ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཆོས་བཅུ་དང་སྦྱར་ནས་ནད་གཞི་བརྟག་བཅོས་བྱེད་པའི་ཚུལ་རོབ་ཙམ་གླེང་བ།

སྤེལ་དུས 2021-12-24 ཡོང་ཁུངས། བོད་སྨན་སློབ་གསོ་དང་ཞིབ་འཇུག རྩོམ་པ་པོ། གཡང་འཛིན་སྒྲོལ་མ།
          ནང་དོན་གནད་བསྡུས། ནད་རིགས་གསོ་བཅོས་བྱེད་པའི་གོ་རིམ་ཁྲོད། ནད་ཀྱི་ངོས་འཛིན་དང་གསོ་ཚུལ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། དེ་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་བརྟག་པའམ་ངོས་འཛིན་ཡིན། ནད་ལ་ངོས་འཛིན་ལེགས་པོ་བྱས་ན་ད་གཟོད་དེ་མཐུན་གྱི་གསོ་བཅོས་བྱེད་ཐུབ་པ། སྨན་པ་ཞིག་ལ་མཚོན་ན་བརྟག་ཐབས་ནི་ཤིན་ཏུ་གལ་ཆེ་ལ། བརྟག་ཐབས་ལ་མདོར་བསྡུས་སུ་དབྱེ་བའི་ཉེས་པ་དངོས་སྟོན་བརྟག་པ་དང་། ངན་གཡོ་སྐྱོན་གྱིས་བརྟག་པ། སྤང་བླང་མུ་བཞིའི་བརྟག་པ་གསུམ་ཆོས་བཅུ་རུ་འདུས་ཡོད། དེ་བཞིན་ངོས་བཟུང་རྟགས་ལ་བརྟེན་ནས་ནད་རིགས་སྤྱི་བྱེ་བྲག་དང་བཅས་པ་མ་འདྲེས་སོ་སོར་རྟོགས་ཤིང་ངོས་ཟིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནད་དེ་ཉིད་ཇི་ལྟར་གསོ་བའི་ཚུལ་དང་གང་གིས་གསོ་བར་བྱེད་པའི་ཐབས་སྟོན་པའི་གསོ་བྱེད་ཐབས་ཀྱང་ཆོས་བཅུ་དང་འབྲེལ་ཡོད།
          གནད་ཚིག ཆོས་བཅུ། བརྟག་ཐབས། གསོ་ཚུལ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]R241.29[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1674-0572(2018)01-0024-06   
          དང་པོ། མགོ་བརྗོད།   
          གངས་རིའི་ར་བས་བསྐོར་བའི་བསིལ་ལྡན་དག་པའི་ཞིང་ཁམས་འདིའི་རིག་པའི་གནས་ཆེན་བཅུ་ཡི་ཡ་གྱལ་གཞན་ཕན་རྗེས་འཛིན་གྱི་བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་གནའ་བོའི་སྲོལ་རྒྱུན་གསོ་རིག་བཞི་ཡི་ནང་གསེས་ཡིན་པ་དང་། དེར་ཆ་ཚང་བའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཡོད་ཅིང་མཐོང་བ་བརྒྱུད་པའི་ལག་ལེན་ཁྲོད་ནས་འཛམ་གླིང་གསོ་རིག་བང་མཛོད་ཁྲོད་ཏུ་འཚོ་གནས་ཀྱི་ཐད་ཆེས་རླབས་ཆེ་ཞིང་འོད་སྟོང་འཕྲོ་བའི་ཕྱག་རྗེས་བཞག་དང་འཇོག་བཞིན་པ་ནི་ཀུན་གྱི་མིག་ལམ་དུ་བཀྲ་བ་དང་རྗེས་དཔག་ཚད་མས་ཀྱང་སྒྲུབ་ཆོག བོད་ཀྱི་གསོ་རིག་ནི་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ་དང་གཏན་ཚིགས་ཀྱི་རང་བཞིན་ལྡན་ལ་གསོ་བཅོས་ཐད་ལ་བརྒྱུད་རིམ་ལྡན་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མས་ཕྱུག་པ་ཞིག་ཡིན། ཕྱི་རབས་རྗེས་འཇུག་རྣམས་ཀྱིས་དུས་རབས་ཉེར་གཅིག་པའི་དཀྱོགས་མཚམས་འདི་ནས་མདུན་མ་རླུང་ལ་མི་སྐུར་བར་བོད་ཀྱི་གསོ་རིག་ལས་དོན་ཕྱོགས་ཀུན་ནས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོར་འབྱེད་དགོས་ན། རྡོག་རྩ་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ཀྱིས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བཏང་བའི་བྱ་གཞག་ཐད་ལ་འབད་འབུངས་ཆེར་བགྱི་བ་དང་། དེ་དང་མཉམ་དུ་དཔལ་ལྡན་རྒྱུད་བཞིའི་ནང་གི་སྤྱི་དང་བྱེ་བྲག་མཚན་མཚོན་དང་རྒྱུ་འབྲས་བར་གྱི་འབྲེལ་བ་སྐོར་ལ་བསམ་གཞིགས་དང་དཔྱད་བསྡུར། དོགས་སློང་དང་ཤེས་རྟོགས་བཅས་བྱས་ནས་ཐུན་མོང་མ་ཡིན་པའི་བསམ་པའི་གོ་རྟོགས་ཤིག་ཐོབ་རྒྱུ་ནི་ཆེས་གནད་དམ་པ་ཞིག་ཡིན། དེ་བས་ནད་གསོ་བའི་ཐོག་མར་ནད་དེ་གང་ཡིན་པ་ངོས་འཛིན་པ་དང་ངོས་ཟིན་རྗེས་དེ་དང་མཐུན་པའི་གསོ་བཅོས་བྱེད་རྒྱུ་ནི་གལ་ལོ། །   
          གཉིས་པ། ཆོས་བཅུའི་གོ་དོན།   
          འགྲོ་བ་མི་སུ་དང་སུ་ཞིག་ཡིན་རུང་མི་ན་བར་གནས་ཤིང་། ན་བ་གསོ་བ་དང་། ཆོས་དང་ནོར་དང་བདེ་བ་མི་འདོད་མཁན་གཅིག་ཀྱང་མེད། ཡིན་ཡང་དུས་དང་དབང་པོ་སྤྱོད་ལམ་རོ་ནུས་རྣམས། དམན་དང་ལོག་པ་ལྷག་པས་ནད་སྐྱེད་ངེས་ཡིན། དེ་བས་ནད་པ་ལུས་སེམས་ཀྱི་སྡུག་བསྔལ་ལས་ཐར་བར་བརྩམས་པའི་ནད་ངོས་འཛིན་དང་གསོ་ཐབས་སོགས་གོང་དུ་བཤད་པ་བཞིན་ཆོས་བཅུ་དང་བྲལ་ཐབས་མེད། སྤྱིར་ཆོས་ཞེས་པ་ནི་འཛིན་ཞིང་འཚོ་བའི་དོན་ཏེ། སྐྱེམ་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་ལས། སྤྱིར་ཆོས་ཞེས་པ་ནི་ལེགས་སྦྱར་གྱི་རྡརྨ་ཞེས་པའི་སྒྲ་ལས་དྲངས་པས་འཛིན་ཞིང་འཚོ་བའི་དོན་ནོ།①ཞེས་གསུངས་པ་ལྟར་སྐབས་འདིར་རླུང་མཁྲིས་བད་ཀན་རང་རང་གི་ཁམས་འཛིན་པའི་གནོད་བྱ་དང་། ཡུལ། དུས། རང་བཞིན། ན་ཚོད། ནད་ཁམས། གནས་ས། མེ་དྲོད། ཉམས་སོའམ་སྟོབས། གོམ་པ་བཅས་བཅུ་ལ་འཇུག དཔེར་བརྗོད་རླུང་ནད་ལྟ་བུས་ཀུན་ཤེས་ཕྱིར། གནོད་བྱ་བཅུ་ཡི་ནང་ནས་རུས་པ་ལ། ཡུལ་ངད་ཅན་གྲང་བ་རླུང་གི་ཡུལ། དུས་ནི་དབྱར་དུས་དགོང་དང་ཐོ་རངས་ལྡང་། རང་བཞིན་བདུན་ལས་རླུང་གིས་བསྐྱེད་པའི་མི། ན་ཚོད་གསུམ་ལས་རྒས་པ་རླུང་མི་དང་། ནད་ཁམས་རླུང་ནད་ཤས་ཆེ་བ། གནས་ནི་དཔྱི་རྐེད་ལ་བརྟེན་སྨད་ན་གནས། མེ་དྲོད་རྣམ་པ་གསུམ་ལས་འཕེལ་འགྲིབ་ཆེ་བ། ཉམས་སོའམ་ལུས་ཀྱི་སྟོབས་ཤེད་དམན་པའི་མི། རླུང་ནད་བསྐྱེད་པའི་ཟས་སྤྱོད་ལ་གོམས་པ་བཅས་ཡིན།   
          གསུམ་པ། ཆོས་བཅུ་དང་སྦྱར་ནས་བརྟག་ཐབས།   
          བཤད་རྒྱུད་ལས། མེ་དང་དུ་བ་ཇི་བཞིན་དུ། །ནད་ཀྱི་ངོས་ནི་རྟགས་ལ་བཟུང་། །②ཞེས་གསུངས་པ་བཞིན་ནད་བཅོས་ཀྱི་ཐོག་མ་ནད་དེ་ངོས་འཛིན་བྱེད་པ་གལ་ཆེ་ལ། ནད་ངོས་རྟགས་ལ་བརྟེན་ནས་བཟུང་བ་ཡིན། ནད་བརྟག་པའི་སྒོ་ནི་ཡུལ་དུས་རང་བཞིན་ན་ཚོད་དང་། ཉིན་ཞག་ཟས་ཟོས་དང་གནས་བཅས་ཡིན། སྐྱེམ་འགྲེལ་ལས་ཀྱང་། གང་ན་བརྟག་པ་འཇུག་པའི་སྒོ་ནི་ངད་ཅན་གྲང་བ། སྐམ་ས་ཚ་གདུང་ཅན། རླན་ཅན་སྣུམ་བག་སོགས་ཡུལ་དང་། ཚ་གྲང་ཆར་དུས་དང་། རྐྱང་པ་ལྡན་འདུས་བདུན་གྱི་རང་བཞིན་དང་། བྱིས་པ་དར་མ་རྒན་པ་སྟེ་ན་ཚོད་དང་།  སྲོད་དང་སྔ་དྲོ་ཉིན་གུང་མཚན་གུང་རྒོངས་དང་ཐོ་རངས་ཏེ་ཉིན་ཞག་དང་། ཟོས་རྗེས་འཇུ་དུས། ཞུ་རྗེས་ཏེ་ཟས་ཟོས་དང་། སྤྱི་བྱེ་བྲག་ཁྱད་པར་ཏེ་གནས་དང་། དེ་རྣམས་ལས་མ་འཁྲུལ་བ་རྟོགས་པར་བྱ།③ཞེས་གསུངས།    

          ནད་ལ་བརྟག་པའི་བརྟག་སྒོ་དྲུག་སྟེ་ཡུལ་དང་དུས་དང་རང་བཞིན། ན་ཚོད། ཉིན་ཞག ཟས་ཟོས། གནས་ལ་སོགས་ཀྱང་ཆོས་བཅུ་ལས་མ་འདས་སོ། །  
           དེ་ཡང་ཆོས་བཅུ་བོ་དེ་ལ་བརྟག་ཐབས་རྣམ་པ་བཅུ་ཡང་ཟེར། ཚ་གྲང་གལ་མདོ་ལས། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་དང་། །གནས་ས་ཉིན་ཞག་ཟས་ཟོས་གོམས་པ་ཆུ། །འདི་བཅུའི་སྒོ་ནས་འཁྲུལ་མེད་ངོ་ཡིས་བཟུང་། །④ཞེས་གསུངས་པ་སྟེ། རྒྱུ་རྐྱེན་ནི་སྤྱིར་རྒྱུ་ལ་སྤྱིའི་རྒྱུ་ལ་མ་རིག་པ། རིང་རྒྱུ་དུག་གསུམ་ཉེ་རྒྱུའམ་དངོས་རྒྱུ་ཉེས་གསུམ། རྐྱེན་སྐྱེ་མཆེད་གསོག་ལྡང་། སློང་རྐྱེན་དུས་གདོན་ཟས་སྤྱོད་བཞི།  ཕྱི་ནང་གི་རྟེན་འབྲེལ་གྱི་ངེས་པ་ཅན་སྡོད་པའི་ཡུལ་དང་། ནམ་ཟླའི་དུས་དང་། ཁུ་ཁྲག་མངལ་གནས་ཟས་དང་སྤྱོད་ལམ་གྱིས། །ཉེས་པ་ལྷག་འགྱུར་རང་བཞིན་བདུན་དུ་འགྱུར། །རྒན་བྱིས་དར་མ་ཉེས་གསུམ་ཤས་ཆེ་ཆུང་ཅན་ན་སོའི་ཚོད་དང་། ཉེས་གསུམ་གྱི་ཁམས་སོ་སོར་ཤས་ཆེ་བར་གནས་པའི་ས་དང་། ཉིན་ཞག་གི་ལྡང་བའི་དུས་དང་། ཞུ་དུས་ཏེ་ཟས་ཟོས་དང་། ཟས་སྤྱོད་སྨན་ཡུན་དུ་བསྟེན་པས་འདྲིས་ཤིང་གོམས་པ་དང་། ཁམས་གྱི་ཟགས་པ་ཆུ་སྟེ་འདི་བཅུ་ཡི་སྒོ་ནས་ཚ་གྲང་འཁྲུལ་བ་མེད་པར་ངོས་བཟུང་དགོས་ཏེ། བཻ་སྔོན་ལས། མཁྲིས་པ་ཆེར་སྐྱེད་པར་བྱེད་པའི་སློང་རྒྱུ་རྐྱེན་ལྟར་སྣང་ཡང་སློང་བའི་རྒྱུར་རུང་སྟེ་དཔེར་ན་རྐྱེན་སེམས་བསྐྱེད་པ་སོགས་བསགས་སྦྱང་གི་རྐྱེན་སངས་རྒྱས་ཀྱི་རྒྱུ་ཡིན་པ་ལྟར་རོ། །དེས་ནས་སློང་རྒྱུའམ་སློང་རྐྱེན་བཤད་རྒྱུད་དུ། ཚ་བའི་རོ་དང་རྣོ་ཚ་སྣུམ་བསྟེན་དྲགས། །རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དང་། །མི་ཐེག་ཁུར་དང་ས་སྲན་བརྐོས་པ་དང་། །གཞུ་སྲན་བཀང་དང་འཛིང་ག་བཀྱེ་བ་དང་། །བང་དང་འགྲོ་ལས་དག་གིས་ཉེན་པ་དང་། །རྟ་ཡིས་བརྡབ་དང་གཡང་ལ་ལྷུང་བ་དང་། །ཐིབས་འོག་ཚུད་དང་རྡོ་དབྱུག་བརྡུངས་པ་དང་། །ཤ་མར་བུ་རམ་ཆང་སོགས་བཟའ་བཏུང་དྲགས། །རྐྱེན་དེ་རྣམས་ཀྱིས་མཁྲིས་ཚད་སློང་བར་བྱེད། ། ཅེས་གསུངས་པས། རྒྱུ་དེས་བསྐྱེད་ནས་ན་བ་དང་། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ་དང་།། དུས་སོས་ཀའི་ས་ག་ཟླ་བ་དང་། སྣོན་གྱི་ཟླ་བ། སྟོན་ཁྲུམས་སྟོད་ཀྱི་ཟླ་བ་དང་། ཐ་སྐར་གྱི་ཟླ་བ་དང་། ན་ཚོད་བཤད་རྒྱུད་དུ་བཤད་པ་ལྟར་གྱི་དར་མ་ཁྲག་དང་རང་བཞིན་བདུན་ལས། མཁྲིས་པའི་རང་བཞིན་སྐོམ་དད་བཀྲེས་ཤས་ཆེ། །སྐྲ་ལུས་མདོག་སེར་བློ་རྣོ་ང་རྒྱལ་ཆེ། །རྔུལ་ཆེ་དྲི་ང་ཚེ་ནོར་ལུས་བོངས་འབྲིང་། །མངར་ཁ་བསྐ་བསིལ་ཟས་ལ་སྲེད་པ་སྟེ། །སྟག་སྤྲེ་གནོད་སྦྱིན་མཚན་ཉིད་ལྡན་པ་ཡིན། །⑤ཞེས་གསུངས་པ་ལྟར་མཁྲིས་ཤས་ཆེ་བ་དང་ནད་ཀྱི་གནས་སྙིང་ག་མན་ལྟེ་འོག་ཡན་གྱི་བར་ན་གནས་པ་དང་། ཉིན་ཞག་ཕྱི་ནང་གི་མེ་དྲོད་འཕེལ་བའི་དུས་ཉིན་གུང་མཚན་གུང་ཟས་ཟོས་རྣམ་པར་ཚ་བ་རོ་སྐྱུར་མཁྲིས་པ་སྐྱེད་ཅེས་པའི་ཞུ་དུས་ན་བ་དང་། གོམས་པ་ཤ་མར་བུ་རམ་ཆང་རྙིངས་སོགས་ཁ་ཟས་དྲོད་བཅུད་ཡུན་དུ་བསྲིངས་ནས་བསྟེན་པས་ད་ལྟ་མཚན་ཉིད་དང་འབྲེལ་བའི་རྟགས་ཏེ་ཆུ་དམར་བ་ནི་ཁྲག་འཕེལ་བས་མཁྲིས་པ་རྒྱས་ཚད་པ་བསླང་བ་སྟེ་རྟེན་བརྟེན་པ་གཉིས་པ་འཕེལ་བའི་རྟགས་སོ། རླུང་སྙིང་ག་ཡན་སྟོད་ན་གནས། བད་ཀན་ལྟེ་འོག་མན་སྨད་ན་གནས་ཤིང་དུས་ཉིན་ཞག་གི་ཐོག་མ་སྔ་དྲོ་དང་། སྲོད་བད་ཀན། ཐ་མར་དགོང་དང་ཐོ་རངས་རླུང་གི་དུས་ན་ན་བ་དང་། ཟས་ཟོས་ཐོག་བད་ཀན་ཞུ་རྗེས་རླུང་གི་དུས་ན་ལྡང་བ་དང་། གོམས་པ་སྔོ་དང་བྲ་བོ་གཡེར་མ་སོགས་བཅུད་མེད་པའི་བསིལ་བའི་ཟས་རྒྱུན་དུ་བསྟེན་པ་ཡིས། ཆུ་སྔོ་བ་ནི་དྲོད་ཆུང་བས་མ་བསྒྱུར་བར་རང་མདོག་སྔོ་བའོ། དྲི་དང་རླངས་པ་ཆུང་བ་ནི་གྲང་བའི་ཁམས་འཕེལ་བ་ཡིན་ལ། ཀུ་ཡ་སྲབ་པ་ནི་ཁྲག་མཁྲིས་ཤས་ཆུང་ཞིང་གྲང་བའི་ཁམས་འཕེལ་བའོ།   
          འཕེལ་འགྲིབ་ནད་ལས་ཀྱང་། ནད་སྟོབས་ཡུལ་དུས་རང་བཞིན་ན་ཚོད་དང་། །ནད་ཁམས་ཟས་སྤྱོད་དབང་གིས་གཉིས་སུ་འགྱུར། །⑥ཞེས་པ་སྟེ། ནད་སྟོབས་ཆེ་ཆུང་འགྱུར་ཚུལ་ནི། ཡུལ་དང་། དུས་དང་། ལུས་ཀྱི་རང་བཞིན་དང་། ན་ཚོད་དང་། ནད་རིགས་ཀྱི་ཁམས་དང་། དེ་དུས་ཀྱི་ཟས་དང་། སྤྱོད་ལམ་བཅས་ཀྱི་དབང་གིས་ནད་ཀྱི་སྟོབས་ཆེ་ཆུང་རྣམ་པ་གཉིས་སུ་འགྱུར་ཏེ། དཔེར་ན་ཡུལ་ཚ་གདུང་ཅན་དང་། དུས་སྟོན་ཀ་དང་། ལུས་མཁྲིས་པའི་རང་བཞིན་ཅན་དང་། ན་ཆོད་དར་མ་དང་། ནད་ཁམས་ཁྲག་མཁྲིས་ཤས་ཆེ་བ་དང་། ཟས་ཤ་ཆང་སོགས་དྲོད་བཅུད་རིགས་བསྟེན་པ་དང་། སྤྱོད་ལམ་དྲག་ཤུལ་བྱས་པ་སོགས་འདོམས་ན་ཚད་པའི་ནད་སྟོབས་ཆེན་པོ་ཞེས་བྱ།
          བཞི་པ། ཆོས་བཅུ་དང་སྦྱར་བའི་བཅོས་ཐབས།
          གཅིག  གསོ་ཚུལ།
          ནད་ངོས་བཟུང་རྗེས་གསོ་བཅོས་བྱེད་པའི་སྐབས་སུའང་ཆོས་བཅུ་དང་འབྲེལ་ཡོད་ལ། གསོག་དུས་ཞི་ལ་ལངས་ནས་སྦྱང་བས་བཅོས། ཞི་དུས་ཟས་སྤྱོད་གཟབ་ཅིང་མི་འཁྲུག་བྱ། དེ་མིན་གསོ་བྱེད་ཀྱི་གཉེན་པོ་སྨན་གྱི་གཏོང་ཚུལ་བཅུ་པོ་ཡང་ཆོས་བཅུ་དང་འབྲེལ་ཡོད་པ་བཤད་རྒྱུན་ལས་སྨན་ཡང་ཉིན་ཞག་ཟས་དུས་རིགས་པ་ཡིས། །ནད་དང་སྦྱར་ཏེ་བཏང་ཚུལ་བཅུ་རུ་བཤད། །⑦ཞེས་པ་སྨན་དེ་ཡང་ཉིན་ཞག་གི་དབྱེ་བ་དང་ཟས་ཟ་བའི་ཆོས་ཉིད། ནད་ལྡང་བའི་དུས་ཚོད་བཅས་ལ་བལྟོས་པའི་རིགས་པ་དེ་ཡིས། ནད་གཞི་སོ་སོའི་གནས་དང་རང་བཞིན་སོགས་ཀྱི་ཁྱད་ཆོས་དང་སྦྱར་ནས་གང་ལ་དེ་འཚམ་གྱི་གཏོང་ཚུལ་མི་འདྲ་བ་རྣམ་པ་བཅུ་རུ་བཤད། ན་ཚོད་དང་སྦྱར་ནས་གསོ་བ་ལ་ཡང་མན་ངག་རྒྱུད་ལས་ལུས་ཟུངས་ན་ཚོད་སྦྱར་ནས་བཅོས་པ་ནི། །ཟུངས་འབྲིང་བྱིས་པའི་ཚ་བ་གཉེན་ལྟར་བསྟེན། །ཟུངས་བཟང་དར་མའི་ཚ་བ་དགྲ་ལྟར་བསད། ། ཟུངས་ངན་རྒས་པའི་ཚ་བ་བུ་ལྟར་གསོ། །ཞེས་དང་།
          དེ་བཞིན་ཁྱད་པར་གྱི་གསོ་ཚུལ་དགུ་ལས་མཛོ་ཁལ་ལུག་ཁལ་གྱི་གསོ་ཚུལ་ལྟ་བུ། ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། །ཞེས་དང་། ཞལ་མན་ངག་གནད་ཀྱི་དོ་ཤལ་ལས། དཔེར་ན་མཛོ་དང་ལུག་གཉིས་ལ་རང་རང་གི་ཁལ་མ་གཏོགས་ཆེ་ཆུང་ཤོར་ནས་བབ་འབྲེལ་མི་མཚུངས་པ་བཞིན། ནད་ཚ་གྲང་སྟོབས་ཆེ་ཆུང་ཕྱི་ནང་བར་གསུམ་གང་ན་ཡོད་ཀྱང་ན་སོ་ཡུལ་དུས་མཚན་ཉིད་སོགས་རང་རང་གནས་བབ་དང་སྦྱར་ནས་བཅོས་དགོས། དཔེར་ན་དཔྱིད་དུས་ན་སོ་རྒན་པོ་ཡུལ་ངན་མི་དེ་ཡང་མཚན་ཉིད་རླུང་མི་དང་ལྡན་པ་ཅིག་ལ། ནད་རླུང་ནད་གང་རིགས་ཅིག་བྱུང་ན་གནོད་བྱ་ཆོས་བཅུའི་མཚན་ཉིད་དང་ལྡན་པ་ཡིན་པས། མེས་ཞལ་དུ་དེ་ཡང་དཔེར་ན་རླུང་ནད་ལྟ་བུ་ལ་ཆ་མཚོན་ན། གནོད་བྱ་རུས་པ་ལ་ཞུགས་པ་དང་ཡུལ་ངད་ཅན་གྲང་སར་བྱུང་བ།  དུས་དབྱར་གུང་ཆར་དུས་ཀྱི་ཐོ་རངས། རང་བཞིན་རླུང་གི་རང་བཞིན་ཅན། ན་ཚོད་རྒས་པ་ཡིན་པ་ནད་ཁམས་ཀྱང་རླུང་ནད་ཤས་ཆེ་བ། གནས་དཔྱི་རྐེད་ལ་སོགས་སྨད་ན་ན་བ། མེ་དྲོད་མཁྲིས་པ་དང་སྡོང་དུས་ཆེ། བད་ཀན་དང་སྡོང་དུས་ཆུང་བ་སྟེ་མི་སྙོམས་པ།  ཉམས་སྟོབས་དང་ལུས་ཤེད་ཆུང་བ། བཅུད་མེད་ཀྱི་ཁ་ཟས་ཡུན་དུ་བསྟེན་པས་གོམས་པ་སྟེ་ཆོས་བཅུ་པོ་འདི་རྣམས་ཐམས་ཅད་མཚུངས་པར་གྱུར་ན་རླུང་ནད་ཤིན་ཏུ་སྟོབས་ཆེ་བ་ཡིན་པས་གཉེན་པོ་དྲོད་བཅུད་ནོན་ངེས་ཤེས་པར་བཏང་བས་བཅོས་ལ། དེ་ལྟར་ཐམས་ཅད་མཚུངས་པ་མ་ཡིན་པར་ཆོས་འགའ་ཞིག་མི་མཚུངས་པར་འདུག་ན་དེ་དང་དེའི་རྗེས་དཔག་སྟེ་གང་ལ་གང་འཚམ་གྱི་ཚད་བཞིན་དུ་གཉེན་པོའང་མཛོ་ཁལ་མཛོ་དང་ལུག་ཁལ་ལུག་ལ་འགེལ་བ་ལྟ་བུར་འཚམ་པས་བཅོས།  
          གཉིས། གསོ་ཐབས།   
          བཤད་རྒྱུད་ལས། བཅོས་ཚུལ་མི་ཤེས་སྨན་པ་དེ། །མུན་ཁུང་འབེམ་ལ་བརྡེག་པ་འདྲ། །གཉེན་པོ་ནད་ཐོག་འབབ་མི་འགྱུར། །ཞེས་གསུངས་པ་ལྟར། ནད་རིགས་སྤྱི་བྱེ་བྲག་ཁྱད་པར་དང་བཅས་པ་ཕན་ཚུན་མ་འདྲེས་པར་སོ་སོར་རྟོགས་རྗེས། ནད་རིགས་རྣམས་ཇི་ལྟར་གསོ་བར་བྱེད་པའི་ཐབས་ལ་མཁས་ཤིང་གསོ་བར་བྱ་བ་ཤིན་ཏུ་གཅེས་པ་ཡིན། ནད་རིགས་ཀུན་ཡང་གནོད་བྱ་དང་། ནད་པ་སྡོད་སའི་གནས་ཡུལ། ནམ་ཟླའི་ཁྱད་པར། ལུས་ཁམས་ཀྱི་རང་བཞིན། ལོ་ན་རྒན་གཞོན། ནད་ཀྱི་བབས་ས། ནད་ཁམས། མེ་དྲོད། ལུས་སྟོབས་བཟང་ངན། ཟས་སྤྱོད་ཀྱི་གོམས་འདྲིས་སོགས་ཆོས་བཅུ་དང་སྦྱར་ནས་བཅོས་དགོས། 
          རླུང་མཁྲིས་བད་ཀན་དང་སྦྱར་བའི་བཅོས་ཐབས།

          ལྔ་བ།  མཇུག་བསྡུ་བ།   
མདོར་ན་ནད་རིགས་སྤྱི་དང་བྱེ་བྲག་ཀུན་ལ་གནོད་བྱ་དང་། ནད་པ་སྡོད་སའི་གནས་ཡུལ། ནམ་ཟླའི་ཁྱད་པར། ལུས་ཁམས་ཀྱི་རང་བཞིན། ལོ་ན་རྒན་གཞོན། ནད་ཀྱི་བབས་ས། ནད་ཁམས། མེ་དྲོད། ལུས་སྟོབས་བཟང་ངན། ཟས་སྤྱོད་ཀྱི་གོམས་འདྲིས་སོགས་ཆོས་བཅུ་དང་སྦྱར་ནས་ནད་རྣམས་སོ་སོ་འཁྲུལ་མེད་ངོས་བཟུང་བ་དང་ནད་རིགས་ཀུན་གསོ་བཅོས་ཀྱི་སྐབས་སུ་ཡང་ཆོས་བཅུ་དང་སྦྱར་ནས་བཅོས་དགོས་སོ། ཐ་མར་དཔྱད་རྩོམ་འདིའི་མཛུབ་སྟོན་དགེ་རྒན་དཔའ་གསང་ལགས་ལ་བཀའ་དྲིན་ཆེ་ཞུ་བ་དང་རང་ཉིད་ཀྱི་དཔྱད་རྩོམ་འདིར་མི་འདང་ས་མང་པོ་ཞིག་ཡོད་སྲིད་པས། དམ་པ་ཚོས་སྐྱོན་བརྗོད་བྱེད་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབ་ཅིག་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཡུན་ནས་ཡུན་རིང་དུ་རྒྱས་གྱུར་ཅིག
          དཔྱད་གཞིའི་ཡིག་ཆ།
          ①གོ་འཇོ་དབང་འདུས། གཡུ་ཐོག་དགོངས་རྒྱན། [ M] མི་རིགས་དཔེ་སྐྲུན་ཁང་།1983ལོར་པར་དུ་བསྐྲུན། ཤོག་ངོས། 170
          ②⑥⑦གཡུ་ཐོག་ཡོན་ཏན་མགོན་པོ། རྒྱུད་བཞི། [ M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ་3པར་པར། ཤོག་ངོས། 82 46 86
          ③སྐྱེམ་པ་ཚེ་དབང་། སྐྱེམ་འགྲེལ་སྟོད་ཆ། [ M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ7པར། ཤོག་ངོས། 521
          ④གཙོ་སྒྲིག་པ་རྟ་མགྲིན་རྒྱལ་གྱི་སྒྲིག་པའི་ཚ་བ་གསོ་བ། ཤོག་ངོས། 69
          ⑤སྡེ་སྲིད་སངས་རྒྱས་རྒྱ་མཚོ། བཻ་སྔོན་གྱི་སྟོད་ཆ། [ M] མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ4བ། ཤོག་ངོས། 736 737
རྩོམ་སྒྲིག་པ། བདེ་སྒྲོན།