དུ་གཏོང་བཞིན་ཡོད་པ་རེད། གཅིན་མངར་ནད་པའི་གཤེར་རྨེན་གྱིས་དབྱིན་སུ་ལིན་གསར་བཟོ་བྱེད་མི་ཐུབ་པའི་སྐབས་སུ། ང་ཚོས་ལུས་ཀྱི་ཕྱི་ནས་སྨན་ཁབ་བརྒྱུད་དབྱིན་སུ་ལིན་ཁྲག་གི་ནང་དུ་གཏོང་ནས་གཤེར་རྨེན་གྱི་ལས་ཀའི་ཚབ་བྱེད་ཅིང་ཡོད་པ་རེད། རྒྱུ་མཚན་འདི་ཤེས་ན་སྨན་ཁབ་བརྒྱབ་པའི་ཕན་ཡོན་ཤེས་ཐུབ།
                ཁྲག་གི་མངར་ཆ་ཚོད་འཛིན་བྱ་ཐབས།
                གཞན་ཡང་ཐམ་སི་ཕིན་ལ་སོགས་ཕྱི་རྒྱལ་གྱི་སྨན་ལ་བསྟེན་ནས་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་ཐུབ་པ་དགོས། ཁྲག་གི་མངར་ཆ་དེ་ཟས་དང་། སྤྱོད་ལམ་དང་། སྨན་ལ་བརྟེན་ནས་ཁྲག་གི་མངར་ཆ་དེ་ལྟོ་སྟོང་སྐབས་སུ་སྐར་ལྔ་ཡས་མས་དང་། ཟས་རྗེས་ཁྲག་གི་མངར་ཆ་དེ་སྐར་བརྒྱད་མན་ཙམ་ཚོད་འཛིན་བྱ་ཐུབ་ན་གཅིན་སྙི་ནད་ཀྱིས་གནོད་སྐྱོན་སྲུང་ཐུབ་པ་མ་ཟད། ནད་གཞན་བསྐྱེད་པའི་ཉེན་ཁ་ཡང་སྲུང་ཐུབ། དེས་ནས་གཅིན་སྙི་ནད་པ་རྣམས་ཀྱིས་ཉིན་ལྟར་ཁྲག་གི་མངར་ཆ་ཐེངས་ཁ་ཤས་བརྟགས་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་རེད། དེ་ནི་ཁྱོད་ཀྱི་ཚེ་སྲོག་སྲུང་སྐྱོབ་ཀྱི་ཐབས་ཤེས་ཡག་ཤོས་དེ་རེད།
                ཁྲག་གི་མངར་ཆ་ཚད་ལས་དམའ་བ་ཧ་ཅང་ཉེན་ཁ་ཆེ།
                གལ་སྲིད་ཁྲག་གི་མངར་ཆ་དེ་ཚད་ལས་དམའ་ན་ཧ་ཅང་ཉེན་ཁ་ཆེ། ཁྲག་གི་མངར་ཆ་མཐོ་ན་གློ་བུར་སྲོག་སྐྱོན་མེད། ཚད་ལས་དམའ་ན་གློ་བུར་སྲོག་ལ་ཉེན་ཁ་ཡོད། སྤྱིར་བཏང་བྱས་ན་ཡོ་རོབ་པའི་ཚད་གཞི་ཨང་༣་ལས་དམའ་བ་དང་། ཨ་རིའི་ཚད་གཞི་ཨང་༦༠་འོག་ལ་ཕྱིན་ན་གློ་བུར་དྲན་མེད་བརྒྱལ་ཞིང་། དེ་ལས་སླར་གསོ་པ་ཧ་ཅང་དཀའ། དེས་ནས་གཅིན་པ་མངར་གྱུར་གྱི་ནད་གཞི་ཡོད་མཁན་ཚོས་དུས་རྒྱུན་བུ་རམ་དང་། ཀ་ར་དུམ་བུ་ཞིག་ལུས་ལ་འབྲལ་མེད་བཅང་བ་ནི་རང་སྲོག་མྱུར་སྐྱོབ་ཀྱི་ཐབས་དམ་པ་ཞིག་ཡིན།
                ཁྲག་གི་མངར་ཆ་ཉུང་པའི་ནད་རྟགས་དཔེ་རིས།
                བོད་སྨན་དང་རྒྱ་སྨན་གྱིས་གཅིན་པ་མངར་གྱུར་ནད་ལ་ཕན་ནམ་ཞེ་ན།
                དེང་སང་ཀྲུང་དབྱིས་དང་། བོད་སྨན་གཉིས་ཀ་ལ་གཅིན་མངར་གྱི་ནད་འདི་ངོས་ཟིན་ཡག་པོ་མ་བྱུང་ཞིང་། དེ་ལ་བཅོས་ཐབས་ཚད་ལྡན་གྱི་གཞུང་དང་། རིག་པ་གཉིས་ཀ་མ་མཐོང་། མ་འོངས་པར་བོད་སྨན་དང་ཀྲུང་དབྱིས་བརྒྱུད་ནས་ཞིབ་འཇུག་བྱས་ན་བཅོས་ཐབས་དང་། སྨན་སྦྱོར་ཡག་པོ་ཐོན་སྲིད་པ་རེད། མིག་སྔར་དབྱིན་སུ་ལིན་གྱིས་ཚབ་བྱེད་ཐུབ་པའི་སྨན་བོད་རྒྱ་གཉིས་ཀའི་སྨན་རིགས་མ་མཐོང་། བོད་སྨན་དང་རྒྱ་སྨན་གྱིས་གཅིན་མངར་གྱི་ནད་བཅོས་པ་ནི་རང་ལུས་ཚོད་ལྟའི་ཡོ་བྱད་དུ་བློས་གཏོང་བའི་བྱ་བ་ཞིག་རེད། དེར་བརྟེན་གལ་སྲིད་བོད་སྨན་བཏུང་འདོད་ཡོད་ན། ཕྱི་རྒྱལ་གྱི་གཅིན་པ་མངར་གྱུར་ནད་ཀྱི་སྨན་རྫས་རྒྱུན་བསྟེན་གྱི་ཞོར་དུ། སེར་འབྲུ་དྭངས་གནས་ལྟ་བུ་རྒྱུན་བསྟེན་བྱས་ན་ལུས་སྟོབས་སྲུང་ཞིང་། ནད་རིགས་འགོག་སྲུང་གི་ནུས་པ་སྲུང་སྐྱོབ་ལ་ཅུང་ཟད་ཕན་ཐོགས་པའང་སྲིད།