གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཞབས་ཞུ་ཡོངས་ཁྱབ་ཏུ་སྤྱོད་འགོ་ཚུགས།

སྤེལ་དུས 2018-06-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
1.png
           ཉེ་ཆར་ཉིང་ཁྲིའི་པའོ་ལི་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཐང་ཧྭ་ཡིས་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཞབས་ཞུ་སྟབས་བདེ་གང་འདྲ་ཡིན་མིན་སེམས་ཀྱིས་གསལ་བོ་ཚོར། ཁོང་གི་སྐད་ཆ་ལྟར་བཤད་ན།“ལས་ཆོད་མཐོ་ཞིང་དུས་ཚོད་གྲོན་ཆུང་ཡོང་བ”དེ་རེད།མཚན་མོར་བསླེབས་ཟིན་ཡང་། ཐང་ཧྭ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཁང་གི་འཛིན་ཤོག་ལེན་སྣེ་ནས་ཁྲལ་འཇལ་བྱང་བུ་གཟེར་བ་ན་སྐར་མ་གཅིག་ཀྱང་མ་འགོར་བར་འཛིན་ཤོག་ལེན་ཐུབ་པ་བྱུང་། ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཁང་ཡོད་པ་ནས་ཁྲལ་འཇལ་པས་ཁྲལ་འཇལ་བ་དེ་མྱུར་བགྲོད་མེ་འཁོར་དུ་བསྐྱོད་པ་ལྟ་བུའི་མགྱོགས་སྣང་ཤར།
ཁྲལ་འཇལ་ལས་སྒོ་སྣ་མང་ཞིག་རང་འདེམས་ཀྱིས་བསྒྲུབ་ཆོག
           རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་“ལས་ཁུངས་ཁུ་བསྡུ་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར”བཅས་ཀྱི་ལས་ཀའི་བླང་བྱ་བཏོན་པ་སྔར་བས་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ཁྲལ་འཇལ་པའི་ཚད་ཡོད་པའི་ཁྲལ་འཇལ་དུས་ཚོད་དང་ཉིན་རེ་བཞིན་མང་དུ་འཕར་བཞིན་པའི་ཁྲལ་འཇལ་དགོས་མཁོ་བར་གྱི་འགལ་བ་སེལ་ཆེད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་སྲ་ཆས་སྒྲིག་འགོད་དང་། ཁོར་ཡུག་འཛུགས་སྐྲུན། ཞབས་ཞུ་སྤུས་དག་བཅས་ཕྱོགས་གསུམ་ལ་འབད་པས་བསྒྲུབས་ཏེ། རང་འདེམས་ཁྲལ་གཉེར་གྱི་རྨང་གཞིའི་ཐོག་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཞབས་ཞུར་ཚོད་ལྟ་བྱས་ནས་རིམ་པ་བཞིན་བོད་ལྗོངས་ཡོངས་ལ་སྤྱོད་རྒྱུ་མངོན་འགྱུར་བྱུང་།
           རྒྱུས་མངའ་ལོན་ཚུལ་ལྟར་ན། མིག་སྔར་རང་ལྗོངས་སུ་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་སོགས་གྲོང་ཁྱེར་(ས་གནས)ཁག་ལ་རང་འདེམས་ཁྲལ་གཉེར་འཕྲུལ་ཆས་75བཞག་པ་དང་། ཐོག་མའི་རང་འདེམས་ཁྲལ་གཉེར་སྒྲིག་ཆས་དེ་ས་གནས་སོ་སོར་རིམ་པ་བཞིན་ཕྱོགས་བསྡུས་རང་འདེམས་ཁྲལ་གཉེར་མཐའ་སྣེ་15དང་། འཛིན་ཤོག་ཞུ་ལེན་གྱི་རང་འདེམས་མཐའ་སྣེ་30། འཛིན་ཤོག་ཚབ་སྤྲོད་ཀྱི་རང་འདེམས་མཐའ་སྣེ་15། དེ་བཞིན་བཅད་གྲངས་སྣ་རིང་ཞུ་ལེན་གྱི་མཐའ་སྣེ་15བཅས་བཞག་ཡོད།
           གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན།རང་ལྗོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས་ད་ལོའི་ཟླ་4པར་ཚོད་ལྟའི་ཚུལ་གྱིས་རང་འདེམས་ཁྲལ་གཉེར་གྱི་མཐའ་སྣེ་བེད་སྤྱོད་བཏང་བ་དང་། ཐོག་མའི་དུས་རིམ་འདིར་རིན་ཐང་འཕར་མའི་འཛིན་ཤོག་ངོས་ལེན་གྱི་བྱེད་ནུས་ལས་མེད། ཟླ་6པ་ནས་བཟུང་རང་འདེམས་མཐའ་སྣེའི་སྒྲིག་ཆས་ཀྱི་བྱེད་ནུས་ཇེ་མང་དུ་བཏང་ཡོད་པ་དང་། མིག་སྔར་རྩ་བའི་ཆ་ནས་དངོས་མིང་དཔང་ལེན་དང་། གདོང་རིས་དབྱེ་བཤེར། རིན་ཐང་འཕར་མའི་ཆེད་སྤྱོད་འཛིན་ཤོག ཁྲལ་འཛིན་སྒྲིག་ཆས་འགྲེམ་སྤེལ། འཛིན་ཤོག་ཞུ་ལེན། འཛིན་ཤོག་ཚབ་སྤྲོད། འཛིན་དཔང་བསྐྱར་དཔར། ཁྲལ་བསྡུ་དྲིལ་སྒྲོག  ཁྲལ་འབྲེལ་ཆ་འཕྲིན་རྩད་གཅོད་དང་ཕབ་ལེན་སོགས་ཀྱི་བྱེད་ནུས་བསྣན་ཡོད། 
           ཁྲལ་འཇལ་མཁན་ལ་སྟབས་བདེ་བསྐྲུན་ཆེད། རང་ལྗོངས་ཁྲལ་དོན་ལས་ཁུངས་ཀྱིས་རང་འདེམས་ཁྲལ་གཉེར་ཁུལ་སོ་སོར་ལས་སྒོ་སྣ་ཚོགས་ཀྱི་སྒྲུབ་རིམ་ངོ་སྤྲོད་བྱས་པའི་ལག་དེབ་བཞག་ཡོད་ཅིང་། ལས་ཀའི་དུས་ཚོད་ནང་ཁྲལ་འཇལ་པར་ཆེད་དུ་སྣེ་སྟོན་བྱེད་པའི་ལས་བྱེད་པའང་ཡོད་པས། ཁྲལ་འཇལ་པ་རྣམས་ག་དུས་ཡིན་ཡང་ཚུར་ཡོང་ནས་ཁྲལ་འཇལ་ཆོག 
ཁྲལ་འཇལ་པས་ཁྲལ་འཇལ་པའི་“དྲ་རྒྱ”ཧ་ཅང་བདེ།
           རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་བསྡོམས་རྩིས་ལྟར་ན། ད་ལོའི་ཟླ་5པའི་ཚེས་1ཉིན་ནས་ད་བར་དུ་རང་ལྗོངས་ཀྱི་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་མཐའ་སྣེ་ནས་ཁྲལ་འཇལ་མཁན་མི་གྲངས་5328ཡོད་པ་དང་། ཁྲལ་འཇལ་རྒྱུ་ཆའི་བྱང་བུ་གཙང་སེལ་བྱེད་མཁན་2632ཡོད། འཛིན་ཤོག་རྙིང་བཤེར་བྱེད་མཁན་9480ཡོད། ཆེད་སྤྱོད་འཛིན་ཤོག་སྒྲུབ་ཐེངས་1686ཡོད། ཆེད་སྤྱོད་འཛིན་ཤོག་དཔང་བཤེར་བྱས་པ་15414ཡོད། འཛིན་ཤོག་ཞུ་ལེན་བྱས་པ་13013ཡོད། འཛིན་ཤོག་ཚབ་སྤྲོད་བྱས་པ་20ཡོད་པ་བཅས་ཀྱིས། ཁྲལ་འཇལ་པས་དུས་ཚོད་གྲོན་ཆུང་མང་པོ་བྱས་ཡོད་ལ། ཁྲལ་གཉེར་ཁང་གི་ལས་ཀའི་གནོན་ཤུགས་ཀྱང་ཇེ་ཆུང་དུ་ཕྱིན་ནས། ཉིན་ཧྲིལ་བོའི་ཆུ་ཚོད་24རིང་སྒོ་ཕྱེས་ཡོད་པས། ཁྲལ་གཉེར་བྱེད་ཐབས་གསར་པ་འདིས་རང་ལྗོངས་ཀྱི་ཁྲལ་དོན་མ་ལག་ལས་དམངས་ཕན་ཁྲལ་གཉེར་བྱེད་པར་གོམ་པ་ཆེན་པོ་ཞིག་སྤོས་པ་རེད།
           གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཁང་དེ་ནག་ཆུ་ནས་དངོས་སུ་སྤྱད་རྗེས། ནག་ཆུ་ས་ཁུལ་གྱི་དར་རྒྱས་གཞུང་ལམ་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་ནོར་སྲིད་འགན་འཁུར་བ་ཁྲེན་ཁྲང་ཡུན་གྱིས། “སྔོན་ཆད་ང་ཚོས་ཆེད་སྤྱོད་འཛིན་ཤོག་དཔང་བཤེར་བྱེད་པ་ལ་ཁྲལ་གཉེར་ཞབས་ཞུ་ཁང་དུ་ཕྱིན་ནས་ཨང་ཀི་བཀག་སྟེ་བང་བསྒྲིགས་ན་གཞི་ནས་བསྒྲུབ་ཐུབ་པ་ཞིག་ཡིན། དེ་ཡང་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་གཉེར་ཞབས་ཞུའི་མཐའ་སྣེ་བེད་སྤྱོད་བྱེད་མགོ་བརྩམས་པ་ནས་བཟུང་།ཁྲལ་གཉེར་ཞབས་ཞུ་ཁང་ལས་ཚོགས་གྲོལ་ཡང་ཁྲལ་འཇལ་པས་རང་གི་དུས་ཚོད་བཀོད་སྒྲིག་ལྟར་ལས་སྒོ་སྣ་ཚོགས་བསྒྲུབ་ཆོག་པ་ཡིན།”ཞེས་ཟེར།
           རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཁྲལ་གཉེར་ཞབས་ཞུ་ཁྲུའུ་ཡི་ཁྲུའུ་ཀྲང་ནམ་བཀྲས་ངོ་སྤྲོད་བྱས་པ་ལྟར་ན།རང་འདེམས་ཁྲལ་གཉེར་མ་ལག་སྤྱོད་འགོ་ཚུགས་པ་དེས་ཁྲལ་འཇལ་པའི་ལས་ཆོད་མཐོར་འདེགས་བཏང་ཡོད་ལ། དེ་བཞིན་ཁྲལ་གཉེར་ཞབས་ཞུ་ཁང་གི་འཚང་ཁའང་ཇེ་ལྷོད་དུ་བཏང་ཡོད་པས། ཁྲལ་དོན་ལས་ཁུངས་ཀྱིས་7x24ཡི་དམངས་ཕན་ཞབས་ཞུ་མངོན་འགྱུར་བྱུང་བ་དང་། ཁྲལ་འཇལ་པས་ཁྲལ་འཇལ་བའི་“དྲ་རྒྱ”སྔར་བས་ཇེ་བདེར་སོང་སྟབས་ཁྲལ་འཇལ་པའི་ཁྲལ་འཇལ་གྱི་འགན་འཁུར་ངེས་པ་དོན་གྱིས་ཇེ་ཡང་དུ་བཏང་ཡོད། དེ་ཡང་ཚད་ཆེ་ཤོས་ཀྱིས་ཁྲལ་འཇལ་པར་སྟབས་བདེ་བཟོས་ཡོད་པས། ཁྲལ་འཇལ་པ་དང་ཁྲལ་དོན་ལས་ཁུངས་གཞོགས་གཉིས་ཀའི་ཁུར་པོ་ཇེ་ཡང་དུ་འགྲོ་བ་མངོན་འགྱུར་བྱུང་བ་ཡིན་ཞེས་བཤད།
           “སླད་ཕྱིན་ང་ཚོས་སྔར་བཞིན་ཁྲལ་འཇལ་པའི་དུས་ཚོད་དམ་འཛིན་དེ་གཙོ་གནད་དུ་བཟུང་ནས། བོད་ལྗོངས་ཀྱི་ཁྲལ་བསྡུ་གཉེར་སྐྱོང་གི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱེད་རྒྱུ་ཡིན་ལ། ཁྲལ་འཇལ་པའི་དཀའ་ངལ་ངོ་མ་དག་སེལ་ནས། ‘ཚད་ཆེ་ཤོས་ཀྱིས་ཁྲལ་འཇལ་པར་ཞབས་འདེགས་ཞུ་བ་དང་། ཚད་ཆེ་ཤོས་ཀྱིས་ཁྲལ་བསྡུ་མི་སྣ་ཚད་ལྡན་དུ་གཏོང་བར’འབད་བརྩོན་ཆེན་པོ་བྱེད་རྒྱུ་ཡིན།”ཞེས་ནམ་བཀྲ་ལགས་ཀྱིས་གསུངས།