ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་ལ་ཀུན་གྱིས་དགའ་པོ་བྱེད་པ།

སྤེལ་དུས 2018-10-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཕོ་བྲང་པོ་ཏ་ལ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་འཛམ་གླིང་རིག་གནས་ཀྱི་ཤུལ་གཞག་ཅིག་རེད། ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་ནི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་སྐར་ཁུང་ཞིག་གི་ངོས་ནས་ལྷ་སའི་མིང་བྱང་ཞིག་ཏུ་གྱུར་ཡོད།
          ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་གཞག་གི་སྤྱི་ཚོགས་ནུས་པ་སྔར་བས་ལེགས་པའི་ངང་འདོན་སྤེལ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་ཉར་ཚགས་བྱས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་གསར་བཟོ་ཐེངས་གཉིས་བྱས་ཤིང་དེང་རབས་ཀྱི་དར་བཟོའི་འགྲོས་དང་བསྟུན་ནས་སྣ་ཁ་མང་བའི་རིག་གནས་བསམ་བཀོད་ཐོན་རྫས་བཟོས་ཏེ་བོད་ཀྱི་རིག་གནས་བསམ་བཀོད་ཁྲོམ་རའི་སྙན་གྲགས་སྔར་བས་ཆེ་རུ་བཏང་ཡོད། མིག་སྔར་ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཁ་300ལྷག་ཙམ་ཡོད་པ་དང་། གང་འདོད་ཉོ་རུང་བའི་བོད་ཀྱི་རིག་གནས་ཐོན་རྫས་དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལས་རིག་དངོས་དང་གནའ་དཔེ་ཁྲི་10ལེགས་སྒྲིག་བྱས་པར་གནའ་དཔེ་རྩ་ཆེན་ཁྲི་6དང་། སྐུ་འདྲ་དང་། ཐང་ག མཆོད་ཆས་སོགས་ཁྲི་4ཚུད་ཡོད། རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
          བོད་ལྗོངས་ཕོ་བྲང་པོ་ཏ་ལ་རིག་གནས་བསམ་བཀོད་ཐོན་རྫས་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཕོ་བྲང་པོ་ཏ་ལ་རིག་གནས་བསམ་བཀོད་ཐོན་རྫས་ལ་ཆོས་ལུགས་མི་སྣ་དང་རིག་དངོས་ཞིབ་འཇུག་པའི་བསམ་འཆར་བསྡུ་ལེན་བྱས་པ་དང་སྦྲགས། ཁོང་ཚོར་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་དུ་བཅུག་པས། ཕོ་བྲང་པོ་ཏ་ལར་གསར་སྤེལ་བྱེད་ཆོག་པའི་རིག་གནས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། དམིགས་བསལ་རང་བཞིན་ཡང་ཆེན་པོ་ལྡན་ཡོད། “མིག་སྔར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་ལ་རང་ཉིད་ཀྱི་བསམ་ཕྱོགས་ཤིག་རིམ་གྱིས་གྲུབ་པ་མ་ཟད། མུ་མཐུད་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ང་ཚོས་ཉར་ཚགས་བྱས་པའི་ཐོན་ཁུངས་ལ་གཞིགས་ནས་1∶1གི་འདྲ་བཟོས་དངོས་རྫས་དང་བསྐྲུན་དངོས་ཆུང་དུ་བཏང་བའི་ཐོན་རྫས་སམ་ཡང་ན་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་དྲན་རྟེན་དངོས་པོ་དང་དེ་བཞིན་ལག་ཤེས་ཐོན་རྫས་སོགས་རིག་གནས་བསམ་བཀོད་ཐོན་རྫས་མི་འདྲ་བ་བཟོ་ཡི་ཡོད། གཞན་ཡང་ཡུལ་དེའི་མི་སེར་གྱིས་སྤོས་དང་། ཐང་ག སྐུ་འདྲ་སོགས་རིག་གནས་བསམ་བཀོད་ཐོན་རྫས་ཉོ་བར་དགའ་པོ་བྱེད་པ་དང་། ཡུལ་སྐོར་བས་བྲིས་སྐུ་དང་། ཨར་སྐྲུན་དཔེ་དབྱིབས། ལག་གདུབ། ལྡེ་མིག་སྒྲོག་ཆས། དཔེ་འཛར་སོགས་ཐོན་རྫས་ལ་དེ་བས་དགའ་པོ་བྱེད་པ། ད་དུང་གྲངས་གཞི་ལས་མངོན་པ་ལྟར་ན། ཕྱི་རྒྱལ་གྱི་ཡུལ་སྐོར་བས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དངོས་རྫས་ལ་དགའ་པོ་བྱེད་པས། ང་ཚོས་ཚོགས་པ་མི་འདྲ་བས་རིག་གནས་བསམ་བཀོད་ཐོན་རྫས་གང་ལ་དགའ་པོ་བྱེད་མིན་དང་། བྲིན་ཚོང་གནས་ཚུལ་ཇི་འདྲ་ཡིན་མིན། རིགས་གང་ཞིག་ལ་དེ་བས་དགའ་པོ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་གསར་སྤེལ་བསམ་ཕྱོགས་ལེགས་སྒྲིག་བྱས་ཏེ། མི་མང་པོ་ཞིག་གིས་ཕོ་བྲང་པོ་ཏ་ལ་ནས་མཐོང་མི་ཐུབ་པའི་རིག་དངོས་ཁོང་ཚོའི་འདྲེན་བྱེད་ལམ་དུ་དྲངས་ཀྱི་ཡོད”ཅེས་འགན་འཁུར་བས་བཤད།
          “ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་ལ་གསར་སྤེལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པས། མ་བྲིན་པའི་སེམས་ཁྲལ་མི་འདུག གསར་སྤེལ་གྱི་སྤུས་ཚད་ལ་དང་དོད་ཆེན་པོ་དགོས་ཀྱི་འདུག་པས་མིག་སྔར་ཐོན་རྫས་གསར་སྤེལ་ཚང་མ་སྤྱིར་ན་ཆེད་དམིགས་ཚོགས་པས་བཟོ་ཡི་ཡོད། ཕར་ཙམ་ཞིག་གཞན་ལ་བཟོ་རྩལ་གྱི་དབང་ཆ་སྤྲོད་རྒྱུའི་ཐད་བསམ་བློ་བཏང་མེད། མིག་སྔར་ང་ཚོས་བཟའ་བཏུང་ཐད་ཀྱི་ཐོན་རྫས་བཏོན་པ་དང་། སྔོན་དཔག་བྱས་ན་འདི་ལོ་ང་ཚོས་རྒྱལ་ཡོངས་ལ་ཕྱོགས་ནས་ཕོ་བྲང་པོ་ཏ་ལའི་དྲན་རྟེན་དེབ་དང་དྲན་རྟེན་སྒོར་མོ་འདོན་རྩིས་ཡོད”ཅེས་འགན་འཁུར་བ་དེས་བཤད།