ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཏོག་གསར་ནད་དུག་དབྱར་ཁར་མེད་པར་འགྱུར་སྲིད་དམ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
   དབྱར་ཁ་སླེབས་པ་དང་བསྟུན་ནས་གནམ་གཤིས་རིམ་གྱིས་ཇེ་དྲོ་རུ་འགྲོ་བཞིན་ཡོད། ང་ཚོས་ཇི་ལྟར་བྱས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལེགས་པོ་བསྒྲུབ་དགོས་སམ། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབྱང་ཡུང་ཡན་གྱིས་བརྗོད་དོན། དྲོད་ཚད་མཐོ་བའི་གནམ་གཤིས་འོག་ཏོག་གསར་ནད་དུག་མེད་པར་འགྱུར་མི་སྲིད་པས། ཚན་རིག་དང་མཐུན་པའི་ངང་རིམས་འགོག་བྱ་རྒྱུར་ལྷོད་གཡེང་མི་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བཤད།
  དྲ་ཐོག་ཏུ་ཁྱབ་པའི་དྲོད་ཚད་མཐོན་པོའི་འོག་ཏོག་གསར་ནད་དུག་ཁྱབ་སྤེལ་འགྲོ་བ་ཚོད་འཛིན་བྱ་ཐུབ་སྲིད་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། དབྱང་ཡུང་ཡན་གྱིས་གསར་འགོད་པར་བརྗོད་དོན། གནམ་གཤིས་ཁོར་ཡུག་ནི་རང་བྱུང་ཁོར་ཡུག་གི་ཆ་ཤས་ཤིག་ཡིན་ཞིང་། དེས་ཏོག་གསར་ནད་དུག་གི་ཁྱབ་སྤེལ་ཐད་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། སྤྱིར་བཏང་གི་གནས་ཚུལ་འོག་ནད་དུག་དྲོད་ཚད་མཐོན་པོའི་ནང་འཚོ་ཁག་པོ་ཡིན། རྒྱུ་མཚན་ནི་དྲོད་ཚད་མཐོ་དྲགས་ན་ཧབ་སྦྲིད་རྒྱག་སྐབས་ཁ་ཆུ་ལམ་སེང་སྐམ་ནས་འགོ་ཤུགས་ཆུང་དུ་འགྲོ་བ་རེད། འོན་ཀྱང་གནམ་གཤིས་ཇེ་དྲོར་ཕྱིན་ཙམ་གྱིས་ཏོག་གསར་ནད་དུག་འགོ་བ་མངོན་གསལ་སྒོས་ཚོད་འཛིན་བྱ་མི་ཐུབ། མིག་སྔའི་བར་ཏོག་གསར་ནད་དུག་དེ་དྲོད་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས་མེད་པར་འགྱུར་བའི་ཚན་རིག་གི་དཔྱད་འབྲས་གང་ཡང་མཐོང་མ་བྱུང་ཞེས་བཤད།
  “ཏོག་གསར་ནད་དུག་དེ་ཚ་བ་དང་སྨུག་ཕྱིའི་འོད་ཐིག་ལ་འཕྲད་ན་ཤུགས་རྐྱེན་ཡོད་སྟབས། སྤྱིར་བཏང་གི་གནས་ཚུལ་འོག་ཏུ་ཧྲེ་ཧྲི་ཏུའུ100ཡི་ཁྲོད་དུས་ཚོད་སྐར་མ2—3དང་། ཧྲེ་ཧྲི་ཏུའུ56གི་ཁྲོད་དུས་ཚོད་སྐར་མ30ཡི་ནང་གཞི་ནས་ནད་དུག་གསོད་ཐུབ་པ་རེད། དབྱར་ཁར་དྲོད་ཚད་ཧྲེ་ཧྲི་ཏུའུ56ལ་རྩ་བ་ནས་སླེབས་མི་ཐུབ་སྟབས། ཏོག་གསར་ནད་དུག་དེ་དབྱར་ཁར་དྲོད་ཚད་མཐོ་བའི་དབང་གིས་མེད་པར་འགྱུར་མི་སྲིད”ཅེས་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབྱང་ཡུང་ཡན་གྱིས་དེ་ལྟར་བཤད། 
  དབྱར་ཁར་མི་སྒེར་གྱི་འགོག་སྲུང་ཡག་པོ་ཇི་ལྟར་བྱེད་དགོས།
  འདིར་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོར་དྲན་སྐུལ་བྱ་རྒྱུ་ཞིག་ལ། ཕྱི་ལ་འགྲོ་དུས་ངེས་པར་དུ་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་རས་རྒྱག་པ་དང་། ཁང་པའི་ཕྱི་ནང་གི་མི་མང་འཛོམས་སར་འགྲོ་མི་རུང་། རྒྱུན་དུ་ལག་པ་བཀྲུ་བ་སྟེ། འདག་རྫས་དང་ལག་འཁྲུད་གཤེར་ཁུས་སྐར་ཆ15ལས་མི་ཉུང་བ་བཀྲུས་རྗེས། བཞུར་ཆུས་གཙང་མར་འཁྲུད་དགོས། རྒྱུན་དུ་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུག་ཏུ་འཇུག་དགོས་ལ། སྒེའུ་ཁུང་ཕྱེས་པའི་ཐེངས་གྲངས་ནི་ཉིན་རེར་ཐེངས2ནས3བར་ཡིན་ཞིང་། ཐེངས་རེར་སྐར་མ20ནས30བཞག་སྟེ་ཁང་པའི་ནང་གི་མཁའ་དབུགས་གཙང་མ་བྱེད་དགོས། གློ་ལུ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་ཤོག་བུའམ་ལག་པས་ཁ་སྣ་བཀབ་ནས་དུས་ཐོག་ཏུ་གཙང་མ་བྱེད་དགོས། དེ་དང་ཆབས་ཅིག་ད་དུང་ཚང་མར་གསལ་འདེབས་བྱ་རྒྱུ་ཞིག་ལ། དབུགས་ལམ་གྱི་འགོས་ནད་ཕོག་མཁན་ལ་འབྲེལ་གཏུག་མི་བྱེད་པ་དང་། འགུལ་སྐྱོད་ཚད་རན་པ་བྱེད་པ། ངལ་གསོ་གོ་རིམ་དང་ཆོས་ཉིད་ལྡན་པ། བཟའ་བཏུང་དོ་མཉམ་པ། ངལ་དུབ་ཆེ་དྲགས་མི་རུང་བ། རང་ཉིད་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།