གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་བྲག་གཡབ་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2018-07-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་7ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་བྲག་གཡབ་རྫོང་གནད་སྨིན་དབུལ་སྐྱོར་གྱི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་ཝུའུ་དབྱིང་ཅེས་སློབ་མར་འབྲེལ་ཡོད་གསོ་སྦྱོང་གི་ནང་དོན་དང་ལས་ཞུགས་ཡོང་འབབ་སོགས་ཀྱི་སྐོར་བཀའ་འདྲི་གནང་བཞིན་པ།
           ཟླ་7ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་འགྲོ་ཚུལ་ལ་དམ་པོར་དམིགས་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་གཙོ་བོར་བརྩི་བ། “གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་པའི”ལས་ཀའི་ངར་ཤུགས་ལ་བརྟེན་པ་བཅས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།
           རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
           བྲག་གཡབ་རྫོང་ཐང་ཆུང་རྩེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་དུད་ཚང་1017གྱི་མི་གྲངས་5176བཀོད་སྒྲིག་བྱེད་ཆོག་པ་དེའི་ནང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་12ཀྱི་སྲིད་འཛིན་གྲོང་ཚོ་106གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚུད་ཡོད་པ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་འགྲེམས་པང་ལ་གཟིགས་ཞོར་དུ་གནས་ཚུལ་ངོ་སྤྲོད་གསན་པ་རེད། བྲག་གཡབ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་26གསར་དུ་བཙུགས་ནས་དུད་ཚང་2395ཡི་མང་ཚོགས་དབུལ་པོ་12751བཀོད་སྒྲིག་བྱ་རྩིས་ཡོད་པ་མཁྱེན་རྗེས་ཝུའུ་དབྱིང་ཅེས་གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བྱེད་པ་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མི་འབོར་དང་སྤྱི་པའི་ཐོན་ཁུངས་སོགས་འོས་འཚམ་གཅིག་སྡུད་དང་། སུ་གནས་སྤོ་བྱེད་པ། ཇི་ལྟར་གནས་སྤོ་བ་བཅས་ཀྱི་གནད་དོན་ཞིབ་འཇུག་ནན་ཏན་བྱེད་པ་དང་། གཟབ་ནན་ཏན་ཏིག་དང་། ལས་སླ་པོ་སྔོན་ལ་སྒྲུབ་པ། དཀའ་ཚེགས་ཆེན་པོ་རྗེས་སུ་སྒྲུབ་པ། དཔེ་མཚོན་སྣེ་ཁྲིད་བཅས་མཐའ་འཁྱོངས་བྱེད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཆབ་མདོའི་ས་ངན་ཡུག་ཁུལ་གཅིག་སྡུད་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བརྒྱུད་ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ལས་ཡུལ་ཕྱོགས་དེ་གའི་འཚོ་བ་འཕྱིད་དཀའ་བའི་མང་ཚོགས་དབུལ་པོ་དེ་དག་དངོས་འབྲེལ་གནས་སྤོ་ཐུབ་པ་བྱེད་དགོས། ལས་རིགས་ལ་བརྟེན་ནས་མི་སེམས་རྣལ་ལ་འབེབས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནས་སྤོ་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ་བཅས་ལ་གཞི་ཚུགས་པ། གནས་སྐབས་མང་ཚོགས་ལ་འབབ་འཕར་ཡོང་བ་དང་ཕུགས་ལ་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་ལྡན་པའི་འཐབ་ཇུས་ཐོན་ལས་སྤྱི་འདོམས་འཆར་འགོད་ཡག་པོ་བྱེད་པ། ཡུལ་བབ་དང་བསྟུན་ནས་ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་པ། རྒྱུན་མཐུད་ཐུབ་པའི་ཐོན་ལས་འཆར་འགོད་ཞིབ་འཇུག་བྱས་ནས་བཟོ་བ། ཞིང་ལས་འཚམ་ན་ཞིང་ལས་དང་། འབྲོག་ལས་འཚམ་ན་འབྲོག་ལས། ནགས་ལས་འཚམ་ན་ནགས་ལས། ཚོང་ལས་འཚམ་ན་ཚོང་ལས། ཡུལ་སྐོར་འཚམ་ན་ཡུལ་སྐོར་བཅས་བྱེད་པ། ལྷག་པར་དུ“རྫོང་རེ་ལ་སྤུས་རྟགས་རེ”འཚོལ་ཞིབ་དང་མཐའ་འཁྱོངས་བྱེད་པ། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་དབུལ་པོ་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱེད་དགོས། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་གཙིགས་འཛིན་བཅས་མཐའ་འཁྱོངས་བྱེད་པ་དང་། འཁྱག་དུས་གོས་དང་ལྟོགས་དུས་ཟས་བསྐྱལ་བའི་ལས་དོན་མང་ཙམ་སྒྲུབ་པ་ལས་གཡང་རྩེའི་སྒང་ལ་ཡས་སྒྲོན་ལྟ་བུ་གཏན་ནས་མི་བྱེད་པར་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱས་ནས“ཕན་བདེའི་དོང་རྙི”དང“གཡང་གཟར་ནུས་འབྲས”མི་ཐོན་པ་བྱེད་དགོས། དབུལ་སྐྱོར་བློ་སྐྱོར་དང་རིག་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག མང་ཚོགས་དབུལ་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བཅས་བྱས་ཏེ་ཁོང་ཚོར་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་ཕོངས་ཀྱི་གནས་བབ་ལ་འགྱུར་ལྡོག་གཏོང་བ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་ལྕག་སྐུལ་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་མང་ཚོགས་ལ་སློབ་གསོ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོང་ཚོ་གང་མགྱོགས་གཅིག་སྡུད་བཀོད་སྒྲིག་འཚོ་བ་དང་མཉམ་འདྲེས་ཡོང་བ་བྱེད་པ་དང་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཆར“ལྗོན་ཤིང་མེད་པའི་དུད་ཚང”མི་ཐོན་པའི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ཤིང་འཛུགས་ནགས་གསོ་བྱས་ནས་སྣོད་བཅུད་དབུལ་སྒྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
           བྲག་གཡབ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་ལྕགས་རྩིབས་བཟོ་པ་དང་། མི་རིགས་ལག་ཤེས་བཟོ་རྩལ། བཟའ་བཅའ་ལས་སྣོན། ཐང་གའི་འབྲི་རྩལ་སོགས་སྤྱོད་གོ་ཆོད་པའི་ཆེད་ལས་བཙུགས་ཡོད་པ་དང་། སློབ་མ་ཚོས་ཚོགས་ཆུང་བགོས་ནས་ལག་ལེན་བཀོལ་སྤྱོད་ཀྱི་རྩལ་ནུས་སྦྱོང་བཞིན་ཡོད། ཝུའུ་དབྱིང་ཅེས་དེར་ཕེབས་ཏེ་ཚང་མའི་རིག་གནས་ཀྱི་ཆུ་ཚད་དང་། གསོ་སྦྱོང་གི་ནང་དོན། སློབ་སྦྱོང་གི་འཕེལ་རིམ། ལས་ཞུགས་ཀྱི་འཆར་གཞི་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཝུའུ་དབྱིང་ཅེས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གཏོད་དགོས་པས། སློབ་མ་རྣམས་ཀྱིས་སྦྱངས་པ་ཧུར་ཐག་བྱས་ནས་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་པ་བྱས་ཏེ་ལས་ཞུགས་ཀྱི་ཐབས་ལམ་གཏོད་པ་དང་ཡོང་འབབ་འགན་ལེན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད། ཕུན་ཚོགས་སྟོབས་རྒྱལ་གྱིས་སློབ་ཆེན་ཐོན་རྗེས་འདེབས་འཛུགས་དང་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་མཁྱེན་རྗེས་ཝུའུ་དབྱིང་ཅེས་ལས་གཏོད་ལས་ཞུགས་ཀྱི་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“གཉིས་གཏོད”ཁེ་ལས་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྔར་བས་མང་བ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་ཞུགས་ཏེ་མང་ཚོགས་སྔར་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས། རིམ་ཁག་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་ནས་ཁ་བྲལ་མི་དགོས་པ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་ཞུགས་ལས་གནས་ཧུར་ཐག་གཏོད་པ། རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱེད་པ་བཅས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དང་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་གཏན་འཇགས་ཀྱི་ལས་ཀ་དང་ཡོང་འབབ་ཡོད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           བྲག་གཡབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་སྒྲིག་ཆས་ཆ་ཚང་བ་དང་གཙང་སྦྲ་དོད་པས“འགན་ལེན་ལྔའི”རྒན་རྒོན་245དེ་གར་གཅིག་སྡུད་ཐོག་བསྙེན་བཀུར་ཐོབ་ཡོད། ཝུའུ་དབྱིང་ཅེས་དེ་གར་གཟིགས་སྐོར་གནང་སྟེ་རྒན་རྒོན་ཚོའི་བཟའ་སྡོད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྙུང་གཞི་ཕོག་སྟེ་མལ་སར་ལུས་པའི་བགྲེས་སོང་སྒྲོལ་མ་ལྷ་དགའ་ཡིས་རང་ཉིད་ཀྱི་མྱོང་ཚོར་དངོས་ལས་རྒས་དུས་འཚོ་རྟེན་ཡོད་པའི་སྲིད་ཇུས་བཟང་པོའི་སྐོར་ལྷུག་པོར་གླེང་བ་རེད། ཝུའུ་དབྱིང་ཅེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ཡོད་པས་ཚང་མའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད་ཅེས་གསུངས། ཟ་ཁང་ནང་རྒན་རྒོན་ཚོ་དགུང་ཟས་ཟ་རྩིས་བྱེད་བཞིན་ཡོད་པ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཕེབས་པ་མཐོང་འཕྲལ། ཚང་མས་རང་འགུལ་ངང་ཡར་ལངས་ཏེ་དགའ་ཚོར་ཆེན་པོས་དགའ་བསུ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཁོང་ཚོར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུས་པ་དང་སྦྲགས་ཁོང་གིས་སེམས་འགུལ་ཐེབས་བཞིན་དུ་འདི་གར་ཚང་མར་རྒས་དུས་གསོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡག་པ། ཟ་མ་ལེགས་པ་བཅས་ཡོད་པ་མཐོང་སྐབས་ང་བློ་བདེ་པོ་བྱུང་། ཁྱེད་ཚོ་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་ལས་བྱུང་བས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་དགོས། ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་འདི་གར་ཚེ་མཇུག་བདེ་ལ་རོལ་དགོས་པའི་ཐུགས་རེ་གནང་བ་རེད། གཞན་ཡང་ཁོང་གིས་བྲག་གཡབ་རྫོང་གི་འགན་ཁུར་བར་རྒན་རྒོན་ཚོར་རང་ཉིད་ཀྱི་མྱོང་ཚོར་དངོས་ལས་མི་རིགས་ཁག་གི་མང་ཚོགས་དང་ལྷག་དོན་དུ་ན་གཞོན་ཚོར་སློབ་གསོ་གཏོང་དུ་བཅུག་སྟེ“མོས་སེམས་ལྔ”ཆེ་རུ་ཏན་ཏིག་བཏང་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་བརྟན་ལྷིང་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། སྤྱི་ཚོགས་འགན་སྲུང་དྲ་རྒྱ་ཚགས་དམ་དུ་གཏོང་བ་དང་སྤྱི་ཚོགས་འགན་སྲུང་དང་དབུལ་སྒྲོལ་ལས་དོན་ཡག་པོ་སྒྲུབ་ནས་མང་ཚོགས་དབུལ་པོ་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། བུ་ཕྲུག་སློབ་གྲྭ་འགྲིམ་རྒྱུ་ཡོད་པ། ན་དུས་རོགས་སྐྱོབ་ཡོད་པ། རྒས་དུས་འགན་སྲུང་ཡོད་པ་བཅས་བྱས་ནས་ཁོང་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།