ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

བོད་ལུགས་གསོ་བ་རིག་པ་ལས་སྤྲ་ལྡན་གསེར་ཁབ་ཀྱི་སྐོར་ལ་མདོ་ཙམ་བརྗོད་པ།

སྤེལ་དུས 2021-12-16 ཡོང་ཁུངས། བོད་སྨན་སློབ་གསོ་དང་ཞིབ་འཇུག རྩོམ་པ་པོ། ཡེ་ཤེས་སྒྲོལ་མ། བསོད་ནམས་དངོས་གྲུབ།
           ནང་དོན་གནད་བསྡུས། རྩོམ་ཡིག་འདིར་བོད་ལུགས་གསོ་བ་རིག་པ་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དཔྱད་ཀྱི་ཆོ་ག་སྤྲ་ལྡན་གསེར་ཁབ་ཀྱི་ཆ་བྱད། དེ་བཞིན་བསྟེན་རུང་དང་མི་རུང་བ། མེ་དམིགས། གདབ་ཐབས་དངོས་ཀྱི་ཆོ་ག་ཇི་ལྟར་བསྟེན་ཚུལ། ཕྱི་རྗེས། ཕན་ཡོན་བཅས་གསལ་བར་བཀོད་པའོ།།
           གནད་ཚིག སྤྲ་བ། གསེར་ཁབ། རླུང་།
           [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R245 [ཡིག་ཚང་མཚོན་བྱང་།]A [རྩོམ་གྱི་གོ་རིམ་ཨང་སྒྲིག]1674-0572(2018)01-0055-06
གངས་ལྗོངས་སྨན་པའི་རྒྱལ་པོ་གཡུ་ཐོག་རྗེ། །
དངོས་བརྒྱུད་བྱང་ཟུར་ལུགས་ཆེན་མཁས་མང་དང་། །
ལོ་ཙཱ་གཏེར་སྟོན་དགེ་བའི་བཤེས་གཉེན་བཅས། །
སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །
           ཞེས་པའི་ཚིག་གི་མཆོད་པར་བརྗོད་ནས་སྐབས་དོན་འདིར་གླེང་བར་བྱ་བའི་དོན་ནི་བོད་ལུགས་གསོ་བ་རིག་པ་ལས་ཐུན་མིན་གྱི་བཅོས་ཐབས་སྤྲ་ལྡན་གསེར་ཁབ་ཀྱི་སྐོར་རོ། དེ་ཡང་འགའ་ཞིག་གིས་སྤྲ་ལྡན་གསེར་ཁབ་ཀྱི་དཔྱད་ཐབས་འདི་ཉིད་ཕྱིས་སུ་བྱུང་བ་ཞིག་ཡིན་ཞེས་བརྗོད། འོན་ཀྱང་འདི་དང་འདྲ་ཆེ་བའི་ལག་ལེན་གྱི་བཀོལ་སྤྱོད་ནི་སྔར་ནས་དར་བ་ཞིག་ཡིན་ཏེ། དཔལ་ལྡན་རྒྱུད་བཞི་ལས། རི་བོའི་རྩེ་ལ་གསེར་གྱི་མེ་རྒྱས་གདབ། །①ཅེས་དང་། ཐུར་མའི་ལེའུ་ནང་དུ་ཚ་ཐུར་གདབ་པ་སོགས་དང་མཐུན་པའི་རིག་པའི་གཞུང་ལུགས་ནི་སྔར་ནས་ཡོད་པའོ། སྤྲ་ལྡན་གསེར་ཁབ་ཀྱི་དཔྱད་ཐབས་འདི་ཉིད་ནད་ཐོག་དངོས་ནང་དུ་བེད་སྤྱོད་པ་ནི་མཐོང་མང་ཞིང་ཕན་ནུས་ཆེ་བ་སོགས་ལ་གཞིགས་ནས་གསོ་བྱ་ནད་པར་ཇི་ལྟར་བྱས་ནས་ཚད་དང་ལྡན་པའི་ངང་བེད་སྤྱོད་བྱ་དགོས་པ་སོགས་ལེགས་པར་རྟོགས་ཕྱིར་འདིར་ཅུང་ཙམ་ཞིག་བརྗོད་པར་བྱའོ།  
           དང་པོ། ཆ་བྱད།   
           དུས་རྒྱུན་དུ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་སྤྲ་ལྡན་གསེར་ཁབ་ལ་ལྡན་དགོས་པའི་རྒྱུ་ཆ་གཙོ་བོ་ནི་གསེར་ཁབ་དང་སྤྲ་བ། ཤོག་སྒམ་བཅས་སོ།   
           1 གསེར་ཁབ་ཀྱི་རིང་ཚད་ལ་སྤྱིར་སོར་གསུམ་ནས་སོར་བཞིའི་བར་དགོས་པ་དང་ལྕི་ཚད་ལ་ཁྱོན་ཁེ་3. 5 -5བར་དགོས། དེ་ལས་རིང་བ་བྱུང་ཚེ་གསོ་བྱ་ནད་པར་བེད་སྤྱོད་སྐབས་བརྟན་པོ་མེད་པ་སོགས་ཀྱི་སྣང་ཚུལ་མང་དུ་ཐོན་པ་དང་དེ་ལས་ཐུང་དྲགས་ན་སྤྲ་བ་དེ་ཉིད་ཀྱིས་ཤ་དང་ལྤགས་པ་སོགས་འཚིག་པའི་སྣང་ཚུལ་ཡོད། གསེར་ཁབ་ཀྱི་རྩེ་མོ་གཉིས་ལས་གཅིག་ནི་རྣོ་དང་ལྡན་པ་ཁབ་རྩེ་ལྟ་བུ་དང་གཅིག་ཤོས་དེ་ལས་ཅུང་སྦོམ་པ་བྱས་པ་གང་ཞིག་རི་མོའམ་སྤྲ་བ་ཟུང་བྱེད་དུ་གཅུས་སྐོར་དགུ་ཙམ་དགོས་པ་དང་། གཅུས་སྐོར་འདི་ཕྱི་འཁོར་ནས་གཅིག་དང་ནང་འཁོར་ནས་གཅིག་རྒྱབ་པ་འདི་གཙོ་བོ་རྟེན་འབྲེལ་གྱི་ནུས་པས་སོ། ཡང་རེ་འགས་མེ་ཏོག་པད་མའི་འདབ་མ་ལྟར་དུ་བཟོས་ཡོད་པ་དེ་ནི་གཙོ་བོ་སྤྲ་བ་བཟུང་བྱེད་དུ་ཡིན་པས་དེ་ཙམ་གྱི་ཁྱད་པར་མེད། ཕྱོགས་གཞན་ཞིག་ནས་བརྗོད་ན་འདིར་མིག་གི་མཛེས་ཆོས་སུ་ཡང་འགྱུར་བའི་ཁྱད་ཆོས་ལྡན་སྙམ། རྒྱུ་ཆ་གཙོ་བོ་གསེར་བྱེད་དགོས་དོན་ནི་གཙོ་བོ་གསེར་འདི་ཉིད་ཤིན་ཏུ་ནས་གཙིགས་ཆེ་བ་རིན་པོ་ཆེའི་རིགས་ཤིག་ཡིན་པ། དེ་ལ་དམིགས་གསལ་གྱི་ནུས་པ་ཁྱད་པར་ཅན་ཞིག་ཡོད་དེ། དཔལ་ལྡན་རྒྱུད་བཞི་ལས། གསེར་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །②ཞེས་དང་དེའུ་དམར་བའི་ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་ལས། གསེར་གྱི་ཏེལ་པས་ཉེས་སྐྱོན་མི་འབྱུང་ཞིང་། །རྩ་ལ་སོགས་པ་རྣམས་ཀྱང་མཐུད་པ་དང་། །གདོན་དང་བགེགས་ཀྱི་གནོད་པ་ཞེས་གསུངས། །མིག་སོགས་དབང་པོ་བསྲུང་བའི་དཔྱད་ལ་བསྔགས། །③ཞེས་གསུངས་པ་ལྟར་རོ།   
           2 སྤྲ་བ་ནི་དཔལ་ལྡན་རྒྱུད་བཞི་ལས། སྤྲ་བ་སྟོན་ཟླ་གསུམ་གྱི་དུས་བཟང་བཏུ །མ་ཆད་ཤིག་མེད་བརྡུང་ལ་མཁྲེགས་པར་འདྲིལ། །④ཞེས་གསུངས་པ་ལྟར་དུ་སྤྲ་བ་དེ་སྟོན་ཟླ་གསུམ་སྟེ་བོད་ཟླ་བརྒྱད་པ། དགུ་བ། བཅུ་བ་ཡི་དུས་བཟང་སོགས་ལ་འཐུ་སྒྲུབ་བྱས་པ་འདི་དགོས། འཐུ་སྒྲུབ་ལེགས་པར་ཟིན་རྗེས་སུ་ལས་སྣོན་ཚུལ་དང་མཐུན་པར་བྱས་ནས་བེད་སྤྱོད་པའི་ཆ་ལ་ཟེར་བ་སྟེ། ལས་སྣོན་བྱེད་ཚུལ་ནི་དེའུ་དམར་བའི་མེ་བཙའི་གདམས་པ་ཤེལ་དཀར་མེ་ལོང་ལས། མ་ཆད་བརྡུངས་ལ་ཤིག་ཕྲལ་སོལ་རྩི་གདབ། །⑤ ཅེས་གསུངས་པའི་བརྒྱུད་རིམ་བཞིན་བེད་སྤྱོད་པ་སྟེ། ཐོག་མར་སྤྲ་བ་རྣམས་ཉི་མར་ལེགས་པར་སྐམ་གསེས་བྱ་བ། སྐམ་ཐག་ཆོད་རྗེས་རས་གཙང་གི་ཁུག་མའི་ནང་དུ་སྤྲ་བ་དག་བླུགས་ནས་དབྱུག་པས་ག་ལེར་བརྡུངས་པའམ་རྡོ་གཤོང་ནང་དུ་བསྣུར་བ་སོགས་བྱས་ནས་སྤྲ་ཤིག་གམ་སྤྲ་བའི་ནང་གི་འབྲུ་ཁུ་དག་མེད་པར་བཟོ་དགོས་པ། མཐར་ཟྭ་ཤིང་སྐམ་པོའམ་ཡོག་མོ་བསྲེགས་པའི་སོལ་བའི་ནང་མཉམ་དུ་བསྲེས་ནས་འཕུར་མཉེ་ལེགས་པར་བྱ་རྒྱུ་དང་སྤྲ་བ་དེ་ཉིད་བལ་ལྟར་འཇམ་པ། མདོག་ནག་ལ་འདྲིལ་སླ་བ། མེ་ལེན་མྱུར་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཆགས་པ་བྱེད་དགོས། དེ་མིན་སྤྲ་བ་མ་ཡིན་པར་ལ་ཕུག་དང་ཉུངས་མའི་རྩ་བའམ་འབྲས་བུ། ལྕུམ་རྩ་དང་ཆུ་རྩ། ལྕང་དཀར་དང་གསོམ་དཀར། དེ་བཞིན་ཀྲུང་ལུགས་གསོ་རིག་གི་ཨེ་ཅུའུ་ཞེས་པ་འདི་ཡང་བེད་སྤྱོད་བྱེད་པ་ཡང་ཡོད་དོ།   
           3 ཤོག་སྒམ་ནི་སྤྲ་ལྡན་གསེར་ཁབ་དེ་ཉིད་ཅུང་བརྟན་པ་ཡོང་ཕྱིར་བེད་སྤྱོད་པའི་ལག་ཆའམ་སྤྲ་ལྡན་གསེར་ཁབ་ཀྱི་གདན་ལྟ་བུ་ཞིག་ཏུ་སྣང་བས་འདིར་དུས་རྒྱུན་འཚོ་བའི་ཁྲོད་དུ་བེད་སྤྱོད་མང་བའི་ཤོག་སྒམ་དག་བྱུང་ནའང་འགྲིག་ཅིང་སྤྲ་བའི་མེ་རོ་མགོ་བོའི་སྟེང་མི་ལྷུང་བར་སྲུང་འགེབ་བྱེད་པའི་ནུས་པ་ཡང་ལྡན་པ་ཡིན།   
           གཉིས་པ། རུང་དང་མི་རུང་།    
           1 རུང་བ།  
           སྤྲ་ལྡན་གསེར་ཁབ་འདི་ཉིད་ངོ་བོ་དྲོད་ཀྱི་རང་བཞིན་ཡིན་པས་གྲང་བའི་རང་བཞིན་གྱི་ནད་ལ་རྒྱུན་དུ་ནས་བེད་སྤྱད་ན་ལེགས་པར་སྣང་ཞིང་། འདིར་སྤྱོད་མང་བའི་ནད་རིགས་ནི་རླུང་ནད་ཀྱི་རྐྱེན་པས་མགོ་ཡུ་འཁོར་བ། རྣ་བ་ནས་འུར་སྒྲ་སྒྲོག་པ། རྐང་ལག་སྦྲིད་ཡོང་བ། རླུང་ནད་ཀྱིས་ཁ་ལྐུགས་པ། རླུང་ནད་ཀྱིས་གཉིད་ཡེར་བ། སྲོག་རླུང་དང་སྙིང་རླུང་གི་ནད། བརྒྱལ་གཟེར་ནད། རླུང་གྲིབ་དང་ཁྲག་གྲིབ་ཀྱི་ནད་གཞིར་སྔོན་འགོག་ཐུབ་པ་མ་ཟད་བསྐྱར་གསོའི་དུས་སྐབས་སུ་བསྟེན་ཚེ་སླར་མི་ལྡང་བ་དང་དེ་བཞིན་ནད་འདི་ལས་མྱུར་བ་གསོ་ཐུབ་པ་སོགས་ཀྱི་ནུས་པ་ཁྱད་པར་བ་ཡོད། གཞན་ཡང་ཀླད་པའི་གྲུབ་ཆ་འཁུམས་པ་དང་ཀླད་པར་ཆུ་སེར་ཞུགས་པ་སོགས་ཀྱི་ནད། རྩ་དཀར་གྱི་བྱེད་ལས་ཉམས་པས་ཁ་གདོང་ཡོ་བ། དྲན་པ་མི་གསལ་བ་སོགས་ཀྱི་ནད་ལ་སྤྱོད། དེ་བཞིན་ཚ་བའི་ནད་རིགས་ལས་གཉན་རིམས་ཀྱི་ནད་གག་ལྷོག་དང་མཁྲིས་པ་རྩར་རྒྱུག་སོགས་ལ་ཡང་སྤྱོད་རུང་བའོ།   
           2 མི་རུང་བ།   
           དེ་ཡང་སྤྲ་ལྡན་གསེར་ཁབ་འདི་ཉིད་སྤྱིར་ཁྲག་མཁྲིས་ཚ་བའི་རང་བཞིན་གྱི་ནད་དང་པགས་ནད་སོགས་ལ་སྤངས་རྒྱུ། གནས་ཀྱི་ངོས་ནས་བཤད་ན་དབང་པོའི་སྔོ་དང་ཕོ་མོའི་སྲིད་རྩ། དེ་བཞིན་རྩ་མདུད་དང་རྨེན་བུ་སོགས་གཉན་ཆེ་བའི་གནས་ལ་སྤངས་རྒྱུ དུས་ཀྱི་ངོས་ནས་བླ་གནས། གཤེད་གཟའ། ཚེས་བཟང་། བསྲེག་ཚེས་བཅུ་བཞི་སོགས་ཁེལ་བའི་སྐབས་སྤང་རྒྱུ་བཅས་སོ།   
           གསུམ་པ། མེ་དམིགས།   
           མེ་དམིགས་ཞེས་སྐབས་འདིར་སྤྲ་ལྡན་གསེར་ཁབ་འདི་ཉིད་བེད་སྤྱོད་གཏོང་ཡུལ་གྱི་མེ་དམིགས་ནི་གཅིག་ལས་མི་སྣང་། འོན་ཀྱང་འདིར་ས་བཅད་ཐ་དད་དུ་བསྟེན་པའི་རྒྱུ་མཚན་ནི་མེ་དམིགས་སྤྱི་གཙུག་གི་ཡུལ་འདིར་ཚད་འཇལ་ཚུལ་མི་འདྲ་བར་སྣང་བ་དང་ངེས་པར་དུ་གནས་འདིར་འཇོག་དགོས་པའི་རྒྱུ་མཚན་སོགས་ལ་གླེང་བའོ།   
           དེ་ཡང་སྤྱི་གཙུག་གི་ངོས་འཛིན་ནི། (1)  སྣ་རྩེ་ནས་ཨན་སྟོང་ཚིགས་པ་དང་པོའི་བར་ཐིག་གཅིག་དང་རྣ་བའི་རྩེ་མོ་གཉིས་བར་ཐིག་གཅིག་འཐེན་པའི་རྒྱ་གྲམ་གྱི་ཆ་འདི་ལ་བཞེད་པ། (2)  སྨིག་དབྲག་ནས་གྱེན་སོར་བཅུ་གཉིས་སམ་སྣ་ཡི་རྩེ་ནས་གྱེན་སོར་བཅུ་དྲུག་འཇལ་མཚམས་འདིར་བཞེད་པ། (3) སྤྱིགཙུག་ཅེས་མགོ་བོའི་རྩེ་མོ་ཀྱོང་བུའི་གནས་འདི་དང་མགོ་བོའི་སྐྲ་འཁྱིལ་ས། མནན་ཚེ་ན་ཟུག་ཆེ་བའི་གནས་ལ་ངོས་འཛིན་པ། (4) སྤྱི་གཙུག་ཅེས་མགོ་བོའི་སྲུབས་ཀྱི་ཆ་ཐོད་རུས་གཉིས་དང་དཔྲལ་བའི་རུས་པ་འབྲེལ་མཚམས་ཀྱི་ཆ་ལ་བཞེད་པ་སོགས་མི་འདྲ་བར་སྣང་ཡང་ང་ཚོའི་བསམ་པར་འདི་དག་ཕལ་མོ་ཆེ་ནི་གཅིག་པར་བསམ། གང་ལགས་ཤེ་ན། དེ་དག་ཚང་མ་ཚད་འཇལ་ཡུལ་གྱི་གནས་མི་འདྲ་བའི་རྐྱེན་གྱིས་བཞེད་པ་མི་འདྲ་བར་སྣང་བས་དོན་དངོས་ཐོག་འདི་དག་ཕལ་མོ་ཆེ་ཚད་འཇལ་བའི་ཡུལ་ནི་གཅིག་པ་རེད། འོན་ཀྱང་གསོ་བྱ་ནད་པ་སོ་སོའི་སྐྱེ་འཕེལ་སྟོབས་ཀྱིས་མགོ་བོའི་གཟུགས་དབྱིབས་ཀྱང་མི་འདྲ་བས་འདི་དག་དངོས་སུ་བེད་སྤྱོད་སྐབས་གནས་མི་འདྲ་བར་སྣང་བའི་གནས་ཚུལ་ཐོན་སྲིད་པས་ན་རང་ཉིད་ཀྱི་ངོས་ནས་གཙོ་བོ་གོང་གི་བཞེད་པ་དང་པོ་དང་བཞི་པའི་གནས་འཇལ་ཡུལ་ལ་འདོད་པ། གནས་འདིར་སྤྲ་ལྡན་གསེར་ཁབ་འཇོག་པའི་རྒྱུ་མཚན་ནི། མེ་བཙའི་གདམས་པ་ཤེལ་དཀར་མེ་ལོང་ལས། དཔྲལ་ལྡན་རྣ་རྩེ་བཞི་ཡི་འབྲེལ་ཐིག་གི་འཛོམས། །སྤྱི་གཙུག་གདབ་པས་སྙིང་མི་དྲན་པ་དང་། །⑥ཞེས་གསུངས་པ་བཞིན་དང་། ཡང་། སྣ་ཡི་རྩེ་ནས་ཨན་སྟོང་ཐིག་གཅིག་དང་། །རྣ་རྩེ་གཡས་གཡོན་ཐིག་གེ་འབྲེལ་བ་ཡིས། །དབུས་ཀྱི་རྒྱ་གྲམ་བསྣོལ་མཚམས་གཙུག་འཁྱིལ་དེར། །ཚངས་པའི་བུ་ག་དང་ནི་སྤྱི་གཙུག་ཟེར། །འོག་ཏུ་ཚངས་པའི་སྐུད་པ་ཞེས་བྱ་བའི། །ཤ་རུས་ཀླད་པའི་རྩ་གསུམ་འདུས་ས་ཡིན། །ཞེས་གསུངས་པའི་ཕྱིར། ཁྱད་པར་གནས་འདི་ནི་གོང་དུ་བཤད་པ་ལྟར་མགོ་བའི་སྲུབས་ཤིག་ཡིན་པས་འདིར་སྤྲ་ལྡན་གསེར་ཁབ་འདི་ཉིད་དངོས་སུ་བཙུགས་ཐུབ་ཚེ་མགོ་བོའི་ནང་དུ་དྲོད་སླེབས་ཐུབ་པ་མ་ཟད་ཀླད་པ་རྩ་དཀར་གྱི་རྒྱ་མཚོ་འདིའི་ནད་འགྱུར་གྱི་ཆ་དག་ལ་ཡང་ཕན། གལ་སྲིད་སྲུབས་ནང་དུ་འགྲོ་མ་ཐུབ་ཚེ་མགོ་བོའི་ཤ་ལྤགས་ཙམ་ལ་དྲོད་ཡོད་པ་ལས་གཞན་ཕན་པ་ཆེར་མི་ཐོན་པའོ།   
           བཞི་པ། གདབ་ཐབས་དངོས།   
           གཅིག སྔོན་འགྲོ།   
           1 རིང་བའི་སྔོན་འགྲོ།   
           དེ་ཡང་སྤྲ་ལྡན་གསེར་ཁབ་དངོས་སུ་རྒྱག་ཡུལ་གྱི་ནད་པ་ཞིག་འཕྲད་ཚེ་རྩིས་གཞུང་བཞིན་ཐོག་མར་གསོ་བྱ་འདིའི་ལོའམ་ལོ་རྟགས་སོགས་ཞིབ་ཏུ་དྲིས་ནས་གཤེད་གཟའ་དང་སྲོག་གཟའ། བླ་གཟའ་སོགས་གང་ཡིན་མིན་བརྟག་པའམ་གཟའ་སྐར་ཚེས་ཆ་སོགས་བརྟག་ནས་བླ་གནས་སྤྱི་བོར་མ་གནས་པའི་བདུད་རྩི་ཐུན་མཚམས་ཀྱི་ཆ་ཞིག་ལ་གསེར་ཁབ་རྒྱག་པའི་དུས་ཚོད་གཏན་འཁེལ་བྱ་དགོས་པ།   
           2 ཉེ་བའི་སྔོན་འགྲོ།  
           དུས་ཚོད་གཏན་འཁེལ་གྱི་དུས་འདིར་ཐོག་མར་སྤྲ་ལྡན་གསེར་ཁབ་ལ་མཁོ་བའི་ཆ་དཔྱད་གསེར་ཁབ་དང་སྤྲ་བ། ཤོག་སྒམ་སོགས་དགོས་པ་མ་ཟད་གསེར་ཁབ་ཀྱི་ཁབ་རྩེ་དུག་སེལ་ལེགས་པར་བྱ་དགོས་པ། ཚད་ལྡན་གྱི་སྤྲ་བ་འདི་དག་རས་གཙང་མའམ་ཤོག་བུ། འགྱིག་ཤོག་སྲབ་མོའི་སྟེང་དུ་བཞག་པ་དང་སྤྲ་བའི་དཀྱིལ་དུ་གསེར་ཁབ་གཙུག་ནས་གསེར་ཁབ་ཀྱི་སུམ་ཆ་གཅིག་ཙམ་སྤྲ་བའི་དཀྱིལ་དུ་བཞག་ནས་སྤྲ་བ་དག་རས་གཙང་ངམ་བོད་ཤོག འགྱིག་ཤོག་ནང་དུ་དམ་པོར་བསྒྲིལ་དགོས་པ། སྤྲ་བའི་ཆེ་ཆུང་གི་ཚད་ནི་གསོ་བྱ་ནད་པའི་ལོ་གྲངས་དང་ལུས་སྟོབས། དེ་བཞིན་ནད་ཚབས་ཆེ་ཆུང་སོགས་གཞིགས་ནས་སྤྲ་བ་བསྒྲིལ་དགོས། སྤྱིར་སྤྲ་ལྡན་གསེར་ཁབ་ལ་སྤྲ་བའི་ཚད་ནི་ཨ་རུ་ར་ཙམ་དགོས་པ། དབྱིབས་རྩ་བ་ཟླུམ་ལ་རྩེ་མོ་རྣོ་བ་ཨ་རུའི་དབྱིབས་ལྟར་དགོས་པ། དེ་རྗེས་སྤྲ་ལྡན་གསེར་ཁབ་འདི་ཉིད་ཀྱིས་ཤོག་སྒམ་ལ་ཨི་ཁུང་འབིགས་དགོས་པ་ཡིན།
           གཉིས། དངོས་གཞི།
           དེ་ཡང་གོང་གི་སྔོན་འགྲོ་དག་ལེགས་པར་སྒྲུབ་ཚར་རྗེས་ཐོག་མར་གསོ་བྱ་འདི་རང་གི་གནམ་ལོའི་ཕྱོགས་གཙང་ངོས་སུ་ཁ་ཕྱོགས་ནས་བསྡད་ལ་གོང་དུ་བཤད་པ་ལྟར་མེ་དམིགས་བཙལ་དགོས་པ། དེ་རྗེས་ཆ་དཔྱད་དང་གསོ་བྱའི་མེ་དམིགས་ངོས་སུ་དུག་སེལ་ལེགས་པར་བྱ་དགོས། དུག་སེལ་གྱི་རྫས་སུ་ཨ་རག་གི་སྙིང་ཁུ་དང་དེ་བཞིན་དེའུ་དམར་གསོ་རིག་གཅེས་བསྡུས་ཀྱི་ཀུན་གསལ་སྣང་མཛོད་ལས། དེ་ལྟར་མེ་ཡི་འཕྲུལ་འཁོར་བཅུ་པོ་ནི། གདབ་དམིགས་སུག་པ་པི་ལིང་ཁུ་བས་བཀྲུ། །དག་ནས་ཕྱིས་ལ་བསྐམ་པའི་སྟེང་ནས་གདབ། ། ⑦ཅེས་གསུངས་པ་བཞིན་དུག་སེལ་ཚར་རྗེས། སྤྲ་ལྡན་གསེར་ཁབ་འདི་ཉིད་ནད་པའི་མེ་དམིགས་ཏེ་སྤྱི་གཙུག་ལ་ཅུང་ཙམ་ཞིག་བཙུགས་དགོས་པ། འདིའི་ཚད་ནི་མགོ་བོའི་ལྤགས་པའི་ཚད་ཡོམ་ཙམ་མམ་གསེར་ཁབ་ཀྱི་རྩེ་མོ་ཕུན་ཕྱེད་ཙམ་ཞིག་བཙུགས་དགོས་པ། འདི་ཡང་བཙུགས་དྲགས་ན་མགོ་བོའི་ཀླད་པའི་རྒྱ་དར་སྟེང་གི་རྩ་ཕྲན་ལ་ཉེས་སྐྱོན་བྱུང་བ་དང་བཙུགས་པའི་ཚད་ཐུང་དྲགས་ན་གསེར་ཁབ་ཀྱི་དྲོད་ཚད་མེ་དམིགས་ཏུ་མི་སླེབས་པའམ་གསེར་ཁབ་བརྟན་པོ་མེད་པ་སོགས་ཀྱི་ཉེས་སྐྱོན་བྱུང་བས་ན་ངེས་པར་དུ་ཚད་དང་རན་པ་ཞིག་དགོས། འདི་དག་ཚར་རྗེས་སྤྲ་བར་མེ་སྦར་དགོས་པ། དེ་དང་མཉམ་དུ་མེ་བཙའི་སྐྱབས་འགྲོའམ་སྨན་བླའི་གཟུངས་སྔགས་སོགས་འདོན་ཡུལ་དང་བསྟུན་ནས་དགོས། སྐབས་འདིར་སྤྲ་ལྡན་གསེར་ཁབ་འདི་ཡང་རིམ་བཞིན་དམ་དུ་འགྲོ་བ་ཡིན། གསེར་ཁབ་ལ་དྲོད་སླེབས་ཙམ་གྱི་སྐབས་རྣ་བ་གཉིས་བཀག་ནས་སྤྲ་བར་ཕུད་ཀྱི་གདབ་དགོས་པ། དེ་ཡི་རྒྱུ་མཚན་ནི་ཕུད་བརྒྱབ་པ་ཡིས་མེའི་ངར་གསེར་ཁབ་བརྒྱུད་ནས་ནད་དམིགས་ལ་མགྱོགས་པར་སླེབས་ཆེད་དང་རྣ་བ་བཀག་པ་ནི་རྣ་བ་དང་ཀླད་པའི་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པས་རྣ་བ་བརྒྱུད་ནས་དྲོད་མི་ཡལ་བའི་ཕྱིར་རོ། འདིའི་སྐབས་དབུགས་སྣ་རིང་པོར་གཏོང་དགོས་དེ་ནི་སྤྱི་གཙུག་ངོས་སུ་འཚིག་པའི་ཚོར་བ་དེ་ཙམ་མ་ཡོང་བའི་ཕྱིར་ཡིན་པར་བསམ། བསྲེག་ལེགས་པའི་རྟགས་སུ་གསེར་ཁབ་འདི་ཉིད་ཤིན་ཏུ་ནས་དམ་པོར་འགྱུར་ནས་འགུལ་མི་ཐུབ་པར་སྣང་བ་འདི་ཡིན། ཡང་སྤྲ་ལྡན་གསེར་ཁབ་བེད་སྤྱོད་པའི་སྐབས་ཉེས་སྐྱོན་དུ་རླུང་དང་ཚ་ཟུག་གི་འབོག་པ་སོགས་བྱུང་ན་གསེར་ཁབ་བླངས་ཏེ་དབྱང་རླུང་རྔུབས་པའམ་རླུང་བདུག་བདུག་དགོས་པ། རླུང་གསང་ཁག་ལ་འཕུར་མཉེ་བྱ་བ་སོགས་ཀྱི་ཐབས་ཤེས་བརྒྱུད་དྲན་པ་གསལ་བར་བྱ་དགོས།   
           ལྔ་པ། ཕྱི་རྗེས།   
           སྤྲ་ལྡན་གསེར་ཁབ་ལ་མེ་ཡོངས་སུ་འབར་ཚར་རྗེས་སམ་གསེར་ཁབ་གྲང་མོར་འགྱུར་རྗེས་ག་ལེར་ཚུར་ལེན་པ་དང་མེ་དམིགས་ཀྱི་གནས་སུ་ཚྭ་མར་བསྲེས་པ་ལེགས་པར་བྱུགས་དགོས་པ། འདི་ནི་མེ་དམིགས་ལ་གཉན་ཁ་མ་རྒྱབ་པ་སོགས་ཀྱི་དགོས་པ་ཡོད་པར་སྣང་སྟེ། ལན་ཚྭ་འདི་ཡིས་བ་སྤུའི་བུ་གའི་གནས་ཀྱི་མི་གཙང་བའི་རྫས་དག་ཕྱིར་འབྱིན་པར་བྱེད་པ་གང་ཞིག་རྨ་རོ་སོགས་འཇིག་པར་བྱེད་པ་དང་དུག་སེལ་གྱི་ནུས་པ་ཁྱད་པར་བ་ཞིག་ཡོད་དེ། དཔལ་ལྡན་རྒྱུད་བཞི་ལས། ལན་ཚྭས་སྲ་འཁྱིལ་འགག་པ་འབྱིན་པར་བྱེད།⑧ཅེས་གསུངས་པས་སོ། དེ་དག་ཡོངས་སུ་གྲུབ་རྗེས་གོམས་པ་འགའ་བཅགས་དགོས་པ། ཇི་སྐད་དུ། ཁྲག་ཤུལ་ཞོ་བསྙལ། མེ་ཤུལ་བྲོ་འཁྲབ་ཅེས་གསུངས་པ་ལྟར་བྱེད་དགོས། འདི་ལྟ་བུ་བྱས་པའི་རྒྱུ་མཚན་ནི་རྩོལ་བ་བཅགས་པས་ལུས་ཟུངས་བརྟས་པར་བྱེད་ཅེས་པའོ། ཡང་ཉིན་གསུམ་ཙམ་ནང་ཚུད་དུ་ཆུ་གྲང་མོ་སོགས་འཐུང་བ་སོགས་སྤངས་དགོས་པ། རྒྱུ་མཚན་ནི་ཆུ་གྲང་འཐུང་བས་མེ་ཡི་དབལ་བསད་ནས་ནད་གཞིར་དེ་ཙམ་གྱི་ནུས་པ་མི་ཐོན་པ་ཡིན་ཏེ། དཔལ་ལྡན་རྒྱུད་བཞི་ལས། བཅགས་པས་ལུས་བརྟས་ཆུ་འཐུངས་མེ་དབལ་གསོད། །⑨ ཅེས་གསུངས་པས་སོ། ད་དུང་ནད་པར་ཉིན་བདུན་ཙམ་གྱི་རིང་ཆུ་གྲང་མོས་མགོ་བཀྲུ་བ་སོགས་ཀྱི་སྤང་བྱ་དག་ལེགས་པར་སློབ་དགོས་པ་མ་ཟད་མེ་ཤུལ་ལ་ལྟས་ནས་རྨ་ཁར་འགྱུར་བ་གང་བྱུང་མིན་སོགས་བརྟག་དགོས་ལ་རྨ་ཁར་ཟ་འཕྲུག་དང་རྨ་ཁ་ཆེ་རུ་སོང་མིན་སོགས་ཀྱང་བརྟག་དགོས་པའོ།  
           དྲུག་པ། ཕན་ཡོན།   
           1 རླུང་ནད་ཀྱི་རྐྱེན་པས་མགོ་ཡུ་འཁོར་བ། རྣ་བ་ནས་འུར་སྒྲ་སྒྲོག་པ། རྐང་ལག་སྦྲིད་ཡོང་བ། རླུང་ནད་ཀྱི་ཁ་ལྐུགས་པ། རླུང་ནད་ཀྱི་གཉིད་ཡེར་བ། སྲོག་རླུང་དང་སྙིང་རླུང་གི་ནད། དེ་བཞིན་རླུང་ནད་ཀྱི་རྐྱེན་པས་བརྒྱལ་གཟེར་གྱི་ནད་ལ་ཕན་ཆེ་བ་སྟེ། མདོར་ན་རླུང་གི་ནད་གཞི་གཙོ་བོར་གྱུར་པའི་ནད་ལ་བསྔགས་པ་སྟེ། རྒྱུ་མཚན་ནི་འདི་ཡིས་རླུང་གྲང་བའི་རང་བཞིན་དག་འཇོམས་ནུས་པས་སོ། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་ལས། སྤྱི་གཙུག་ཨན་སྟོང་ཚིགས་པ་དང་པོ་དང་། །དྲུག་བདུན་བཅུ་དྲུག་དཀར་ནག་མཚམས་རྣམས་བསྲེག །⑩ཅེས་གསུངས་པ་བཞིན་རླུང་ནད་སྐབས་སྤྱི་གཙུག་གི་གསང་དམིགས་དེ་དངོས་སུ་བསྟན་ཡོད་པའོ།   
           2 རླུང་གྲིབ་དང་ཁྲག་གྲིབ་ཀྱི་ནད་གཞིར་སྔོན་འགོག་ཐུབ་པ་མ་ཟད་ནད་དེའི་བསྐྱར་གསོའི་དུས་སྐབས་སུ་བསྟེན་ཚེ་སླར་མི་ལྡང་བ་དང་དེ་བཞིན་ནད་འདི་ལས་མྱུར་བ་གསོ་ཐུབ་པ་སོགས་ཀྱི་ནུས་པ་ཁྱད་པར་བ་ཡོད། གཞན་ཡང་ཀླད་པའི་གྲུབ་ཆ་འཁུམས་པ་དང་ཀླད་པར་ཆུ་སེར་ཞུགས་པ་སོགས་ཀྱི་ནད་ལ་ཡང་ནུས་པ་ཁྱད་པར་བ་ཡོད་དེ་འདིའི་དྲོད་ཀྱི་རང་བཞིན་གྱིས་ཀླད་པའི་ནུས་པར་ཕན་པ་ཆེ་བ། དཔལ་ལྡན་རྒྱུད་བཞི་ལས། ཀླད་པ་འཛག་དང་དར་རྩ་ཆོད་པ་ལ། །གསེར་གྱི་ཏེལ་པས་མནར་ཙམ་བསྲེག་པར་གསུངས། །⑪ཞེས་གསུངས་པས་སོ།   
           3 རླུང་ཁྲག་སྙོམས་སྒྲིག་བྱེད་པ་དང་ཁྲག་རྒྱུན་འཁོར་རྒྱུགས་ལ་སྐུལ་འདེགས་གཏོང་བ་སོགས་ཀྱི་ནུས་པ་ཡོད་དེ། མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ་ལས། དེ་ཡང་རླུང་གི་ཁྲག་འཁྱག་ནས་ན་བའི་མེ་བཙའི་དམིགས་སུ་བསྲེགས་པས་རླུང་ཁྲག་དྲོས་ནས་ཞི་བར་འགྱུར།⑫ ཞེས་པ་གསུངས་པས་སོ།   
           4 རྩ་དཀར་གྱི་བྱེད་ལས་ཉམས་པས་ཁ་གདོང་ཡོ་བ། དྲན་པ་མི་གསལ་བ་སོགས་ལ་ཡང་ཤིན་ཏུ་ནས་ཕན་ཆེ་བ་སྟེ་རྒྱུ་མཚན་ནི་རྩ་དཀར་ནང་དུ་གཙོ་བོ་རྒྱུ་བྱེད་རླུང་ཡིན་པས་གོང་དང་རིགས་འདྲ་བའོ།   
           5 དེ་བཞིན་ཚ་བའི་ནད་རིགས་ལས་གཉན་རིམས་ཀྱི་ནད་གག་ལྷོག་དང་མཁྲིས་པ་རྩར་རྒྱུག་སོགས་ལ་ཡང་རུང་བའོ། དེ་ཡི་རྒྱུ་མཚན་ནི་འདིར་མེ་བཙའ་གདབ་པས་རྩ་ཡི་འབྲོས་འཕྲང་བཀག་ནས་ནད་འདི་ཉིད་གྱེན་དུ་མི་ཕྱུར་བ་སོགས་ཀྱི་ནུས་པ་ཁྱད་པར་ཡོད་དེ། དཔལ་ལྡན་རྒྱུད་བཞི་ལས། མེ་ཡིས་བསྲེག་ལ་ལུང་པའི་མདོ་སྒོ་བགག །རི་བོའི་རྩེ་ལ་གསེར་གྱི་མེ་རྒྱ་གདབ། །⑬ཅེས་སོགས་གསུངས་པས་སོ།    
           བདུན་པ།  མཇུག་བསྡུ་བ།   
           པའི་སྡུག་བསྔལ་སེལ་མཁན་གྱི་སྨན་པ་ཞིག་ལས་ནད་གཞི་ཇེ་སྡུག་ཏུ་གཏོང་མཁན་ཞིག་མིན་པས་ངེས་པར་དུ་གཞུང་དང་ལག་ལེན་གཉིས་ཀ་ལྡན་པའི་ངང་ནས་བེད་སྤྱད་ན་ལེགས་པར་བསམ་མོ ། ། །                      
           དཔྱད་གཞིའི་ཡིག་ཆ།
           ①②④⑧⑨⑩⑪⑬⑭གཡུ་ཐོག་ཡོན་ཏན་མགོན་པོ། གསོ་རིག་དཔལ་ལྡན་རྒྱུད་བཞི །   [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོའི་ཟླ་བ9པར། ཤོག་ངོས། 343 96 634 64 343 343 343 270 540
           ③⑦དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། དེའུ་དམར་གསོ་རིག་གཅེས་བཏུས་ལས་སྨན་ཀུན་བཅུད་དུ་སྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཇོད། [M] མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་བ་3པར། ཤོག་ངོས། 829 827
           ⑤⑥དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། དེའུ་དམར་གསོ་རིག་གཅེས་བཏུས་ལས་མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་བ་3པར། ཤོག་ངོས། 977 984
           ⑫རྗེ་བཙུན་གྲགས་པ་རྒྱལ་མཚན། བོད་ལུགས་གསོ་རིག་དཔྱད་བཅོས་གནའ་གཞུང་གཅེས་བཏུས་ལས་གསོ་དཔྱད་རྒྱལ་པོའི་སྐོར་མཛོད་ཀྱི་མེ་བཙའི་གདམ་ངག་རིན་པོ་ཆེའི་ཐིག་པ།   [M] སི་ཁྲོན་མི་རིགས་དཔེ་ཚོགས་ཁང་། 2015ལོའི་ཟླ་བ4པར། ཤོག་ངོས། 47
རྩོམ་སྒྲིག་པ། བདེ་སྒྲོན།